བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ།།

༄༅། །བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ།།

༡ ན་མ་སྟྲེ་ལོཀྱ་ནཱ་ཐཱ་ཡ། འདྲེན་པ་འགྲོ་བའི་ལེགས་བྱས་འོ་མའི་མཚོར། །
དགྱེས་པའི་རྦ་རླབས་འཁྱིལ་བའི་ཞལ་སྒོ་ནས། །
ཟླ་བའི་མདངས་ལྡན་ཐགས་བཟང་བཞི་བཅུའི་ཚེམས། །
འཛུམ་པའི་འོད་ཀྱིས་ཁྱོད་ལ་སྲུངས་གྱུར་ཅིག །
རིགས་གཅིག་མུ་ཏིག་ཆེ་བའི་འོད་ལྡན་འོད་ད་གསལ་ལྷ་ཡི་གདུང་བརྒྱུད་འཛིན། །
སྡེ་བཞིའི་ལྷུན་ཆགས་སྲིད་ཀྱི་གང༵ས་རི་གང༵ས་ཅན་དབུས་ན་མཐོ་བར་བྱས། །
བཀའ་ཡིས་བསྐྱངས་པའི་འབངས་ཀྱི་བ༵དེ་སྐྱིད་བ༵དེ་ལྡན་ཞིང་གི་རྗེས་འགྲོར་མཛད། །
ཀུན་རིག་འཕྲུལ་མངའ་སྲིད་པའི་མེ༵ས་པོ་མེ༵ས་དབོན་རྣམས་གསུམ་རྒྱལ་གྱུར་ཅིག །
ལྷ་གཅི༵ག་ཕྱག་ན་པདྨོ་མི་རྗེའི་ཚུལ། །
ལུགས་གཉི༵ས་འཁོར་ལོ་བསྒྱུར་བའི་དབང་ཕྱུག་ཆེ། །
སྲིད་གསུ༵མ་ཟིལ་གནོན་སྲོང་བཙན་སྒམ་པོ་ཡིས། །
མཐའ་བཞི༵འི་རྒྱལ་ཁམས་དབང་དུ་བསྡུས་པའི་ཚུལ། །
ངེས་པའི་སྒྲོས་དང་གསལ་བའི་ལོ་ཚིགས་སུ། །
བཀོད་པའི་ཡིག་རྙིང་ཇི་སྙེད་བསྒྲིགས་པ་ལས། །
བོད་ཁམས་དང་པོའི་སྲིད་དང་དབང་གི་ཚད།
།ཅུང་ཟད་འཇལ་བའི་སྤོབས་པ་བདག་ལ་སྐྱེས། །
སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ། །
རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི། །
སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། །
སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས། །
མཐོ་རིས་འོད་གསལ་ལྷ་ཡི་བརྒྱུད་དུ་འཁྲུངས་ཤིང༌། །ལུགས་ཟུང་ཐབས་ཤེས་གསེར་གྱི་འཁོར་ལོས་ཡངས་པའི་ས་ཆེན་གྱི་ཁྱོན་ལ་དབང་བསྒྱུར་བའི་ྋགོང་མ་འཕྲུལ་གྱི་ལྷ་བཙན་པོ་དེ་དག་ནི། ངེས་པའི་དོན་དུ་འཕགས་མཆོག་རིགས་གསུམ་མགོན་པོ་མིའི་རྣམ་པར་བྱོན་པ་ཙམ་དུ་མ་ཟད་ཀྱི། ཐུན་མོང་སྐྱེ་བོའི་སྣང་ངོར་ཡང༌། རྒྱ་གར་གྱི་རྒྱལ་པོ་ཤྲིའ་ཧརྵ། རྒྱ་ནག་ཐང་གུར་གྱི་གོང་མ་ཐེ་ཙུང༌། ཏ་ཟིག་གི་རྒྱལ་པོ་ཡཻཤ྄ཊི་གེ་རྡ་སོགས་ལས། ཆབ་སྲིད་མངའ་ཐང་དཔུང་སྟོབས་ལ་སོགས་པའི་ཆ་གང་ཐད་ནས་ཀྱང་དམན་པ་མ་ཡིན་པས། རང་རེ་རྣམས་ལ་ཡང་སྔོན་གྱི་དུས་སུ། རྒྱལ་བློན་དེ་དག་གིས་ལོ་དང་ཟླ་བ་རེ་བཞིན་ཅི་མཛད་ཀྱི་ལོརྒྱུས་རྒྱལ་རབས་ཤིན་ཏུ་རྒྱས་པ་ཡོད་པར་གོར་མ་ཆག་ལ། འོན་ཀྱང་
༣ ལྷ་སྲས་དར་མའི་རྗེས་སུ་འབངས་གྱེན་ལོག་བྱུང་བ་ནས་བཟུང་བོད་ཁམས་སིལ་བུར་འཐོར་ཏེ། རྒྱལ་རྒྱུད་རྣམས་ཀྱི་བཞུགས་ས་ཡུལ་དུ་མར་སྤོས་པ་དང༌། སྟོད་སྨད་ཀྱི་ཧོར་དམར་གི་འཇིགས་པ་ལན་གཉིས་སམ་གསུམ་དུ་བྱུང་བ་སོགས། ཁམས་ཀྱི་དར་རྒུད་སྣ་ཚོགས་བྱུང་བའི་བར་ལ་རྒྱལ་རབས་རྣམས་ཀྱང་རྩ་མེད་མེད་དུ་ཡལ་ཏེ། དུས་ཕྱིས་ཙ་ན་ཆོས་དང་འབྲེལ་བའི་མཛད་ཕྲིན་ཅི་གནང་གི་ལོ་རྒྱུས་ཙམ་ལས་ལྷག་མར་མ་ལུས་པ་འདི་ལྟར་གྱུར་ཅིང༌། དེའི་ཕྱིར་ཆེས་མངོན་ཚན་ཅན་གྱི་བྱུང་བ་དཔེར་ན། བོད་དམག་རྒྱ་གར་དུ་སླེབས་ཏེ། རྒྱ་གར་ཡུལ་དབུས་ཀྱི་རྒྱ་ས་ཀཱ་ན྄ཡ་ཀུབྫ་བཟུང་ཞིང༌། རྒྱ་པོ་སྲིད་སྒྲུབ་བཙོན་དུ་བཅུག་སྟེ། གྲོང་ཆེ་ཆུང་བརྒྱ་དང་བརྒྱད་ཙམ་བོད་ཀྱི་འབངས་སུ་ཆུད་པ་དང༌། བལ་ཡུལ་ནི་དེའི་གོང་སྔ་མོ་ཞིག་ནས་བོད་ཀྱི་ཆབ་འོག་ཏུ་ཆུག་སྟེ་མི་རབས་གཅིག་ལྷག་ཙམ་དེ་མུས་སུ་སྡད་བསྡད་པ་དང༌། རྒྱ་ནག་གི་རི་བོ་རྩེ་ལྔ་ལས་ཀྱང་བརྒལ་ནས་བོད་ཀྱི་དཔུང་ཆེན་སླེབས་ཏེ། གོང་མ་རང་ཡང་
༤ ལན་གཅིག་ཁྲི་ལས་ཕབ་པ་དང༌། དེ་མཚུངས་གྲུ་གུ་དང་ལི་ཡུལ་དང་ཡུན་ནན་སོགས་ཀྱང་བོད་ཀྱི་འོག་ཏུ་ལོ་བརྒྱ་ཕྲག་ལྷག་པར་གནས་པ་སོགས། བདེན་པ་རྭ་ར་སྤྲོད་གཏོང་ནུས་པའི་རྒྱལ་རབས་ཀྱི་ཆ་ཤས་བརྗེད་དུ་འཕང་ཕངས་པ་འདི་འདྲ་དག་ཀྱང༌། ཐ་ན་ཕྱི་རྒྱའི་མཁས་པ་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་ན་ཡང་ཁྱབ་བརྡལ་དུ་གྲགས་མོད་ཀྱི། རང་ཡུལ་གྱི་མི་རྣམས་ལ་ནི་ཕལ་ཆེར་རྒྱུས་ཡོད་མེད་ཀྱི་ས་མཚམས་སུ་སླེབས་ལ། རྒྱ་གར་དུ་དམག་དྲངས་པའི་ལོ་རྒྱུས་ནི་རྦ་བཞེད་དུ་ཡང་རྒྱས་ཙམ་བྱུང་ཞིང༌། གོང་མ་རྒྱལ་ས་ནས་བྲོས་ཚུལ་སོགས་རྩེ་ཞོལ་གྱི་རྡོ་རིང་ལྷོ་ངོས་སུ་ཡང་གསལ་བར་ཡོད་དེ་འོག་ཏུ་འགོད་པར་བྱའོ། །དེས་ན་འདིར་གང་ཞིག་ཆེད་དུ་བརྗོད་པར་བྱ་བ་ནི། བཙན་པོ་ཡས་སྲས་དེ་དག་གིས། འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་མཛད་སྒོ་ཅི་དང་ཅི་གནང་གི་ལོ་རྒྱུས་དང༌། དྲག་པོ་གཡུལ་གྱི་སྒོ་ནས་ཆབ་སྲིད་དང་རྒྱལ་ཁམས་ཀྱི་རྒྱ་ཁྱོན་ཇི་ཙམ་དུ་བསྐྱེད་པའི་མཛད་ཚུལ་ཙམ་ཞིག་གཙོར་བོར་བཏོན་ཏེ་འཆད་
༥ པ་ལགས་པས། རྒྱལ་པོ་ཡབ་ཡུམ་གྱི་ཐུན་མོང་མ་ཡིན་པའི་ངེས་དོན་གྱི་རྣམ་ཐར་དག་དང༌། དམ་པའི་ཆོས་ཀྱི་ཕྱོགས་སུ་ཕྱག་རྗེས་ཇི་ལྟར་བཞག་པའི་ཚུལ་རྣམས་ནི། ཆེས་ཡོངས་སུ་གྲགས་པ་ལགས་པས་འདིར་ཅུང་ཟད་ཙམ་ཡང་ཟློས་པའི་ངལ་བ་མ་བྱས་སོ། །
མངའ་བདག་ལྷ་ཡི་མཛད་པའི་དབང་ཐང་དང༌། །རྒྱལ་རབས་བརྒྱུད་ཀྱི་ལོ་ཁམས་གུང་བསྒྲིགས་ཏེ། །ཚུལ་གསུམ་རྩིས་ལ་བབས་པའི་བུ་མོ་འདི། །གཟུར་གནས་མཁས་པའི་བུ་ལ་བག་མར་བྱིན། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འདིར་འོག་གི་རྒྱལ་རབས་རྟོགས་པའི་ཡན་ལག་ཏུ་གྱུར་པའི་གཞི་འགའ་ཞིག་ཐོག་མར་དཔྱད་པ་ལ། རེ་ཞིག་ཡུལ་གྱི་མིང་དང་རྒྱལ་བློན་གྱི་ཐ་སྙད་བཏགས་ཚུལ་སོགས་ལ་བསམ་པར་བྱ་སྟེ། དེ་ཡང་རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས། རང་སྐད་དུ་བོད་ཀྱི་ཡུལ་ཅེས་བྱ་བར་གྲགས། རྒྱ་གར་བ་རྣམས་རང་རེ་ལ་བྷོ་ཊ་བྱ་བར་འབོད། དེ་ནི་གནའ་དུས་ཀྱི་ཀློགས་ལ་བོད་ཅེས་བརྗོད་ཚེ་བོ༵་དང་ད༵་
༦ སྒྲ་གཉིས་ཀ་གསལ་བར་འཐོན་པའི་དབང་གིས། བོད། བྷོར། བྷོཊ། ཞེས་རིམ་གྱིས་འགྱུར་ནས། དོན་ལ་བོད་བྱ་བའི་ཚིག་འདི་ག་རང་རྒྱ་གར་སྐད་དུ་ཕར་ལ་ཟུར་ཆག་པ་ཡིན་གྱི། རྒྱ་གར་བས་ཚུར་བཏགས་པ་ཞིག་ནི་མིན་པར་སེམས། དེ་མིན་ཁ་བའི་ལྗོངས་དང་གངས་ཅན་སོགས་ནི་ཧི་མཱ་ལ་ཡ་དང་ཧིམ་བནྟ་སོགས་གྱི་དོན་བསྒྱུར་བ་ཡྀན་པས། འཕགས་ཡུལ་གྱི་བསྟན་བཅོས་ལ་གྲགས་པའི་ཐ་སྙད་ཙམ་ཡིན་ཞིང༌། བརྡ་དེ་ཡང་སྔ་དུས་སུ་བོད་ཀྱི་ལྷོ་ཕྱོགས་ན་ཡོད་པའི་གངས་རིའི་རྒྱུད་གཅིག་པུའི་མིན་ཡིན་ལ། རིམ་གྱིས་བོད་ཡུལ་སྤྱིའི་མིང་དུ་ཆགས་པ་སྟེ། འདི་འདྲ་བ་གཞན་ཡང་དཔེར་ན། དིང་སང་རྒྱ་གར་ལ་ཧིན་དུ་ས྄ཐན་དུ་གྲགས་པ་འདི་ཡང་པར་སིག་གི་ཐ་སྙད་ཡིན་ཞིང༌། དེ་དག་གི་སྐད་ལ་སིན་དྷུ་ལ་ཧིན་དུ་དང༌། སཔ྄ཏ་ལ་ཧཔ྄ཏ་ ༼བདུན་ཕྲག་གཅིག་གི་མིང༽ སོགས་སུ་འབོད་པས། ཧིན་དུ་བྱ་བ་ཡང་ཐོག་མར་རྒྱ་གར་ནུབ་ཕྱོགས་ཀྱི་སིནྷུའི་ཡུལ་གཅིག་པུའི་མིང་ཡིན་ལ། རིམ་གྱིས་རྒྱ་གར་སྤྱིའི་མིང་དུ་འཇགས་པ་
༧ བཞིན་ནོ། །ད་ལྟ་རྒྱ་ནག་མ་གཏོགས་པའི་ཡུལ་ཆེན་ཀུན་ཏུ་བོད་ཀྱི་མིང་ལ་ཏི་བྷད་བྱ་བར་གྲགས། འདི་ནི་རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་མིང་ལ་ཏུའུ་ཕན་དུ་འབོད་པ་དང༌། དེ་མཚུངས་སོག་པོའི་སྐད་དུ་ཐུ་བྷད་ཅེས་འབོད་པ་འདི་རང་ཟུར་ཆག་པར་མངོན་ལ། འོན་ཀྱང་འགའ་ཞིག་ན་རེ། བརྡ་དེ་ཐོག་མར་ཁ་ཆེའི་ཡུལ་དུ་གྲགས་ཤིང༌། དེ་ཡང་ཁོང་རྣམས་བླ་དྭགས་ཕྱོགས་དང་འབྲེལ་ཆེ་བས། ཡུལ་དེ་བ་རྣམས་ལ་ནི་སྟོད་བོད་དམ་སྟོད་པ་ཞེས་འབོད་པ་ལས་བརྡ་དེ་ཉིད་ཟུར་ཆག་གོ་ཞེས་ཟེར། འོ་ན་བོད་ཅེས་བྱ་བའི་ཚིག་དེའི་གོ་དོན་གང་ཡིན་ཟེར་ན། རྣམ་པ་གཅིག་ཏུ་ན་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་པ་དང་སྲིད། ཡང་ན་ནི་རྗེ་གཉའ་ཁྲི་སོགས་ལ་བོད་དེ་དང་སྤུར་རྒྱལ་ཞེས་འབོད་པ་དེ་ཡང༌། ཡོངས་གྲགས་ཀྱི་བསམ་འཁྱེར་ལྟར་ན། ཡུལ་གྱི་མིང་རྗེ་ལ་ཐོགས་པ་ལྟར་སྣང་མོད་ཀྱི། དོན་ལ་རྒྱལ་པོའི་མཚན་ཡུལ་ལ་ཐོགས་པ་སོགས་ཀྱང་སྲིད་དོ། །དཔེར་ན་ཅིན་གྱི་རྒྱལ་རྒྱུད་ཀྱིས་བཟུང་
༨ བའི་རྒྱལ་ནག་གི་ཡུལ་ལ་ཅི༵་ན༵་བྱ་བ་དང༌། རྒྱལ་པོ་བྷཱ་ར་ཏས་བཟུང་བའི་རྒྱ་གར་ཡུལ་ཀུན་ལ་བྷཱ་ར་ཏ་ཞེས་གྲགས་པ་བཞིན་ནོ། །གཡུང་དྲུང་བོན་རྣམས་ཀྱི་ལྟར་ན། ཐོག་མར་བོན་གྱི་ཡུལ་ཅེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཅེས་ཟུར་ཆག་པ་ཡིན་ནོ་ཞེས་ཟེར་རོ། །བོད༵་དང་བོན༵་གཉིས་དོན་གཅིག་གོ་བྱ་བ་འདི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི། ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡིན་ཏེ། དེ་ཡང་རྗེས་རྗེ་ནམ་གནམ་རི་སྟོང་བཙན་ཡན་ཆོད་ལ། འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཅེས་འབོད་པ་ཡང་བློན་ཅེས་བྱ་བའིསྐུ་དང་ཉེ་བས་སོ། །དེར་མ་ཟད་གནའི་ཐ་སྙད་ལ་རྗེས་འཇུག་གི་ད་ན་གཉིས་ཕན་ཚུན་བརྗེས་པ་ཡང་ཤིན་ཏུ་མང་སྟེ། དཔེར་ན། བཙ༵ན་པོ་དང་བཙ༵ད་པོ། ཆུ༵ན་པོ་དང་ཆུ༵ད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོ༵ན་དང་བོ༵ད་གཉིས་ཀ་ཡང་ཕན་ཚུན་བརྗེས་སྲིད་པས་སོ། །སོག་ཡུལ་
༩ འགར་ཡང་བོན་ལུགས་བྱེད་པ་དག་ལ་བོ༵ད་དམ་བོ༵་ཞེས་ཐ་སྙད་ཆགས་པར་འདུག །འོན་ཀྱང་ཁ་ཆེའི་ཡུལ་དུ་དར་རྒྱས་ཆེ་བའི་ཨི་ས་ལིམ་གྱི་ཆོས་ལུགས་ལ་ཁ་ཆེའི་ཆོས་ཞེས་གྲགས་པ་བཞིན་དུ་བོད་ཀྱི་ཡུལ་ན་གཤེན་རབས་ཀྱི་ཆོས་དར་བའི་རྒྱུ་མཚན་གྱིས་ཡུལ་གྱི་མིང་ཆོས་ལ་ཕར་ཐོགས་པ་ཡིན་ནམ། ཆོས་ཀྱི་མིང་ཡུལ་ལ་ཚུར་བཏགས་པ་ཡིན་སོགས་ནི་ལོ་ཉིས་སྟོང་ལོན་པའི་རྒན་པོ་འདྲ་ཡོད་ན་དྲི་བར་ཟད་མོད་གཞན་སུ་ཞིག་གིས་ཤེས་པར་ནུས། ནང་གསེས་ཀྱི་ཡུལ་རྣམས་ལས། དབུས་དང་གཙང་ཞེས་བྱ་བའི་དབུས་ནི་ཡུལ་གྱི་དཀྱིལ་དང༌། ཆུ་ཀླུང་ཆེན་པོ་ལ་གཙང་པོར་འབོད་པ་ལས། དེའི་རྒྱུད་ན་ཆགས་པའི་ཡུལ་སྡེ་རྣམས་ལ་གཙང་པ་ཞེས་ཐ་སྙད་ཐོགས་ཤིང༌། སྤྱིར་གཙང་ནི་ཡུལ་གྱི་ཕུ་དང་གཙོ་བོ་སོགས་ལ་བྱ་སྟེ། ལུང་པའི་ཕུ་མདོ་བྱ་བ་ལ། གཙང་མདའ་བྱ་བ་དང༌། ལྷ་ཁང་སྦུག་མ་ལ་གཙང་ཁང་དུ་འབོད་པ་དང༌། མགྲོན་གྱི་གཙོ་བོར་འབུལ་བའི་བླ་སྟེར་ལ་གཙང་སྟེར་དུ་གྲགས་པ་
༡༠ ལྟ་བུའོ། །མངའ་རིས་སྐོར་གསུམ་བྱ་བའི་མངའ་རིས་ནི་རྒྱལ་པོའི་ཆབ་འབངས་ཀྱི་མིང་སྟེ། རྒྱལ་པོ་ལ་མངའ་བདག་དང༌། འབངས་ལ་མངའ་རིས་སུ་གྲགས་ཤིང༌། དེ་ཡང་དུས་ཕྱིས་ཆོས་རྒྱལ་གྱི་གདུང་རྒྱུད་མགོན་གསུམ་སོགས་ཀྱིས་ཡུལ་དེ་ཙམ་ཞིག་ལ་དབང་མཛད་པ་ན། ཆབ་འབངས་ཀྱི་ཡུལ་དེ་ཁོ་ན་ལ་མངའ་རིས་ཞེས་ཟུར་དུ་མིང་བཏགས་པ་ཡིན་ནོ། །དེའི་ཕྱིར་བོད་དང་བོད་ཆེན་པོ་བྱ་བ་ཡང༌། རྒྱལ་པོའི་འབངས་སུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང༌། དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་པོར་འབོད་པ་སྟེ། འགའ་ཞིག་གིས་བོད་བྱ་བ་དབུས་གཙང་དང༌། བོད་ཆེན་པོ་བྱ་བ་མདོ་ཁམས་ལ་བྱེད་ཟེར་བ་ཡང་མི་བདེན་ཏེ། འབྲོམ་གྱིས་ཇོ་བོ་ལ་བོད་ཆེན་པོ་ན་བསམ་ཡས་གཙུག་ལག་ཁང་དང་དགེ་འདུན་གྲངས་མེད་པ་བཞུགས་པས་དེར་བཤེགས་པར་ཞུས་ཚུལ་རྣམ་ཐར་དུ་གསལ་བ་བཞིན་ནོ། །ཁམས་དང༌། ཨ་མདོ་བསྡོམས་པའི་ཤར་ཕྱོགས་ཀྱི་ཡུལ་བྱིངས་ལ་ཁམས་ཞེས་གྲགས་ཤིང༌། ཁམས་
༡༡ ནི་ས་མཐའ་ལ་བྱེད་པ་སྟེ། མཐའི་རྒྱལ་ཕྲན་རྣམས་ལ་ཁམས་ཀྱི་རྒྱལ་ཕྲན་དུ་འབོད་པ་ལྟ་བུའོ། །ཨ་མདོ་བྱ་བ་ནི་མ༵དོ་བྱ་བའི་ཚིག་འདིའི་སྔོན་འཇུག་དག་པར་ཀློགས་པའི་དབང་གིས་ཨ་སྒྲ་ཞིག་སྔོན་ལ་རང་བཞིན་གྱིས་བྱུང་བ་ཙམ་ཡིན་ལ། ཨ་མདོའི་ཡུལ་སྤྱི་ལ་སྔ་མོའི་དུས་ན་བཙོང་ཙོང་ཁ་བདེ་ཁམས་སུ་གྲགས་ཤིང༌། དེ་ལ་ཡང་ད་ལྟའི་ཟི་ལིང་ཕྱོགས་ཀྱི་ཡུལ་ཆ་འདི་ལ་བཙོང་ཙོང་ཁ་དང༌། དེའི་ལྷག་མའི་ཡུལ་ལ་བཙོང་ཙོང་ཁ་ཆེན་པོར་འབོད་དེ། རྩེ་ཞོལ་གྱི་རྡོ་རིང་ལ་ཡང་མིང་བྱུང༌། ལི་ཡུལ་ནས་རྙེད་པའི་རྒྱལ་རབས་དེར་ཡང༌། ཁྱིའི་ལོ་ལ་བབས་ཏེ། བཙན་པོ་བྱང་རོལ་དུ་གཤེགས། དགུན་བློན་ཆེན་པོ་ཁྲི་འབྲིངས་ཀྱིས་ཙོང་ཀ་ཆེ་ཆུང་དུ་དམག་དྲངས། རྒྱའི་དམག་དཔོན་ཐུག་པུ་ཤི་བཟུང་སོགས་བྱུང༌། དེ་ལྟར་རྒྱལ་པོ་གཅིག་གིས་མངའ་མཛད་པའི་མཐའ་དབུས་ཀྱི་ཡུལ་གྲུ་སྤྱིའི་མིང་ལ་རྒྱལ་ཁམས་དང༌། ནང་གསེས་ཀྱི་ཚལ་ཁ་སོ་སོའམ། བློན་ཆེན་གཅིག་གིས་དབང་བའི་ས་རྣམས་
༡༢ ལ་བློན་ཁམས་བྱ་བའི་ཐ་སྙད་ཀྱང་རྒྱལ་རབས་རྙིང་པ་འགར་སྣང༌། ༈ རྒྱ་དང་དམག་འཐབ་པའི་གཡུལ་གྱི་ཞིང་ཕལ་མོ་ཆེ་ནི་ཨ་མདོའི་ཡུལ་ཆ་འདི་དག་ཡིན་ལ། རྨ་ཀླུང་བྱང་རྒྱུད་ཀྱི་ཕྱོགས་རྣམས་ན་རྒྱ་ཁྲག་ཐང་དང་རྒྱ་དུར་ཐང་ལ་སོགས་པའི་མིང་ཆགས་པའི་ས་མིག་མང་པོ་ཡོད་ཅིང༌། དེ་དག་ཏུ་རྒྱ་དང་འཐབ་མོ་བཀྱེ་བའི་གཏམ་རྒྱུད་ཀྱང་གནས་སོ། །དེར་མ་ཟད་ཨ་མདོའི་རིགས་དེ་ཕལ་ཆེར་ནི་སྔོན་གྱི་དམག་མི་ཕྱོགས་དེར་སླེབས་པ་དག་ལས་མཆེད་པར་མངོན་ཅིང༌། གནའ་དུས་ཀྱི་དབུས་གཙང་གི་རུས་རྙིང་སྐྱི་དང་ཉང་དང་ཁྱུང་པོ་ལ་སོགས་པའི་མིང་ཅན་གྱི་མི་སྡེ་ཡང་མང༌། ཅོ་ནེ་པ་རྣམས་སྲོང་བཙན་གྱི་དམག་ཡིན་སོགས་ངག་སྒྲོས་ཀྱང་སྣང༌། ལྷག་པར་ཡང་སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པ་ནི་འབྲོག་སྡེ་ཁག་རྣམས་ཡིན་ཞིང༌། ཁོང་རྣམས་འབྲོག་དུད་སྐོར་རེ་མཉམ་དུ་སྡོད་པ་ལ་ཡང་རུ་པ་དང༌། སྒར་ས་ཕན་ཚུན་སྤོ་བ་ན་ཡང་རུ་འགྲོ་བ་སོགས་ཀྱི་
༡༣ ཐ་སྙད་བྱེད་དེ། རུ་ནི་བརྡ་རྙིང་ལ་དམག་གི་མིང་ཡིན་ཞིང༌། དམག་དཔོན་ལ་རུ་དཔོན་དང༌། མདུང་ལ་རུ་མཚོན་སོགས་ཀྱི་ཐ་སྙད་ནི་ད་ལྟའི་བར་ཡོད། སྔོན་བོད་ཀྱི་དམག་རྣམས་སྦྲ་ནག་ཕུབ་ནས་འགྲོ་བ་ཡང༌། ཐང་ཡིག་ཏུ། གྲུ་གུ་ཡུལ་གྱི་ཨོང་དུ་མན་ཆད་དུ། །བོད་ཀྱི་དམག་དཔུང་སྦྲ་ནག་ཕབ་ནས་ནི། །སོགས་གསུངས་པ་ལྟ་བུ་ཡིན། འདིས་མཚོན་ནས་བོད་ཡུལ་སྟོན་སྨད་ཀུན་ཏུ་ཡང་གཡས་རུ་དང་གཡོན་རུ། གོང་རུ་དབུ་རུ་སོགས་ཀྱི་ཐ་སྙད་ཡོད་པ་དག་ཀྱང༌། སྔོན་གྱི་ཚེ་བཙན་པོའི་གཡས་གཡོན་མདུན་རྒྱུབ་ཏུ་འགྲོ་བའི་དམག་གི་སྐོར་ཚོ་བཞི་དང༌། དེ་དག་གི་ཐོག་མ་འདྲེན་པའི་རུ་འདྲེན་སྡེ་བཞི་སོགས་ཡོད་པ་དེའི་ཐ་སྙད་ཡིན་ནོ། ༈ མདོ་སྨད་དང་འབྲེལ་བའི་ཤར་དངོས་ངོས་ཀྱི་ཡུལ་རྣམས་ལ་ཡང༌། ཀ་ཆུ། ཐོ་ཆུ། སི་ཆུ། ལ་སོགས་པའི་མིང་ཡོད་པ་དག་ལ། འགའ་ཞིག་གིས་ཀ་ཇི་སོའུ་ཅུ་སོགས་རྒྱ་སྐད་ཡིན་ཚུལ་དུ་བྲིས་ཀྱང༌།
༡༤ གདོན་མི་ཟ་བར་གཞུང་ཆུ་ལས་ཡུལ་གྱི་མིང་བཏགས་པ། དཔེར་ན་ཀླུ་ཆུ་དང༌། རྫ་ཆུ་ལྟ་བུའི་བོད་ཀྱི་ཐ་སྙད་ཡིན་ཏེ། དེ་ཡང་ཆུ་ཆེན་ཕལ་ཆེར་གྱི་ཆུ་མགོ་བོད་ན་ཡོད་པས། ཆུ་མགོ་ནས་ཆུ་མཇུག་བར་བོད་ཀྱི་དཔུང་གིས་བཟུང་བ་ན་ཆུ་དེ་དག་གི་མིང་ཡུལ་ལ་བཏགས་པར་མངོན། ཆེས་ཡ་མཚན་པ་ཐང་ཡིག་ཏུ། རྒྱ་ནག་གོང་མ་ལ་ཡང་བེ་ཆུའི་རྒྱལ་པོ་ཞེས་བྲིས་ཏེ། དེ་ཡང་བེ་ཧེ་བྱ་བའི་ཆུ་ཆེན་སན་ཤིའི་ཡུལ་དུ་འབབ་ཅིང༌། སྔོན་གྱི་གོང་མའི་རྒྱལ་ས་ཡང་ཕྱོགས་དེར་ཡོད་འདུག །དེར་མ་ཟད་རྒྱ་ཡུལ་གྱི་དཀྱིལ་དག་ན་ཡང༌། མཛོ་མོའི་མཁར་དང༌། མཁར་སྔོན་ལ་སོགས་པ་བོད་ཀྱི་ཐ་སྙད་ཡོད་པའི་གྲོང་ཁྱེར་མང་པོ་ཞིག་སྣང་བ་འདི་ཀུན་ཀྱང༌། སྔར་ཐང་དུས་སུ་བོད་ཀྱི་ལག་ཏུ་ཤོར་བའི་གྲོང་ཁྱེར་དེ་དག་གི་གྲས་ཡིན་པར་སེམས། ༈ ད་ནི་རྒྱ་བློན་སོགས་ཀྱི་ཐ་སྙད་ལ་ཅུང་ཟད་དཔྱད་ན། དེ་ཡང་བཙན་པོ་དང༌། རྗེ་དང༌། རྒྱལ་པོ་དང༌། མངའ་
