ལྷ་ས་ཁུལ་ནས་གཞི་ཁྱོན་ཆེ་ཤོས་ཡིན་པའི་འབྲི་ལུང་བོན་དགོན་གྱི་གནའ་ཤུལ་ལ་རྟོག་ཞིབ་ལས་དོན་སྤེལ་འགོ་ཚུགས་པ།
གསར་འགོད་པས་ལྷ་ས་གྲོང་ཁྱེར་རིག་དངོས་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁོངས་སུ་གནས་པའི་བོན་དགོན་ཆེ་ཤོས་འབྲི་ལུང་དགོན་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་འགོ་ཚུགས་པ་རེད།
ལྷ་ས་གྲོང་ཁྱེར་རིག་དངོས་ཅུད་ཀྱི་ཞིབ་འཇུག་གཞོན་པ་ཞུང་སྐར་མ་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོན་ཆོས་ནི་བོད་རང་དུ་ས་སྐྱེས་རྡོ་སྐྱེས་སུ་བྱུང་བའི་ཆོས་ལུགས་ཤིག་ཡིན་པ་དང་། འབྲི་ལུང་དགོན་གནའ་ཤུལ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་དུ་གནས་ཤིང་།
སྤྱི་ལོ ༡༠༨༨ ལོར་སྐྲུན་པ་ཞིག་ཡིན་པ་དང་ད་བར་ལོ་ངོ་ ༩༠༠ ཙམ་གྱི་ལོ་རྒྱུས་ལྡན་ཡོད། དགོན་དེའི་གནའ་ཤུལ་གནས་ཡུལ་གྱི་ས་ཆ་དེར་ ༼ཞང་༽ཟེར་གྱི་ཡོད་པ་དང་། བོན་ཆོས་ཀྱི་དཔེ་ཆའི་ནང་འཁོད་པར་ལྟར་ན་ཞང་སྟོན་དམ་པ་ཚུལ་ཤེས་ཀྱི་མ་དགོན་ཡིན་པ་དང་། དེ་ནི་ལྷ་སའི་ནང་ཁོངས་སུ་གནས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་བོན་ཆོས་དགོན་པའི་གནའ་ཤུལ་ཞིག་ཡིན་པ་དང་། སྤྱི་ལོ ༡༧༡༨ ལོར་སོག་པོ་ཇུན་གར་བའི་དམག་མིས་འབྲི་ལུང་དགོན་དང་བཅས་པའི་བོད་ལྗོངས་ཀྱི་དགོན་སྡེ་མང་པོ་ཞིག་གཏོར་སྐྱོན་བཏང་བ་མ་ཟད། ཉམས་བཟོ་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་བས་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་དང་བོན་ཆོས་རིམ་བཞིན་ཉམས་རྒུད་དུ་སོང་བའི་རྐྱེན་གྱིས་འབྲི་ལུང་དགོན་དེ་ཡང་ཉམས་གསོ་ཐུབ་མེད་པ་རེད་ཅེས་གསུངས།
སྤྱི་ལོ ༢༠༡༤ ལོའི་ཟླ་བ ༡༡ པའི་ཚེས ༡༠ ཉིན་ནས་ཚེས ༡༨ ཉིན་བར་བོད་རང་སྐྱོང་ལྗོངས་རིག་དངོས་ཅུད་དང་ལྷ་ས་གྲོང་ཁྱེར་རིག་དངོས་ཅུད་ཀྱིས་གནའ་རྫས་རྟོགས་ཞིབ་མཁས་པ་དང་གནའ་སྐྲུན་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས། འབྲི་ལུང་དགོན་གནའ་ཤུལ་ལ་རྟོགས་ཞིབ་ཐེངས་མང་གནང་བ་དང་། ད་ལོའི་སྤྱི་ཟླ ༣ པའི་ཚེས ༣༠ ཉིན་བོད་རང་སྐྱོང་ལྗོངས་རིག་དངོས་ཅུད་དང་ལྷ་ས་གྲོང་ཁྱེར་རིག་དངོས་ཅུད་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང་རིགས་གཅིག་མཁས་དབང་། གནའ་རྫས་ཆེད་ལས་མི་སྣ་བཅས་ཀྱིས་སླར་ཡང་འབྲི་ལུང་དགོན་གནའ་ཤུལ་ལ་རྟོགས་ཞིབ་བྱས་པས་གྲུབ་འབྲས་ཆེན་པོ་ཐོབ་པ་རེད།
ཞུང་སྐར་མ་རྒྱལ་མཚན་གྱིས་གསར་འགོད་པར་གསུངས་དོན། གནའ་ཤུལ་ཁུལ་དུ་རྩད་ཞིབ་ཚད་ལེན་དང་གནའ་རྫས་རྟོགས་ཞིབ་བྱས་པ་བརྒྱུད་འབྲི་ལུང་དགོན་གནའ་ཤུལ་གྱི་ལོ་རྒྱུས་ཆ་འཕྲིན་དང་ཁྱབ་ཁོངས་ཀྱི་གཞི་ཁྱོན། ས་དབྱིབས་དང་ས་ངོས་ཆགས་ཚུལ། ངོས་ཀྱི་བཀོད་པ། ནུས་པའི་ཁྱབ་ཁོངས་སོགས་ཤེས་རྟོགས་ཐུབ་ཡོད་ན་ཡང་འབྲི་ལུང་དགོན་གནའ་ཤུལ་གྱི་གཞི་ཁྱོན་ཆེ་བ་དང་གཏོར་སྐྱོན་ཕོག་ཤུགས་ཆེ་བ། བཟོ་དབྱིབས་རྙོག་འཛིང་ཆེ་བ་བཅས་ཀྱི་རྐྱེན་པས་གནའ་ཤུལ་དེར་སྲུང་སྐྱོབ་ཐད་ད་དུང་ཁྱོན་ཡོངས་ནས་རྩད་ཞིབ་དང་ཐིག་ལེན། གནའ་རྫས་སྔོག་འདོན། བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ལས་དོན་འབོར་ཆེན་ཞིག་སྒྲུབ་དགོས་ཀྱི་ཡོད་ཞེས་གསུངས།།
ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
༼ ནོར་བུས་བསྒྱུར། ༽