༡༥ བདག་དང༌། བླ་སོགས་ནི་སྔོན་གྱི་བརྡ་ཡིན་ཞིང༌། ས་སྐྱོང་དང་མི་དབང་སོགས་ནི། ལེགས་སྦྱར་སྐད་ཀྱི་བྷཱུ་པཱ་ལ་དང་ན་རེནྡ྄ར་སོགས་བསྒྱུར་བར་འདུག་པས་བསྟན་བཅོས་ཀྱི་ཐ་སྙད་ཙམ་ཡིན་ནོ། །དེ་མཚུངས་སྡེ་བ་བྱ་བ་ཡང་ཕྱིས་ཀྱི་ཐ་སྙད་ཡིན་ལ། དེ་ཡང་རྒྱ་གར་བ་རྣམས་རྒྱལ་པོ་ལ་དེ༵་བ༵་སྟེ་ལྷ་ཞེས་འབོད་པ་དེ་ཟུར་ཆག་ནས། ཁ་ཆེ་བ་རྣམས་ཀྱི་སྐད་ལ་བདེ་ཝང་དུ་འབོད་པའི་ཐ་སྙད་དེ་ག་ཐོག་མར་མངའ་རིས་ཆོས་རྒྱལ་རྣམས་ལ་ཆོ་ལོར་སྦྱར་ཞིང༌། ཕྱིས་རིན་སྤུངས་སྣེའུ་གདོང་གཙང་པ་སོགས་ལ་ཡང་སྦྱར་རོ། །ཡིག་རྙིང་དུ་བཙན་པོ་དང་བཙུན་མོ་བྱ་བ་ལ། བཙན་ཕོ་དང་བཙན་མོ་ཞེས་བྲིས་ཏེ། དེའི་ཕྱིར་ཕོ་བྲང་བྱ་བ་ཡང་བཙན་ཕོ༵་བཞུགས་པའི་བྲ༵ང་སའམ་དབུ་གུར་སོགས་ལ་བྱེད་དེ། དམག་སྒར་བཏབ་པ་ལ་དམག་གི་བྲང་བཏབ་པ་སོགས་འདུལ་བ་ལ་ཡང་སྣང་བ་བཞིན་ནོ། །བཙན་མོ་བྱ་བ་
༡༦ དེ་ཡང་རྒྱལ་པོའི་ལྕམ་གཅིག་པུ་ལ་མིན་པར་རྒྱལ་རིགས་ཀྱི་བུད་མེད་སྤྱི་ལ་སྦྱར་བ་འོག་གི་རྒྱལ་རབས་ཀྱི་ཞར་ལ་ཡང་གསལ། ཨ་མདོ་རེབ་ཀོང་ཡུལ་དུ་རྒྱལ་པོ་བློན་ཆེ་བཙུན་མོ་བྱ་བའི་སྡེ་གསུམ་ཁད་ཉེ་བར་ཡོད་པ་ཡང༌། སྔོན་གྱི་བརྡ་ལ་སྦྱར་ན་རྒྱལ་པོ་བློན་ཆེན་བཙུན་མོ་གསུམ་གྱི་མིང་དེ་ཁོ་ན་ལྟར་འདུག་པས། དེ་ཡང་དེ་གསུམ་གྱི་མཚན་ལས་དྲས་པར་གོར་མ་ཆག ། ༈ བློན་ཆེན་དང་ཕྱི་བློན་ནང་བློན་བྱ་བ་དག་ཀྱང་སྔོན་གྱི་ཐ་སྙད་ཡིན་ཞིང༌། མདུན་ན་འདོན་ནི་པུ་རོ་ཏི་ཏ་བྱ་བའི་རྒྱ་སྐད་བསྒྱུར་བ་སྟེ། རྒྱ་གར་གྱི་རྒྱལ་པོའི་ལས་ཚན་ཙམ་ཡིན་ཞིང༌། དེ་ཡང་རྒྱལ་པོའི་མདུན་དུ་སྐར་བཅོས་དང་རིག་བྱེད་སོགས་འདོན་པའི་བྲམ་ཟེ་བླ་མཆོད་རེ་ཡོད་པ་དེའི་མིང་ཡིན་མོད་ཀྱི། ཕྱིས་ཀྱི་མཁས་པ་རྣམས་དེ་བཀའ་བློན་ལྟ་བུ་ཞིག་གི་མིང་དུ་འཁྲུལ་ནས་སྣང༌། དེས་ན་སྔོན་དུས་བོད་ཀྱི་རྒྱལ་པོ་ལ་སྐུ་བོན་བྱ་བ་ཞིག་འདུག་པ་དེ་མདུན་ན་འདོན་
༡༧ གྱི་ཚོད་ཙམ་ཡིན། དེ་བཞིན་དུ་བློན་སྣ་བོ་ཆེ། བཙན་ཁ་བོ་ཆེ། ཨ་ཞ་མགོ་བོ་ཆེ་བྱ་བ་ལྟ་བུ་དག་ཀྱང༌། དིང་སང་གི་ལས་སྣེ་ཆེན་མོ། ཞལ་ངོ་ཆེན་མོ་སོགས་དང་དོན་འདྲ་བ་ལ། འགའ་ཞིག་གིས་དེ་མ་གོ་བར། ཆེན་པོའི་རིགས་སུ་འཁྲུངས་པའི་སྔོན་དུས་ཀྱི་བླ་མ་འགའ་རེའི་མཚན་ལ་ཁ་ཆེ་དང་སྣ་ཆེ་སོགས་སུ་གྲགས་པར་བརྟེན་དོན་མེད་པའི་མཚར་གཏམ་སྣ་ཚོགས་སུ་སྨྲས་ནས་སྣང༌། གཞན་ཡང་སྔོན་གྱི་དུས་སུ་ས་མཚམས་ལ་མལ་ཚེ་དང་སོ་བྱེད་པའི་བློན་པོ་དག་འཇོག་ཅིང༌། དེ་ཡང་ཕྱིའི་དགྲ་ལ་སོ་བྱེད་པའི་ཕྱི་སོ་བྱ་བ་ཞིག་དང༌། བོད་སྡེ་རང་གི་ནང་དུ་སོ་བྱེད་པའི་ནང་སོ་བྱ་བ་གཉིས་ཡོད་པའི་ཕྱི་མ་ནི་ད་དུང་ཡང་གོ་གནས་ཀྱི་མིང་དུ་ཡོད་ལ། དེ་དག་ལ་ལ་སོ་བློན་བྱ་བའི་ཐ་སྙད་ཀྱང་རྡོ་རིང་སོགས་ལ་གསལ་ལོ། ། ༈ འོ་ན་སྔོན་གྱི་རྒྱལ་པོ་དང༌། བློན་འབངས་དེ་དག་གི་ཆས་དང་བཞུགས་གནས་ལ་སོགས་
༡༨ པ་ཅི་འདྲར་ཡོད་སྙམ་ན། དེ་ཡང་རྒྱལ་པོའི་ཆ་བྱད་ཀྱི་རྣམ་པ་རགས་ཙམ་ཞིག་ནི་རྒྱ་ནག་གི་ཕོ་ཉས་མངའ་བདག་རལ་པ་ཅན་མཇལ་ཚུལ་འོག་ཏུ་འགོད་པར་འགྱུར་བ་དེ་ལས་ཀྱང་ཤེས་པར་ནུས་ལ། དེ་མིན་སྔོན་དུས་ཀྱི་ཡིན་ངེས་པའི་སྐུ་བརྙེན་བྲིས་འབུར་ཅི་རིགས་ཞིག་མཇལ་རྒྱུ་བྱུང་ན་ཡང་རྣམ་པ་གསལ་བར་འཆར་ནུས་མོད་ཀྱི་དེ་འདྲ་ཡང་རྩད་ཆོད་པར་དཀའ། དེ་དུས་ཕྱིའི་རྒྱལ་ཁབ་ཀྱི་ཁྲོད་ན་བོད་དང་མཛའ་འབྲེལ་ཆེ་བ་ནི་ཏ་ཟིག་པ་རྣམས་ཡིན་ལ། ཏ་ཟིག་ཡུལ་དུ་ནི་སྐབས་དེར་ནང་པའི་བསྟན་པ་དར་བ་མ་ཟད། ཤེས་རིག་ཡོན་ཏན་གྱི་ཆ་ལ་ཡང་ཁོང་རྣམས་འགྲན་ཟླ་བྲལ་གཤིས། བོད་ཀྱི་རྗེ་བློན་རྣམས་ཀྱང་ཕལ་ཆེར་ཏ་ཟིག་པའི་སྲོལ་ལུགས་གནང་བ་ཡིན་ནམ་སྙམ་སྟེ། སྲོང་བཙན་གྱིས་དར་དམར་པོའི་ཐོད་བཞེས་པ་སོགས་ཀྱང་བཤད་ལ། ཟ་འོག་གི་བེར་དང༌། ཕྱག་ལྷམ་སྣེ་འཁྱིལ་གྱོན་པ་སོགས་ཀྱང་ཏ་ཟིག་
༡༩ གི་སྲོལ་དང་འདྲ། ལར་ཟ་འོག་ནི་སྔོན་དུས་སུ་རྒྱ་གར་དཀར་ནག་གཉིས་ཀར་ཡང་གྱོན་སྲོལ་མེད་པར་འདུག །རྗེས་སུ་དཔོག་པའི་ཐབས་གཞན་ཞིག་ནི་འདི་ལྟར། རྒྱལ་ཁམས་སོ་སོའི་ཡུལ་ལྷ་རྣམས་ནི་ཡུལ་དེ་དང་དེའི་སྔོན་གྱི་མི་གཙོ་བོ་དག་གི་ཆ་ལུགས་སུ་ཡོད་པ་ཡྀན་ལ། དེས་ན་རང་རེ་རྣམས་ཀྱིས་ཀྱང་བཙན་དང་རྒྱལ་པོ་ཞང་བློན་སོགས་སུ་འབོད་པའི་ཡུལ་ལྷ་འདི་དག་ལ་བལྟས་ནས། སྔོན་གྱི་མཙན་པོ་དང་རྒྱལ་པོ་རྣམས་དྲག་པོ་གཡུལ་གྱི་ཆ་ལུགས་ཇི་ལྟར་མཛད་པའི་རྣམ་པ་རགས་ཙམ་ཞིག་དཔྱད་ན་མི་འཚམ་པ་ཆེར་མེད་པར་སེམས་ཏེ། མངའ་རིས་བླ་དྭགས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པ་ད་ལྟའི་བར་ཡོད་པ་རྣམས་ནས། ལོ་སར་སོགས་ཀྱི་ཚེ་སྔོན་གྱི་ཆས་ཡིན་ཟེར་ནས་ཞྭ་མོ་མཐོ་ཞིང་ཕྲ་བའི་ཡས་ཟུར་དུ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་དར་དམར་གྱིས་བཅིང་
༢༠ བའི་ལྷག་མ་མདུན་དུ་བསྣོལ་བསྒྲིགས་ཏེ་གྱོན་པ་སོགས་ཡིན་འདུག །དེར་མ་ཟད་བཙན་དང་རྒྱལ་པོའི་འཁོར་གྱི་རུ་འདྲེན་སྡེ་བཞི་བྱ་བ་དེ་ཡང་ཕལ་ཆེར་སྔོན་གྱི་སྲོལ་ལ་འདྲ་སྟེ། རྒྱལ་པོའི་ཐང་ཡིག་ཏུ། མི་ཏིག་བཙན་པོས་བྱང་དུ་དམག་དྲངས་ཚུལ་བཤད་པ་ན། །མདུན་གྱི་བཤུལ་སེལ་གྱད་མི་རྟ་ཞོན་བརྒྱ། །གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ། །གཡོན་གྱི་རུ་འདྲེན་སྔགས་མཁན་ཕུར་ཐོགས་བརྒྱ། །སླད་ཀྱི་རྗེས་ཉུལ་ཞུབ་ཆེན་མདུན་ཐོགས་བརྒྱ། །སོགས་བཤད་པས་སོ། །དེ་བཞིན་རྡོ་རྗེ་ལེགས་པ་དང་རྒྱལ་པོ་སོགས་ཐང་ཞུ་གྱོན་པའི་གཟུགས་སུ་ཡང་བྱས་ལ། ཐང་ཞུ་འདི་ཡང་བོད་རང་གི་སྲོལ་ལས་ཡུལ་གཞན་གང་ལ་ཡང་མི་འདུག་ཅིང༌། རྒྱ་གར་ཤར་ངོས་ཀྱི་བྷར་མ་པ་རྣམས་ནི་བོད་རིགས་ལ་མཆེད་པར་ཁོང་ཅག་གི་རྒྱལ་རབས་སུ་ཡང་གསལ་བ་བཞིན་ལ། དེ་དག་གི་སྔ་མའི་རྒྱལ་པོ་རྣམས་ཀྱང
༢༡ ཐུང་ཞུ་གྱོན་པ་ཡིན་འདུག་པས། འོ་ན་རང་རེའི་བཙན་པོས་ཀྱང་སྐབས་འགར་ཐང་ཞུ་ཡང་གསོལ་བ་ཡིན་ནམ་སྙམ། དེ་མཚུངས་དམར་པོ་རི་ལ་ཁྲི་བཙུན་གྱིས་བཞེངས་པའི་ཕོ་བྲང་དམར་པོ་རྩེ་མོ་མདའ་མདུང་གིས་བརྒྱན་པ་དེ་ལ་དཔེ་བྱས་ནས། འབངས་རྣམས་ཀྱང་བཙན་གྱི་བཞུགས་ས་ལ། མདའ་དང་མདུང་གིས་སྤྲས་པའི་སྐུ་མཁར་དམར་པོ་དང་ལ་རྩེ་ལ་སོགས་པ་བརྩིགས་པར་སེམས། མདོར་ན་བཙན་དང་བཙན་པོ་གཉིས་ཀའི་ཆས་དང༌། སྐུ་མཁར། ལ་ཐོད། རུ་དར་ལ་སོགས་པ་དམར་ཟིང་ངེ་བ་ཞིག་ཡོད་པ་ཡིན་ནམ་སྙམ། དམར་པོ་རིའི་ཕོ་བྲང་གི་དབྱིབས་བཀོད་ཞིབ་ཙམ་ཞིག་རྒྱལ་པོའི་བཀའ་འབུམ་དུ་ཡང་གསལ་ལ། ད་ལྟ་སྔོན་གྱི་ཕོ་བྲང་དེའི་དཔེ་རིས་ཁུགས་དག་ཞིག་རྙེད་པ་ནི། རྩེ་ཕོ་བྲང་ཤར་ཁྱམས་ཀྱི་ལྡེབ་རིས་འདི་ཡིན་ཏེ། གོང་ས་ལྔ་པའི་ལྷ་ལྡན་དཀར་ཆག་ཏུ་གཙུག་
༢༢ ལག་ཁང་ན་དཔེ་རིས་རྙིང་པ་དེ་ཡོད་པར་གསུངས་པ་དིང་སང་དུད་དྲེག་ཆགས་པས་མི་གསལ་མོད། དེ་དུས་མཐོང་ན་དེ་ལ་ཕྱི་མོ་བྱས་པར་ངེས་པས་སོ། །ཕོ་བྲང་དེ་རྒྱ་དམག་གིས་མེ་ལ་བསྲེགས་ཞེས་ལོ་རྒྱུས་འགར་བྲིས་ཀྱང༌། རྒྱ་དམག་དབུས་སུ་སླེབས་པའི་གཏམ་ནི་རྒྱའི་རྒྱལ་རབས་གང་ན་ཡང་མེད་པ་ཡིན་འདུག་ལ། རྭ་ལོ་སོགས་དང་དུས་མཉམ་པའི་ཁྱུང་པོའི་མཁས་པ་གྲགས་སེ་བྱ་བ་དེ་པོ་ཏ་ལར་བཞུགས་ནས་ཚད་མའི་འཆད་ཉན་གནང་བའི་ལོ་རྒྱུུས་ཀྱང་འདུག་པས། དུས་ཕྱིས་ཙ་ན་དགོན་གནས་ཀྱི་རྣམ་པར་ཡོད་པ་ཡིན་ནམ་སྙམ། ཆོས་རྒྱལ་དུས་ཀྱི་གཟིམ་ཁང་དཀར་པོ་ཐོག་སོ་བཅུ་གཅིག་ཅན་ཞེས་སྔོན་གྱི་གནས་ཡིག་འགར་ཡང་འདུག །ད་ལྟའི་ཕོ་བྲང་མ་བཞེངས་པའི་ལོ་ཉི་ཤུ་ཙམ་གྱི་གོང་རོལ་དུ་དབུས་སུ་སླེབས་པའི་མཐའ་མི་འཇོན་གུར་བེར་བྱ་བ་ཞིག་གིས། རང་ཉིད་ཀྱིས་
༢༣ ཇི་ལྟར་མཐོང་བའི་པོ་ཏ་ལའི་དཔེ་རིས་ཞིག་འདུག་པར་ཡང༌། ཁང་བརྩེགས་མང་པོ་དང་ལྕགས་རི་ལ་སོགས་པ་ཡང་སྣང༌། གཞན་ཡང་ཕོ་བྲང་རླུང་འཚུབ་མ་རུ་ཏ་དང༌། བྲག་དམར་མགྲིན་བཟང་ལ་སོགས་པ་སྟེ། དེ་དག་གི་བཀོད་པ་ཅི་འདྲ་ཞིག་ཡིན་པ་དཔྱད་པའི་གཞི་མེད། འོན་ཀྱང་བཙན་པོ་རྗེ་བློན་རྣམས་ཤས་ཆེར་གུར་གྱི་ནང་དུ་བཞུགས་པར་མངོན། བློན་ཆེན་རྣམས་ཀྱང་ཕལ་ཆེར་རྒྱལ་པོའི་ཆས་འདྲ་བ་དང༌། དམག་དཔོན་རྣམས་སྟག་ལྤགས་གྱོན་པ་སོགས་འོག་གི་རྒྱལ་རབས་ཀྱི་ཞར་ལ་གསལ། གཟིམ་འགག་ཚོས་འཁྱེར་བའི་འབོག་ལྕག་གམ། སྟག་གི་ཐོག་བུ་བྱ་བ་འདི་ཡང་ཁྲི་སྲོང་གི་དུས་སུ་དཔའ་བོ་རྣམས་ལ་སྩལ་བའི་ཆས་སུ་གྲགས། འབངས་བྱིངས་ནི་འབྲོག་སྡེའི་རྣམ་པར་ཡོད་ལ། ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་
༢༤ མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སོར་ཆོས་ཀྱི་ལས་སུ་སོང་བས། སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས། སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང༌། སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་དུ་ཡོད། ཡུལ་མིའི་ཆས་དང་སྲོལ་ལུགས་གཞན་ནི་བྱང་མཐའ་དང་ལྷོ་མཐའི་ལུག་ཁུག་འགོལ་པོ་དག་ན། ད་ལྟ་ཡང་སྔོན་གྱི་མིའི་སྐུ་བརྙན་གསོན་པོ་མང་དུ་བཞུགས་འདུག་པ་དེ་དག་ལ་དངོས་སུ་མཇལ་བས་ཤེས། ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ། མང་པོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་ངེས་མོད་ཀྱི། རྒྱ་གར་གྱི་གངྒཱའི་ལྷ་མོས་རྐང་གདུབ་གྱོན་པ་ནས། ཨ་མདོའི་རྨ་རྒྱལ་སྤོམ་རྭས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུསཱས་བེར་སྔོན་གྱོན་པའི་བར་ཞིབ་
༢༥ ཏུ་བལྟས་དང༌། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ། །

དུས་གསུམ་རྗེན་པར་གཟིགས་པའི་མངོན་ཤེས་དང༌། །རློམ་པའི་འོལ་ཚོད་སྨྲ་བའི་སྤོབས་པ་གཉིས། །གང་ལ་མེད་པའི་ཉམས་ཆུང་ང་འདྲ་དག །ལྐོག་གྱུར་ཡུལ་ལ་དཔྱོད་ཚུལ་འདི་ཙམ་
ཉིད། །ཅེས་སྨྲས་སོ།། ༈ །།ལི་ཡུལ་བོད་ཀྱི་འབངས་སུ་ཆུད་དོ་བྱ་བའི་ལི་ཡུལ་ཏེ་ཕྱོགས་གར་ཡོད་སོགས་ཀྱང་བར་སྐབས་སུ་ཐམས་ཅད་ཀྱིས་བརྗེད་པ་ལྟར་གྱུར་ཏེ། ལོ་ངོ་བརྒྱ་ཕྲག་དུ་མ་སོང་ཞིང༌། དེའི་བར་ལ་འགའ་ཞིག་གིས་འོལ་ཚོད་བྱས་ཏེ། བལ་ཡུལ་དང་ལི་ཡུལ་དོན་གཅིག་པར་བྱས་ནས། གླང་རུ་ལུང་བསྟན་གྱི་གནས་ཐམས་ཅད་ཀྱང་དེ་ཕྱོགས་སུ་ངོས་འཛིན་པ་སོགས་བྱས་སོ། །དེས་ན་ལོ་ཙཱ་བ་ཤམྦྷ་ལའི་ཞལ་ནས། དིང་སང་བོད་ན་ལི་ཡུལ་ངོས་ཟིན་མཁན་རེད་མདའ་བ་དང་ངེས་གཉིས་ལས་མེད་ཅེས་གསུངས་པར་གྲགས་པ་ཡང་ཕལ་ཆེར་
༢༦ དོན་ལ་གནས་པ་ཡིན་ལ། བལ་ཡུལ་དང་ལི་ཡུལ་མི་གཅིག་པ་ནི་གྲོ་ལུང་པས། རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ། །ཞེས་དེ་གཉིས་ཡུལ་སོ་སོར་གསུངས་པས་ཀྱང་ཤེས་ལ། བཅོམ་ལྡན་རིག་རལ་གྱིས་ཀྱང༌། །ས་ནུས་བཟུང་བའི་ལི་ཡུལ་དེ། །རྒྱ་བོད་མཚམས་ཀྱི་བལ་པོ་མིན། །ཞེས་གསལ་བར་གསུངས་སོ། །དེས་ན་ལི་ཡུལ་དེ་ནི་བོད་ཀྱི་བྱང་རྒྱབ་དང༌། ཨུ་རུ་སུའི་ལྷོ་མཐར་ཆགས་པའི་ཡུལ། རྒྱ་གར་སྐད་དུ་ཀཾ་ས་དེ་ཤ །ཡུལ་གཞན་དུ་ཏུར་ཀི་ས྄ཐཱན་དང༌། རྒྱ་ནག་པས་སིན་ཇང་དུ་འབོད་པ་འདི་ཡིན་ཏེ། འདིའི་ཤར་མཐའ་མཚོ་སྔོན་པོའི་བྱང་རྒྱབ་དང་འབྲེལ་ཞིང༌། ནུབ་ཀྱི་མཐའ་ནི་མངའ་རིས་བླ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་པའི་ཡར་ཀན་བྱ་བ་དེ་ཡིན་ལ། སྔར་ཕྱོགས་འདིར་བསྟན་པ་རྒྱ་ཆེར་དེར་བ་ལས། སྲོང་བཙན་གྱི་སྐུ་དུས་ཙམ་ན་ཆོས་བསྣུབས་ཏེ། དགེ་སློང་རྣམས་བོད་དང་རྒྱ་གར་དུ་བྲོས། དེ་ནས་
༢༧ བཟུང་ཀླ་ཀློའི་རྒྱལ་ཁམས་ཀྱི་ལྟེ་བ་ལྟ་བུར་གྱུར་ཏེ་ཡོད་ཅིང༌། ད་དུང་ཡང་གོ་ཤྲངྒ་གླང་རུའི་གཙུག་ལག་ཁང་གི་ཤུལ་དང༌། གཞན་ཡང་མཆོད་རྟེན་ཞིག་པོ་དང་སྔོན་གྱི་དགོན་རོ་ཤིན་ཏུ་མང་པོ་ཡོད་འདུག་པས། ཀུན་མཁྱེན་ཀློང་ཆེན་པས། །ལྕང་ར་སྨུག་པོ་ལ་སོགས་པའི། །སོག་ཡུལ་ཅེས་གསུངས་པ་ཡིན། ཡུལ་འདི་ལ་མདོ་སྨད་པ་རྣམས་ཡུ༵ལ་ལི༵་ཞེས་འབོད་པ་ཡང༌། དོན་ལ་ལི༵་ཡུ༵ལ་བྱ་བའི་ཚིག་མགོ་མཇུག་ལྡོག་པའམ། ཡང་ན་རྒྱ་གར་ཡུལ་བྱ་བ་ལ་སྐབས་འགར་ཡུལ་རྒྱ་གར་ཞེས་བརྗོད་པ་དང་འདྲ། ཡུལ་འདི་ནི་བོད་ལས་ཤིན་ཏུ་ཁད་རིང་བའི་རྒྱུ་མཚན་གྱིས། སྔར་བོད་ཀྱི་འབངས་སུ་འདུས་སོ་བྱ་བ་ཡང་ཡིད་ཆེས་དཀའ་བ་ཙམ་ཡིན་མོད། དགྲ་བཅོམ་དགེ་འདུན་འཕེལ་གྱི་ལི་ཡུལ་ལུང་བསྟན་དུ་ཡང་གསུངས་ཏེ། དེ་ལ་མང་པོ་ཞིག་ནི་བོད་ཀྱི་རྒྱལ་པོས་འཛིན་པར་འགྱུར་རོ། །ཞེས་དང༌།
༢༨ གླང་རུ་ལུང་བསྟན་གྱི་མདོ་ལས་ཀྱང༌། མ་འོངས་པ་ན་ལས་ཀྱི་དབང་གིས་ཡུལ་འདིར་བོད་དང་སུམ་བྷའི་དམག་རྣམས་ཀྱང་འོང་བར་འགྱུར་ཏེ། སོགས་གསུངས་སོ། །སུམ་བྷ་དེ་སྔར་བོད་ཁོངས་ཀྱི་རྒྱལ་ཕྲན་ཞིག་གི་ས་ཡིན་པ་ལ། ཁོང་ཚོའི་རིགས་དེ་དིང་ས་ཨ་མདོའི་ཁྲོད་དུ་འདྲེས་ནས་ཡོད། གཞན་ཡང་སྔ་རྟགས་འཁྲུལ་མེད་ལྟ་བུ། ཉེ་དུས་འདིར་ཡུལ་དེའི་བྱེ་མའི་གསེབ་ནས་བོད་ཀྱི་རྫོང་གོག་མང་པོའི་ཤུལ་གསར་དུ་རྙེད་པ་ལས། སྔ་མོའི་བོད་ཀྱི་ཡོ་བྱད་སྣ་ཚོགས་དང༌། ཡུལ་མི་ལས་ཁྲལ་བསྡུས་པའི་བྱང་བུ་ཆེ་ཆུང་དུ་མ། དམག་དཔོན་སོགས་ཀྱིས་ཕན་ཚུན་བཏང་བའི་ཡི་གེ་ལ་སོགས་པ་ཆེས་མང་པོ་ཞིག་འཐོནནས། རྒྱལ་ཁབ་དུ་མར་འཁྱེར་ཏེ་སྔོན་གྱི་ལོ་རྒྱུས་དཔྱོད་པའི་མཁས་པ་ཐམས་ཅད་ཀྱང་ཡིད་ཆེས་པ་ཡིན་ནོ། །འོག་ཏུ་བཀོད་པའི་རྒྱལ་རབས་ཀྱི་དུམ་བུ་དང་པོ་གཉིས་ཀྱང་ཕྱོགས་དེ་ནས་རྙེད་པའི་ཡིག་རིགས་ཀྱི་གྲས་
༢༩ ཡིན་ལ། སྔ་མོའི་ལྷ་ཁང་ཞིག་གི་འདག་ཞལ་གྱི་ལྡེབ་རིས་ཡོངས་རྫོགས་བཀོག་སྟེ། རྒྱ་གར་དུ་འཁྱེར་ནས་ད་ལྟ་རྒྱལ་ས་དྷི་ལི་ན་ཡོད་ཅིང༌། དེ་ནས་རྙེད་པའི་དངོས་ཆས་གཞན་མང་པོ་ཞིག་ཀྱང་དེར་ཡོད། རུས་དུམ་དང་བྱང་བུ་སོགས་ལ་ཁྲལ་བསྡུས་པའི་ཐོ་བཀོད་པ་དེ་དག་ཀྱང་ཆེས་གནའ་དུས་ཀྱི་བརྡ་རྙིང་འབའ་ཞིག་ཏུ་བྲིས་པ་དཔེར་ན། རྩང་ནན་ཡམ་གསུམ་དང་རན་ཁུར་གཅིག །ཆང་གྲེ་བྲེ་གསུམ་དང་རྩྭ་ཁུར་གཅིག །བྱ་བ་སོགས་སྣང༌། བློན་ཆེན་དང་དམག་དཔོན་ལ་སྙན་འབུལ་གྱི་བཀའ་ལན་གཉིས་ཙམ་ཞིག་ཀྱང་འདིར་དཔེ་མཚོན་དུ་བཀོད་ན།
༼ཨ༽ ༈ ཕོ་བྲང་ལྡན་ཀར་ནས། འབྲུག་གྀ་ལོའྀ་དགུན་ཟླ་འབྲིང་པོའི་ངོ་ལ། བཀྱེའི་ཕྱག་རྒྱ་ཕོག་སྟེ། ཤ་ཅུའི་རྩེ་རྗེ་ལ་མཆིད་སྩལ་བའ། རྒྱ་ཤ་ཅུ་བའི་འབངས་རྣམས་ཀྱིས་གསོལ་པའ། ཕོ་བྲང་དང་ཁྲོམ་ཆེན་པོར། ལོ་ཐང་དུ་ཤ་ཅུ་ནས། སྤྱན་གཟིགས་ཏིང་ལྀ། དགུང་ལོ་རེ་རེ་ཞིང༌། ལན་རེ་ཙམ་ཞིག་རྫོང་པའ། བླའི་ལྡུམ་ར་ཁ་དུ་མ་ཞིག་
༣༠ མངའ་བའི་ཐོག་གི་ལྷག་པར་ཡང་འཚལ་ཏེ། རྗེ་བློན་འཕྲུལ་གྱྀ་བཀའ་དྲིན་ལ། བདག་ཅག་ལྷོ་བལ་མགོ་མཐོ་མཐོས་ཀྱང༌། སྒོ་སྒེོར་ལྡུམ་ར་རེ་རེ་རྩམ་བསྐྲུན་པའི་ཐོག །ལོ་ཐང་བླ་སྐྱེས་ཡེ་མ་བྱུང་བར་རྩེ་རྗེ་དག་གིས་རྟག་ཏུ་ར་མར་གནོན་ཅིང་ཕྲོགས་པ་སྙམས་ལས་འཆད་ཅིང་མཆིས་ན། སླན་ཆད་འབངས་ཀྱི་ལྡུམ་ར་འཕྲོག་ཅིང་འཚེར་མྱི་གནང་བར། འདི་བཞིན་དུ་ཕྱག་རྒྱ་སྩོལ་ཅིག་ཅེས། ཞང་བློན་ཆེན་པོའྀ་མཆིད། བློན་ཁྲོམ་བཞེར་དང༌། བློན་ལྷ་བཟང་གསས་མཐོང་གི་སུག་རྒྱ་འོག་ནས་གཏད་ཀྱིས། ཕྱག་རྒྱ་ལས་འབྱུང་བ་བཞིན་འཚོལ་ཅིག །

འདིའི་བར་ལས་རྟགས་ཡོད།

ཅེས་པའོ། །དེ་ལ་ཕོ་བྲང་ལྡན་དཀར་ནི་སྟོང་ཐང་ལྡན་དཀར་བྱ་བའི་ཕོ་བྲང་བཀའ་འགྱུུར་གྱི་དཀར་ཆག་ཐོག་མར་བྲིས་ས་དེ་ཡིན་པར་སེམས། ཤ་ཅུ་ནི་ལི་ཡུལ་མཐོང་ཁྱབ་ཀྱི་ནང་ཚན་སྡེ་གཅིག་གི་མིང་དུ་སྣང༌། རྩེ་རྗེ་ནི་ཡུལ་དེའི་བློན་ནམ་རྫོང་
༣༡ དཔོན་དུ་འདུག །ཁྲོམ་ཆེན་པོ་ནི་དམག་དཔོན་དང༌། ལོ་ཐང་བླ་སྐྱེས་ནི་ལོ་དུས་ཀྱི་ཁྲལ་དང་གོང་དུ་འབུལ་རྒྱུའི་སྐྱེས་ཏེ་འདུལ་བ་ན་ཐ་སྙད་ཡོད་པ་དེ་ཡིན། ཏོང་ལི་ནི་ཤིང་འབྲས་ཞིག་གི་མིང་ཡིན་ནམ་སྙམ། རྗེ་བློན་འཕྲུལ་ནི་འཕྲུལ་གྱི་རྗེ་བློན་ཏེ་སྤྲུལ་པའི་རྒྱལ་བློན་བྱ་བ་དང་དོན་གཅིག །བདག་ཅག་ལྷོ་བལ་བྱ་བ་འདི། ལི་ཡུལ་མཐོང་ཁྱབ་དུ་བལ་པོའི་རིགས་ཀྱི་སྡེ་ཞིག་ཡོད་དམ་སྙམ་སྟེ། སྔར་བོད་ཀྱིས་བླངས་པའི་ཡུལ་འགའ་ཞིག་གི་མི་རྣམས་ས་གཞན་དུ་སྤོ་བཅུག་པར་འདུག་ཅིང༌། བྱང་གི་གྲུ་གུ་རྣམས་ཕམ་ཚེ། གྲུག་གུའི་མི་རྣམས་ལྷོ་མོན་གྱི་ཡུལ་དུ་སྤོར་བཅུག་པ་ཐང་ཡིག་ཏུ་གསལ་བ་བཞིན་བལ་པོ་མང་པོ་ཞིག་ཀྱང་ལི་ཡུལ་དུ་སྤོར་བཅུག་པ་ཡིན་ནམ་སྙམ། དེས་ན་གོང་གི་བཀའ་གཙིགས་དེའི་དོན་ཅུང་ཟད་གསལ་བར་བསྒྱུར་ན་འདི་ལྟར། ༈ ཕོ་བྲང་ལྡན་དཀར་ནས། འབྲུག་ལོའི་དགུན་ཟླ་འབྲིང་པོར་གནང་བའི་བཀའ་རྒྱ་ཕབ་
༣༢ སྟེ། ཤ་ཅུའི་རྩེ་རྗེ་ལ་བཀའ་སྩལ་བ་ནི། ཤ་ཅུའི་འབངས་རྣམས་ཀྱིས་ཞུས་པར། ཕོ་བྲང་དང་དམག་དཔོན་ཆེན་པོ་ལ། ལོ་རེ་རེ་བཞིན། སྤྱན་གཟིགས་ཀྱི་ཏོང་ལི་ལན་རེ་འབུལ་སྲོལ་ཡོད་པར། རྒྱལ་པོའི་ལྡུམ་ར་ཁ་མང་པོ་ཡོད་པའི་འབབ་ཀྱི་སྟེང་ནས་འབུལ་རྒྱུ་འདང་བར་མ་ཟད་ལྷག་པར་ཡང་གྱུར་ལ། སྤྲུལ་པའི་རྒྱལ་བློན་གྱི་སྐུ་དྲིན་ལས། བདག་ཅག་ལྷོ་བལ་ཉམ་དྲག་པ་ཚོས་ཀྱང་ཁྱིམ་རེ་བཞིན་ལྡུམ་རྭ་རེ་རེ་བསྐྱིལ་བར། ལོ་དུས་ཀྱི་ཁྲལ་མ་བྱུང་བར་བརྟེན། ཤ་ཅུའི་རྩེ་རྗེ་དག་ནས་རྟག་ཏུ་དབང་གནོན་བྱེད་ཅིང་འཕྲོག་སྙམ་ནས་བརྗོད་ཀྱིན་འདུག་པས། ཕྱིན་ཆད་འབངས་ཀྱི་ལྡུམ་ར་འཕྲོག་ཅིང་གནོད་འཚེ་མི་བྱེད་པར། ནན་ཏན་ཅན་གྱི་དཀའ་རྒྱ་ཞིག་གནང་བར་ཞུས་པ་དེ་བཞིན་དུ་བཀའ་རྒྱ་སྩོལ་ཅིག་ཅེས། ཞག་བློན་ཆེན་པོའི་བཀའ། བློན་ཁྲོམ་གཞེར་དང་ལྷ་བཟང་གསལ་མཐོང་གི་སུག་རྒྱས་མནན་ཏེ་བཏང་བས། བཀའ་རྒྱ་ལས་ཅི་ལྟར་འབྱུང་བ་བཞིན་གྱིས་ཤིག །བྱ་བའོ། ། ༼ཨང༽ ༈ བློན་ཆེན་པོས། འདུན་ས་ལོང་ཅུ་ནས། ཕག་གྀ་ལོའི་དཔྱིད་བཀྱེའི་ཕྱག་རྒྱ་ཕོག་སྟེ། རྒྱ་སྡེ་གཉིས་ཀྱི་དཔོན་སྣས་གསོལད་པ། རྒྱ་ཤ་ཆུ་བའི་བུ་སྲིན་ལ། སྔོན་ཆད། བོད་སུམ་དང༌། ཞང་བློན་ཡ་ཡ་ནས། མཆིས་བྲང་དུ་འཚལ་བ་སྐད་དུ། བསྙད་བཏགས་ནས་འཚལ་ཏེ། བྲན་དུ་བགྱིས་པ་ཡང་མང༌། རྒྱལ་འབངས་ལས་བླ་ཐབས་ཀྱིས་གསོལད་ཏེ། འདི་འདྲ་བར་འཕྲོག་པ་ཙམ་ཞིག །མཐོང་ཁྱབ་ཀྱི་བུ་སྲིང་ལྟ་བུ། གཞན་དུ་གཉེན་མཚལ་དུ་མྱི་གནང་བ་དང་སྦྱར་ཞིང༌། ཁྲི་སྡེའི་ནང་དུ་དགའ་གཉེན་འཚལ་པར། གཏད་དུ་ཅི་གནང་ཞེས་གསོལ་ལོ། །བུ་བཟངས་ལྟ་བུར་ཕྱག་རྒྱ་དང་གཏད་ཐོགས་ཏེ། སྤུས་འཛིན་དུ་ནི་མྱི་གནང༌། དགའ་གཉེན་འཚལ་བར་གནང་སྟེ། ཕྱག་རྒྱ་འཆང་དུ་སྩལ་བའ། །ཞེས་པའོ། །དེ་ལ་བུ་སྲིང་ནི་བུ་མོ་སྲིང་མོ་བྱ་བ་སྟེ། མཚོ་སྔོན་པོའི་ཕལ་སྐད་དུ་བུད་

འདིའི་བར་ལས་རྟགས་ཡོད།

༣༤ མེད་སྤྱིའི་མིང་ལ་བུ་སྲིང་མར་འབོད། བུ་བཟངས་བྱ་བ་ནི། ཡ་མེད་དམ་ཁྲེལ་མེད་པ་ཟེར། གཏན་ནི་བཀའ་གཏད་བྱ་བ་སྟེ་བཀའ་ཤོག་གནང་བའི་དོན་ནོ། །དེས་ན་དོན་འདི་ལྟར། ༈ མདུན་ས་ལོང་ཅུ་ནས། བློན་ཆེན་པོས་ཕག་ལོའི་དཔྱིད་ལ་གནང་བའི་བཀའ་རྒྱ་ཕབ་པ། རྒྱ་སྡེ་གཉིསཀྱིས་དཔོན་སྣ་དག་གིས་ཞུ་འབུལ་དུ། སྔར་བོད་སུམ་དང༌། ཞང་བློན་ཡ་ཡ་གཉིས་ནས། རྒྱ་ཤ་ཅུ་པའི་བུ་མོ་རྣམས། ཆུང་མར་ལེན་སྐད་དུ་བྱས་ནས། སྙད་བཏགས་ཏེ་འཁྱེར་ཞིང༌། དོན་ལ་གཡོག་མོར་བྱས་པ་ཡང་མང་དུ་བྱུང༌། རྒྱལ་པོའི་འབངས་ལས་བཙན་ཐབས་ཀྱིས་འཁྱེར་ཏེ། འདི་ལྟར་འཕྲོག་པ་ནི་སྲོལ་མེད་པ་ཙམ་ལགས་ན། ད་ཕན་ཆད་མཐོང་ཁྱབ་ཀྱི་བུ་སྲིང་མ་འདྲ་ཡིན་ཕྱིན། གཞན་ལ་བག་མར་མི་གཏོང་བའི་ཁྲིམས་སྦྱར་ཞིང༌། མཐོང་ཁྱབ་ཁྲི་སྡེའི་ནང་དུ་རང་མོས་བཞིན་དགའ་གཉེན་བྱས་ཆོག་པའི་བཀའ་གཏད་གནང་བར་ཞུས་པ་བཞིན། གོང་གི་བཀའ་རྒྱ་དང་བཀའ་
༣༥ ཤོག་བཟུང་སྟེ། ཁྲེལ་མེད་ལྟར་བྱས་ནས། བུད་མེད་འདམ་དེ་འཛིན་མི་ཆོག་པ་དང༌། དགའ་གཉེན་བྱས་ཆོག་པའི་བཀའ་རྒྱ་འཛིན་དུ་གནང་ངོ༌། །ཞེས་པའོ། །རྒྱལ་པོའི་བཀའ་རྒྱ་ཐོགས་ནས་ཁྲེལ་མེད་དུ་བྱས་བྱ་བ། ཞང་བློན་ཡ་ཡ་སོགས་ཀྱིས་བྱེད་ཚུལ་ལྟར་མི་ཆོག་པའི་དོན་ནོ། །དེ་ལྟར་ལི་ཡུལ་དེ་ཁྲི་སྲོང་གི་དུས་སུ་འབངས་རྣལ་མར་བཀུག་ཅིང༌། མཐོང་ཁྱབ་ཁྲི་སྡེ་ལྔ་བྱ་བ་བཙུགས་ཏེ། བློན་ཁམས་གཅིག་གི་ས་གསར་དུ་བསྐྱེད་དོ་ཞེས་འོག་གི་རྒྱལ་རབས་ལ་ཡང་གསལ་ལོ། ། ༈ བལ་ཡུལ་ནི་སྲོང་བཙན་གྱི་སྐུ་ཚེའི་སྨད་ལ་དབང་དུ་ཆུག་ཅིང༌། དེ་ནས་བཟུང་ཡུན་ཇི་སྲིད་གཅིག་གི་བར་དུ་བོད་འབངས་སུ་གནས་པའི་ལོ་གྲངས་སོགས་ལ་ཕྱི་རྒྱའི་མཁས་པ་རྣམས་ཁ་མི་མཐུན་ཏེ། འགའ་ཞིག་གིས་འདུས་སྲོང་མང་པོ་རྗེའི་སྐུ་ཚེ་སྨད་ལ་བལ་པོ་ངོ་ལོག ཞེས་ཟེར། འགའ་ཞིག་གིས་དེའི་ཡང་གོང་ནས་ཡིན་ཟེར། འོན་ཀྱང་ལི་ཡུལ་
༣༦ ནས་འཐོན་པའི་རྒྱལ་རབས་དཻར། ཁྲི་ལྡེ་གཙུག་བཙན་གྱི་ཁྲི་ལོ་འདྲེན་པའི་སྐབས་སུ་ཡང༌། རྟའི་ལོ་ལ་བཙན་ཕོ་བལ་པོ་ན་བཞུགས་སོགས་ལན་དུ་མར་བྱུང་བས། ཕལ་ཆེར་ཁྲི་སྲོང་གི་གོང་རོལ་བར་བོད་འབངས་སུ་ཡོད་དམ་སྙམ། ཡུལ་འདི་བོད་ཀྱི་ཆབ་འོག་ཏུ་ཆུད་པའི་སྔ་རྟགས་ལྟ་བུར་ཡང༌། ཁོང་ཚོའི་ཁྲོད་ན་ཙང་དང༌། གཙང་ཡིན་ནམ་སྙམ། བླ་མ་དང༌། ར༷འ་ཡེ༷། རྟ་མང་ རྟ་དམག་བྱ་བ་ཟུར་ཆག་སྙམ་པ་ ལ་སོགས་པའི་མིང་ཅན་གྱི་དཔའ་རྩལ་ལྡན་པའི་མི་སྡེ་མང་དུ་ཡོད་པ་འདི་ཀུན། ཆོས་ལུགས་ཀྱང་བོན་དང་འདྲེས་པའི་ནང་པ་བྱེད། སྐད་ཀྱང་བོད་སྐད་བརྡ་རྙིང་འབའ་ཞིག་སྨྲ། རིགས་རྒྱུད་ཀྱང་བོད་ནས་མཆེད་པར་ཁོང་ཅག་རང་ལ་གྲགས། དེར་མ་ཟད་བལ་ཡུལ་མཐིལ་དུ་ཡང༌། ཕམ་ཐང་དང་བོད་ཐང་ལ་སོགས་པ་བོད་ཀྱི་ཐ་སྙད་ཆགས་པའི་ས་མིག་མང་པོ་ཡོད། ཆེས་གསལ་བའི་རྟགས་གཞན་ཡང༌། བོད་རྗེ་འདུས་སྲོང་སོགས་དང་དུས་མཉམ་པའི་བལ་
༣༧ རྒྱལ་ན་རེནྡ྄ར་དེ་བ་མི་དབང་ལྷའི་སྲས། ཤྲིའ་ལ་དེ་བ་ཚུལ་ཁྲིམས་ལྷའི་རྡོ་རིང་ལ་ཡང༌། བྷོ་ཊ་བིཥ྄ཊི་ཧེ་ཏོཿཔྲ་ཏི་བརྵཾ་བྷཱ་རི་ཀ་ཛནཱཿཔཉ྄ཙ་བྱ་བ་སཱ་ཡི་བྷིརྒརཧིའཏི་བྱཿ །བོད་ལ་དཔྱ་ཁྲལ་འཇལ་བའི་རྒྱུ་མཚན་གྱིས་ལོ་ལྟར་ཁུར་ཙ་པ་རྣམས་ལས་བྱེད་ལྔ་པོས་བཟུང་བར་བྱ་སྟེ། སོགས་བྲིས་པ་ཡོད། གཞན་ཡང་བལ་པོ་རྣམས་ཀྱིས་རང་སྐད་དུ་ཡང༌། མིག་ལ་མི༷ག༷ །སྣ་ལ་ས༷ྣེ་པོ༷། ལག་པ་ལ༷ག་སོགས་བོད་སྐད་ཟུར་ཆག་ཤིན་ཏུ་མང་པོ་འདྲེས་པ་ཞིབ་ཏུ་བརྟག་པས་ཤེས་སོ། ། ༈ རྒྱ་གར་ཏི་ར་ཧི་ཏ་བོད་ཀྱིས་བཟུང་བ་ཡང་ཐོག་མར་སྲོང་བཙན་གྱི་དུས་ལ་ཡིན་པ་འོག་ཏུ་གསལ་ཞིང༌། ཏི་ར་ཧི་ཏ་ནི་གངྒཱའི་བྱང་ནས་རི་ནག་པོ་རྒྱུད་ལ་ཐུག་གི་བར་གྱི་ཡུལ་སྤྱི་ལ་ཟེར་ཞིང་ད་ལྟ་ཡང་མིང་དེ་ཀར་གནས། ཡུལ་དེའི་ཁོངས་སུ། གྱད་དང༌། ཤཱཀྱ་དང༌། ལི་ཙ་བི། བྲི་ཛི། ཀན྄ཡ་ཀུབྫ་ལ་སོགས་པའི་ཡུལ་མིང་ཆེན་དུ་མ་ཡང་འདུས། འོན་ཀྱང་ཕྱོགས་དེ་ཚ་བའི་ཡུལ་དུ་སོང་གཤིས་བོད་དམག་རྒྱུན་སྡོད་བྱེད་པ་སོགས་ཡུན་རིང་དུ་
༣༨ མ་བྱུང་བར་མངོན་ལ། སླར་ཡང་ཁྲི་སྲོང་གི་དུས་སུ་བསམ་ཡས་མཆོད་རྟེན་དཀར་པོའི་ནང་རྫོངས་སུ་རིང་བསྲེལ་སྤྱན་འདྲེན་པ་སོགས་ཀྱི་ཆེད་དུ་མ་ག་དྷ་ལ་བོད་དམག་དྲངས་ཚུལ་རྦ་བཞེད་དུ་གསུངས་ཏེ། རྒྱལ་པོས་བོད་ཀྱི་རྟ་རྔོག་ཆགས་སྒས་མནན་པ་གཅིག་ཀྱང་མ་ལུས་པར་ཆད་ལ་བསྔོས་ཏེ། འགོས་ཀྱིས་ཕག་རིར་དུས་བཏབ། རྟ་པའི་དམག་རྣམས་དཔལ་མོ་དཔལ་ཐང་དུ་གྲངས་ལ་བཏབ། རྒྱ་གར་ཐང་དུ་བརྟོལ་བ་དང༌། ཡུལ་དེའི་རྒྱལ་པོ་བྲེད་ནས་མཐའ་འཁོབ་ཀྱི་རྒྱལ་པོ་དེའི་རྟ་པ་འདི་འདྲ་ན། དཔུང་བུ་ཆུང་དང༌། ཤིང་རྟ་དང༌། གླང་པོ་ཆེའི་ཚོགས་ཇི་འདྲ་ན་ཞེས། ཕོ་བྲང་གི་ཡ་ལད་བཙན་པོའི་ལྷམ་བཏགས་ཏེ། དེའི་འོག་ན་ཕར་འཁོར་དང་བཅས་པ་འཛུལ་ནས། ངའི་རྒྱལ་ཁམས་འདི་བཙན་པོ་ཁྱོད་ཀྱི་ཞབས་འོག་ཏུ་འཛུལ་བས། ཁྱོད་ཀྱི་ཆབ་སྲིད་བྱེད་དེ། བཅའ་དང་སྐྱེས་ལོ་ཐང་དུ་འཇལ་ལོ་ཞེས་ཁས་བླངས་ནས་མངའ་འོག་ཏུ་འདུས།
༣༩ དེ་ནས་གངྒཱ་བརྒལ་ནས་མ་ག་དྷར་དམག་དྲངས་པ་དང༌། མ་ག་དྷ་པ་རྣམས་ཀྱིས་ནོར་ཐམས་ཅད་ཨོ་ཏན་ཏ་པུ་རིར། མ་ག་དྷའི་ཡུལ་གྱི་དཀྱིལ་ན་ཨོ་ཏནྟ་པུ་རའི་ཤུལ་ཡོད། བསྐྱལ་ནས། མི་ཐམས་ཅད་རྒྱ་གར་ཤར་ཕྱོགས་སུ་བྲོས་པས་གཡུལ་སྤྲོད་མ་དགོས་པར་བྱང་ཆུབ་ཤིང་ལ་མཆོད་པ་ཕུལ། ཞེས་སོགས་ནས། གངྒཱའི་འགྲམ་དུ་བོད་ཀྱི་མི་བསྐོས་ནས། འདི་ཚུན་ཆད་བོད་ཀྱི་ས་བཅད་ཡིན་པས་རྡོ་རིང་གྱིས་ཤིག་ཅེས་བཀའ་སྩལ་བ་བཞིན་བྱེ་ཁུང་དུ་ལྕགས་ཀྱི་ཀྭ་བ་བཙུགས་ཏེ། ཕྱིས་གྲུ་བྲུ་ཤའི་དམག་གིས་དེ་བཤིག་པས། མི་ཞིག་པར་མེ་ལ་བཞུས་པའི་འཕྲོ་ཡོད་དོ། །དེའི་ལུང་ཁུག་ན་ཀྭ་བ་བསྲུང་བའི་མིའི་རིགས་ཞེས་བྱ་བའི་གྲོང་ཁྱེར་གཅིག་ཀྱང་ཡོད་དོ། །སོགས་གསུངས་སོ། །འདིར་རྒྱ་གར་གྱི་རྒྱལ་པོ་སུ་ཡིན་གསལ་བར་མ་སྨོས་ཀྱང༌། དུས་སྒྲིགས་ན་ཟ་ཧོར་གྱི་རྒྱལ་པོ་གོ་པཱ་ལ་ཡིན་ནམ་སྙམ། ཐ་གུ་ར་བྱ་བ་སྤྱིར་ལྷ་
༤༠ དང་རྒྱལ་རིགས་ཀྱི་མིང་ཡིན་ཞིང༌། དེ་འདྲའི་གྲོང་ཁྱེར་ཡོད་པ་ནི་མ་ཐོས་མོད། ཐ་གུར་བྱ་བའི་རིགས་ནི་རྒྱ་གར་བའི་ཁྲོད་ན་མང་དུ་ཡོད་ལ། དེ་དག་གི་ཐོག་མའི་རུས་ཁུངས་ཀྱང་ཀླ་ཀློ་དང་བྲམ་ཟེ་གཉིས་འདུས་པ་ཞིག་ཡིན་ནོ། །ཞེས་གྲགས་པས་ངེས་པར་དཔྱད་དགོས་པ་ཞིག་འདུག །དུས་འདི་ཙམ་ན་བཙུགས་པའི་ལྕགས་ཀྱི་ཀྭ་བ་ཞིག་ཀྱང་ད་ལྟ་དྷི་ལིའི་ཕྱོགས་ན་ཡོད་ཅིང༌། སྟེང་གི་ཡི་གེ་རྣམས་ནི་རྒྱལ་པོ་ཙནྡ྄ར་ཟླ་བ་བྱ་བ་ཞིག་གིས་བཀོད་པ་ཡིན་འདུག་ལ། འོན་ཀྱང་རྒྱ་གར་ན་མྱ་ངན་མེད་ཀྱི་རྡོ་རིང་འགའ་ཞིག་གི་སྟཻང་ན། ཕྱིས་ཀྱི་ཀླ་ཀློའི་རྒྱལ་པོས་ཡི་གེ་བཀོད་པ་སོགས་ཀྱང་འདུག་པས། འདི་འདྲ་བསམ་ཚེ་ལྕགས་ཀྱི་ཀྭ་བ་དེ་ཡང་ངོ་བོ་སྔར་བོད་ཀྱིས་བཙུགས་པ་དེ་ཡིན་སྲིད་དམ་སྙམ་སྟེ། འོན་ཀྱང་གཏམ་འདི་འདྲ་ཁྱབ་བརྡལ་དུ་བསྒྲགས་པའི་འོས་མ་ཡིན་ནོ། །དེའི་འོག་ཏུ་སླར་ཡང་མུ་ཏིག་བཙན་༤༡ པོས་སྲིད་འཕྲོ་འཛིན་པའི་སྐབས། རྒྱ་གར་གྱི་རྒྱལ་པོ་རྡརྨ་པཱ་ལ་བོད་དུ་འཁྲིད་དེ། བཟང་བཙོན་གྱི་ཚུལ་དུ་བཞག་ལ། དེས་ཕོ་ཡོང་བཟང་བྱ་བའི་ཇོ་མོ་ཞིག་བཞེས་པ་ལས་འཕྱོང་རྒྱ་ཟ་ཧོར་མའི་རིགས་དེ་མཆེད་དོ་ཞེས་ལྔ་པ་ཆེན་པོས་གསུངས། དེ་ལྟར་རྒྱ་གར་ཏི་ར་ཧི་ཏ་དེ་བོད་ཀྱི་འབངས་སུ་རེས་ཡོད་རེས་མེད་ཀྱི་ཚུལ་དུ་གནས་ཏེ་རྒྱལ་ཐོག་འགའ་ཞིག་སོང་བར་མངོན་ལ། ཕྱོགས་དེ་བོད་ཀྱི་ས་ཁོངས་སུ་བརྩི་བ་གོམས་པའི་དབང་གིས། དུས་ཕྱིས་ཙ་ན་ཡང༌། ཆག་ལོ་ཆོས་རྗེ་དཔལ་གྱི་ལམ་ཡིག་ཏུ། དེ་ནས་གངྒཱ་བརྒལ་ཏེ་ཕྱི་ཉིན་རྒྱ་གར་དུ་སླེབས། ཞེས་གངྒཱའི་ཚུར་ཕྱོགས་རྣམས་རྒྱ་གར་མིན་པ་འདྲ་བ་ཞིག་གསུངས་སོ། །གཞན་ཡང་བོད་ཀྱི་རྒྱ་པོའི་དམག་ཀོ་ཤམྦྷིར་བར་དུ་སླེབས་པར་འགྱུར་བ་སོགས་ལི་ཡུལ་ལུང་བསྟན་དུ་ཡང་གསལ་བར་ཡོད་དོ། ༈ །ཤར་ཕྱོགས་སུ་རྒྱའི་ཡུལ་ཁམས་ཇི་ཙམ་བཟུང་བ་སོགས་ནི། འོག་གི་རྒྱ་རབས་ཀྱི་ཞར་ལ་གསལ་ཞིང༌།
༤༢ མདོར་ན་དེ་དུས་གླིང་ཆེན་ཡོངས་རྫོགས་འདི་ན་བོད་དང་མཉམ་པའི་རྒྱལ་ཁབ་སྟོབས་ཆེ་བ་སུ་ཡང་མེད་པར་ཡོངས་སུ་གྲགས་ལ། ལྷག་པར་ཡང་རྗེ་ཁྲི་སྲོང་ལྡེ་བཙན་གྱིས་སྐུ་དུས་ཙ་ན། མངའ་ཐང་དར་བའི་རྩེ་མོར་སོན་ཏེ། རྒྱལ་ཁབ་ཀྱི་ས་ཁྱོན་ཀྱང་ཕལ་ཆེར་གླིང་ཧྲིལ་པོའི་སྟེང་དུ་རྒྱ་བསྐྱེད་ཅིང༌། བོད་འབངས་མིན་པའི་ཕྱོགས་རྣམས་ན་ཡང༌། བླ་སྐྱེས་འབུལ་ཞིང་བཙན་པའི་བཀའ་ལུང་ལེན་པའི་རྒྱལ་ཕྲན་མང་དུ་ཡོད་པ་ཡིན་འདུག་པས། རིག་འཛིན་འཇིགས་མེད་གླིང་པས། འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། ཞེས་བསྔགས་པ་ཡང་དོན་ལ་གནས་པའི་གསུང་ཡིན་ནོ། །ཚལ་པའི་དེབ་དམར་དུ་རྒྱའི་རྒྱལ་རབས་དྲངས་པ་ལས་ཀྱང༌། དེ་དུས་བོད་ཀྱི་མཐའ་བཞི་ནི། ཤར་དུ་ལྕེའུ། མུ་ཅིའུ། སུ་ཅིའུ་གསུམ་ཡིན། ལྷོར་བྲམ་ཟེའི་ཡུལ་དང༌། བྱང་དུ་ཧོར་གྱི་ཡུལ་ཏེ། དེ་རྣམས་བསྐོར་བ་ལ་དཔག་ཚད་སྟོང་ཕྲག་མང་པོ་ཡོད་པས།
༤༣ བོད་ལས་དཔའ་བ་དང༌། བརྟུལ་ཕོད་པ། རྒྱའི་གོང་མ་ཧཱན་དང༌། གཡུ་དང༌། ལྕིའུ་ལ་སོགས་པའི་དུས་སུ་ཡང་མ་བྱུང་བ་ཡིན་ནོ་ཞེས་བཤད་པ་ལྟར་རོ། །
།ལྷན་ཅིག༵་སྐྱེས་པའི་གངས་ཀྱི་མུ་ཁྱུད་ལ། །ལུགས་གཉི༵ས་ཐབས་ཤེས་དུང་གི་མཁར་བསྐྱིལ
བའྀ། །རིགས་གསུ༵མ་མགོན་པོས་སྤྲུལ་པའི་རྒྱལ་ཁམས་འདིའི། །ཕྱོགས་བཞི༵འི་རྒྱ་ཁྱོན་སུ་ཡིས་འཇལ་བར་ནུས། །
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
༈ །།ཡིད་བརྟན་འཕེར་བའི་རྒྱལ་རབས་སྨྲ་བ་ལ། སྔ་ཕྱིའི་དུ་ཚིགས་ཤེས་པར་མེད་དུ་མི་རུང་བ་ཡིན་པས། འདིར་ལོ་ཚིགས་ཀྱི་རིམ་པ་གང་ལ་སྦྱོར་བའི་གཞི་བཤད་པར་བྱ་སྟེ། དེ་ཡང་འོག་ཏུ་བཀོད་པའི་བྱུང་བ་འདི་རྣམས་རབ་བྱུང་དང་པོ་སོགས་ཀྱི་ཁོངས་སུ་མི་འདུ་བ་ཡིན་ལ། དེའི་ཡན་གྱི་ལོ་རྣམས་བསྣན་པའི་ལུགས་སུ་བརྩི་བ་ཡང་སྟབས་མི་བདེ་ཞིང༌། རྒྱ་གར་བ་ལ་གྲགས་པའི་བི་ཀྲ་
༤༤ མིའི་ལོ་ཚིགས་སོགས་ཀྱང་ཕྱོགས་འདིར་རྒྱུས་མེད་པས་མགོ་འཁྲུག་པའི་རྐྱེན་དུ་འགྱུར་ལ། གཞན་ཕྱི་ལོར་གྲགས་པ་དེ་ཡང་ཡེ་ཤུ་གྲོངས་པའི་ལོ་ནས་བརྩི་བར་འདུག་པས་རང་ཅག་ལ་འོས་འགབ་མི་ཆེ་བར་མཐོང་ནས། འདིར་རྒྱལ་རབས་རྣམས་སངས་རྒྱས་མྱ་ངན་ལས་འདས་ནས་དུ་སོང་ལ་སྦྱོར་བར་བྱས་སོ། །སྟོན་པ་འདས་པའི་ལོ་གང་ཡིན་ལ་ཡང་མཁས་པ་རྣམས་ཤིན་ཏུ་མི་མཐུན་མོད་ཀྱི། འདིར་བཀོད་པ་ནི་ལྷོ་ཕྱོགས་སིངྒྷ་ལ་པའི་གནས་བརྟན་པ་དག་གི་ལུགས་དེ་ཡིན་ཞིང༌། བརྩི་ཚུལ་ཀུན་གྱི་ནང་ན་འདི་ཉིད་ཁོ་ན་རྒྱུ་མཚན་ཆེ་བར་མཐོང་སྟེ། དེ་ཡང་སངས་རྒྱས་འདས་ནས་ཉིས་སྟོང་སུམ་བརྒྱ་ལས་མི་ཉུང་བ་ནི། ཆོས་རྒྱལ་མྱ་ངན་མེད་ཀྱི་ཡབ་མོརྱོའི་རྒྱལ་པོ་ཙན་གུཔ྄ཏའི་ ཟླ་བ་སྦས་པའི་ སྐབས་སུ། ཡཱ་བ་ནའི་བློན་པོ་མེ་གྷ་ས྄ཐཱ་ན་རྒྱ་གར་དབུས་སུ་སླེབས་ཞིང༌། སྐྱ་ནར་བུའི་གྲོང་དུ་ཡུན་རིང་བསྡད་པ་དེའི་ལམ་ཡིག་ཏུ།
༤༥ ཡུལ་དབུས་ན་སངས་རྒྱས་པའི་རབ་བྱུང་བཞུགས་པ་མཐོང་ཚུལ་སོགས་བྲིས་པ་འདིས་ཤེས་ལ། བློན་པོ་དེ་དང་ཟླ་བ་སྦས་པའི་དུས་ནི་ཅུང་ཟད་ཀྱང་མ་ནོར་བར་བརྩི་ནུས། སྟོན་པ་འདས་ནས་ཉིས་སྟོང་ལྔ་བརྒྱ་ལས་མི་མངས་བ་ནི། སྙིང་རྗེ་པད་དཀར་དང༌། ལྷ་ལས་ཕུལ་བྱུང་གི་འགྲེལ་པར་སྟོན་པ་འདས་ནས་ལོ་བརྒྱ་ན་མྱ་ནང་མེད་འབྱུང་བར་གསུངས་ཤིང༌། རྟོག་གེ་འབར་དང༌། བྷ་བྱའི་སྡེ་བ་ཐ་དད་དུ་འབྱེད་པ་ལས། བརྒྱ་དང་དྲུག་ཅུ་ན་ཡིན་ཞེས་བཤད། ཀུན་མཁྱེན་བུས་བརྒྱ་དང་བཅུ་པ་ལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ནས། བཀའ་བསྡུ་གཉིས་པ་བྱས་པར་གསུངས། སིངྒྷ་ལའི་གནས་བརྟན་མིང་ཆེན་གྱིས་མཛད་པའི་མ་ཧཱ་བད྄ཤར་ཉིས་བརྒྱ་རེ་གཅིག་པར་མྱ་ངན་མེད་ཁྲི་ལ་འཁོད་དེ། ལོ་བཞི་བཅུ་སྲིད་བསྐྱངས་ནས་གྲོངས་ཞེས་བྲིས་པ་དང༌། འགོས་ལོས་གཏད་རབས་ཤོག་འཁྱར་ཞིག་བསྒྱུར་བ་ལས། བར་སྐབས་དེར་སངས་རྒྱས་འདས་ནས་
༤༦ ལོ་སུམ་བརྒྱ་ལོན་ཏེ། མྱ་ངན་མེད་ཅེས་བྱ་བའི་རྒྱལ་པོ་དེ་ཤི་ནས། ཞེས་གསུངས་པ་གཉིས་ལོ་གཅིག་གིས་ཀྱང་ཆད་ལྷག་མེད་པར་སྙན་གྱིས་མཐུན་ནོ། །དེས་ན་ཇི་ཙམ་ཕྱིས་ཀྱང་སྟོན་པ་འདས་ནས་ལོ་ཉིས་བརྒྱ་ལྔ་བཅུའི་ནང་རོལ་དུ། མྱ་ངན་མེད་འཁྲུངས་ནས་ཡོད་ངེས་པས་སོ། །དེའི་ཕྱིར་ཉན་ཐོས་སྡེ་པའི་བསྟན་རྩིས་འདི་ཁོ་ན་རྒྱུ་མཚན་ཅི་བས་ཀྱང་ཆེ་བ་ཡིན་ཞིང༌། གལ་ཏེ་ནོར་ན་ཡང་ལོ་བཅུ་སྐོར་འགའ་ཞིག་གིས་ཆད་ལྷག་འབྱུང་སྲིད་པ་ཙམ་ཡིན་གྱི། སྟོང་གྲངས་ཕར་ཟད་བརྒྱ་གྲངས་ལ་ཡང་ནོར་བའི་གནས་མེད་དོ། །སྔར་རྒྱ་བལ་ཁ་ཆེ་ཀུན་ཏུ་ཡང་མཁས་པ་རྣམས་བརྩི་ཚུལ་འདི་ཉིད་ལ་ཆ་འཇོག་པར་འདུག་ལ། སྤྱིར་སྔ་མོའི་དུས་སུ་ཉན་ཐོས་ཀྱི་དགོན་པ་རྣམས་ན། སངས་རྒྱས་འདས་ནས་ལོ་ཟླ་ཞག་གྲངས་ཇི་སོང་གི་ཐོ་ཉི་མ་རེ་བཞིན་འདེབས་སྲོལ་ཡོད་འདུག་པས་འདི་འདྲ་ཁུངས་སུ་མི་ཆེ་ན་གཞན་ཅི་ཞིག་ལ་བརྟོན། བོད་ཀྱི་མཁས་པ་འགའ་ཞིག་
༤༧ གིས། ཉན་ཐོས་བཻན་དྷ་པ་ འདི་ལ་སེན་ཏ་པ་ཞེས་ཡིག་ནོར་རྒྱུན་འབྱམས་སུ་སོང་ཡང༌། བཻབྱབྱ་པ་བ་སྟེ་བསོད་སྙོམས་པ་བྱའོ། །རྣམས་ཀྱིས་སངས་རྒྱས་འཁྲུངས་པ་དང༌། རྡོ་རྗེ་གདན་གྱི་སྐུ་བརྙན་བཞེངས་པ་གཉིས་ནོར་ནས་བརྩིས་པས་ཡིད་རྟོན་མེད་ཅེས་བརྙས་པར་མཛད་ཅིང༌། རང་ལུགས་ལ་དེའི་སྟེང་དུ་ལོ་སྟོང་ཙམ་བསྣན་མོད། རྡོ་རྗེ་གདན་གྱི་སྐུ་བརྙས་བཞེངས་པའི་ཚེ། སངས་རྒྱས་མཇལ་མྱོང་བའི་རྒན་མོ་ལོ་བརྒྱ་ལྷག་ལོན་པ་ཞིག་ཀྱང་ཡོད་ཅེས་བཤད། སྐུ་དེ་ལ་ཀུན་དགའ་བོའི་སློབ་མ་ཤཱ་ནའི་གོས་ཅན་གྱིས་སྤྱན་འབྲས་ཕུལ་ཚུལ་སོགས་ཀྱང་འབྱུང༌། དེས་ན་སྐུ་བརྙན་བཞེངས་པ་དང་སངས་རྒྱས་འཁྲུངས་པ་གཉིས་ནོར་བའི་དབང་དུ་བྱས་ན་ཡང༌། ལོ་བརྒྱ་སྐོར་ཅིག་ནོར་སྲིད་མོད། སྟོང་ཕྲག་ཙམ་ནོར་བའི་དོན་ཅི་ལ་ཡོད། དེར་མ་ཟད་མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེ་བསོད་སྙོམས་པ་ཆེན་པོ་བོད་དུ་བྱོན་པའི་ཕྱི་ལོའི་ཤིང་བྱི་དེ། གནས་བརྟན་པའི་ལུགས་ཀྱི་༤༨ སྟོན་པ་འདས་ནས་ཆིག་སྟོང་བདུན་བརྒྱ་ཞེ་བརྒྱད་པ་ཡིན་ལ། དེ་དུས་ཁོང་གིས་སོལ་ནག་ཐང་པོ་ཆེར་བརྩིས་པ་ན། སངས་རྒྱས་འདས་ནས་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་སོང་གསུངས་པ་དང༌། རྩིས་ཀྱི་དབང་གིས་ལོ་གཉིས་མ་མཐུན་པ་ཙམ་ལས། དོན་ལ་པཎ་ཆེན་རང་ཉིད་ཀྱང་གནས་བརྟན་པའི་ལུགས་དེ་ལ་རྩ་བ་བརྟེན་པར་སྣང་ངོ༌། །དེས་ན་སྒོ་དུ་མ་ནས་བསམ་ཚེ་གནས་བརྟན་པའི་བསྟན་རྩིས་དེ་ཁོ་ན་ཁུངས་བཙན་པར་མཐོང་ནས། ཁོ་བོས་ཀྱང་འདིར་རྒྱལ་རབས་ཀྱི་གཞི་རྣམས་དེ་ལ་བརྟེན་ཏེ་བརྩིས་སོ། །དེ་ཡང་བརྩི་ཚུལ་འདིའི་དབང་དུ་བྱས་ཚེ། ད་ལྟའི་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་འདི་སངས་རྒྱས་འདས་ནས་ཉིས་སྟོང་དང་བཞི་བརྒྱ་དགུ་བཅུ་པ་ཡིན་ལ། མེ་མཁའ་རྒྱ་མཚོ་བསྲེས་པའི་འདས་ལོའི་ཐོག་མ་མེ་ཡོས་དེ་ཆིག་སྟོང་ལྔ་བརྒྱ་དོན་གཅིག་པ་ཡིན། ཀོང་ཇོ་བོད་དུ་བྱོན་པའི་ལོ་དེ་དེ་ཆིག་སྟོང་བརྒྱ་དང་གྱ་བརྒྱད་
༤༩ པ་ཡིན་པ་སོགས་ཤེས་པར་བྱའོ། །ཤིན་ཏུ་ཡོད་འཕྲོག་བདེན་པའི་བཞིན་རས་ལ། །མི་གསལ་རྩིས་ཀྱི་སེང་རས་གཡོགས་པ་འདི། །དཔྱད་གསུམ་སོར་མོས་དུམ་བུར་རལ་བ་ཡི། །མི་བསྲུན་མཁས་པའི་ཐོ་ཅོ་ཁོ་བོས་བྱས། །
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ། ཐོག་མའི་ཡན་ལག་རྣམས་རྫོགས་སོ།། །།ད་ནི་རྒྱལ་རབས་དངོས་ལ་འཇུག་པར་བྱ་སྟེ། དེ་ཡང་འོག་ཏུ་བཀོད་པའི་ཤོག་དྲིལ་ཚན་པ་གསུམ་ལས། ༼ཀ༽ དང་ ༼ཁ༽ འི་རྟགས་བཏབ་པ་གཉིས་ནི། གོང་སྨོས་བཞིན་ད་ལྟའི་ལོ་སུམ་ཅུ་ལྷག་གི་སྔ་རོལ་དུ། ལི་ཡུལ་གྱི་བར་མཐའ་ཏོང་ཧང་བྱ་བའི་གནས་སུ། སྔོན་གྱི་ལྷ་ཁང་ཞིག་རལ་དུ་གྱུར་པ་གཅིག་གི་རྩིག་པའི་གསེབ་ནས། བོད་དང་ཡུ་གུར་གྱི་ཡིག་རྙིང་ཤོག་དྲིལ་འཕོན་ཆེན་ཞིག་འཐོན་པའི་གྲས་ཡིན་ལ། ཡིག་རིགས་དེ་རྣམས་རྒྱལ་ཁབ་དུ་མས་བགོ་བཤའ་བྱས་ཤིང༌། རྒྱ་གར་དང་ཕྱི་རྒྱའི་མཁས་
༥༠ པ་རྟོག་ཞིབ་བྱེད་པ་མང་པོ་ཞིག་གི་ལག་ཏུ་བཏང་པ་ལས། ཕྱི་མོ་དངོས་ཀྱི་ཆ་ཤས་དང༌། སྤར་བཏབ་པ་དང༌། ངོ་བཤུས་བྱས་པ་སོགས་སྣ་ཚོགས་ཞིག་ཕྲན་གྱིས་མཐོང་བ་རྣམས་ཕན་ཚུན་ཞིབ་བསྡུར་བྱས་ཏེ་ཡིན་བརྟན་རུང་བར་བཀོད་ལ། ད་ལྟ་འདིའི་ཕྱི་མོའི་བྱིངས་རྣམས་ཕ་རན་སི་དང་དབྱིན་གཞུང་གཉིས་ནས། བདག་སྤྲོད་བྱས་ཏེ་ཡོད་འདུག་ཅིང༌། ཆ་ཤས་མང་ཙམ་ཞིག་པེ་ཅིང་དུ་ཡང་འཁྱེར་ཞེས་ཟེར། ༼ག༽ རྟགས་ཅན་རྣམས་ནི་ཤོག་དྲིལ་དེའི་གྲས་གཞན་རྣམས་ལས་མཁོ་བའི་ཆ་འགའ་ཞིག་དྲངས་པ་ཡིན། ༼ང༽ རྟགས་ཅན་དེ་ནི། ལོ་ཙ་བ་ཝང་མང་མུ་དང་ཐང་ཞིས་བྱ་བའི་རྒྱའི་རྒྱལ་རབས་ནས་ཕུད་པ་ཡིན་ཞིང༌། སྤུ་རེ་ཚལ་དུས་སུ་རྒྱའི་ལོ་ཙཱ་བ་གྱུང་དྲུ་དང༌། གུར་ཤྲིའ་རིན་ཆེན་གྲགས་པ་གཉིས་ཀྱིས་མདོར་བསྡུས་ཞིག་བསྒྱུར་ཏེ། ལྡེབ་དྲུག་ཙམ་ཞིག་ཚལ་པའི་དེབ་དམར་དུ་བཀོད་ཅིང༌། དེ་བས་ཀྱང་ཆེར་བསྡུད་པ་ཞིག་
༥༡ དེབ་སྔོན་དུ་ཡང་བཀོད་འདུག་པ་དེ་གཉིས་འབྱུང་ཁུངས་གཅིག་པར་སྣང་ལ། ཚལ་པ་དང་འགོས་གཉིས་ཀས་ཀྱང༌། བོད་ཀྱི་རྒྱལ་རབས་ཀྱི་རྩ་བ་དེ་ཁོ་ན་ལ་བརྟེན་ཏེ་བཤད་པ་ཡིན་ནོ། །ཐང་གུར་གྱི་རྒྱལ་རབས་དེ་དག་སྔར་གོང་མའི་དུས་སུ་ཀློགས་སྤེལ་བྱེད་པ་སོགས་ལ་བཀག་སྡོམ་ཙམ་ཡོད་ཀྱང༌། ཉེ་དུས་འདི་རྣམས་སུ་རྒྱལ་ཁབ་དུ་མའི་སྐད་རིགས་སུ་བསྒྱུར་བས། འཛམ་བུ་གླིང་གི་ངག་སྒྲོས་སུ་གྱུར་ཅིང༌། སྐད་གཉིས་བྱང་བའི་མཁས་པ་དུ་མའི་གྲོགས་ཏན་དང་བཅས། བསྒྱུར་བ་ནང་ཕན་ཚུན་དང་ལྟེ་བའི་ཕྱི་མོ་ལ་སོགས་པ་གང་རྙེད་བསྡུས་ཏེ་ཁུངས་དག་པར་བྱས་ལ། ད་དུང་ཡང་རྒྱའི་མཁས་པ་གཟུར་གནས་འདྲ་བྱུང་ན། འདིར་གསལ་བའི་ཡུལ་དང་དམག་དཔོན་གྱི་མིང་སོགས་ལ་དག་ཐེར་གང་ཞིབ་གནང་པར་འཚལ། ལྷག་པར་ཡང་རང་ཅག་གིས་གཅེས་སྤྲས་སུ་བྱ་འོས་པ་ནི། རྒྱལ་རབས་ ༼ཀ༽ པའི་དུམ་བུ་འདི་ཡིན་ཏེ།
༥༢ འདི་ལ་སྲོང་བཙན་གྱི་ཁྲི་ལོ་དྲུག །མང་སློན་མང་བཙན་གྱི་ཁྲི་ལོ་ཉེར་གསུམ། འདུས་སྲོང་གི་ཁྲི་ལོ་ཉེར་དགུ། ཁྲི་ལྡེ་གཙུག་བཙན་གྱི་ཁྲི་ལོ་ཞེ་བཞིའི་བར་གྱི་བྱུང་རབས་རགས་པ་ཞིག་ཡོད་ཅིང༌། ཚིགས་སྣ་བསྡུས་དྲགས་པས། གཏམ་རྒྱུད་མཚར་ལ་རིང་བ་དགོས་མཁན་ཚོ་ལ། ཚིམ་པ་ཅུང་ཟད་ཀྱང་མི་བསྐྱེད་མོད་ཀྱི། རྒྱལ་རབས་དངོས་ལ་དཔྱོད་ན། གནད་དོན་ཆེ་ལ་གཞི་རྩ་བརྟན་པ་གསེར་ཀྱི་ས་གཞི་དང་མཚུངས་པ་ཞིག་ཡིན་ཞིང༌། རྒྱལ་པོའི་དུས་ཀྱི་བོད་མི་རང་གིས་བྲིས་ཏེ། བཅོས་བསྒྱུར་མཁན་གྱི་སྨྱུ་གུའི་རྩེ་མོས་མ་རེག་པར། ལོ་ཆིག་སྟོང་ཉེ་བའི་ཡུན་ལ་རྡོ་དང་བྱེ་མའི་འོག་ཏུ་གཟིམས་པའི་ཡིག་རྙིང་རྒན་པོ་ཀུན་ལ་ངོམ་དུ་རེ་བ་དེ་འདྲར་མ་ཟད། རང་ཅག་གི་སྔོན་གྱི་རྒྱལ་རབས་རྣམས་ཚིག་སྦྱོར་གྱི་རྣམ་པ་ཡང་འདི་འདྲར་ཡོད་སྙམ་སྟེ། དཔེར་ན། སྒྲ་སྦྱོར་བམ་གཉིས་སུ། རྟའི་ལོ་ལ་བཙན་པོ་ཁྲི་སྲོང་བཙན་ཕོ་བྲང་འོན་ཅང་རྡོ་ན་
༥༣ གཞུགས། སྟོད་སྨད་ཀྱི་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་འཚལ། རྔ་རྟ་ཕལ་པོ་ཆེ་ཕྱག་ཏུ་ཕུལ། སོགས་བྲིས་པ་དང༌། འདིར། སྤྲེའུའི་ལོ་ལ། བཙན་པོ་དུངས་ཀྱི་སྟག་ཚལ་ན་བཞུགས། འབུག་ཅོང་གི་ཕོ་ཉས་ཕྱག་འཚལ་དེ། དབྱར་འདུན་དུངས་ཀྱི་ཁ་བུར། ཞང་གཙན་ཏོ་རེ་དང༌། བློན་ཁྲི་གསུམ་རྗེས་བསྡུས། སོགས་བྱུང་བ་རྣམས་ཚིག་སྦྱོར་གྱི་འཇུག་པ་ཡང་ཤིན་ཏུ་འདྲ་བ་བཞིན་ནོ། །འགའ་ཞིག་གིས་འདི་ནི་ཡོངས་སུ་མ་རྫོགས་པའི་རྒྱལ་རབས་ཀྱི་དུམ་བུ་རེ་ཡིན་པས། ཁུངས་སུ་མི་འོས་སྙམ་ན་ཡང་མི་རིགས་ཏེ། ལར་སྔོན་གྱི་ལོ་རྒྱུས་རྙིང་མ་ཡོད་རིགས་ཐམས་ཅད་ཀྱང་འདི་འདྲའི་དུམ་བུ་རེ་ཡིན་པ་རྦ་བཞེད་དང༌། ཐང་ཡིག་ལྟ་བུ་ཡིན་ལ། འགོས་ལོས་ཀྱང་གཏད་རབས་ཤོག་འཁྱར་ཞིག་རྙེད་པ་ལ་རྩིས་སུ་མཛད་དེ། དེབ་སྔོན་དུ་བཅུག་པ་དེ་འདྲ་ལགས་ཤིང༌། དེར་མ་ཟད་ད་ལྟ་རང་རེའི་
༥༤ བཀའ་འགྱུར་ན་བཞུགས་པའི་མྱང་ངན་འདས་ཆེན་དང༌། ཕལ་པོ་ཆེ་ལ་སོགས་པའི་མདོ་དང༌། ཀྱེ་རྡོ་དང་གསང་འདུས་ལ་སོགས་པའི་རྒྱུད་སྡེ་འདི་དག་ཀྱང༌། མདོ་རྒྱུད་དེ་དང་དེའི་དུམ་བུ་ཙམ་རེ་ཡིན་པར་མཁས་པ་ཐམས་ཅད་ཀྱི་བཞེད་པ་ཡིན་ནོ། ། ༼དཀྱུས༽ ཀྱི་རྟགས་བཏབ་པ་རྣམས་ནི། རྒྱལ་རབས་ཀྱི་དུམ་བུ་དེ་རྣམས་གུང་བསྒྲིགས་ཏེ་རང་ཉིད་ཀྱིས་དཔྱད་པའི་ལུགས་སུ་བྱས་ཤིང༌། ཐ་ན་བོན་གྱི་ངག་སྒྲོས་ཚུན་ཆད་ནས་ཀྱང་བླངས་ཏེ། ཐོས་པ་ཆུང་བས་འོལ་ཚོད་དང༌། ཕྱོགས་ལྷུང་གི་གཅམ་བུ་ལ་སོགས་པའི་དྲི་མས་མ་གོས་པར་བྲིས་པའི་ཁུལ་དུ་ལགས་པས། གཟུར་གནས་དཔྱོད་ལྡན་འདྲ་ཡོད་ན་དགྱེས་པའི་མཆོད་ཡོན་དུ་ཡང་ཆེའོ་སྙམ་སྟེ། གང་གི་ཕྱིར་ཞེ་ན།
ཟོལ་གྱིས་བཅོས་པའི་སྨིན་མ་མི་གཡོ་ཞིང༌། །ཕྱོགས་སུ་ལྷུང་བའི་ཟུར་མིག་མི་བལྟ་བ། །རང་བཞིན་གཤིས་ཀྱིས་འཛུམ་པའི་
༥༥ མེ་ཏོག་འདིས། །དཔྱོད་ལྡན་སྐྱེ་བོའི་ཡིད་དབང་ཅིས་མི་འཕྲོག །
སྙམ་དུ་བསམས་སོ།། །།བོད་ཀྱི་གནའ་སྲོལ་རུས་ཁུངས་སོགས་ཀྱི་སྐོར། ཤོག་དྲིལ། ༼ང༽ བོད་ཀྱི་ཡུལ་དེ་རྒྱའི་རྒྱལ་ས་ཅང་ངན་ནས་ལེ་བར་སྟོང་བརྒྱད་ཀྱི་ས་ན་ཡོད། ཡུལ་དེ་ལ་སྔོན་ཧཱན་གྱི་གོང་མ་དག་གི་དུས་སུ་ནུབ་ཀྱི་འཇང་ཞེས་འབོད། བོད་མི་རྣམས་ཀྱི་རུས་ཐོག་མའི་འབྱུང་ཁུངས་ལེགས་པར་མ་ཤེས། འོན་ཀྱང་འགའ་ཞིག་ན་རེ། བོད་རྣམས་རྒྱལ་པོ་འཕན་མྱིའི་རྒྱུད་པ་ཡིན་ཟེར། སངས་རྒྱས་འདས་རྗེས་ཀྱི་ལོ་དགུ་བརྒྱ་ལྔ་བཅུ་ང་དགུ་པ་ལ། རང་གི་ཁུ་བོ་དགྲས་བསད་པས། འཕན་མྱི་གཉེན་དང་བཅས་པ་ནུབ་ཕྱོགས་སུ་བྲོས། རྨ་ཆུ་བརྒལ་ནས་རི་བོ་ཙུ་ཞིའི་རྒྱབ་ཏུ་སླེབས་ཏེ། འཇང་རྣམས་ཀྱི་ཁྱོད་དུ་ས་བཟུང་སྟེ་བསྡད། འཕན་མྱི་དེ་རང་བཞིན་བཟང་ཞིང༌། སྦྱིན་པ་ལ་དགའ་བའི་གྲགས་ཆེ་བས། འཇང་ཐམས་ཅད་ཁོའི་དྲུང་དུ་འདུས་ཏེ་རྒྱལ་པོར་བཀུར།
༥༦ དེའི་བརྒྱུད་རྣམས་ཤིན་ཏུ་འཕེལ་ཏེ་གྲགས་ཆེ་བར་གྱུར། མི་བརྒྱུད་དེ་རྣམས་དཔའ་རྩལ་ཆེ་ཞིང༌། རྒྱུན་མི་ཆད་གཡུལ་གྱི་ལས་ཁོ་ན་ལ་བརྩོན་པས། རིམ་གྱིས་ཡུལ་མང་པོ་བཟུང་སྟེ། རང་གི་རྒྱལ་ཁམས་རྒྱ་བསྐྱེད། འོན་ཀྱང་ལོ་ཉིས་བརྒྱའི་བར་དུ་རྒྱ་ནག་དང་འབྲེལ་ཅི་ཡང་མེད། བོད་རྣམས་མི་སྟོབས་ཤུགས་ཅན་ལ་རྒྱལ་དུ་འབོད་ཅིང༌། སྐྱེས་པའི་མིང་ལ་ཕོ་ཟེར་བས། རྗེ་ལ་རྒྱལ་ཕོར་འབོད། བཙུན་མོ་ལ་མོ་སྨན་དུ་འབོད། ནང་བློན་སོགས་ལ་བློན་ཆེ་ཆུང་དུ་འབོད། བོད་རྣམས་ཁང་པ་དང་སྦྲ་ནག་ཏུ་སྡོད། བཙན་པོ་དང་མི་དྲག་རིགས་གུར་གྱི་ནང་དུ་བཞུངས། གུར་ཆེན་པོའི་ནང་དུ་མི་བརྒྱ་ཕྲག་འགའ་ཙམ་ཤོངས། བཙན་པོའི་དབུ་གུར་གྱི་མཐར་དར་མདུང་མང་པོ་བཙུགས་ཤིང༌། དམག་མི་རྣམས་ཀྱིས་བྱ་ར་བྱེད། བོད་མི་རྣམས་ཚེ་རིང་ཞིང་འགའ་རེས་ལོ་བརྒྱ་ལོན་པ་ཡང་ཡོད། བོད་
༥༧ མི་རྣམས་པགས་པའི་གོས་གྱོན་ཞིང༌། བུད་མེད་རྣམས་ཀྱི་གདོང་ལ་ཚོན་དམར་བྱུགས། ཤིང་གི་སྣོད་མཐིལ་ཀོ་བས་གཡོགས་པ་ཞིག་ཏུ་ཟས་ཟ། སྡེར་མའི་དོད་དུ་ཕྱིང་བ་ས་ལ་བཏིང་ནས་བྱེད། ད་ལྟ་ཡང་གཞུང་གི་མཛད་ཆེན་ཁག་ལ་གདན་ཤ་ཞེས་གོས་གདན་གྱི་སྟེང་ལ་གསོལ་ཚིགས་འབུལ་སྲོལ་ཡོད་འདུག །དཀར་ཡོལ་གྱི་དོད་དུ་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་ནས་སྒམ་སྟེ། ནང་དུ་འོ་མ་སོགས་བཏུང་ཞིང༌། མཐར་དཀར་ཡོལ་དེ་ཡང་ཟ། དེ་ཡང་གོ་ར་ཞེས་པ་བག་ལེབ་ཕོར་པའི་དབྱིབས་ཅན་ཆབ་ཞུགས་སོགས་ཀྱི་མཛད་སྒོའི་རིགས་ལ་གོང་ས་མཆོག་གི་གསོལ་ཐབ་ནས་སྩོལ་མུས། ཆང་འཁྱོར་བའི་ནང་དུ་བླུགས་ནས་བཏུང༌། གསེར་དངུལ་གྱི་རྒྱན་ལ་གཅེས་སྤྲས་ཆེ། རིགས་མཐོ་དམན་གྱི་ཁྱད་པར་མི་སོ་སོའི་དཔུང་པའི་སྟེང་ན་མཚན་མ་བཏབ་ནས་སྣང༌། ཁང་པ་ཐོག་ཚད་མང་པོ་ཅན་སྟེང་ལེབ་མོར་ཡོད་པ་བྱེད། སྟོང་ཐོག་གྲོ་ནས་སྲན་གསུམ་འདེབས། སྒོ་ཕྱུགས་སུ་གཡག་ལུག་ཕག་དང༌།
༥༨ རྟ་བཟང་པོ་དང༌། མ་མོ་རྒྱུགས་འགྲོས་ཅན་སོགས་ཡོད། ས་གཞི་ནས་གསེར་དངུལ་ཟངས་དང་ཞ་ཉེ་རྣམས་འཐོན། མི་ཤི་བའི་རོ་ས་ལ་སྦ། ཡི་གེ་ནི་མེད། རྩིས་བྱེད་ཚེ་ཤིང་བུ་ལ་རྟགས་འདེབས་པ་དང༌། སྐུད་པ་ལ་མདུད་པ་བོར་ཏེ་བྱེད། ལེ་བར་བརྒྱ་རེའི་མཚམས་ན་ཁྲིམས་ཁང་རེ་ཡོད། ཁྲིམས་ཡིག་མེད་ཀྱང༌། ཁྲིམས་ཐག་རྣམས་དཔོན་རང་གིས་གཅོད། ཉེས་པ་ཆུང་ངུ་ལ་ཡང་གདུག་ཅིང་རྩུབ་པའི་ཁྲིམས་གཏོང༌། ཉེས་ཆེན་རྣམས་ལ་མིག་འདོན་པ་དང༌། སྣ་དང་རྐང་ལག་གཅོད་པ་སོགས་བྱེད། ཁྲི་སྲོང་གི་དུས་སུ། ཕོ་མིག་མི་འདོན་པ་དང༌། མི་སྣ་མི་གཅོད་པའི་དམ་བཅའ་བྱད་ཏེ་རྒྱལ་པོ་དང་བློན་ཆེན་མིན་པ་གཞན་ཀུན་གྱིས་མནའ་བོར་ཚུལ་རྦ་གཞེད་དུ་གསལ། མགྲོན་སླེབས་ཚེ་གཡག་གཅིག་འཁྲིད་ནས་འོངས་པར། མགྲོན་པོ་རང་གིས་མདའ་རྒྱབ་ནས་བསད་དེ་ཤ་འགྱེད་གཏོང༌། དཔའ་བོ་རྣམས་ལ་གུས་པ་བྱེད་ཅིང༌། བུས་ཕ་ལ་གུས་པ་བྱེད། མས་བུ་ལ་གུས་པ་བྱེད། ཕོ་
༥༩ རྣམས་གར་འགྲོ་ལ་གྲི་དང་མདའ་གཞུ་མ་བྲལ་བ་བྱེད། ལམ་དུ་འགྲོ་ཚེ་མི་གཞོན་པ་རྣམས་སྔོན་དང༌། རྒན་པོ་རྣམས་རྗེས་སུ་འགྲོ། སྤྱིར་རྒན་པ་ལས་གཞོན་པ་ལ་གུས་པ་ཆེ། རང་བཞིན་གྱིས་ཤི་བ་ལ་ངན་པར་བྱེད་ཅིང༌། གཡུལ་དུ་བསད་པ་ལ་བཟང་པོར་བརྩི། ཁྱིམ་གཅིག་ཏུ་མི་མང་པོ་གཡུལ་དུ་ཤི་ན། ཁྱིམ་གྱི་སྒོར་ཁྲབ་ཞིག་འཕྱང་སྟེ་ངོ་སོ་ཆེ་བར་བྱེད། དམག་བསྡུ་ཚེ་གསེར་གྱི་མདའ་ཞིག་སྔོན་དུ་རྫོངས། དིང་སང་ཡང་དཔོན་ཁག་གཞུང་དོན་དུ་ཕྱོགས་ཐོན་སྐབས་མདའ་ཡིག་གཏོང་མུས། དམག་ཁྲིམས་བཙན་ཞིང་གོ་མཚོན་ཤིན་ཏུ་བཟང༌། དམག་མདུན་མ་ཕམ་ཚེ་རྗེས་མ་རྣམས་དགྲ་ལ་རྒྱུགས་པས་གཡུལ་ངོ་བཟློག་དཀའ་བ་ཡིན། སྡར་མ་རྣམས་ཀྱི་མགོ་ལ་ཝ་མོའི་མཇུག་མ་བཏགས་ཏེ་དམའ་འབེབས་བྱེད། དགྲ་སླེབས་ཚེ་མེ་སྤར་ནས་ཕན་ཚུན་བརྡ་གཏོང༌། དམག་ཕོགས་མེད་ཀྱང་ཡུལ་བཅོམ་ནས་དམག་བརྒྱགས་སྒྲུབ་པ་ཡིན། བཙན་པོ་རྗེ་བློན་རྣམས་ལོ་ལྟར་
༦༠ མནའ་སྐྱེལ་ཞིང༌། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེན་སྐྱེལ་ཞིང༌། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བན་དྷི་ཞིག་གིས་ཆོ་ག་གཏོང༌། གནམ་ས་རི་དང་ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ། ཁྱེད་ཅག་སུས་ཀྱང་རང་ཡུལ་མི་སྲུང་ཞིང༌། བསམ་ངན་དང་སེམས་མ་དྲང་བ་བྱེད་ན། གནམ་སའི་ལྷ་རྣམས་ཀྱིས་ཁྱེད་ཅག་གི་བསམ་པ་ཐམས་ཅད་མཁྱེན་པས། ད་ལྟ་བསད་པའི་དུད་འགྲོ་འདི་རྣམས་བཞིན་དུ། དུམ་བུར་བྱས་ལ་སོད་ཅིག ཅེས་མནའ་འདོར། ལྷ་སའི་རྡོ་རིང་ལ་ཡང་དཔང་པོ་ཉི་ཟླ་གཟའ་སྐར་ལ་སོགས་པའི་རྣམས་སྨོས་ཤིག སྲོག་ཆགས་བསད་དེ་མནའ་ཡང་བོར་སོགས་འབྱུང༌། སྐབས་འགར་རྒྱལ་པོ་དང་མི་ཆེན་རྣམས། མཉམ་འཆི་མཉམ་གསོན་བྱེད་པའི་མནའ་འདོར། དེ་འདྲ་བ་རྣམས་རྒྱལ་པོ་གྲོངས་ཚེ་རང་ཉིད་ཀྱང་
༦༡ ལྕེབས་ཤིང༌། དུར་ཁུང་གཅིག་ཏུ་སྦ་བ་ཡིན། བཙན་པོའི་རྟ་དང༌། གོ་ཁྲབ་གཅེས་ནོར་རྣམས་ཀྱང་དུར་དུ་འཇུག དུར་སྟེང་དུ་གི་རི་དེའུ་འདྲ་བ་ཞིག་བརྩིགས། དེར་ཤིང་སྡོང་འཛུགས་ཤིང༌། ལོ་རེ་བཞིན་དུ་མཆོད་པ་ཡིན་ནོ། །ཞེས་སོ། ། ༼དཀྱུས༽ བང་སོའི་སྐོར་ཡ་མཚན་ཅན་ཞིག་རྒྱལ་པོ་བཀའ་ཐང་དུ་གྲགས་པར་འདུག་པ་བསྡུས་ན་འདི་ལྟར། བང་སོའི་ནང་གི་རེའུ་མིག་དགུའི་དབུས་སུ་བཙན་པོའི་སྐུ་སྤུར་གསེར་གྱིས་བྱུག་ནས་འཇོག་ཅིང༌། དཀོར་ནོར་གྱིས་བཀང༌། ནང་བློན་གང་ཡིན་དེ་དུར་སྲུང་དུ་འཇོག །ཁོ་རང་འཁོར་དང་བཅས་གཤིན་པོའི་རྟགས་བཏབ་སྟེ། རྒྱལ་རྒྱུད་གསོན་པ་རྣམས་དང་འཕྲད་མི་ཆོག་པ་ཡིན། བ་ཕྱུགས་སོགས་བང་སོའི་ཉེ་འཁོར་དུ་འཁྱར་ན། གོང་རྣམས་ཀྱིས་བཟུང་སྟེ་གཤིན་པོའི་རྟགས་བཏབ་ནས་སླར་བདག་པོ་ལ་མི་སྤྲོད། ལོ་དུས་ཀྱི་མཆོད་པའི་སྐབས་སུ་དུང་བཏང་བ་དང་མཉམ་དུ། ཁོང་རྣམས་ལུང་པ་ཞིག་ཏུ་བྲོས་
༦༢ ནས་ཡིབ་སྟེ་སྡོད། དེ་ནས་བཙན་པོ་འཁོར་བཅས་ཀྱིས་མཆོད་པ་ཕུལ་བའི་རྗེས་སུ་སླར་འཁོར་ནས་མཆོད་པ་རྣམས་བསྡུས་ནས་ལོངས་སྤྱོད་སོགས་བཤད། ༈ ཡང་རྒྱ་ནག་གི་སྒྲོས་ལས་མཆེད་པའི་བོད་ཀྱི་ལོ་རྒྱུས་སྐད་རིགས་གཞན་དུ་བྲིས་པ་ཞིག་སྣང་བར། བོད་ཀྱི་རྒྱལ་མོ་མཚན་མི་གསལ་བ་ཞིག་གི་སྐོར་བྲིས་ཏེ། རྒྱལ་མོ་དེས་སྟོང་ཐུང་སྔོ་ནག་ཕུ་དུང་གི་ཁ་ས་ལ་རེག་པ་ཙམ་དུ་རིང་བ་ཞིག་གྱོན། སྨད་ལ་དར་ནག་པོའི་ཤམ་ཐབས་གྱོན། སྐྲ་ལ་ལྷས་མ་ཆུང་ངུ་མང་དུ་བྱས་ཤིང༌། རྣ་བ་ལ་ཨ་ལོང་བཏགས། ལྷམ་ཟོ་ཡི་བྱ་གྱོན། དགུན་དུས་སུ་པགས་པའི་གྱོན་པ་ཕྱི་ལ་ཚེམ་དྲུག་སྣ་ཚོགས་ཡོད་པ་ཞིག་གྱོན། སོགས་བྲིས་ཏེ། གྲོངས་པའི་ཚེ་ཤ་རུས་རྣམས་གསེར་ཕྱེ་དང་མཉམ་དུ་བསྲེས་ནས། ལྕགས་སྣོད་དུ་བཅུག་སྟེ་ས་ལ་སྦ། སོགས་སྣང༌། རྦ་བཞེད་དུ་ཡང༌། གསལ་སྣང་གི་བུ་མོ་ཤི་བའི་རོ་རྫའི་ནང་དུ་བཅུག་ནས།
༦༣ མའི་མལ་འོག་ཏུ་སྦས་ཚུལ་སོགས་ཀྱི་སྒྲོས་བྱུང་བས། དེ་འདྲའི་སྲོལ་ཞིག་ཀྱང་ཡོད་པར་མངོན། གཞན་ཡང་ཏ་ཟིག་པའི་ལོ་རྒྱུས་ཧུ་དུལ་ཨལ་ལཾ་བྱ་བར་ཡང༌། བོད་ཀྱི་ཡུལ་གྲུ་སོ་སོའི་བཤད་པ་རྒྱས་ཙམ་བྱུང་མོད། སའི་མིང་རྣམས་བརྡ་འཕྲོད་དཀའ་བར་སྣང་ཞིང༌། བོད་ཡུལ་ན་གསེར་མང་བས། གསེར་ལུག་མགོ་ཙམ་རེ་ཡང་ས་ནས་འཐོན་ཚུལ་སོགས་དང༌། ཡུལ་གྱི་ངོ་མཚར་གཅིག་ནི། མི་སུ་ཡང་ཡུལ་དེར་སླེབས་ན། རྒྱུ་མཚན་མེད་པར་སེམས་དགའ་ཡལ་ལེ་བ་དང༌། གདོང་མཛུམ་མོལ་ལེ་བ་ཞིག་འོང་སོགས་བྲིས། ལར་སྔོན་དུས་ཀྱི་སྲོལ་ལུགས་སོགས་ཇི་འདྲ་ཡིན་བསམ་པའི་ཚེ། རྒྱལ་ཁམས་གཞན་གྱི་ཡི་གེ་བྲིས་པའི་ལོ་རྒྱུས་སོགས་ལ་བལྟ་བ་ཙམ་ལས། རང་གི་མིས་རང་ཡུལ་གྱི་སྲོལ་ལུགས་འདི་འདྲའོ་ཞེས་ཞིབ་ཏུ་བྲིས་པ་ཞིག་ཤིན་ཏུ་རྙེད་དཀའ་བ་འདི་ཡུལ་ཀུན་ལ་འདྲ་བ་ཡིན་ཏེ། དཔེར་ན་ད་ལྟ་
༦༤ བོད་ཀྱི་མིས་བྲིས་པའི་ལོ་རྒྱུས་ཀུན་ལ་བལྟས་ཀྱང༌། ལྷ་སའི་གྲོང་ན། བུད་མེད་རྣམས་པང་གདན་ཁྲོ་བོ་དང༌། སྤ་དྲུག་ཟུར་གསུམ་ཞིག་གྱོན། སྐྱེས་པ་རྣམས་པགས་ཞྭ་རྣ་ལེབ་བཞི་ཡོད་པ་ཞིག་གྱོན་སོགས་བྲིས་པ་སྲིད་མཐའ་ཙམ་ཡིན་ལ། ད་ནས་ལོ་ལྔ་བརྒྱ་ལྷག་སོང་ཚེ། ད་ལྟའི་སྲོལ་ལུགས་འདི་ཀུན་ཀྱང་མི་བརྒྱུད་རྣམས་ལ་ཤིན་ཏུ་ལྐོག་གྱུར་དུ་སོང་སྟེ། ཡུལ་ཁམས་གཞན་གྱི་མིའི་ངག་སྒྲོས་རྙེད་པ་རྣམས་བསག་ནས་རགས་ཙམ་ཞིག་ལས་དཔྱོད་མི་ཐུབ་པ་སོགས་ཡིན་ནོ། །
དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན། །བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་རྣམས། །སྟོང་པའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི། །ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཉིད། །
ཅེས་ཀྱང་སྨྲས་སོ། །
༈ དེ་ལ་རྗེ་སྲོང་བཙན་སྒམ་པོ་ཡན་ཆོད་དུ་བོད་ན་ཡི་གེ་མེད་པར་གྲགས་པས། དེ་ཡན་གྱི་རྒྱལ་རབས་རྣམས་ཀྱང་ངག་རྒྱུན་ཙམ།
༦༥ ཞིག་ཏུ་གནས་པ་ལས། ལོ་ཚིགས་སོགས་བསྒྲིགས་ཏེ་དཀྱུས་མའི་ལུགས་སུ་གཏན་ལ་འབབས་པའི་སྐབས་མེད་ལ། འོན་ཀྱང་རྗེ་གནམ་རིའི་ལོ་རྒྱུས་ནི། སྲས་ཀྱི་དུས་སུ་བྲིས་བར་མངོན་པ་ཞིག་འོག་ཏུ་བཀོད་པ་འདི་ཡིན་ཞིང༌། དེ་ཡང་གནའ་ལུགས་ཀྱི་གཏམ་རྒྱུད་ཉོག་ལ་འཛིངས་པ་ལྟ་བུ་ཞིག་འདུག་པས། དོན་དྲིལ་ན་འདི་ལྟར་སྣང་སྟེ། དེ་དུས་ཙ་ན་ད་ལྟའི་འཕན་ཡུལ་གྱི་ཕྱོགས་འདིར། བོད་རྗེའི་གཉེན་ཚན་ཏུ་གཏོགས་པའི་རྒྱལ་ཕྲན་ཟིང་པོ་རྗེ་བྱ་བ་ཞིག་ཡོད་པ་དེ། སྤྱོད་པ་ངན་པས་ཡུལ་མི་རྣམས་ཞེ་ལོག་ཅིང༌། ཁོའི་ཡུལ་གྱི་མི་དྲག་དབྱི་ཚབ་སོགས་ངོ་ལོག་སྟེ། བོད་རྗེ་སྟག་སྙ་གཟིགས་ཀྱི་དྲུང་དུ་བྲོས། བཙན་པོ་དང་ལྷན་དུ་མནའ་བཅད། འོན་ཀྱང་ཟིང་རྗེ་ལ་དྲག་ལན་མ་ལོན་པའི་བར་དེར་བཙན་པོ་གྲོངས། དེ་ནས་དེའི་སྲས་གནམ་རི་སྲོང་བཙན་གྱིས་དམག་དྲངས་ཏེ། འཕན་ཡུལ་དབང་དུ་བཅུག་
༦༦ དེའི་རྗེས་སུ་གཙན་ཕྱོགས་ཀྱང་འབངས་སུ་འདུས། དྭགས་པོ་ངོ་ལོག་པ་ལ་ཡང་སེང་གོ་མི་ཆེན་གྱིས་ཕབ། དེ་བས་ཡུན་རིང་སོང་སྟེ། དབྱི་ཚབ་རྒས་པའི་དུས་ཞིག་ན། སྲོང་བཙན་སྒམ་པོ་དང་མཇལ་ནས་ཡབ་ཀྱི་དུས་བཞིན་སླར་ཡང་རྗེ་བློན་རྣམས་ཀྱིས་བྲོ་བོར་བ་སོགས་ཡིན་ནོ། །དེས་ན་རྗེ་གནམ་རི་སྲོང་བཙན་ནི། ཐོག་མར་ཡར་ཀླུངས་དང་དྭགས་པོ་སོགས་ལྷོ་ཁ་ཕྱོགས་འདི་ཙམ་ཞིག་ལ་དབང་མཛད་པར་མངོན་ཞིང༌། དེའི་ཡན་གྱི་གདུང་རྒྱུད་རྣམས་ཕལ་ཆེར་ཡར་ཀླུངས་ཕྱོགས་ཆ་ཙམ་ཞིག་གི་བདག་པོ་ཡིན་པར་སེམས། འོན་ཀྱང་རྗེ་གཉའ་ཁྲི་བཙན་པོ་བོད་ཁམས་སྤྱིའི་རྒྱལ་པོ་ཡིན་སོགས་ཀྱི་ཐ་སྙད་ཙམ་ལ་རྨོངས་པར་མི་བྱ་སྟེ། ཡུལ་གྱི་རྒྱ་ཁྱོན་དང༌། རྒྱལ་ཁབ་ཀྱི་ས་མཚམས་བྱ་བ་དེ། དངོས་པོའི་གནས་ཚོད་ལ་རི་མོར་བྲིས་པ་ཞིག་མེད་ཀྱི། འོ་ན་ཅི་ཞེ་ན། རྒྱལ་པོའི་དབང་ཤུགས་ཀྱིས་ཇི་ཙམ་དུ་
༦༧ ཁྱབ་པའི་ཕྱོགས་དེ་ཙམ་ཞིག་ལ་ཡུལ་དེའི་ཐ་སྙད་འདོགས་པ་ཡིན་པས། དེ་དུས་ཀྱི་བོད་ཁམས་བྱ་བ་དེ་ཡང་ཡུལ་ཉི་ཚེ་ཞིག་གི་མིང་ཡིན་པར་ཤེས་པར་བྱའོ།། །།གནམ་རི་སྲོང་བཙན་གྱི་སྐོར་ཤོག་དྲིལ་ ༼ཁ༽ པའི་ཚིག་སྣ་ཅུང་ཟད་བསྡུས་ཏེ་བཀོད་པ། མཁར་ཕྱིང་བ་སྟག་རྩེ་ན་ནི་རྒྱ་སྟག་བུ་སྙ་གཟིགས་བཞུགས། སྤུར་བའི་ཡུ་སྣ་ན། ཟིང་པོ་རྗེའི་མི་འབངས་པངས་གསུམ་མཆིས། ཉེན་ཀར་རྟིང་པ་ན་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། ཟིང་པོ་རྗེ་ནི་བྱ་བ་ཇི་ལ་ཡང་ཕྱིན་ཅི་ལོག་པ་ཤ་སྟག་བྱེད། ལེགས་པ་ཉེས་པར་བཅུག ཉེས་པ་ལེགས་སྟག་བུ་གཉན་གཟིགས་ཏེ་གནམ་རིའི་ཡབ། པར་བཅུག །འཛངས་ཤིང་སྙིང་ཉེ་བ་ལ་ནི་བློ་གྲོས་བསྟན་ཀྱང་མི་ཉན། མྱི་གཅམ་བུ་ངོ་སྲུང་གི་ཚིག་སྨྲ་བ་དག་ལ་ཆེད་དུ་མཉན་ཏོ། །དེ་ལྟར་ཟིང་པོ་རྗེ་ཆོས་ལོག་ཅིང༌། སྲིད་སྒྱུར་བས། རྗེའི་ཉེས་དགུ་བྱེད་པ་ལ། མི་གཅིག་གིས་མཐོང་ཡང་གལ་ཏེ་སྨྲས་ན་
༦༨ མ་འོས་པའི་ཆད་པ་ནན་ཆེ་བས། ཇི་ག་སུས་ཀྱང་ཁོ་ལ་གྲོས་སྟོན་མ་ཕོད་དོ། །དེ་ལྟར་རྗེ་བོ་ནི་བླ་ན་སྨྱོས། འཁོལ་པོ་ནི་འོག་ན་བཀྲམ་མོ་ཁ་འཐོར་བའི་དོན་ནོ། །གཅིག་ལ་གཅིག་སྙིང་མི་བརྟན་ཏེ། ཡུལ་གྱི་སྲིད་ཀྱང་དམས་སོ། །མི་ཡོངས་ཀྱང་ཟིང་པོ་རྗེ་ལ་འཁང་ངོ་ཁྲོས་སོ། །དེ་ནས་ཟིང་པོ་རྗེའི་བློན་པོ། གཉན་འཛི་ཟུང་ནག་པོས། རྗེ་བོ་ལ་གསོལ་བ། རྗེ་བོ་ནི་ཅི་ལ་ཡང་ལོག་པ་ཤ་སྟག་མཛད་པས། འོ་སྐོལ་གྱི་སྲིད་ནི་སྲིད་དུ་མ་རུང༌། ཆོས་ནི་ཆོས་སུ་མ་རུང་སྟེ། ཡུལ་གྱི་མི་དབུལ། སྲིང་ཀྱི་ཉམ་དམའ་སྟ། ན་མོ་བརླག་ཟིན་ན་ཇི་ནོངས་ཤེས་གསོལ་བས། ན་མོ་ནི་ཕལ་ཆེར་བྱ་བ་དོན་ནོ། །ཟིང་པོ་རྗེས་མཉན་དུ་མ་གཏུབ་སྟེ། འདི་སྐད་ཟེར་བ་ཉེས་སོ་ཞེས་འཛི་ཟུང་ལ་ཆད་པ་ཕབ་བོ། །དེར་འཛི་ཟུང་མ་རངས་ཏེ། ཁོ་རང་ཡང་རྗེ་བོའི་ཟླ་ལ་ངན་སྤྱོད་བྱེད་པར་ཞུགས་ཏེ། ནག་པོ་བསྐུས་ཏེ་དཀར་པོ་བསད། དྲེའུ་བརྒལ་ཏེ་ཞོན་ཏེ།
༦༩ བསེ་སྒ་བཅག་གོ །དེ་ལ་ཟིང་པོ་རྗེ་མགུ་ནས། ༡༽ སྟག་སྐྱ་བོའི་ཡུལ། ༢༽ཡུལ་ཡེལ་རབ་སྡེ་བཞི། ༣༽ ཀླུམ་ཡ་གསུམ་རྣམས། ཟིན་པོ་རྗེའི་ཁྲི་པངས་གསུམ་གྱི་ནང་དུ་འདུས་པ་ལས། མཁར་སྤུར་བས་བཅད་དེ། ཀླུམ་ཡ་གསུམ་གྱི་སྨད། གཉན་འཛི་ཟུང་གི་བྲན་དུ་བྱིན་ཏོ། །བྲན་རིས་ཀྱི་ནང་དུ། མྱང༵་ཙེ༵ང་སྐུ༵་ཡང་འཛི་ཟུང་གི་བྲན་དུ་བྱིན་ཏོ། །འཛི་ཟུང་གི་ཆུང་མ་པ་ཚབ་གཟས། མྱང་ཙེང་སྐུ་བྲན་བྱེད་པ་དྲེགས་ཆེ་སྟེ། བརྙས་བཅོས་མང་དུ་བྱས་པས། ཙེང་སྐུ་མ་རངས་ཏེ། ཟིང་པོ་རྗེ་ལ་འཛི་ཟུང་གི་བྲན་བྱེད་མི་ཕོད་ཅེས་འཁང་སྟེ་གསོལ་ཏོ། ཟིང་པོ་རྗེ་ན་རེ། གཉན་འཛི་ཟུང་ལས་ང་ལ་སྙིང་ཉེ་བ་མེད་པས། དེའི་བྲན་དུ་ཁྱོད་བཀོད་མ་རུང་བ་མེད། རྗེ་མོས་བརྙེས་བཅོས་བྱས་ཀྱང་རྗེ་མོ་ལ་དབང་ཡོད་པས་ཉེས་པ་མེད་དོ། །སྨྲས་པས། ཙེང་སྐུ་མ་རངས་ཏེ་ཡིད་ཆད་དོ། །དེ་ཙ་ན། དཔ༵འ་ཏོ༵་
༧༠ རེ༵་ཁྲུ༵་གུ་དང༌། གཤི༵ན་ཁྲི༵་གཞེ༵ར་འདོ༵ན་ཀོ༵ང་གཉིས། འཕྲེན་པའི་རྫིང་ཁར་འཐབ་ནས། གཤེན་གྱིས་དཔའ་བསད་པ་ལ། དཔའ་ཡི་ཕུ་བོ་ཕང༵ས་ཏོ༵་ར༵་དབྱི༵་ཚབ་ཀྱིས། ནུ་བོ་གཤེན་གྱིས་བསད་པ་ལ་སྟོང་གནང་བར་འཚལ་ཞེས་རྗེ་བོ་ལ་གསོལ་བར། ཟིང་པོ་རྗེས། གཤེན་ཁྲི་གཞེར་ནང་བློན་བྱེད་པའི་ངོ་མཆོད་དོ། །དགེ་བས་མི་དགེ་བ་བསད་ན་བསད་དུ་ཟད་དོ་ཞེས་སྨྲས་པས། དབྱི་ཚབ་ཀྱང་མ་རངས་ཏེ་ཡི་ཆད་དོ། །དེ་ནས་མྱང་ཙེང་སྐུ་དང༌། དཔའ་གཉིས་ཀ་ཡི་ཆད་དེ། འགྲོགས་ནས་ཁྱིམ་དུ་དོང་བ་ལས། དབྱི་ཚབ་སྔོན་དུ་དང༌། ཙེང་སྐུ་ཕྱི་ན་འགྲོ་བ་ལས། ཙེང་སྐུས་ཆིག་ལབ་སྨྲས་ཏེ། ཆབ་ཆབ་ནི་ཕ་རོལ་ན། །ཡར་ཆབ་ནི་ཕ་རོལ་ན། །མྱིའི་བུ་ནི་མྱིའི་བུ་སྟེ། ལྷ་ཡི་ནི་སྲས་པོ་བཞུགས། རྗེ་བདེན་གྱིས་ནི་བཀོལ་དུ་དགའ། །སྒ་བདེན་གྱིས་ནི་བསྟད་དུ་དགའ། །དོན་ནི། ཆུ་བོ་ཆུ་བོའི་ཕར་འགྲམ་ན། །ཆབ་གཙང་པོའི་ཕར་འགྲམ་ན། །མི་ནི་མི་ཡི་བུ་ཡིན་ཡང༌། །
༧༡ དོན་ལ་ལྷ་ཡི་སྲས་པོ་གཞུགས། །བདེན་པའི་རྒྱལ་པོས་གཡོག་ཏུ་བཀོལ་ན་དགའ། །བདེན་པའི་སྒ་ནི་རྒྱབ་ཏུ་བསྟད་ན་དགའ། །ཞེས་པའོ། །ཞེས་སྙིང་ལ་ཤར་བ་ཁ་ནས་ཤོར་བ་ལ། དབྱི་ཚབ་མདུན་ན་འགྲོ་བའི་རྣ་བར་ལྷང་ངེ་ཐོས་ཏེ། ཚིག་དེ་ཏོག་གེ་བླངས་ནས། ཙེང་སྐུ་ཁྱོད་ལས་བདེན་པ་མེད། ཁོ་བོ་ཡང་ཁྱོད་ཀྱི་སེམས་དང་མི་འདྲ་རེ་ཞེས་མནའ་བོར་རོ། །དེར་མྱང་དང་དཔའ་གཉིས་ཀ་ཟིང་རྗེ་ལ་སེམས་ལོག་སྟེ། མཁར་ཕྱིང་བ་སྟག་རྩེར་བཙན་པོ་སྤུ་རྒྱལ་སྟག་བུ་སྙ་གཟིགས་ལ་གློ་བ་ཉེ་བར་བྱས་ཏེ། མནའ་ཐོ་ཡང་ཆེར་བཅད་དོ། །གློ་བ་ཉེ་བ་ནི་སྙིང་ཉེ་བ་སྟེ་ཤ་ཚ་ཆེ་བའི་དོན་ནོ། །དེའི་འོག་ཏུ་དཔའ་དབྱི་ཚབ་ཀྱིས་ཞང་པོ་མནོ༵ན་བཟ༵ང་ཏོ༵་རེ༵་སྲོ༵ན་བློ་བ་བཏགས་ཏེ། སྙིང་གྲོགས་སུ་བྱས་པའི་དོན། མནའ་ཐོ་བཅད་པ་ལས། བཟང་ཏོ་ཏེ་ཤི་ནས། དེའི་བུ་བ༵ང་སུ༵ཾ་འགྲོ༵ན་པོ༵་ཟིང་པོ་རྗེའི་ནང་འཁོར་བྱེད་པ་ལས་བློ་ལ་བཏགས་ཏེ་མནའ་བོར་རོ། །མྱང་སྨོས་
༧༢ ཏོ་རེས་ནི། འདི་དང་ཙིང་སྐུ་གཉིས་མི་གཅིག་གི་མིང་དུ་སྣང༌། དེ་ནས་ཁོང་རྣམས་ཀྱིས། ཆེས་པོ་ནགས་སེང་ལ་འཕྲིན་བགྱིས་ཏེ། སྤུ་རྒྱལ་སྟག་བུའི་སྙན་དུ་དོན་དེ་གསོལ་བར། བཙན་པོའི་ཞལ་སྔ་ནས། ངའི་སྲིང་མོ་ཞིག་ཀྱང༌། ཟིང་རྗེའི་གན་དུ་འདུག་མོད་ཀྱི། །འོན་ཀྱང་ཁྱེད་ཟེར་བ་བཞིན་བྱའོ་ཞེས་བཀའ་སྩལ་ནས་བང་སུམ་འགྲོན་པོ་དང༌། མྱང་དང༌། དཔའ་གསུམ་པོ་བྲོ་ལེན་དུ། མཁར་ཕྱིང་བར་མཆིས་ནས། ཉིན་མོ་ཕག་ཚལ་གྱི་ཤིང་ཀུང་ན་སྦས་ཏེ་སྒུགས་ནས་སྡོད་ཅིང༌། མཚན་རེ་ཞིང་ཕྱིང་བར་མཆིས་ཏེ། བཙན་པོ་དང་དབུ་སྙུང་བྲོ་མནའ་གཅོད་པའི་ཚེ། འབངས་རྣམས་ཀྱིས་དེ་ལྟར་འགྲོ་བ་མཐོང་ནས། གླུ་བླངས་པ། མི་བཟང་ནི་རྟ་བཟང་ཞིག །ཉིན་ཞིང་ནི་ཕག་ཚལ་ན། །མཚན་ཞིང་ནི་ཕྱིང་བར་མཆིས། །དགྲ་འམ་ནི་ཟིན་ཅི་ཨང༌། །
༧༣ དོན་ནི། མི་མཛེས་ལ་རྟག་ཡང་བཟང་བ་ཞིག །ཉིན་རེ་བཞིན་ཕག་ཚལ་ནགས་ན་སྡོད། མཚན་རེ་བཞིན་ཕྱིང་བའི་མཁར་དུ་འགྲོ། དགྲ་དང་གྲོགས་གང་ཡིན་ཆ་མ་འཚལ། ཞེས་བླངས་སོ། །འོན་ཀྱང་མི་རིང་བར། ཟིན་པོ་རྗེ་ལ་དགྲ་ལན་མ་བླན་པར་རྒྱལ་སྟག་བུ་དགུང་དུ་གཤེགས་སོ། །སྔར་རྒྱལ་སྟག་བུའི་སྙན་དུ་འཕྲིན་ཆེས་པོ་ནགས་སེང་གིས་བགྱིས་པ་ལས། དེ་ཚུན་ཆད་ནགས་སེང་གི་བྲན། སྦུ༵ག་གྱི༵མ་བཏ༵ང་རྨ༵ང་བུ༵ས་བགྱིས་སོ། །གྱིམ་ཏང་རྨང་བུས། གཉིད་ལོག་པ་ན་ཁོང་ཅག་གི་གྲོས་གཏམ་གཉིད་གཏམ་དུ་བརྡོལ་གྱིས་དོགས་ནས། ཁྱོ་མོ་དང་མི་ཉལ་བར་རི་ལ་ཉལ་ཞིང༌། ནུབ་རེ་ལ་ཉལ་ས་འཕོའོ། །ཁྱོ་མོ་ལ། ང་ལ་མཚར་གྱི་ཡི་དྲགས་ཞིག་ཞུགས་འདུག་པས། སུ་ལ་ཡང་མ་སྨྲ་ཞིག་སྨྲས་སོ། །ཇི་ཞིག་ན་ཆུང་མ་དང་ཁོ་གཉིས་འཐབ་པར། ཆུང་མས། ཁྱོད་ལྟོ་བོ་ཆེ་ལ། ཡི་དྭགས་མ་བབས་ཀྱི། ལྟོ་སྦྱོར་དུ་ངེས་སོ། །ལྟོ་
༧༤ ནི་སྒྱུ་དང་ཁྲམ་གྱི་མིང་ངོ༌། ། སྨྲས་པས། ཁོ་ཁྲོས་ཏེ། དེའི་ནུབ་མོ་ནས་མོ་ལ་མཛའ་བར་བྱས་ཏེ། ཞག་གཉིས་གསུམ་ལྷན་ཅིག་ཉལ་བ་ལྟར་བྱས་ནས། ཁྱོ་མོའི་ལྕེ་ལ་སོ་བཏབ་སྟེ། དམུར་ཏེ་བཅད་ནས་ཁྱོ་མོ་ཡང་ཤིའོ། །འོན་ཀྱང་ཁོང་རྣམས་ད་དུང་ཟིང་པོ་རྗེ་ལ་དགྲ་བྱེད་མ་ནུས་པར་ཡོད་སྐབས། གྱིམ་ཏང་རྨང་བུ་ནད་ཀྱིས་བཏབ་སྟེ་རབས་ཆད་ནས་ཤིའོ། །དེར་རྒྱལ་སྟག་བུ་སྙ་གཟིགས་ཀྱི་སྲས། བཙན་པོ་སློན་བཙན་དང༌། འདི་གནམ་རི་ཡིན། སློན་ཀོལ་མཆེད་གཉིས་ཀྱིས། མྱང་ཙེང་སྐུ་དང༌། དཔའ་དབྱི་ཚབ། དཔའ་མྱེས་སྣང༌། དཔའ་བུ་ཚབ། མནོན་མགྲོན་པོ། ཆེས་པོ་ནགས་སེང་དྲུག་ལ་བྲོ་སྩལ་བའི་ཚིག་ནི། ༈ དེང་ཕན་ཆད་ཟིང་པོ་རྗེ་རྒྱབ་ཏུ་མི་འདོར་རི། སྤུ་རྒྱལ་པང་དུ་མི་ལེན་རི། སོམ་ཉི་བགྱིད་རི། བརྟུལ་ཕོད་པར་མི་འཚལ་རི། སྲོག་སྤོངས་མི་འཚལ་རི། བཙན་པོ་སློན་བཙན་གྱིས་བཀའ་ཇི་སྩལ་བ་བཞིན་མི་མཉན་རི།
༧༥ གཞན་སུས་བསླུས་ཀྱང་མཉན་རི། ཞེས་བྲོ་སྩལ་ཏེ། མྱང་ཙེང་སྐུ་སོགས་མི་དྲུག་པོ་དེ་བྲོ་ལ་བཏགས་སོ། །དེ་ནས་དུས་ཆད་བྱས་ནས་སླར་མཆིས་ཏེ། གཅུང་སློན་ཀོལ་དང༌། ཡུམ་སྟོང་བཙུན་གཉིས་ལ་ཡུལ་གྱི་གཉེར་ཁ་བཅོལ་ནས། བཙན་པོ་ཁྲི་སློན་བཙན་རང་ཉིད་ཞབས་ཀྱིས་བཙུགས་ཏེ། དམག་ཁྲི་དང་བཅས་ཏེ་བཤེགས་སོ། །མྱང་ཙེང་སྐུ་དང༌། མནོན་མགྲོན་པོ་གཉིས་ནི། སྟག་པ་ཤ་རུ་ལ་ཚུན་ཆད་ལ། བྱ་གཅོད་ཅིང་ཉན་རྣར་བཀྱེས་སོ། །བྱ་གཅོད་པ་བྱ་ར་བྱེད་པའི་དོན་ནོ། །དབྱི་ཚབ་དང་ནག་སེང་གཉིས་ཀྱིས། བཙན་པོ་སྤྱན་དྲངས་ཏེ། ཆུ་བོ་ནི་རབ་ཏུ་བཏོད་དོ། །དྲ་ལ་ནི་དབྱེ་རུ་བཏང་ངོ༌། །མཁར་ཡུ་སྣ་ནི་ཕབ། ད༵གུ་གྲི༵་ཟི༵ང་པོ༵་རྗེ༵་ནི་བཀུམ་མོ། །མ༵ང་པོ༵་རྗེ༵་སུ༵མ་བུ༵་ནི་དྲུ་གུའི་ཡུལ་དུ་བྲོས་སོ། །ཕག་གི་ཡུང་བ་མན་ཆད། རྒོང་པྲོ་སྣ་ཡན་ཆད་བཙན་པོའི་ཕྱག་ཏུ་སོན་ཏོ། །བཙན་པོ་ཁྲི་སློན་བཙན་གྱིས་བཀའ་སྩལ་ཏེ། ཡུལ་ང༵ས་
༧༦ པོ༵་བྱ་བ་ལས། འཕན་ཡུལ་དུ་མིང་སྤོས་སོ། །དེ་ནས་ངས་པོའི་འབངས། དཔའ་དབྱི་ཚབ་ལ་སོགས་པ། བཙན་པོའི་མཚན་གསོལ་བ། ཆབ་སྲིད་ནི་གནམ་ལས་མཐོ། དབུ་རྨོག་ནི་རི་བས་བཙན་ཏེ། གནམ་རི་སྲོང་བཙན་དུ་བཏགས་སོ། །དེ་ལྟར་མྱང་དཔའ་མནོན་དང་གསུམ་གྱི་ཕྱག་ཏུ་དངར་ཏོ། །དངར་དང་བསྟར་བྱ་བ་དོན་གཅིག་གོ། །དེ་ནས་གནམ་རི་སློན་བཙན་གྱིས་ཕྱག་ལྕག་གིས་དྲས་ཏེ། དཔའ་དབྱི་ཚབ་གྱི་བྱ་དགར། ཟ་གང་གཤེན་གྱི་ཡུལ་ས་དང༌། མལ་དྲོ་ཕྱོགས་ནས། བྲན་ཁྱིམ་སྟོང་ལྔ་བརྒྱ་སྩལ་ཏོ། །མྱང་ཙེང་སྐུའི་བྱ་དགར། གཉན་འཛི་ཟུང་གི་མཁར་སྤུ་བ་དང༌། བྲན་ཁྱིམ་སྟོང་ལྔ་བརྒྱ་སྩལ་ཏོ། །ཚེས་པོ་ནགས་སེང་གྱི་བྱ་དགར། འོན་གྱི་སྨོན་མཁར་གྱི་བྲན་ཁྱིམ་སུམ་བརྒྱ། མནོན་འགྲོན་པོའི་བྱ་དགར། ཁོ་ནའི་ཕུ་ནུ་པོ་གནོན་ལ་སོགས་བྲན་ཁྱིམ་
༧༧ སྟོང་ལྔ་བརྒྱ་སྩལ་ཏོ། །མྱང་དཔའ་མནོན་དང་གསུམ། ཆེས་པོ་དང་བཞི། བཙན་པོའི་བློན་པོར་བཅུག་སྟེ། བྲན་ཁྱིམ་མང་པོ་དང༌། ཡུལ་ཆེན་པོ་སྩལ་ཏོ། ༈ །རྒྱལ་པོ་འདིའི་རིང་ལ། ཁྱུང་པོ་སྤུང་སད་ཟུ་ཙེས་གཙང་བོད་ཀྱི་རྒྱལ་པོ་མ༵ར་མུ༵ན་མགོ་བཅད་དེ། གཙང་བོད་ཁྱིམ་ཉི་ཁྲི་བཙན་པོའི་ཕྱག་ཏུ་ཕུལ་བར། བཙན་པོ་དགྱེས་ནས་གཙང་ཁྱིམ་ཉི་ཁྲི་ཟུ་རྩེ་ལ་བྱ་དགར་སྩལ་ཏོ། །ཟུ་རྩེ་འདི་སྲོང་བཙན་གྱི་བློན་ཡང་བྱས་པ་འོག་ཏུ་གསལ། དེའི་འོག་ཏུ། བཙན་པོ་མཆེད་གཉིས་ལ། མོང་སྔོན་པོ་གློ་བ་རིངས་པར་ཟུ་ཚེས་ཁོས་བཙན་པོ་བཀྲོང་བའི་གྲབ་ཤོམས་བྱེད་པ་ཚོར་སྟེ། བཙན་པོ་མཆེད་གཉིས་ཀྱི་སྐུ་ལ་བརྡོ་མ་ནུས་པར་མོང་སྔོན་པོ་བཀུམ་མོ། ། ༈ །དེའི་རྗེས་སུ་དྭགས་པོ་འབངས་སུ་མངའ་བ་ལས་ངོ་ལོག་པ་ལ། རྗེ་བློན་རྣམས་འདུས་ཏེ། དྭགས་པོ་ཕབ་པར་སུས་རྔོ་ཐོགས་པ་དམག་དཔོན་བགྱིད་དགོས་ཞེས།
༧༨ བཀའ་བགྲོས་པ་ན། སེང་གོ་མྱི་ཆེན་གྱིས། ཁོ་བོས་རྔོ་ཐོགས་ཞེས་ཁས་བླངས་སོ། །དེ་ལ་ཁྱུང་པོ་ཟུ་ཙེ་ན་རེ། ཁྱོད་ལྟ་བུས་དམག་དཔོན་འོང་ངམ། མི་མཛངས་པ་བྱ་བ་དེ། སྒྱེའུ་ནང་དུ་སྨྱུངས་བུ་བཅུག་པ་དང་མཚུངས་པ་ རྩེ་མོ་ཕྱིར་འཐོན་པ་ཞིག་དགོས་ཞེས་སྨྲས་སོ། །ཁྱོད་བཙན་པོའི་སྣམ་ཕྱི་པ་སྟེ་ཞབས་འབྲིང༌། བར་བཀའ་སྩལ་ནས་ལོ་དུ་མ་ཞིག་ལོན་ན། སེང་གོ་མྱི་ཆེན་མཛངས་ལ་རྔོ་ཐོགས་གོ་ཞེས་མི་གཅིག་གིས་ཀྱང་བསྟོད་པ་ཁོ་བོས་མ་ཐོས་པས། མི་འོངས་བཞིན་དུ་ཁས་ལེན་ནམ་སྨྲས་པས། མྱི་ཆེན་ན་རེ། མི་ཡོངས་ཀྱིས་ཁོ་བོ་ལ་སྙན་པར་མི་བརྗོད་པ་ཡང་བདེན་ནོ། །ཁོ་བོ་སྔོན་སྒྱེའུའི་ནང་དུ་ཞུགས་ཀྱང་མ་ཞུགས། རྩེ་མོ་ཕྱིར་མ་ཕྱུང་བ་ཡང་བདེན། གལ་ཏེ་ཁོ་བོ་སྔོན་ཆད་སྒྱེའུའི་ནང་དུ་ཞུགས་ཟིན་ན། རྩེ་མོ་བས་ཡུ་བ་ཡན་ཆད་ཕྱུངས་ཏེ་སོང་ཟིན། དེའི་ཕྱིར་དེང་ཁོ་བོས་གསོལ་བ་ཡང༌། སྔོན་ཆད་ཅིའི་ནང་དུ་
༧༩ མ་ཞུགས་པས། གདོད་འཇུག་པར་གསོལ་བ་ཡིན་ནོ་ཞེས་སྨྲས་པས། བཙན་པོས་ཀྱང་མྱི་ཆེན་ལ་གསོལ་བ་བཞིན་གནང་སྟེ། དྭགས་པོ་འབངས་སུ་དགུག་པའི་དམག་དཔོན་དུ་བཀའ་སྩལ་ཏོ། །དེ་ནས་སེང་གོ་མི་ཆེན་གྱིས། དྭགས་པོ་ལ༵ྷ་དེ༵་ལ༵་བརྒལ་ཏེ། ཐམས་ཅད་འབངས་སུ་བཀུག་གོ། །མྱི་ཆེན་གྱི་བྱ་དགར། གསེར་ཁུང་རེའུ་རྒལ་གྱི་མི་དང་འབྲོག་དུས་བཅས་ཏེ་སྩལ་ཏོ། །མི་ཀུན་གྱི་ཁ་ན། སེང་གོ་མྱི་ཆེན་གྱིས། །མདུང་མོ་ཐེབས་གཅིག་གིས། །འབྲོག་མོ་ཐང་གང་འཐོབ། །ཟེར་བ་བྱུང༌། ཉིན་གཅིག་ལ་ཁོང་གི་དྭགས་པོ་མི་བརྒྱ་བསད་སྐད། སེང་གོ་མི་ཆེན་གྱི་མིང་དང་ལོ་རྒྱུས་ཙམ་ད་དུང་ཡང་དྭགས་པོ་རྣམས་ལ་གླེང་རྒྱུ་ཡོད་འདུག །དེའི་རྗེས་སུ་མྱང་སྨོན་ཏོ་རེ། ཙིང་སྐུའི་བུ། ཞང་སྣང་བྱ་བ་བཙན་པོའི་ཞབས་འབྲིང་ནང་མ་འཚལ་ཞིག་གནས་སོ། །འདི་མང་པོ་རྗེ་ཞང་སྣང་བྱ་བ་སྲོང་བཙན་གྱི་དུས་སུ་ཡང་བློན་པོ་ཡིན། །དེའི་ཚེ་ན་བཙན་
༨༠ པོ་རྗེ་འབངས་དགྱེས་སྐྱེམས་སྟོན་མོ་གསོལ་བའི་ཚེ། ཁྱུང་པོ་ཟུ་རྩེས་གླུ་བླངས་ཏེ། གཙང་བཙན་པོའི་འབངས་སུ་ཕུལ་ཚུལ་སོགས་ངོམས་སོ་བྱས་པར། ཞང་སྣང་གིས་ཤགས་ལན་བཏབ་པར་བཙན་པོ་ཐུགས་མཉེས་ཏེ། ཞང་སྣང་བློན་པོར་བཅུག་ནས། བློན་པོའི་མཚན་མར་དངུལ་གྱི་སུག་བུ་ཆུང་སྩལ་ཏོ། ༈ །དེའི་རྗེས་སུ་དབའ་དབྱི་ཚབ་རྒས་ཏེ། ཉི་མ་འདེ་ཞིང་མཆིས་སྐབས། བཙན་པོ་ཁྲི་སྲོང་བཙན་སྒམ་པོ་སྟེ་འདི་དུས་སྲོང་བཙན་དགུང་ལོ་གཞོན་པའི་སྐབས་སུ་ངེས། ཉེན་ཀར་ནས། སྐྱི་ལུང་དུ་གཤེགས་ཁར། སྙ་ཏོ་རེ་གཙུག་བློན་ལས་བརྒྱུད་ནས་འཕྲིན་གསོལ་ཏེ། གནའ་དུས་སུ། ཟིང་པོ་རྗེ་རྒྱབ་དུ་བོར། སྤུ་རྒྱལ་ཡང་དུ་བླངས་ཏེ། ཆབ་སྲིད་ཆུར་ནི་བསྲིངས། ཞེང་དུ་བསྐྱེད་བསྐྱེད་ན། མྱང་གི་སྲིད་མ་ཐུབ་སྟེ་བཀྱོན་ཕབས་ནས། མྱང་ནི་ཙིང་སྐུའི་བུ་ཞང་སྣང་སྟེ་བཀྱོན་པ་ནི་ཁྲིམས་ཕོག་པའོ། །བདག་ཅག་ ༨༡ ཕ་ཚན། བླར་གློ་བ་མ་རིངས་པར་མཆིས་ན། བདག་རྒན་པོ་ཙམ་ཞིག་མ་གུམ་བར་དུ། དབུ་སྙུང་མནའ་ཁུད་པ་ཞིག་བདག་གི་བུ་ཚ་རྣམས་ལ་སྩོལ་བར་ཅི་གནང༌། བཙན་པོ་ཡབ་ནི་བདག་གི་མཆིས་བྲང་དུ་གདན་གཏིང་བ་ཡང་གནང་ན། ཡབ་ནི་གནམ་རི་སྲོང་བཙན་ཡིན་ཞིང་མཆིས་བྲང་ནི་ཁྱིམ་གྱི་མིང་སྟེ། ཆུང་མ་ལ་ཡང་བརྡ་ཚིག་གི་ཚུལ་དུ་སྦྱར་རོ། །དེས་ན་འདི་ནི་ཡབ་རྒྱལ་པོ་བདག་གི་ཁྱིམ་དུ་ཕེབས་མྱོང་བའི་དོན་ནོ། །ད་ནི་ཤུལ་དུ། ལ་མོ་ཆག་པ་ཕྲུམ་ འཕན་ཡུལ་གྱི་ཆག་ལ་ཡིན་ནམ་སྙམ། དུ་ཕྱག་ཐབ་ཙམ་ཞིག་གསོལ་དུ་ཅི་གནང༌། ཞེས་གསོལ་བར། བཙན་པོའི་ཞལ་སྔ་ནས། དྲིན་ཅན་མི་ཡི་ཡིད་མ་བཅད། ལྷ་ཡི་རྟ་ལ་རྒལ་མི་དབྱུང༌། སྔོན་ཆད་ངའི་ཡབ་ཀྱི་རིང་ལ། དཔའ་ཏོ་རེ་དབྱི་ཚབ་དང་ཁྱེད་གཉིས། ཆབ་ཕ་རོལ་ཚུལ་རོལ་གྱི་དགུང་བློན་དུ་བགྱིད་པར་བསམ་བསམ་པ་ལས། ཏོ་རེ་ནི་ཤི། ཁྱོད་ནི་རྒས་ཏེ་ཉི་མ་འདེར་གནང་སྟེ་བཞག །ཙེང་སྐུའི་བུ། ༨༢ མྱང་ཞང་སྣང་ནི་བློན་ཆེན་པོར་བསྐོས་ཏེ་བཞག་ན། ཡབ་ནོངས་ནས། ཁོ་ཡང་གློ་བ་རིངས་ཏེ་བཀྱོན་ཕབ་པ་ཡིན་ནོ། །དེ་ཡང་ཞང་སྣང་དང་རྗེ་སྲོང་བཙན་གྱི་བར་དུ་ཟུ་ཙེས་ཕྲ་མ་བཅུག་སྟེ་ཞང་ལ་ཁྲིམས་ཕོག་ཚུལ་འོག་ཏུ་གསལ། ད་ཁྱེད་དཔའ་ཕ་ཚན་ནི། གློ་བ་མ་རིངས་པར་བསྡད་པས། ལ་མོ་ཆག་པ་ཕྲུམ་དུ་ཕྱག་ཐམ་ཀྱང་གསོལ་ཅིག །དབུ་སྙུང་ཡང་གནང་བར་བྱའོ་ཞེས་བཀའ་སྩལ་ཏེ། དེར་ལ་མོ་ཆག་པ་ཕྲུམ་དུ་ཕྱག་ཐབ་གསོལ་ཏོ། །སྐུ་རྟེན་དུ། ཁྲབ་བསེ་སྣ་བཅུ་དང༌། ལྡོང་སྲོམ་གྱི་རལ་གྲི་མདོར་གཅོད་བཅས་ཕུལ་ཏེ། བཙན་པོས་དབུ་སྙུང་ཡང་གནང་ངོ༌། །དཔའ་དབྱི་ཚབ་ཕ་ཚན་བདུན་ཀྱང་བྲོ་བོར་རོ། །བཙན་པོས་བཀའ་སྩལ་བ་ནི། དབྱི་ཚབ་གློ་བ་ཉེ་བས། གུམ་ན་དུང་ཁུང་བཙན་པོ་རང་གིས་ཕྱག་བདར་ཏེ་རྩིགས་བར་གནང༌། བུ་ཚ་གང་རུང་གཅིག་ལ་གསེར་ཡིག་མི་ཆད་པར་སྩོལ་བར་གནང་སྟེ། ད་ནས་ནི་ཕན་ཆད་དུ། །ཁྱོད་
༨༣ ཀྱིས་ནི་ང་མི་བཏང༌། །ང་ཡིས་ནི་ཁྱོད་མི་བཏང༌། སོགས་མགུར་ཡང་བཞེངས་སོ། །དཔའ་དབྱི་ཚབ་གྱིས་ཀྱང་གླུ་ལན་ཕུལ་ཏེ། དེར་ཕན་ཚན་བདུན་གྱིས་གཏང་རག་ཆེན་པོ་བཏང་ངོ༌། །དབུ་སྙུང་གནང་བའི་གོར་མ་དེ། རྒྱལ༵་འབྲི༵ང་ལ༵ན་ཏོ༵ན་གྱིས་བླངས་ནས་ཕྱག་ཏུ་ཕུལ་ཅིང༌། རྗེས་སོར་གོར་མ་དཀར་པོ་དེ་དབྱི་ཚབ་ཀྱི་མཆད་པའི་རྨིང་དུ་བརྩིགས་སོ། །མཆད་པ་ནི་དུང་ཁང་དང༌། གོར་མ་ནི་རྡོ་སྟེ་མནའ་བསྐྱེལ་ཚེ་རྡོ་བ་རེ་ལག་ཏུ་ལེན་སྲོལ་དེ་ཁམས་དང་འབྲས་ལྗོངས་སོགས་ན་ཉེ་དུས་བར་དུ་ཡོད་པར་སྣང༌། དེ་དུས་དབུ་སྙུང་གནང་བའི་ཚིག་ནི། ད་ཕྱིན་ཆད་ཁྱེད་ཕ་ཚན་གྱིས། བཙན་པོ་སྤུ་རྒྱལ་གྱི་ཞལ་སྔ་གློ་བ་མ་རིངས་ན། ནམ་ནམ་ནམ་ནམ་ཞ་ཞ་ཞ་ཞར་ཡང༌། དབྱི་ཚབ་ཀྱི་བུ་ལ་མ་ཉེས་པར་བཀྱོན་ཕབ་རི། ནམ་ནམ་ཞ་ཞར་བྱ་བ་ནམ་ཡང་བྱ་བ་དང་དོན་གཅིག་སྟེ། ཤེས་རབ་བརྒྱ་པར། དེ་དག་ནམ་ནམ་ཞ་ཞར་འཕུང༌། ཞེས་པ་ལྟ་བུ་ཡིན། འབྲུག་པའི་ཕལ་སྐད་ལ་ཡང་འདུག །
༨༤ ཕྲ་མ་ཞིག་གསན་ན་ཡང༌། ཤགས་བྱས་ཏེ་ཡུས་བཀྲོལ་ནས། བཀས་མི་བཅད་རི། དབྱི་ཚབ་ཀྱི་བུ་གཅིག་ལ་གསེར་གྱི་ཡི་གེ་ལས་སྨད་རི། སྙིང་མ་རིངས་པར་རབས་ཆད་ན། འཁོལ་ཡུལ་བཞེས་རི། སོགས་མནའ་ཚིག་བཅུ་གཉིས་སྣང་ཞིང་ཁྲི་སྲོང་གི་ཀླུ་གོང་ལ་བཞེས་པའི་དབུ་སྙུང་རྣམས་རྩེ་ཞོལ་རྡོ་རིང་བྱང་ངོས་སུ་བཀོད་འདུག་པ་དེ་དག་དང་ཚིག་འགྲོས་ཤིན་ཏུ་མཐུན་པ་ཞིག་འདུག །དབྱི་ཚབ་ཕ་སྦད་ཀྱི་བྲོ་བོར་བའི་ཚིག་ནི། བཙན་པོ་སྤུ་རྒྱལ་ཁྲི་སྲོང་བཙན་ཡབ་སྲས་དང་གདུང་རྒྱུད་ལ། གློ་བ་རིངས་རི། སོགས་ནས། བཙན་པོས་བཀའ་ཇི་སྩལ་པ་གཟུངས་སུ་མི་འཛིན་རི། ཞེས་པའི་བར་བྲོ་ཚིག་བཅུ་གཉིས་སོ།། ༼དཀྱུས༽ དེ་ལྟར་གནམ་རི་སྲོང་བཙན་དུས་ཀྱི་བྱུང་བ་རགས་པ་ཙམ་ཞིག །འདི་དག་གིས་ཤེས་པར་ནུས་ལ། སྤྱིར་གནམ་རིའི་ལོ་རྒྱུས་རྒྱས་པ་ཞིག་རང་ཅག་གི་རྒྱལ་རབས་གང་དུ་ཡང་མེད་སྟབས། འདིར་ཤིག་དྲིལ་ལ་གང་ཡོད་ཕལ་ཆེར་ཆ་ཚང་བར་དྲངས་པ་ཡིན་ནོ། །
༨༥ དེ་ཡང་རྒྱལ་པོ་འདིའི་རིང་ལ་དམག་ཆེན་གཡོ་བའི་མགོ་བརྩམས་པ་ཡིན་ཅེས་ཐང་ཡིག་ཏུ་གསལ་ལ། འདིས་ཁྲི་བཟུང་བའི་ལོ་དང་སྐུ་ཚེའི་ཚད་སོགས་ཞིག་ཏུ་ཤེས་དཀའ་མོད། འཕན་ཡུལ་དུ་དམག་དྲངས་ཚེ་ཡུམ་ད་དུང་བཞུགས་ཚུལ་དང༌། དབྱི་ཚབ་རྒས་པའི་ཚེ་སྲོང་བཙན་རྒྱལ་པོར་བཞུགས་ཚུལ་སོགས་ལ་དཔྱད་ན་སྐུ་ཚེ་ཆེས་རིང་དུ་ནི་མ་ཐུབ་པར་མངོན། མཐར་མོན་དུག་གིས་བཀྲོངས་ཚུལ་འོག་ཏུ་གསལ། དེས་ན་དཀྱུས་མའི་རྒྱལ་རབས་ཞིག་འཆད་ཚེ། འཇིག་རྟེན་མི་ལུགས་ཀྱི་བྱུང་བ་རྣམས་གཙོ་བོར་བཏོན་དགོས་པ་ཡིན་པས། འདི་འདྲ་དག་གི་སྐབས་སུ་རྒྱལ་པོའི་ཆེ་བ་འདོན་པའི་འཁུལ་དུ་བྱས་ནས། ངོ་མཚར་བའི་སྣོན་མ་སྣ་ཚོགས་འདེབས་དགོས་པའི་དོན་ཅི་ཡང་མེད་དོ། །
འདི་ནི་རང་བྱུང་དུག་གི་ཟླ་བ་སྟེ། །སྐྱོན་མེད་དུང་གི་ཁ་དོག་གསལ་བ་ལ། །ཕྱོགས་ལྷུང་ལར་རྒྱའི་རྣ་བ་རིང་བ་ཡི། །མི་སྡུག་རི་བོང་གཟུགས་དེ་ཅི་
༨༦ ཕྱིར་དྲི། །ཞེས་བྱ་བ་ནི་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྐབས་སོ།། །།དེའི་སྲས་ནི་སྤུར་རྒྱལ་བོད་ཀྱི་ལྗོངས་འདིར། ལེགས་པའི་སྒོ་བརྒྱ་འབྱེད་པའི་ལུགས་གཉིས་ཆབ་སྲིད་ཀྱི་རྩ་བ་ཐོག་མར་འཛུགས་པའི་མེས་པོ་ལྟ་བུར་གྱུར་པ། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ཡིན་ཞིང༌། རྒྱལ་པོ་འདི་ནི། ངེས་པའི་དོན་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་མི་ཡི་ཟོལ་དུ་བྱོན་པའི་རྩོད་མེད་སྤྲུལ་པའི་སྐྱེས་བུ་ཆེན་པོར་གྲུབ་པས། ཐུན་མོང་མ་ཡིན་པའི་ངེས་དོན་གྱི་རྣམ་པར་ཐར་པ་དག་ཀྱང་གཞན་དུ་གྲགས་པ་ལྟར་ལ། འདིར་ནི་བཙན་པོ་ཉིད་ཀྱིས་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་མཛད་འཕྲིན་ཇི་ཞིག་གནང་བའི་ཚུལ་རྣམས། དུས་མཉམ་པའི་སྐྱེ་རྒུ་ཐ་མལ་བ་རྣམས་ཀྱིས་མཐོང་ཚུལ་ལྟར་བཀོད་པའི་རྒྱལ་རབས་ཀྱི་དུམ་བུ་གསུམ་ན་ཅུང་ཟད་གསལ་བ་རྣམས་ལྷན་ཅིག་ཏུ་བསྡུས་ཏེ་བཤད་པར་བྱའོ། །རྒྱ་མའི་ཡུལ་ཕོ་བྲང་མི་འགྱུར་བྱམས་པ་གླིང་དུ་བཙན་
༨༧ པོ་སྐུ་བལྟམས་ཚུལ་སོགས་ཡོངས་གྲགས་ཀྱི་ལོ་རྒྱུས་གཞན་ནས་བསྐང་བར་བྱ་ཞིང༌། ༈ །འདིར་ཤོག་དྲིལ་ ༼ཀ༽ པའི་དབུ་ཆ་རལ་སྐྱོན་དུ་གྱུར་པའི་གཤམ་ནས་མར་ལ། བཙན་མོ་མུན་ཆང་ཀོང་ཀེ་ཅོ། མགར་སྟོང་རྩན་ཡུལ་བཟུང་གིས་སྤྱན་དྲངས་ཏེ་བོད་ཡུལ་དུ་གཤེགས་སོ། །བལ་པོ་ཡུ་སྣ་ཀུག་ཏྀ་བཀུམ། ནི་རྀད་བ་རྒྱལ་ཕོར་བཅུག །གནག་ནད་ཆེན་པོ་བྱུང༌། དེ་ནས་ལོ་གསུམ་ན། བཙན་པོ་ཁྲི་སྲོང་རྩན་གྱི་རིང་ལའ། ལྀག་སྙ་ཤུ་བརླག་སྟེ་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་སྟེ་མངའོ། །དེ་ནས་ལོ་དྲུག་ནའ། བཙན་པོ་ཁྲི་སྲོང་རྩན་དགུང་དུ་གཤེགས་སོ། །བཙན་མོ་མུན་ཅང་ཀོང་ཅོ་དང་དགུང་ལོ་གསུམ་བཤོས་སོ།། ༈ སངས་རྒྱས་འདས་རྗེས་ཀྱི་ལོ་ཆིག་སྟོང་གཅིག་བརྒྱ་དགུ་བཅུ་གོ་བཞི་བ་ལྕགས་ཕོ ཁྱིའི་ལོ་ལ་བབས་ཏེ། བཙན་པོ་མྱེས་ཁྲི་སྲོང་རྩན་གྱི་སྤུར་ཕོ་བྲང་ཕྱིང་བའི་རིང་ཁང་ན་མཁྱུད་ཅིང་བཞུགས་ཏེ། བཙན་པོ་དབོན་ཁྲི་མང་སློན་མང་རྩན་མེར་ཀེ་ན་བཞུགས་
༨༨ པར་ལོ་གཅིག ༈ འདས་རྗེས་ཀྱི་ལོ་ཆིག་སྟོང་གཅིག་བརྒྱ་དགུ་བཅུ་གོ་ལྔ་ལྕགས་མོཕག་གི་ལོ་ལ་བབས་ཏེ། བཙན་པོ་མང་སྲོང་མང་བཙན་ཉེན་ཀར་ན་བཞུགས་ཤིང༌། ཕོ་བྲང་ཕྱིང་བར་བཙན་ཕོ་མྱེས་ཁྲི་སྲོང་རྩན་གྱི་མདངས་བཏང་བར་ལོ་གཅིག །ཅེས་བྱུང༌། ༼དཀྱུས༽ འདིར་ཀོང་ཅོ་བོད་ཡུལ་དུ་གཤེགས། བྱ་བ་དེ་རྒྱ་ནག་ནས་ལམ་དུ་ཞུགས་པའི་དོན་དུ་སྣང་གི། བོད་དུ་སླེབས་པ་ལ་མི་བརྩི་བར་འདུག །ཀོང་ཇོ་བོད་དུ་ཕེབས་པའི་ལོ་དེ་རྒྱལ་རབས་ ༼ང༽ པ་ལ་གསལ་བར་འདས་རྗེས་ཀྱི་ལོ་ཅིག་སྟོང་གཅིག་བརྒྱ་བརྒྱད་ཅུ་རྒྱ་ལྔ་པ་ལྕགས་གླང་ཡིན། གླང་དེ་ནས་རྩིས་པའི་ལོ་དགུ་པ་ལ་སྲོང་བཙན་འདས། ལོ་གསུམ་ཀོང་ཇོ་དང་ལྷན་དུ་བཤོས་སོ། །ཞེས་བྲིས་པས་ཀོང་ཇོ་ལམ་དུ་ཞུགས་ནས་རྒྱལ་པོ་དང་མ་མཇལ་བར་ལོ་དྲུག་སོང་བར་སྣང༌། དེས་ན་ཡོངས་གྲགས་ཀྱི་ལོ་རྒྱུས་སུ། མགར་གྱིས་གཡོ་བྱས་ནས། ཀོང་ཇོ་རྗེ་ལ་མཇལ་དུ་མ་བཅུག་པར་ཡུན་རིང་འགོར་ཚུལ་བྲིས་པ་དེ་
༨༩ ཡང་རྒྱུ་མཚན་ཅན་དུ་འདུག་སྙམ། ཕྱི༵ང་བ༵་བྱ་བ་ནི་གནམ་རིའི་སྐབས་སུ་སྨོས་པའི་མཁར་ཕྱིང་བ་སྟག་རྩེ་དེ་ཡིན་པར་འདུག །མཁྱུད་པ་ནི་སྦས་པའི་དོན་ཏེ། ཁྱི་ལོ་ལ་མེས་པོའི་སྐུ་སྤུར་གསང་རྒྱ་བྱས་ནས་བཞག་ཅིང༌། ལོ་དེའི་རྗེས་མར་མདང་བཏང་བའོ། །ཀོང་ཇོ་བརྫངས་ནས་ལོ་དགུ་ན་བཙན་པོ་འདས་ཚུལ་དང་འདི་གཉིས་སྦྱར་ཚེ། དོན་ལ་བྱ་ལོ་འདས་ཤིང་ཁྱི་ལོའི་མཇུག་ཏུ་གསང་བརྟོལ་བར་བརྟེན། རྒྱའི་རྒྱལ་རབས་ལ་ལྕགས་ཁྱི་ལོར་གྲོངས་ཞེས་བྲིས་སམ་སྙམ་སྟེ་དཔྱད་པར་འཚལ། མད༵ང་བྱ་བ་ནི་འདས་མཆོད་དེ་གནའ་ལུགས་ཞིག་ཡིན་ཞིང༌། འབྲོམ་ཁམས་ནས་བྱོན་ཚེ་འཕྲང་ཁ་བེར་ཆུང་ཕའི་མདང་གཏོང་སར་སླེབས་སོགས་སྔོན་གྱི་ལོ་རྒྱུས་འགའ་རེ་ན་ཡང་སྣང༌། རྩིས་ཐང་ཆེ་བ་ལ་མདང་ཆེ་བ་ཞེས་ཡུལ་འགའ་ཞིག་གི་ཕལ་སྐད་ལ་ཡང་ཟེར། མདངས་ཀྱི་མཆོད་པ་དེ་ཅི་འདྲ་ཞིག་ཡོད་ཚུལ་མི་ཤེས་ཀྱང༌།
༩༠ རྙིང་མའི་ཆོ་ག་འགའ་རེ་ན་མདང་སྐང་བྱ་བ་ཞིག་འདུག་པ་དེ་ལ། མར་མེ་དང༌། ཁྲག་དང་གཏོར་མ་རྣམས་རིམ་གྱིས་འབུལ་བར་འདུག་པས། ཕལ་ཆེར་དེ་འདྲ་ཞིག་མིན་ནམ་སྙམ། བལ་པོ་ཡུ་སྣ་ཀུག་ཏི་བཀུམ། ན་རིད་བ་རྒྱལ་ཕོར་བཅུག །བྱ་བའི་ཚིག་འདི་གཉིས་ཡ་མཚན་ཆེ་སྟེ། ཛིཥ྄ཥུ་ཀཱིརྟི་བཀུམ། ན་ར་དེ་བ་རྒྱལ་པོར་བཅུག་བྱ་ཟུར་ཆག་གམ་སྙམ་ཏེ། ཛ་དང་ཡ་གཉིས་ནི་རྒྱ་སྐད་ལ་སྒྲ་ཤིན་ཏུ་འདྲ་བས། ཡ་མཱ་རི་ལ་ཛ་མཱ་རི་དང༌། ཡོ་གི་ལ་ཛོ་གི་སོགས་སུ་འབོད་པ་ལྟ་བུ་ཡིན། དེ་ཡང་འཇམ་དཔལ་རྩ་རྒྱུད་ཀྱི་རྒྱ་དཔེར། བལ་པོའི་རྒྱལ་པོ་རྣམས་ཀྱི་མིང་མཐར་ཆགས་སུ་དྲངས་པའི་མཇུག་ཏུ། ཛིཥ྄ཎུཧྱནྟེ་ཤཔ྄ཏསམཕཱ་ཏ་བི་དྷཱ་སྟཱ་ནི་ལ་ལཱ་དྷི་པ་ཏི་སྟདཱ་ཞེས། ཛིཥ྄ཎུ་ཉིད་ནི་མཐའ་མ་སྟེ། དེ་དུས་བལ་ཡུལ་བདག་པོ་ནི། །མཚོན་ཆ་འབབ་པས་རྣམ་པར་འཇོམ། །ཞེས་རྒྱལ་པོ་མཐའ་ ཡིན་ཚུལ་དང༌། དེ་མཚོན་གྱིས་གསོད་པར་གསུངས་
༩༡ པས་སོ། །དེས་ན་ཀོང་ཇོ་བོད་དུ་རྫངས་པའི་ལོ་དེ་རང་ལ་བལ་ཡུལ་འབངས་སུ་བཅུག་གམ་སྙམ་སྟེ། དེ་ནས་བགྲང་བའི་ལོ་བརྒྱད་ཀྱི་རྗེས་སུ། གོང་མའི་ཕོ་ཉ་ཝང་ཞོན་རྩེ་རྒྱ་གར་དུ་སླེབས་དུས། བལ་ཡུལ་བོད་ཀྱི་འོག་ཏུ་ཡོད་ཚུལ་རྒྱལ་རབས་ ༼ང༽ པ་ལ་གསལ་བ་བཞིན་ནོ། །འདིར་ལོ༵་གཅི༵ག་ཅེས་བྲིས་པ་རྣམས་ནི། བྱུང་བ་དེ་དག་གི་ཡུན་ལ་ལོ་གཅིག་སོང་བྱ་བའི་དོན་ནོ།། ༈ །།ཤོག་དྲིལ་ ༼ཁ༽ བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ཡབ་འབངས་ཀྱིས་ནི་འཁུས། ཡུམ་འབངས་ནི་ངོ་ལོག །གཉེན་ཞང་ཞུང༌། མཛོ་སུམ་པ། ཉ་གཉི་དྭགས་པོ། ཀོང་པོ། མྱང་པོ་ཀུན་ཀྱང་ངོ་ལོག །ཡབ་གནམ་རི་སྲོང་བཙན་ལ་དུག་བོར་ཏེ་བཀྲོངས་སོ། སྲས་སྲོང་བཙན་སྐུ་གཞོན་ནུ་ལས་གཟོད་སྐྱེས་ཏེ། ཐོག་མར་དུག་ལས་བྱེད་མཁན་གྱི་དུག་པ་རྣམས་རབས་བཅད་དོ། །དེའི་འོག་ཏུ་ རྩེང་སྐུའི་བུ་ མྱང་མང་པོ་རྗེ་ཞང་སྣང་གིས། སུམ་པ་མཐའ་དག་དམག་བྱེད་མ་དགོས་
༩༢ པར་སྒྱུའི་སྒོ་ནས། ཁྱིམ་གྲངས་མ་ཤོར་བར་འབངས་རྣལ་མར་བཀུག་གོ །དེའི་འོག་ཏུ་བཙན་པོ་ཞབས་ཀྱིས་བཙུགས་ཏེ། དམག་མ་བྱུང་མ་དྲངས་པར། རྒྱ་དང་འ་ཞ་དཔྱའ་བཅད་དོ། །འ་ཞ་དེ་སོག་རིགས་དིང་སང་ཨུ་རུ་སིའི་ཁོངས་སུ་ཡོད། ཐོག་མ་དེ་ནས་བཟུང་འ་ཞ་འབངས་སུ་མངའ་འོ། །དེའི་འོག་ཏུ་མཙན་པོ་སྲོང་བཙན་དང༌། མང་པོ་རྗེ་ཞང་སྣང་གི་བར་དུ། ཁྱུང་པོ་སྤུང་སད་ཟུ་རྩེས་ཕྲ་མ་བཅུག་སྟེ། བཙན་པོའི་ཞལ་སྔར། ཞང་སྣང་གློ་བ་མི་རིངས་པ་ལ། རིངས་ཞེས་གསོལ་ཏོ། །ཞང་སྣང་ལ་ཡང༌། བཙན་པོ་མི་བཀྱོན་པ་ལ། བཀྱོན་ཞེས་སྨྲས་སོ། །ཞང་སྣང་གི་སེམས་ལ། ཁྱུང་པོ་སྤུང་སད་བདག་གི་སྙིང་གྲོགས་ཡིན་པས། ཟེར་བ་བདེན་སྙམ་ནས། བཙན་པོའི་བཀའ་བྱུང་ཡང་མ་ཕྱིན་པར། མཁར་སྤུར་བ་ལ་བསྡད་པས། བཙན་པོའི་ཐུགས་ལ། ཞང་སྣང་གློ་བ་རིངས་པ་བདེན་ཡང་དག་གོ་དགོངས་ནས། ཞང་སྣང་
༩༣ གི་བྲན་ལ་བཅོལ་ཏེ། ཞང་སྣང་བསླུས་ནས་བརླག་གོ །མཁར་སྤུར་བ་ཡང་བཤིག་གོ །དེ་ནས་ཁྱུང་པོ་སྤུང་སད་ཟུ་རྩེས་བཙན་པོ་ལ་གློ་བ་ཉེ་བར་བྱས་ཏེ། ལར་བཙན་པོའི་བློན་པོའི་ནང་ན་ཟུ་རྩེ་ལས་གློ་བ་ཉེ་བ་སྔོན་ཆད་མ་བྱུང་ངོ༌། །ཟུ་རྩེ་མཛངས་ཞེ་ན་མཛངས། དཔའ་ཞེ་ན་དཔའ་འོ། །མྱི་གཅིག་ཚོགས། དགུ་ཚོགས་ན། སྤུང་སད་ཟུ་རྩེ་ཞེས་སྨྲའོ། །འདིར་ཤོག་དྲིལ་ ༼ག༽ ལས་དྲངས་ན། སྤུང་སད་ཟུ་རྩེའི་མཛངས་ཀྱི་ཚད་ནི། རྩིས་གྲྭ་གསུམ། ཞལ་ལྕེ་གྲྭ་བཞི་ཡང་རྣ་བས་མཉན་ཞིང་གཅོད། མིག་མང་གྲྭ་གཅིག་ཀྱང་དེའི་ཞར་ལ་རྩེ་ནས་རྒྱལ། བྱ་ཕུག་རོན་ཁྱུ་གཅིག་འཕུར་བ་མཐོང་ནས། གཅིག་གཉིས་གསུམ་བཞི་ལྔ་དྲུག་ཅེས་བགྲང༌། བྱ་ཁྱུ་དེ་སླར་འཕུར་ཚེ་ཡང་བགྲང༌། བྱ་གཅིག་མ་ཚང་འདུག་པས། ཁྲས་བསད་པ་འདྲ་ལྟོས་ཤིག་སྨྲས་པར། བལྟས་པ་ན་བྱ་གཅིག་ཁྲས་བཀུམ་འདུག་སྐད། སྤུང་སད་ཟུ་རྩེ། ཚོར་ཆེ་ལ་དཀུ་ཆེ། གཡོ་
༩༤ ཆེ་བའི་དོན། སྙིང་མཛངས། མྱི་གཅིག་ཚོགས་དགུ་ཚོགས་ན། ཟུ་རྩེ་ལྟ་བུ་ག་ལ་ཡང་མེད་དོ།། ༼ཁ༽ གོང་གི་འཕྲོས། དེའི་འོག་ཏུ་ཁྱུང་པོ་སྤུང་སད་ཟུ་རྩེ་རྒས་ཏེ། ཉི་མ་འདེར་གནང་བའི་སྐབས་ཞིག །ཟུ་རྩེས་བཙན་པོའི་སྤྱན་སྔར་གསོལ་བ། སྔོན་བཙན་པོ་ཡབ་གནམ་རིའི་རིང་ལ། བདག་གིས་གཙང་བོད་འབངས་སུ་བཀུག་ལ། འོན་ཀྱང་བཙང་ཡུལ་འདི། ཡབ་ཀྱིས་སྤྱན་གྱིས་མ་གཟིགས། ཞབས་ཀྱིས་མ་བཅགས་ན། བཙན་པོ་སྲས་ཀྱིས་སྤྱན་གྱིས་གཟིགས། ཞབས་ཀྱིས་བཅགས་ཏེ། བདག་གི་སྡུམ་པ་ཁྲི་བོམས་སུ་དགྱེས་སྐྱེམས་སྟོན་མོ་གསོལ་བར་ཅི་གནང༌། ཞེས་གསོལ་བར། བཙན་པོས་ཀྱང་ཟུ་རྩེས་གསོལ་བ་བཞིན་གནང་སྟེ། བློན་པོ་མགར་ཡུུལ་བཟུང་ཕོ་བྲང་ཁྲི་བོམས་སུ་སྔོན་དུ་བཏང་བར། མགར་གྱིས་བརྟགས་པས། བཙན་པོ་བཀྲོངས་པའི་སྒྱུ་བཤམས་པར་ཤེས་ནས་ཡུལ་བཟུང་སླར་བྲོས་ཏེ་བཙན་པོའི་སྙན་དུ་
༩༥ གསོལ་ཏོ། །ཡུུལ་བཟུང་གིས་ཚོར་ཏེ་སླར་བྲོས་པ། ཟུ་རྩེས་ཚོར་ནས། ངག་རེ་ཁྱུང་ལ། བདག་གི་མགོ་བཙན་པོ་ལ་ཕུལ་ཞིག་ཅེས་སྨྲས་ནས། རང་ཉིད་ལྕེབས་ཏེ་བཀུམ་མོ། དེ་ནས་ངག་རེ་ཁྱུང་གིས། ཕའི་མགོ་བཅད་ནས་འཁྱེར་ཏེ། བཙན་པོའི་ཕྱག་ཏུ་ཕུལ་ནས། བདག་གི་ཕ་རྒན་པོས་རྗེ་ལ་གློ་བ་རིངས་ཏེ་སྒྱུ་བཤམས་པ། ཡུལ་བཟུང་གིས་ཀྱང་ཚོར་ནས་བཙན་པོའི་ཞལ་སྔར་གསོལ་དུ་བྲོས། བདག་རང་གིས་ཕ་བཀུམ་ནས་མགོ་བཅད་དེ་འདིར་མཆིས་ན། སྲིད་བརླག་པར་མི་མཛད་པར་ཇི་གནང་ཞེས་གསོལ་བས། བཙན་པོས་ཀྱང་དག་རེ་ཁྱུང་གིས་གསོལ་བ་བཞིན་གནང་སྟེ། ཁོའི་བྲན་གྱི་ཡུལ་དག་སྔོན་བཞིན་དུ་བཞག་གོ །རྒྱལ་པོ་འདིའི་རིང་ལ། ཞང་ཞུང་ལྟ་བུ་གཉེན་མཛད་ནས་ཀྱང་བཏུལ་ལོ། །ཐབས་ཀྱིས་ཀྱང་རྒལ་ཏེ། ཞང་ཞུང་བདག་མཛད་དུ། རྒྱལ་པོའི་སྲིང་མོ་བཙན་མོ་སད་མ་ཀར་ལྀག་མི་རྒྱ་ལ་ཆབ་སྲིད་ལ་གཤེགས་
༩༦ སོ། །འདི་བག་མར་བཏང་བ་ཡིན་འདུག་ཅིང་ལིག་མི་རྒྱ་ནི་ཞང་ཞུང་གི་རྒྱལ་པོར་མངོན། བཙན་མོ་ནི་ལྀག་མི་རྒྱའི་སོ་ནམ་དང་བུ་སྲིད་མི་མཛད་ཅིང་ལོགས་ཤིག་ན་བཞུགས་པར། བཙན་པོ་དྲལ་གྱི་སྙན་དུ་གསན་ཏེ། དྲལ་ནི་མིང་པོ་ལ་ཟེར་བཙན་མོ་དེ་ལྟར་ལོག་པར་མཛད་ན། ཆབ་སྲིད་ཀྱི་དཀྲུགས་མར་འགྱུར་བས། དེ་ལྟར་མ་མཛད་པར། ལིག་མི་རྒྱའི་སོ་ནམ་དང་བུ་སྲིད་བཟུང་ཞིག་ཅེས། སྦུག་གྱིམ་བཙན་རྨང་ཆུང་ལ་བཀའ་སྩལ་ཏེ་ཕོ་ཉར་བཏང་སྟེ། རྨང་ཆུང༌། མཁར་ཁྱུང་ལུང་དུ་མཆིས་ན། བཙན་མོ་མི་བཞུགས་ཏེ། ཆབ་ཉ་ལ་རོལ་ཞིང༌། རོལ་བ་ནི་རྩེད་མོ་རྩེ་བའི་དོན་ནོ། །མཚོ་མ་པང་དུ་གཤེགས་འདུག་ནས། རྨང་ཆུང་མ་པང་དུ་སོང་སྟེ། བཙན་མོའི་ཞལ་སྔ་ཕྱག་བགྱིས་ཚེ་བཙན་མོའི་ཞལ་ནས། བཙན་པོ་དྲལ་གྱི་ཐུགས་བདེའམ་མི་བདེ། ཞེས་དྲི་བ་མཛད་པར། ཐུགས་བདེ་ཞེས་གསོལ་ཏོ། །ཐུགས་བདཻ་བྱ་བ་འདི་ཡི་གེ་རྙིང་པ་མང་པོ་ན་འདུག་
༩༧ སྟེ་སྐུ་ཁམས་བཟང་བྱ་བའི་དོན་དུ་སྣང༌། རྨང་ཆུང་གློ་བ་བདེའམ་མི་བདེ་ཞེས་སྨྲས་ན། གློ་བ་བདེ་ཞེས་གསོལ་ཏོ། །དེར་བཙན་མོས། རྨང་ཆུང་ཁྱོད་ནིབཙན་པོ་དྲལ་གྱི་ཞལ་སྔ་ནས་དང་འདྲ་བས། མགྲོན་གྱི་ཕྱག་ལན་ལོངས་ཤིག་ཅེས། ཕྱག་ལན་སྩལ་ནས། བཙན་མོས་མགུར་བླངས་པ། ཡུལ་གྱི་ནི་སྐལ་ཕོག་པ། ཁྱུང་ལུང་ནི་རྔུལ་མཁར་ཞིག །སོགས་སོ།།མགུར་བླངས་པའི་རྗེས་སུ། རྨང་ཆུང་མཆི་ཕྱག་བགྱིས་པ་ལས། བཙན་མོའི་ཞལ་ནས། བཙན་པོ་དྲལ་ལ། བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས་སོ། །བཙན་པོ་ཞལ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་ལ་གློ་བ་དགའ་འོ། །བཙན་པོས་བཀའ་སྩལ་བ་ནི། རྔོ་ཅི་ཐོག་གིས་འཚལ་ཞིང་མཆིས་སོ། །ཅི་ནུས་སུ་བགྱིད་ལགས་སོ་བྱ་བའི་དོན་ནོ། །བཙན་པོའི་ཕྱག་ཏུ་འདི་ཕུལ་ཅིག །ཅེས་ཞུ་གཡག་ཞུ་རྟེན་གཅིག་ཕྱག་རྒྱས་བཏབ་ནས་བསྐུར་རོ། །རྨང་ཆུང་སླར་བཙན་པོའི་སྤྱན་སྔར་
༩༨ མཆིས་ནས། བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ནི་ཅང་མ་མཆིས། མགུར་བླངས་པའི་ཚིག་ནི་འདི་ཞེས་མཆི། ཕྱག་རྒྱས་བཏབ་སྟེ་བསྐུར་བ་ནི་འདི་ལགས་ཞེས་གསོལ་བ་ལས། བཙན་པོས་རྒྱ་ཕྱེས་ནས་གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། བཙན་པོས་དགོངས་དགོངས་ནས། ཡུ་བུས་ལིག་མི་རྒྱ་ལ་རྒོལ་ཕོད་ན་ནི་གཡུ་ཐོགས་ཤིག །རྒོལ་མི་ཕོད་ན་ནི་བུད་མེད་དང་འདྲ་བས་ཞུ་གྱོན་ཟེར་བ་ལྟ་ཞེས་བཀའ་སྩལ་ནས། རྗེ་བློན་ཀུན་བློང་བློང་དེ། བྲེལ་བ་བྱེད་པའི་དོན། ལིག་མི་རྒྱའི་སྲིད་བརླག་གོ །རྒྱལ་པོ་འདིའི་རིང་ལ། ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱའི་སྲིད་བརླག་སྟེ། ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ །དེའི་རྗེས་སུ་བཙན་པོ་རྗེ་འབངས་རྣམས་ཀྱིས་དགྱེས་སྐྱེམས་སྟོན་མོ་གསོལ་བའི་ཚེ། བཙན་པོ་ཁྲི་སྲོང་བཙན་གྱིས་མགུར་བླངས་པ། ཀྱཻ། །རྗེ་ཡི་ནི་མཚན་ལ་འདྲི། །ཁྲི་ཡི་ནི་སྲོང་བཙན་
༩༩ ཞིག །བློན་གྱི་ནི་མྱིང་པ་འདི། །སྟོང་བཙན་ནི་ཡུལ་བཟུང་ཞིག །ཅེས་པ་ནས། ཡུ་བུ་ནི་རྗེ་དང་བློན། །ཡར་མོ་ནི་ཆུ་ཐུང་གི །མདོ་ནས་ནི་རྩང་དུ་བསྲིང༌། །ཡར་མོ་ནི་ཞེང་ཆུང་གི །ལྷོ་ནས་ནི་བྱང་དུ་བསྐྱེད། །ཡུ་བུ་ནི་རྗེ་དང་བློན། །རྗེ་ཡིས་ནི་འབངས་མ་བཏང༌། སོགས་སོ། །མཚན་ལ་འདྲི་བྱ་བ་ནི། མཚན་གང་ཞེས་བྱ་བའོ། །ཚིག་ཕྱི་མའི་དོན་ནི། སྔོན་ཡུལ་ཡར་མོ་ཙམ་ལས་མེད་པ་ལ། ད་ནི་རྒྱལ་ཁམས་འདི་ཙམ་དུ་རྒྱ་བསྐྱེད་བྱ་བའི་དོན་ནོ།།དེའི་ལན་དུ་མགར་གྱིས། དོན་དེ་དང་མཚུངས་པའི་གླུ་བླངས་སོ། །བླ་ན་རྗེ་སྒམ་པ་ཁྲི་སྲོང་བཙན། འོག་ན་བློན་མཛངས་པ་སྟོང་བཙན་ཡུལ་བཟུང་སྟེ། མངའ་ཐང་ཆེན་པོའི་རྐྱེན་དུ། ཇི་དང་ཇིར་ལྡན་ཏེ། ཕྱིའི་ཆབ་སྲིད་ནི་ཕྱོགས་བཞིར་བསྐྱེད། ནང་གི་ཁ་བསོ་ནི་མི་ཉམས་པར་ལྷུན་སྡུག །འབངས་མགོ་ནག་ཡོང་མཐོ་དམན་ནི་སྙོམས། དཔྱང་སྒྱུ་ནི་བསྐྱུངས། དལ་དུ་ནི་མཆིས།
༡༠༠ སྟོན་དཔྱིད་ནི་བསྐྱལ། མཛངས་པ་ནི་བསྟོད། དཔའ་བོ་ནི་བཀུར། ཆོས་བཟང་སྲིད་མཐོ་སྟེ། མི་ཡོངས་ཀྱིས་སྐྱིད་དོ། །བོད་ལ་སྔ་ན་ཡི་གེ་མེད་པ་ལ། བཙན་པོ་འདིའི་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་ཁྲིམས་ཆེ་པོ་དང༌། བློན་པོའི་རིམ་པ་དང༌། ཆེ་ཆུང་གཉིས་ཀྱི་དབང་ཐང་དང༌། ལེགས་པའི་བྱ་དགའ་ཉེས་པའི་ཆད་པ། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ །བྲེ་ཕུལ་དང་སྲང་ལ་སོགས་པ། བོད་ཀྱི་ཆོས་གཞུང་བཟང་པོ་ཀུན། བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལ་བྱུང་ངོ༌། །མི་ཡོངས་ཀྱིས་བཀའ་དྲིན་ཚོར་བས། སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་ཏོ། །ཞེས་པའོ།། ༼དཀྱུས༽ དེ་ལྟར་བྱུང་བ་ཆེན་པོའི་མཛད་སྒོ་རེའི་སྐབས་སུ་རྗེ་བློན་རྣམས་མགུར་རེ་བཞེངས་པའི་ལུགས་སྲོལ་ཡོད་པ་འདི་ལ་བསམ་ན། རྗེའི་མགུར་ལྷ་བྱ་བ་སོགས་ཀྱང༌། བཙན་པོའི་མགུར་བཞེས་པ་ལ་མཐུན་འགྱུར་མཛད་པའི་ལྷ་
༡༠༡ དག་ལ་ཟེར་རམ་སྙམ། དེས་ན་གོང་གི་འདི་ནི་སྐུ་ཚེ་སྟོད་གྱི་རྣམ་ཐར་དུམ་བུ་ཞིག་ཏུ་སྣང་ལ། ལར་རྒྱལ་པོ་འདའི་ཕྱག་རྗེས་གཙོ་བོ་གསུམ་ནི། བོད་ཀྱི་ཡུལ་གྲུ་རྒྱལ་ཁམས་ཆེན་པོའི་ས་ཁྱོན་དུ་བསྐྱེད་པ་དང༌། སྔོན་ཆད་མེད་པའི་ཡི་གེའི་སྲོལ་ཕྱེས་པ་དང༌། ཐུབ་པའི་བསྟན་པ་རིན་པོ་ཆེ་ཐོག་མར་སྤེལ་བ་འདི་རྣམས་ཡིན་ནོ། །འདིར་བོད་ཡིག་བྱུང་ཚུལ་གྱི་རྒྱལ་རབས་དང༌། འབྲེལ་བར་ཅུང་ཟད་དཔྱད་ན། དེ་ཡང་རྗེ་བུ་སྟོན་སོགས་ཀྱིས། ན་ག་རའི་ཡི་གེ་ལ་དཔེ་བྱས་ནས་ཐུ་མིས་མཛད་པར་བཞེད། ལཉ྄ཛ་མདོག་ལྡན་བྱ་བ་ཟུར་ཆག་པའི་ ལཉ྄ཛ་དང་ཝ་རྟུ་འཁྱིལ་བ་གཉིས་ལ་དཔེ་མཛད་ནས་དབུ་ཅན་དང་དབུ་མེད་མཛད་དོ་ཞེས་མཁས་པ་གཞན་དག་གིས་གསུངས། བོན་རྣམས་ཀྱི་ལྟར་ན། སྲོང་བཙན་གྱི་གོང་དུ་བོན་ཆོས་དེ་ཙམ་དར་བས་ཡི་གེ་མེད་ཟེར་བ་མི་བདེན་ཞིང༌། དེ་ཡང་སྟག་གཟིག་གི་སྤུངས་ཡིག་བྱ་བ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨན་
༡༠༢ བྲག་ཏུ་འགྱུར། དེ་རིམ་གྱིས་དབུ་ཅན་དང་འབྲུ་མར་འགྱུར་སོགས་ཟེར། གང་ལྟར་ཡང་ཐུ་མི་དེ་རྒྱ་གར་ན་གུ་པ྄ཏའི་རྒྱལ་རྒྱུད་དག་གིས་སྲིད་སྐྱོང་བའི་སྐབས་སུ་བྱོན་པ་ཡིན་ཞིང༌། ཤིན་ཏུ་ངོ་མཚར་བ་ནི། ཐུ་མི་དང་དུས་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་ཧརྵ་དང༌། ཀུན་མར་གུ་པ྄ཏ་གཞོན་ནུ་སྦས་པ་དང༌། སུ་རྱ་ཝ་རྨན་ཉི་མའི་གོ་ཆ་སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་ལ་སོགས་པ་ད་ལྟའི་བར་རྒྱ་གར་གྱི་ཡུལ་སོ་སོར་ཡོད་པ་དག་ལ། ཡི་གེ་བཀོད་པ་རྣམས་བོད་ཡིག་དང་ཧ་ཅང་འདྲ་ཆེ་ཞིང༌། ཅུང་ཟད་རྒྱང་ནས་བལྟས་ཚེ་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པར་འཆར། ཡིག་འབྲུ་ཕལ་ཆེར་མ་བསླབ་ཀྱང་ཐོར་རེ་བ་ཞིག་ཀློག་ཐུབ་པར་འདུག །དཔེ་མཚོན་ཙམ་བཀོད་ན། གཞོན་ནུ་སྦས་པའི་ཟངས་ཀྱི་གླེགས་བུ་ལ། ནམོམཧའཧཧཧཧཧཧཧཧཧཧཧཧཧ༌།ལྷ་ཆེན་པོ་ལ་ཕྱག་འཚལ་ལོ། །དཔལ་ཟླ་བ་སྦས་པའི་རྣམ་པར་རྒྱལ་བའི་རྒྱལ་སྲིད་ཀྱི་ལོ་གཉིས་པའི་སྨིན་དྲུག་གི་ཟླ་བ་ལཧཧཧཧ འདི་ལྟར་སྣང༌། དེས་ནས་བོད་ཡིག་གང་ལ་དཔེར་བཅད་པའི་ཕྱི་མོ་དེ་ཡང་གུ་པ྄ཏའི་ཡི་གེ་འདི་ཡིན་ནམ་སྙམ། དེར་མ་ཟད་རྙིང་མའི་གཏེར་ཡིག་གི་གྲས་ཀྱི་བརྡ་ཡིག་དེ་དག་ཀྱང་གུ་པ྄ཏའི་ཡི་གེ་ལ་ཤིན་ཏུ་འདྲ་བ་མང༌། གཞན་ཡང་ཞིབ་ཏུ་བརྟག་ཚེ། དབུ་ཅན་དབུ་མེད་གཉིས་ཀྱང་ཐོག་མ་ཞིག་ནས་མཉམ་དུ་མཛད་པ་མིན་པར། དབུ་ཅན་འདི་ཀ་རང་མགྱོགས་པར་བྲིས་པ་ལས་དབུ་མེད་རང་བཞིན་གྱིས་བྱུང་བ་ལྟར་མངོན་ཏེ། ད་ལྟ་ཡང་འབྲུག་ཡུལ་ན་དར་སྲོལ་ཆེ་ལྷོ་ཡིག་ཏུ་གྲགས་པའི་ཡིག་གཟུགས་རྣམས་ལ་བལྟས་ན། དབུ་ཅན་དབུ་མེད་དུ་འགྱུར་ཚུལ་མངོན་སུམ་དུ་མཐོང་བ་ལྟར་འདུག་སྟེ།
༡༠༤ དཔེར། ཀ་ཁ་ང་ཅ་ཆ་ཏ་ད་ན་མ་ཙ་ལྭ་ས་ཀཾ་སྤྱ་སྦ་རྩཧ ་འདིའི་བར་དབུ་མེད་ཀྱི་ཀ་ཁ་སོགས་ཡོད། འདི་འདྲར་འདུག་ཅིང༌། ཡི་གེ་གཞན་རྣམས་ནི་འགྱུར་ཚུལ་གོ་སླ། དེ་ཡང་སྔ་མོའི་ཡི་གེ་ཕལ་ཆེར་ལ། རྩེགས་མ་རྣམས་སྟེང་འོག་ཐད་ཀར་མེད་ཅིང༌། ཅུང་ཟད་སྔ་ཕྱིའི་ཚུལ་དུ་ཡོད་པ་རྒྱ་གར་གྱི་ཡི་གེ་བཞིན་དུ་སྣང་ཞིང༌། དབུ་མེད་ལ་ནི་ད་དུང་ཡང་ ༼ ༽ ༼ ༽ སོགས་ས༵་དང་ར༵་གཉིས་མདུན་དུ་བྲི་སྲོལ་ཡོད་པ་དེ་ཡིན་ལ། དེའི་ཕྱིར་ས༵་དང་པ༵་གཉིས་མཉམ་དུ་སྦྲེལ་བ་ལས། དབུ་མེད་ཀྱི་ས༵ྤ་ཡིག་ལ་ཡ༵་ཡིག་འདྲ་བ་ཞིག་བྱུང་དོན་ཡང་དེར་འདུག་ཅིང༌། དོན་ལ་ ༼ ༽ ཡིག་འདིའི་ཕྱེད་སྔ་མ་ ༼ ༽ ཡིག་དང་ཕྱེད་ཕྱི་མ་ ༼ ༽ ཡིག་དུ་སྣང༌། གཞན་ཡང་ཡིག་མགོའི་དང་ཀྱོག་འདི་ཡང་ཨོཾ་ཡིག་གི་གཟུགས་རིམ་གྱིས་འགྱུར་བར་ཤེས་ཏེ། རྒྱ་དཔེ་རྣམས་ཀྱི་ལྡེབ་དང་པོ་ལྡེབ་དང་པོ་ལ་ཨོཾ་ཡིག་རེ་བྲི་
༡༠༥ སྲོལ་འདུག་ཅིང༌། རྒྱ་ཡིག་གི་ཨོཾ་གྱི་གཟུགས་ནི་ད་ལྟའི་བར་ ༼ ༽ འདི་འདྲར་སྣང་ལ། རང་རེའི་དཔེ་རྙིང་འགའ་རེའི་དབུ་ལ་ཡང་དང་ཀྱོག ༼ ༽ འདི་འདྲ་འདུག །རྙིང་མའི་གཏེར་ཆོས་དག་གི་དབུ་ལ་ ༼ ༽ འདི་འདྲ་བྱུང་བ་དེ་ཡང་ཨོཾ་དུ་འདུག་སྙམ། གཏེར་ཚེག་བྱ་བ་དེ་ལ་ཡང༌། འབྲི་གུང་དཔལ་འཛིན་གྱིས། སྒྲོ་མདོ་དང་འགལ་ཞེས་དགག་པར་མཛད་མོད། དེ་སྒྲ་མདོའི་རྣམ་བཅད་དུ་མི་འདུག་གི། བོད་ཡིག་རྙིང་པ་རིགས་ལ་རྐང་པའི་མཐར་ཚེག་དྲག་གཉིས་རེ་དང༌། འགའ་རེ་ལ་ཚིག་རེ་རེ་བཞིན་ཚེག་དྲག་གཉིས་རེའི་བར་དུ་བཙུད་པ་སོགས་ལྷ་སའི་རྡོ་རིང་ལ་ཡང་འདུག་ལ། ཚེག་སྟེང་འོག་གཉིས་མཉམ་དུ་སྦྲེལ་བ་ལ་དབུ་མེད་ཀྱི་བར་ཚེག་ནར་མོ་དེ་བྱུང་བར་འདུག །དེས་ན་བོད་ཡིག་སྲོལ་གསར་དུ་ཕྱེས་ནས་བཟུང༌། ད་བར་ལོ་ཆིག་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད། དེའི་བར་ལ་བོད་ ༡༠༦ ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་རེ་གོ་ཐུབ་པ་ནི། བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད། རྒྱ་གར་ན་ལོ་ཆིག་སྟོང་གི་སྔོན་གྱི་གུ་པ྄ཏའི་ཡི་གེ་དང༌། དིང་སང་གི་ཡི་གེ་གཉིས་ཤིན་ཏུ་མི་འདྲ་བར་འགྱུར་ནས་སྣང༌། ལྷག་པར་ཡང་རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་རྣམས་དཔར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་གྱུར་ཅིང༌། དིང་སང་ཤིང་དཔར་འབོར་ཆེན་བོད་ཡུལ་ན་ཡོད་པ་འདི་ཙམ་ས་སྟེང་གཞན་གང་དུ་ཡང་མེད་པར་གྲགས། དཔར་ལས་བྱེད་པའི་མགོ་ཚུགས་པ་དེ་ནས་བཟུང་ཡིག་གཟུགས་དང་དག་ཆ་སོགས་ཀྱང་ཕལ་ཆེར་སྲོལ་ལུགས་གཅིག་ལས་ཅུང་ཟད་ཀྱང་མ་འགྱུར་བར་གནས་པ་ཙམ་བྱུང༌། དེས་ན་ད་དུང་ཡར་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆོ་འཇོག་བྱེད་པ་དེ་སྲིད་ ༡༠༧ དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང༌། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའ་བར་འཁྱེར་ཡང༌། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་ ༡༠༨ བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང༌། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིགས་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས། ༈ དེ་ལྟར་བོད་ཀྱི་ཡི་གེ་ནི་གུ་པ྄ཏའི་ཡི་གེ་ལ་དཔེ་བཅད་ནས། ཐུ་མིས་གསར་བཟོ་མཛད་པར་སྣང་ལ། ལར་ཆོས་དང་འབྲེལ་བའི་བོད་ཀྱི་སྲོལ་ལུགས་གང་ཡིན་དག་ལ། རྒྱ་གར་ན་དེ་དང་དེའི་ཐོག་མའི་ཕྱི་མོ་འདི་ཡིན་ནོ་སྙམ་པ་རེ་རྙེད་རྒྱུ་ཡོད་ཅིང༌། དཔེར་ན་ལྷ་སའི་གཙུག་ལག་ཁང་བཞེངས་ཚེ་ཡང༌། ཟུར་བཞི་གཡུང་དྲུང་གི་རིས་དང༌། ཀྭ་བ་རྣམས་ཕུར་བུའི་དབྱིབས་སུ་མཛད་ཅེས་གྲགས་པ་ལྟར་ཡིན་ལ། རྒྱ་གར་ན་སྔོན་གྱི་དགོན་གནས་
༡༠༩ ཞིག་རལ་དུ་སོང་བ་དག་མཇལ་བའི་ཚེ་ཡང༌། ཟུར་བཞི་གཡུང་དྲུང་གི་རིས་དང༌། ཀྭ་བ་ཕུར་བུའི་དབྱིབས་སུ་བྱས་པ་སོགས་རྒྱན་དང་བཀོད་པ་ཐམས་ཅད་འདྲ་བར་མ་ཟད་ཐ་ན་ཀྭ་བ་དེ་དག་གི་ཆེ་ཆུང་གི་ཚད་ཀྱང༌། རང་རེའི་ཇོ་ཁང་གི་ཀྭ་བ་འདི་རྣམས་དང་ཕན་ཚུན་གཅིག་གི་ཤུལ་དུ་གཅིག་འཛུགས་ནུས་པ་ཙམ་དུ་འདྲ་བར་སྣང༌། དེས་ན་ལྷ་སའི་གཙུག་ལག་ཁང་འདི་ཡང་བི་ཀྲ་མ་ཤི་ལའི་ལྷ་ཁང་ལ་དཔེ་བྱས་ནས་བཞེངས་སོ་ཞེས། དཔའ་བོ་གཙུག་ཕྲེང་སོགས་ཀྱིས་གསུངས་པ་དེ་བདེན་པར་སེམས། མདོར་ན་ཆོས་ཀྱི་རྒྱལ་པོ་ཆེན་པོ་འདིས་ནི། །ཚེ་གཅི༵ག་ཡུན་ལ་ཕན་པའི་མི་ཆོས་དང༌། །དོན་གཉི༵ས་འབྲས་བུ་སྩོལ་བའི་ལྷ་ཆོས་ཏེ། །དུས་གསུ༵མ་ཀུན་ཏུ་བདེ་དགེའི་དཔལ་སྦྱིན་པའི། །སྡེ་བཞི༵འི་ནོར་གྱིས་བོད་ཁམས་ཕྱུག་པར་མཛད། །ཞེས་ཀྱང་སྨྲའོ།། ༈ །།ཤོག་དྲྀལ་ ༼ང༽ བོད་ཀྱི་ ༡༡༠ བཙན་པོའི་མཚན་ལ་ཡོན་བཙན་སྲོང་བཙན་ཞེས་ཟེར། ལྷ་བྱར་ཡང་འབོད། བཙན་པོ་དེ་མཁྱེན་རྒྱ་ཆེ་ཞིང། སྐུ་རྩལ་ཆེ། སྐབས་འགར་རྟ་ལ་བཅིབ་སྟེ། གཡག་རྒོད་དང་རྐྱང་སོགས་ལ་རྔོན་བྱེད་དུ་ཡང་གཤེགས། རྒྱལ་ཁམས་མང་པོ་ཆབ་འོག་ཏུ་བཅུག །གོང་མ་ཐེ་ཙུང་གི་དུས། ཅེང་ཀྭན་གྱི་ལོ་བརྒྱད་པ་ སངས་རྒྱས་འདས་ནས་ལོ་ཆིག་སྟོང་བརྒྱ་དང་བདུ་ཅུ་དོན་བརྒྱད་ལ། བོད་ཀྱི་ཕོ་ཉའི་ཐོག་མ་གོ་མའི་ཕོ་བྲང་དུ་སླེབས། གོང་ནས་ཀྱང་བཙན་པོའི་མདུན་དུ་གསེར་ཡིག་པ་ཞིག་བཏང༌། དེ་ནས་གོང་མའི་སྲས་མོ་ཞིག་གྲུ་གུའི་རྒྱལ་པོ་ལ་བག་མར་གནང་བ་སྲོང་བཙན་གྱིས་གསནཏེ། ཕོ་ཉ་ཞིག་སྐྱེས་དང་བཅས་བཏང་ནས། སྲས་མོ་བག་མར་བསླང་བ་གོང་མས་མ་གནང༌། དེ་ལ་སྲོང་བཙན་ཐུགས་ཁྲོས་ནས་བོད་དམག་དྲངས་ཏེ། གྲུ་གུའི་ཡུལ་བཅོམ་པར། གྲུ་གུ་རྣམས་བྲོས་ནས་མཚོ་སྔོན་བྱང་ཕྱོགས་སུས་སྤོས། གྲུ་གུའི་ནོར་ཕྱུགས་དང༌།
༡༡༡ ཡོ་བྱད་ཐམས་ཅད་བོད་ཀྱི་ལག་ཏུ་ཤོར། དེའི་རྗེས་སུ་དང་ས྄༵ཡང་དང༌། བ༵་ཡི༵་ལ༵ང་དང་འཇང་རིགས་རྣམས་ཀྱང་བོད་ཀྱི་ཆབ་འོག་ཏུ་ཤོར། དེ་ནས་བོད་ཀྱི་བཙན་པོས་དམག་འབུམ་ཕྲག་གཉིས་འཁྲིད་དེ་རྒྱ་ནག་ཏུ་སླེབས། རྒྱའི་ཞིང་ཆེན་ཟོང་ཅོ་བཅོམ། དེའི་འོག་ཏུ་གོང་མ་ལ་ཕོ་ཉ་ཞིག་གི་ལག་ཏུ་ཡི་གེ་བསྲིང་ཞིང༌། གསེར་གྱི་ཁྲབ་ཞིག་ཀྱང་སྐྱེས་སུ་ཕུལ་ནས། གལ་ཏེ་སྲས་མོ་མི་སྟེར་ན་དམག་བྱེད་པ་ཡིན་ཟེར། གོང་མས་མ་གསན་པར། རྒྱའི་དམག་དཔོན་ཧ༵ན་པེ༵་བྱ་བ་དམག་ཉུང་ཙམ་འཁྲིད་ནས་བོད་ལ་འཐབ་ཏུ་བཏང་བས། བོད་རྣམས་ཀྱིས་ཁོ་ཕམ་པར་བྱས། དེ་ཙ་ན་རྒྱའི་འབངས་སུ་ཡོད་པའི་འཇང་རིགས་རྣམས་རྒྱ་ལ་ངོ་ལོག་སྟེ། བོད་ཀྱི་ཁོངས་སུ་འདྲེས། གོང་མས་དམག་ལྔ་ཁྲི་དང་བཅས་བོད་ཀྱི་སྟེང་དུ་བཏང༌། རྒྱ་དམག་རྣམས་མཚན་གཅིག་ལ་ཟོང་ཅོ་ན་ཡོད་པའི་
༡༡༢ བོད་ཀྱི་དམག་སྒར་སྟེང་དུ་རྒྱུགས་ཏེ། བོད་མི་སྟོང་ཕྲག་གཅིག་ཙམ་བསད་པས། བོད་རྣམས་འཇིགས་ནས་ཕྱིར་བྲོས། སླར་ཡང་རྒྱ་ནག་ཏུ་ཕོ་ཉ་བཏང་སྟེ་བཟོད་གསོལ་བྱས་ཤིང་སྲས་མོ་སློང་བར་གོང་མས་ཀྱང་གནང༌། དེ་དུས་སྲོང་བཙན་གྱིས། བློན་ཆེན་རུ་སྟོང་བཙན་ལ་གསེར་ཕྱེ་བྲེ་ལྔ་སྟོང་དང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་སྐྱེས་སུ་བསྐུར་བས་གོང་མ་ཡང་མཉེས་ཏེ། སྟོང་བཙན་རང་ལ་ཡང༌། རྒྱའི་སྲས་མོ་ཞིག་ཆུང་མར་སྩལ་བར། ཁོ་ན་རེ། ང་ལ་རང་ཡུལ་ན་ཆུང་མ་ཡོད་པས་དེ་དང་ཁ་བྲལ་དུ་ཡང་མི་རུང༌། ལར་ངེས་ཀྱི་བཙན་པོས་བཙུན་མོ་མ་བསུས་པའི་སྔོན་དུ་ངས་ཆུང་མ་ལེན་པ་ཡང་མི་རུང་ཞེས་བུ་མོ་ལེན་དུ་མ་འདོད་པས། གོང་མ་ལྷར་པར་ཐུགས་མཉེས། ཅེང་ཀྭན་གྱི་ལོ་ འདས་རྗེས་ཀྱི་ལོ་ཆིག་སྟོང་བརྒྱ་དང་བརྒྱད་ཅུ་གྱ་ལྔ་ལ། གོང་མས་འུན་ཅང་ཀོང་ཇོ་བོད་དུ་བརྫངས། རྒྱ་དཔོན་ལི་ཏ་ཙོང་བྱ་བས་བསྐྱལ། ས་མཚམས་
༡༡༣ སུ་སླེབས་ཚེ། སྲོང་བཙན་རང་ཉིད་དམག་དང་བཅས་པས་བསུ་བ་བྱས། པོ་ཧེ་བྱ་བའི་སར་དམག་སྒར་བཏབ། རྒྱ་དཔོན་རྣམས་དར་ཟབ་ཀྱི་གོས་བཀྲག་མདངས་ཅན་གྱོན་པ་མཐོང་ནས། བོད་རྣམས་ཆས་ངན་པས་ངོ་ཚ་བ་བྱུང༌། སྲོང་བཙན་བར་དུ་བོད་ཀྱི་བཙན་པོ་སུས་ཀྱང་གོང་མའི་སྲས་མོ་ཆུང་མར་བླངས་པ་མེད། དེའི་རྒྱུ་མཚན་གྱིས་བཙན་པོ་རང་ཡུལ་དུ་སླེབས་ནས། སྲས་མོའི་ཆེད་དུ་ཕོ་བྲང་དང་གྲོང་ལ་སོགས་པ་ཡང་རྩིགས། གོང་མའི་སྲས་མོ་བོད་ཀྱི་གདོང་ལ་ཚོན་དམར་པོ་བྱུགས་པའི་སྲོལ་དེ་ལ་མ་དགའ་ནས། སྲོང་བཙན་གྱིས་ཀྱང་སྲོལ་དེ་ཕྱིན་ཆད་བྱེད་མི་ཆོག་པར་མཛད། བཙན་པོ་རང་ཉིད་ཀྱང་དར་ཟབ་ཀྱི་གོས་གྱོན། མི་ཆེན་གྱི་བུ་རྣམས་རྒྱ་ནག་ཏུ་ཡོན་ཏན་སློབ་ཏུ་བཏང༌། གོང་མ་ལ་ཞུས་ངོར་རྒྱ་མི་ཡི་གེ་མཁས་པ་འགའ་ཙམ་བོད་དུ་མངགས། གོང་མ་ཀེའུ་ལིའི་ཡུལ་ ཉེ་དུས་བར་རི་པིན་གྱི་འོག་ཏུ་ཡོད་པ་དེ། ནས་སླར་བྱོན་ཚེ།
༡༡༤ བོད་ཀྱི་བཙན་པོས་བློན་ཆེན་སྟོང་བཙན་རྒྱ་ཡུལ་དུ་བརྫངས་ཏེ་ཡི་གེ་ཕུལ་བར། ༈ །གོང་མ་ཁྱེད་ཕྱོགས་ལས་རྣམ་པར་རྒྱལ་ཏེ། ཉི་ཟླའི་འོག་ན་གང་ཡོད་རང་དབང་དུ་འདུས་ཀྱང༌། ཀོ་ལི་རྣམས་ཡུལ་ཐག་རིང་སྟབས་བཀའ་ལ་མ་རྩིས། དེར་གནམ་གྱི་སྲས་རང་ཉིད་དཔུང་དང་བཅས་པར་བསྐྱོད་དེ་ཆུ་ཆེན་ལེ༵་བོ༵་བར་དུ་ཕེབས་ཤིང༌། གྲོང་ཁྱེར་དང་དམག་རྣམས་ཆམ་ཕབ་སྟེ། རྒྱལ་ཁ་དང་བཅས་ཕྱིར་བྱོན་པར་ཐོས། ཁྱིམ་གྱི་ངང་པ་ནི། རིའི་ངང་པ་ལྟ་བུའི་གཤོག་རྩལ་མི་ལྡན་ཡང༌། ངང་པའི་རིགས་སུ་མཐུན་པས་ན། འདིར་གསེར་གྱི་ངང་པ་ཞིག་སྐྱེས་སུ་ཕུལ་བ་ལགས། བྱ་བའོ། །ཚལ་པའི་དེབ་དམར་དུ་དྲངས་པར། གསེར་བྱ་ཆག་ཤིང་བདུན་གྱི་ཚད། ནང་དུ་ཆང་གིས་གང་བ་ཞེས་བྲིས། རྒྱ་གར་གྱི་རྒྱལ་པོ་ཧརྵ་གསོན་པའི་སྐབས་བྲམ་ཟེ་ཞིག་རྒྱའི་གོང་མ་ལ་སྐྱེས་འབུལ་དུ་རྫངས། ཧརྵ་འདི་བསྟན་འགྱུར་ན་བཞུགས་པའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་རྩོམ་པ་པོ་དེ་ཡིན་
༡༡༥ ཞིང༌། རྒྱལ་པོ་འདིའི་རྟོགས་བརྗོད་ཚིགས་བཅད་མ་ལེགས་སྦྱར་སྐད་དུ་བྲིས་པ། སློབ་དཔོན་བཱན་བྷཊ྄ཊ་ནགས་ཀྱི་དཔའ་བོས་མཛད་ཟེར་བ་ཞིག་ཀྱང་རྒྱ་གར་ན་སྣང༌། ཅེང་ཀྭན་གྱི་ལོ་ཉེར་གཉིས་པ་
༡༡༩༢ ལ། གོང་ནས་གསེར་ཡིག་པ་ཝང་ཧེན་ཙེ་བྱ་བ་རྟ་པ་སུམ་ཅུ་དང་བཅས་རྒྱ་གར་དུ་བཏང༌། དེ་དུས་ཧརྵ་གྲོངས་ཟིན་ཅིང༌། རྒྱལ་ཁམས་མི་བདེ་བའི་སྐབས་དང་འཕྲད། ཧརྵ་ལ་སྲས་མེད་པའི་རྐྱེན་གྱིས། བློན་པོ་ཨ་རྫུ་ན་ སྲིད་སྒྲུབ། བྱ་བ་ཞིག་ཁྲི་ལ་བསྡད་ཅིང༌། ནང་པ་རྣམས་ལ་ཤིན་ཏུ་འཚེ་བར་བྱས། རྒྱའི་གསེར་ཡིག་པ་བཅོམ་སྟེ། དངོས་ཆས་རྣམས་འཕྲོག་ཅིང་འཁོར་ཕལ་ཆེར་བསད། ཝང་ཧེན་རྩེ་རང་ཉིད་ཟླ་བོ་འགའ་དང་བཅས་མཚན་ལ་བྲོས་ཏེ། བོད་ཀྱི་ཆབ་འབངས་སུ་ཡོད་པའི་བལ་ཡུལ་དུ་སླེབས་ནས། སྲོང་བཙན་ལ་སྐྱབས་བཙལ་བས། བོད་ཀྱི་བཙན་པོས་བོད་དམག་གོ་ཧྲགས་ཆིག་སྟོང་ཉིས་བརྒྱ་དང༌། བལ་དམག་རྟ་པ་བདུན་
༡༡༦ སྟོང་དང་བཅས་པ་རྒྱ་གར་དུ་བཏང༌། གསེར་ཡིག་པ་དང་ལྷན་ཅིག་ཏུ་ཏི་ར་ཧི་ཏ་ལ་སླེབས། ཉིན་གསུམ་ཙམ་ལས་འཐབ་མ་དགོས་པར། རྒྱལ་ས་གཙོ་བོ་བཟུང༌། རྒྱ་གར་པ་སུམ་སྟོང་ཙམ་སྐེ་བྲེགས་ཤིང༌། སྟོང་གཅིག་ཙམ་ཉེ་འཁོར་ན་ཆུ་ཀླུང་ཡོད་པའི་ནང་དུ་བསྐྱུར། རྒྱལ་པོ་ཨ་རྫུ་ན་བྲོས་ཏེ་ཤོར་བ་སླར་ཡང་དམག་གསར་པ་དག་ཁྲིད་ནས་འཛིང་དུ་བྱུང་ཡང༌། མཐར་བོད་རྣམས་ཀྱིས་ཁོ་ཕམ་སྟེ། གཉེན་ཚན་དང་བཅས་པ་གསོན་པར་བཟུང་ནས་རྒྱའི་གོང་མའི་དྲུང་དུ་རྫངས། གོང་མ་ཤིན་ཏུ་མཉེས་ནས། ཐང་ཐེ་ཙུང་གྲོངས་པའི་སྐབས་སུ་ཡང༌། བང་སོའི་མདུན་ན་བོད་ཀྱི་བཙན་པོའི་འདྲ་བརྙེན་ཞིག་ཀྱང་བྱས་པ་དྲན་ཆེད་དུ་བཞེངས། བོད་རྣམས་ཀྱིས་རྒྱ་གར་པ་བསད་པ་དང་བཟུང་བའི་གྲངས་སྡོམ་པ་ཆིག་ཁྲི་སུམ་སྟོང་ཙམ་ལོངས་པ་བྱུང༌། ༡༡༧ ལྕགས་རི་ཅན་གྱི་གྲོང་ཁྱེར་བརྒྱ་དང་བརྒྱད་ཅུ་ཙམ་བོད་འབངས་སུ་བཅུག །དེ་ཐོས་ནས་རྒྱལ་པོ་ཨརྫུ་ནའི་དགྲ་ཟླ་ཀཱ་མ་རཱུ་བའི་རྒྱལ་པོ་ཀུ་མར་ཞེས་བྱ་བ་མགུ་ནས། རྟ་ཕྱུགས་དང་དངོས་ཆས་ཤིན་ཏུ་མང་པོ་བོད་ལ་བརྫངས། ཡོའུ་ཧེའི་ལོ་དང་པོ་
༡༡༩༣ ལ། གོང་ནས་སྲོང་བཙན་ལ་མག་པའི་ཆོ་ལོ་དང༌། དེ་ནས་མཚོ་སྔོན་གྱི་རྒྱལ་པོའི་གོ་ས་ཕུལ། ཡུལ་གཞན་གྱི་རྒྱལ་པོ་རྣམས་ལ་རྒྱའི་ཆོ་ལོ་ཕུལ་ནས། རིམ་གྱིས་དབང་དུ་འཇུག་པ་འདི་གནའ་དུས་ཀྱི་རྒྱའི་སྲིད་ཐབས་ཡིན་པར་གྲགས། དེ་དུས་སྲོང་བཙན་གྱིས། རྒྱ་དཔོན་ཆ༵ན་སུ༵ན་བརྒྱུད་ནས་གོང་དུ་ཡི་གེ་བཏང་བར། གནམ་གྱི་སྲས་ཁྲི་ལ་གསར་དུ་བཞུགས་པ་ལགས། གལ་ཏེ་གོང་མའི་ཆབ་འབངས་ངོ་ལོག་པ་བྱུང་ན། ཁོ་བོས་དམག་དྲངས་ཏེ་གྲོགས་ཏན་བྱས་པས་ཆོག །འདིར་གསེར་གྱི་ཡོ་བྱད་རྣམ་གྲངས་བཅོ་ལྔ་གོང་མའི་མདུན་དུ་ཕུལ། བྱའོ། །
༡༡༨ དེའི་རྗེས་སུ་གོང་མ་གསར་པས་བཙན་པོ་ལ་རྒྱལ་པོའི་ཆོ་ལོ་ཕུལ་ཞིང༌། རྒྱ་ལུགས་ཀྱི་སྟོན་ཆེན་བཏེགས། བོད་ཀྱིས་ཞུས་ངོར། དར་གྱི་འབུ་དང༌། ཤེལ་དང༌། ཆང་དང༌། རང་འཐག་བཟོ་མི་རྣམས་བོད་ལ་བཏང༌། ཆི་ཀོའུའི་ལོ་དང་པོ་ ༡༡༩༤ ལ། སྲོང་བཙན་སྐུ་འདས། གོང་མའི་ཕོ་ཉ་བོད་དུ་སེམས་གསོ་ལ་བཏང་ཞིང༌། འདུང་ལ་མཆོད་འབུལ་བྱས། སྲོང་བཙན་ལ་སྲས་མེད་པས། ཚ་བོ་ཞིག་ཁྲི་ལ་འཁོད། དེ་ན་ཆུང་སྟབས་རྒྱལ་སྲིད་ཀྱི་བྱ་བ་རྣམས་མགར་སྟོང་བཙན་བསྐྱངས་སོ། །ཞེས་པའོ།། ༼དཀྱུས༽ དེ་ལ་ཚ་བོ་འདི་སྲས་མང་སྲོང་མང་བཙན་སྔར་ནས་གྲོངས་པ་དེའི་སྲས་ཡིན་ཅེས་རྒྱལ་རབས་ཡོངས་གྲགས་རྣམས་སུ་བྱུང༌། སྤྱིར་སྲོང་བཙན་ལ་སྐུའི་གཉེན་ཚན་དུ་གྱུར་པ་ནི། སྐུ་སྲིང་སད་མ་ཀར་བྱ་བ་དང༌། ཡང་ཤོག་དྲིལ་ཀ་པའི་དབུ་ཤོག་རལ་བ་དེའི་ཐད་ན། སྲོང་
༡༡༩ བཙན་གྱི་གཅུང་བཙན་སྲོང་དང་སྐུ་མཆེད་གཉིས་མ་འཆམ་པའི་མཐར། བཙན་སྲོང་གཉལ་གྱི་ཡུལ་དུ་བཞུགས་སུ་བཅུག་ཅེས་བྲིས་འདུག་པ། དེ་དག་གི་ལོ་རྒྱུས་ཀྱང་རྩད་བཅད་པར་བྱའོ། །དེ་ལྟར་ཀོ་ཇོ་བྱོན་པའི་ལོ་དང༌། སྲོང་བཙན་འདས་པའི་ལོ་གཉིས་ནི་རིམ་པ་བཞིན། ལྕགས་གླང་དང་ལྕགས་ཁྱི་ཡིན་པར་ལོ་རྒྱུས་ཐམས་ཅད་ཁ་མཐུན་ཞིང༌། གོ་འོག་གི་རྒྱལ་རབས་འདི་གཉིས་ཀྱང་མཐུན་པས། དོགས་དཔྱོད་ཅིང་ཡང་མ་དགོས། འོན་ཀྱང་འཁྲུངས་པའི་ལོ་ནི་གླང་ཡིན་པར་ལོ་རྒྱུས་མང་པོར་བཤད་ཀྱང༌། གླང་དེའི་དབང་ཐང་དང༌། དེ་ལོ་སྐོར་གང་གི་ཡིན་པ་ལ་མཁས་པ་རྣམས་མི་མཐུན། ལྔ་པ་ཆེན་པོ་དང་འགོས་ཀྱིས་མེ་གླང་དུ་གསུང༌། ལྷག་པར་འགོས་ཀྱིས་གླང་དེ་དྲུག་ཅུ་སྐོར་སྔ་མའི་
༡༢༠ ས་གླང་དུ་བྱས་ནས། སྲོང་བཙན་དགུང་ལོ་བརྒྱད་ཅུ་རྩ་གཉིས་བཞུགས་པར་གསུངས། སྤྱིར་བོད་ཀྱི་ལོ་རྒྱུས་རྙིང་པའི་རིགས་ལ། གླང་སྟག་སོགས་ཀྱི་ལོ་ཙམ་ལས། ལོ་ཁམས་བཤད་པ་ཡེ་མེད་པས། རང་བྱུང་དང་པོ་ཡན་ཆད་ཀྱི་ལོ་ཚིགས་རྣམས་གཏན་ལ་འབེབས་ཚེ། ལོ་རྒྱུས་ཤིན་ཏུ་མང་པོ་བསྡུར་ནས་དཔྱད་དགོས་པས། ཡང་དག་པར་ནི་འགོས་ལོ་ལྟ་བུའི་མཁས་པ་མ་གཏོགས་སུས་ཀྱང་མི་ནུས། འོན་ཀྱང་འགོས་ཀྱི་བཞེད་པ་ལ་ཡང་རྣམ་པ་ཀུན་ཏུ་ལོང་བ་གླང་འཇུག་གི་ཚུལ་དུ་བྱས་ན་མི་རུང་བ་ཡང་རེ་གཉིས་ཡོད་དམ་སྙམ། དེས་ན་འགོས་ཀྱི་བཞེད་པ་གསལ་བར་བཤད་ན་འདི་ཡིན་ཏེ། དེ་ཡང་ཀོའུ་ཙུང་གིས་ས་སྟག་ལ་ཁྲི་བཟུང་དུས་སྲོང་བཙན་དགུང་ལོ་ལྔ་བཅུ་ལ་ཕེབས། ཀོའུ་ཙུང་ལོ་དགུ་སྡད། དེ་ནས་ཏེ་ཙུང་ཁྲི་ལ་འཁོད་དུས་སྲོང་བཙན་ང་དགུ་ལ་ཕེབས། ཐེ་ཙུང་གི་ལོ་དགུ་པ་ནས་རྒྱ་
༡༢༡ བོད་ཀྱི་འབྲེལ་བྱུང༌། དེ་ནས་ལྕགས་གླང་ལ་ཀོང་ཇོ་བག་མར་བརྫངས། དེ་དུས་སྲོང་བཙན་དོན་གཉིས་ལ་ཕེབས། དེ་ནས་ད་དུང་ལོ་དྲུག་འགོར་བ་བདེན་ན། སྲོང་བཙན་དོན་དགུ་ལ་ཕེབས་ཚེ་ཀོང་དང་བཤོས། བཙན་པོ་གྲོངས་ནས་ཀོང་ཇོ་བོད་དུ་ལོ་སོ་གཅིག་བཞུགས་པ་སོགས་ཡིན་ཏེ། དེབ་སྔོན་ལ་ཞིབ་ཏུ་གཟིགས་པར་འཚལ། དེ་ལ་སྲོང་བཙན་འདས་པའི་ལོ་ནི་འགོས་རང་ཉིད་ཀྱང་རྒྱའི་ལོ་རྒྱུས་ལ་བརྟེན་པར་གསལ་མོད། འཁྲུངས་ལོ་དེ་རྒྱུ་མཚན་ཅི་འདྲ་ཞིག་ལ་བརྟེན་པ་ནམ་ཡང་གསལ་བར་མ་གསུངས། ཡོངས་སུ་གྲགས་པའི་ལོ་རྒྱུས་རྣམས་ན། སྲོང་བཙན་དགུང་ལོ་བཅུ་གསུམ་པར་ཁྲི་ལོ་བཞུགས་ནས་རྒྱ་བཟའ་བསུ་བའི་གྲོས་མཛད་ཅེས་བཤད་པ་འདི་བདེན་ན། འགོས་ཀྱི་བཞེད་པའི་ལྕགས་གླང་དེའི་སྐབས་ཀོང་ཇོ་བགྲེས་མོ་ལོ་དྲུག་ཅུ་ལྷག་བཞེས་པ་
༡༢༢ ཞིག་བག་མར་འབྱོན་དགོས། དེས་ན་འགོས་ཀྱིས་གདོན་མི་ཟབ་བར་ལོ་དྲུག་ཅུ་སྐོར་སྔ་མའི་ས་གླང་དང༌། ཕྱི་མའི་ས་གླང་ནོར་བར་ཟད་དེ། རྩ་བ་འདི་ནས་ནོར་བའི་དབང་གིས། དར་མས་ཆོས་སྣུབས་པའི་ལྕགས་བྱ་ནས་ལོ་དུ་སོང་བརྩིས་པ་ན་ཡང༌། རེས་དྲུག་ཅུ་སྐོར་གཅིག་ལྷག །རེས་དྲུག་ཅུ་སྐོར་གཅིག་ཆད་པ་གཉིས་དེབ་སྔོན་གྱི་མགོ་མཇུག་ཀུན་ཏུ་ཡོད་པ། ཞིབ་ཏུ་རྩིས་དང་ཤེས། སྤྱིར་སྲོང་བཙན་བརྒྱད་ཅུ་ལྷག་བཞུགས་ཟེར་མཁན་རྣམས་ཀྱིས་རྒྱལ་པོ་དགུང་ལོ་དོན་དགུའི་སྐབས་རྒྱ་བཟའ་བག་མར་བཞེས་སོ་བྱ་བ་འདི་འཛུམ་བག་ཅུང་ཟད་དང་བཅས་ཁས་ལེན་དགོས་པ་བཟློག་ཏུ་མེད་ལ། ཁོང་རྣམས་བརྒྱད་ཅུ་བཞུགས་ཟེར་བ་དེ་ཡང༌། དོན་ལ་རྒྱུད་ཀྱི་ལུང་བསྟན་ཞིག་ལ་བརྟེན་པ་ཙམ་ཡིན་ལ། རྒྱུད་ཚིག་དེའི་དོན་ཡང་ཆེས་གཞན་ཞིག་ཡིན་མོད་ཀྱི། སྐབས་སུ་མ་བབས་པས་འདིར་མ་སྤྲོས་སོ། ། ༡༢༣ དེས་ན་ཀུན་མཁྱེན་བུའི་བཞེད་པ་བཞིན་བྱས་ཏེ། སྲོང་བཙན་མེ་གླང་ལ་འཁྲུངས། ས་གླང་དེ་ཁྲི་ལ་ཕེབས་པའི་ལོར་བྱས། ལྷག་མའི་ལོ་ཚིགས་རྣམས་རྒྱའི་ལོ་རྒྱུས་སོར་བཞག་བྱས་ནས། དེ་ཐམས་ཅད་དྲུག་ཅུ་སྐོར་ཅིག་གི་ནང་དུ་རྐྱང་རྩིས་སུ་བྱས་ན་རྒྱུ་མཚན་ཤིན་ཏུ་ཆེ་སྙམ་ཞིང༌། དེ་ལྟར་བྱས་ཚེ། སངས་རྒྱས་མྱང་ངན་ལས་འདས་ནས་ལོ་ཆིག་སྟོང་བརྒྱ་དང་རེ་གཅིག་པའི་མེ་གླང་ལ་སྲོང་བཙན་འཁྲུངས། རང་ལོ་བཅུ་གསུམ་བཞེས་ཚེ་ཁྲི་ལ་ཕེབས། བཅོ་བརྒྱད་བཞེས་ཚེ་རྒྱ་བོད་ཀྱི་འབྲེལ་ཐོག་མར་བྱུང༌། ཉེར་ལྔ་བཞེས་ཚེ་ཀོང་ཇོ་བག་མར་བྱིན། དེས་ན་དེབ་སྔོན་དུ་བོད་རྣམས་ལོ་ངོ་བརྒྱད་ཙམ་དུ་རྒྱ་ལ་འཐབ་མོ་བྱས་གསུངས་པ་ཡང༌། སྲོང་བཙན་གྱི་བཅོ་བརྒྱད་ནས། ཉེར་ལྔའི་བར་གྱི་ལོ་འདི་རྣམས་ཡིན་པར་སེམས། དེ་ནས་རང་ལོ་སོ་བཞི་པ་ལྕགས་ཁྱི་ལ་གྲོངས། དེའི་ཤུལ་དུ་ཀོང་ཇོ་ལོ་སོ་གཅིག་བཞུགས་ནས།
༡༢༤ འདུས་སྲོང་མང་པོ་རྗེའི་ཁྲི་ལོ་བཞི་པ་ལྕགས་འབྲུག་ལ་འདས། དེས་ན་འོག་ཏུ་བཀོད་བཀོད་པའི་རྒྱལ་རབས་ ༼ཀ༽ པ་ལས། མང་སྲོང་གི་ཁྲོ་ལོ་ཉེར་དྲུག་ཚར་ནས། རྒྱལ་པོ་འདུས་སྲོང་གི་ཁྲི་ལོ་བདུན་གྱི་བར་དུ་བརྩིས་པའི་ལུག་གི་ལོ་ལ། བཙན་མོ་མུན་ཅང་ཀོང་ཅོའི་མདངས་བཏང༌། ཞེས་བྲིས་པ་ཡང་ཀོང་ཇོ་གྲོངས་ནས་ལོ་གསུམ་ན་མདངས་མཆོད་བཏང་བར་འདུག །འདི་ལྟར་བྱས་ཚེ་བོན་གྱི་བྱམས་མ་བྱ་བའི་ལོ་རྒྱུས་སུ་ཡང༌། སྲོང་བཙན་བོན་ལ་སྡང་བས་དགུང་ལོ་ཡང་སོ་དྲུག་ལས་མ་ཐུབ་ཅེས་བྲིས་པ་དེ་ཡང༌། གྲོངས་ནས་ལོ་གཉིས་ཙམ་གསང་རྒྱ་བྱས་ཚུལ་རྒྱལ་རབས་ ༼ཀ༽ པར་གསལ་བ་དེ་དང་འགྲིག་འདུག་པས། སྐྱེས་བུུ་མང་དུ་སྨྲ་བ་ལ། །བདེན་པའི་དོན་གཅིག་མེད་པ་མིན། །གསུངས་པ་ལྟར་སྣང་ངོ༌། །ལར་བརྒྱད་ཅུ་བཞུགས་པ་དང༌། སོ་བཞི་ལས་ལྷག་མ་
༡༢༥ བཞུགས་པ་དང༌། ཡབ་ཡུམ་གསུམ་མཉམ་དུ་གྲོངས་པ་དང༌། ཡང་ཚད་པའི་བསྙུན་གྱིས་རིམ་ཅན་དུ་འདས་པ་དང༌། ཀོང་ཇོ་ཤུལ་དུ་ཡུན་རིང་བཞུགས་པ་སོགས་མི་འདྲ་བ་འདི་ཀུན། སྤྲུལ་པའི་རྒྱལ་པོའི་རྣམ་པར་ཐར་པ་གཅིག་ཉིད། བློ་གྲོས་རྩིང་ཞིབ་ཀྱི་གདུལ་བྱ་སོ་སོའི་དོན་མི་འདྲ་བར་སྣང་བ་ཙམ་ཡིན་ལ། རྣམ་པ་གཅིག་ཏུ་ན། རྒྱལ་པོ་ཡབ་ཡུམ་སྤྲུལ་པའི་སེམས་དཔར་སྙིང་ནས་ཡིད་ཆེས་པ་དག་ལ་ནི། སངས་རྒྱས་ཕར་ཟད། ས་ཐོབ་འཕགས་པ་གཅིག་གིས་ཀྱང༌། དུས་གཅིག་ལ་མཛད་པ་མི་འདྲ་བ་གསུམ་དུ་མ་ཟད། མི་འདྲ་བ་བརྒྱ་ཕྲག་སྟོན་པ་ལ་ཡང༌། འགལ་བ་ཅུང་ཟད་ཀྱང་འོངས་པའི་དོན་མེད་ལ། དེ་མིན་སེམས་ཀྱི་གཏིང་ན། སངས་རྒྱས་ཀྱི་མཛད་པ་ལ་འཇིག་རྟེན་གྱི་ཚད་ཐིག་འདེབས་པའི་བག་ཆགས་ཤིན་ཏུ་འཐུབ་པ་རྣམས་གྱིས་ནི། གཅིག་འདོད་ན་གཞན་འདོར་དགོས་པ་འོས་
༡༢༦ མེད་ལགས་པས། རང་རང་གིས་ཇི་ལྟར་མོས་པ་བཞིན་བྱ་བར་ཟད་དོ། དེ་ལྟར་ཞིབ་མོའི་ལོ་ཚིགས་ནི་གོང་དུ་སྨོན་པ་དེ་ཡིན་ལ། རགས་པའི་དུས་བསྒྲིགས་ན། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང༌། རྒྱ་གར་གྱི་རྒྱལ་པོ་ཤྲིའ་ཧརྵ་དང༌། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་དང༌། ནག་མོའི་འཁོལ་དང༌། དབྱུག་པ་ཅན་དང༌། ཐང་གུར་གྱི་གོང་མ་ཐེ་ཙུང་དང༌། ཏ་ཟིག་གི་གོང་མ་ཡིཥ྄ཊ་གི་རྡ་རྣམས་དུས་མཉམ་ཞིང༌། ཁ་ཆེ་རྣམས་ཀྱི་སྟོན་པ་སྦྲང་རྩིའི་བློ་གྲོས་ཀྱང་འདི་དག་དང་དུས་མཚུངས་སོ། །སྟོན་པ་འདི་ལ་ཁ་ཆེའི་རང་སྐད་དུ་མོ་ཧ་མཏ་ཞེས་འབོད་པ་རྒྱ་སྐད་ཟུར་ཆགས་ནས་མདྷུ་མ་རི་ཞེས་བྲིས་པདེ་སྦྲང་རྩིའ་བློ་གྲོས་ཞེས་བསྒྱུར་བར་འདུག །བཙན་པོ་དགུང་ལོ་བཅུ་གསུམ་པར་ཁྲི་ལ་ཕེབས་ཚེ། དབུས་གཙང་གཉིས་ཙམ་གྱི་བདག་པོ་ཡིན་པ་ལ། ལོ་ཉུང་ངུ་དེ་ཙམ་ཞིག་གི་ཡུན་ལ། ཞང་ཞུང༌། བལ་ཡུལ། རྒྱལ་གར་བྱང་ནས་བཟུང་སྟེ།
༡༢༧ ཤར་དུ་རྒྱའི་ཟོང་ཅོ་ལ་ཐུག་གི་བར་དབང་དུ་བསྡུས་པ་ཅང་སྲིད་དམ་སྙམ་དུ་ཡང་བསམ་པར་མི་བྱ་སྟེ། གནའ་དུས་ཀྱི་གྷི་རིག་གི་དཔའ་བོར་གྲགས་པ། དམག་དཔོན་ཨེ་ལགས་ཟན་ཌར་གྱིས་ཀྱང༌། ཏ་ཟིག །ཨར་བྷི། རྒྱ་གར་སོགས་ཀྱི་ས་དེ་སྙེད་བཟུང་སྟེ། སླར་རང་ཡུལ་དུ་འཁོར་ནས་ཤིན་བ་ན། ད་དུང་ལོ་སུམ་ཅུ་སོ་གཉིས་ལས་མ་ལོན་ཟེར་ན། དྲག་པོ་རྟ་མཆོག་རོལ་པ་མི་གཟུགས་ཀྱི་གོ་ཁྲབ་གྱོན་པའི་རྒྱལ་པོ་འདི་ལྟ་བུ་ནི་ལྟ་ཅི་སྨོས་པའི་ཕྱིར་རོ། །དེས་ན་རྒྱལ་པོ་འདིའི་རྣམ་པར་རྒྱལ་བའི་དཔལ་ནི། བསམ་ན་ངེས་པར་ངོ་མཚར་བའི་གནས་ཡིན་ཏེ། སྤྱིར་ཁྲི་སྲོང་ལྟ་བུར་མངའ་ཐང་འདི་དུས་ལས་རྒྱ་ཆེ་ཡང༌། གདུང་རྒྱུད་གོང་མ་རྣམས་ཀྱི་དབང་བའི་ཆབ་སྲིད་ཆེན་པོ་སྔར་ཡོད་ཀྱི་སྟེང་དུ། དཔུང་སྟོབས་ལྷག་པར་དར་བ་ཙམ་ཡིན་ལ། རྒྱལ་པོ་འདི་ནི་ཐོག་མར་ཡུལ་ཕྲན་འགའ་
༡༢༨ ཞིག་གི་བདག་པ་ཙམ་དུ་བཞུགས་པ་ལས། ཡུན་ཐུང་ངུ་དེ་ཙམ་ཞིག་གི་རིང་ལ། ལེ་བར་ཁྲི་ཁྲག་དུ་མས་འཁྱུད་པའི་ས་ཁྱོན་ལ་མངའ་མཛད་པའི་ཕྱིར་རོ། །ཐེ་ཙུང་ནི་ཐང་གུར་གྱི་གོང་མའི་ཁྲོད་ན་སྟོབས་ཤུགས་ཀྱིས་གྲགས་སྙན་ཅན་ཡིན་མོད་ཀྱི། དེ་ཡང་དོན་ལ་བོད་ཀྱི་དཔུང་གི་རྔམས་ཟིལ་མ་བཟོད་པའི་ཁར། སྔར་སྲས་མོ་མི་སྟེར་བའི་ཁ་ཆད་བྱས་པ་ལ་རྩིས་ཏེ། རེ་ཞིག་འཐབ་པའི་འཁུལ་དུ་བྱས་ཤིང༌། བོད་དམག་ལ་ཉམས་ཉེ་པ་ཅུང་ཟད་བྱུང་བའི་མཇུག་ཏུ། ཀོང་ཇོ་ཡང་དེ་མ་ཐག་གནང་བ་ཡིན་ནོ་ཞེས་མཁས་པ་འགའ་ཞིག་གིས་ཟེར་ཏེ། ཤིན་ཏུ་བདེན་པ་འཁུམས་ཞིང༌། ཐེ་ཙུང་ནས་བཟུང་རྒྱའི་མཁར་མིག་སུམ་བརྒྱ་ཙམ་བོད་ཀྱི་ལག་ཏུ་ཤོར་ཞེས་ཟེར་རོ། །གཡོ་མེད་སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །ཡུད་ཙམ་ཁྲོས་པའི་སྤྱན་གྱི་སྡང་མིག་གིས། །གསེར་འབྲུག་སྡེར་ལྔའི་ཁྲི་ལ་
༡༢༩ འགྱིངས་པ་ཡི། །མཐུ་ལྡན་གནམ་གྱི་བུ་ཡང་འདར་བར་བྱས། །ཞེས་བྱ་བ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སོ།། །།སྲོང་བཙན་གྱི་རྗེས་སུ། བཙན་པོ་མང་སྲོང་མང་བཙན་བོད་ཀྱི་ཁྲི་ལ་བཞུགས་པ་ཡིན་ཅིང༌། མང་སྲོང་འདི་སྔར་བཤད་པ་ལྟར་སྲོང་བཙན་གྱི་སྐུའི་ཚ་བོ་ཡིན། འདི་ཁྲི་ལ་འཁོད་དུས་སྐུ་ན་ཤིན་ཏུ་ཕྲ་བས། དོན་ལ་བླཽན་ཆེན་པོ་མགར་སྟོང་བཙན་གྱིས་སྲིད་ཀྱི་གཉེར་ཁ་ཐམས་ཅད་བསྐྱངས། འདིའི་ཁྲི་ལོ་ལྔ་པའི་ཤིན་སྟག་ལོ་ནས་བཟུང་འདུན་མ་བསྡུས་བྱ་བའི་སྒྲོས་བྱུང་ཞིང༌། དེ་ཡང་རྗེ་བློན་ཐམས་ཅད་འཛོམས་ཏེ་ལོ་རེ་བཞིན་གྱི་ཆབ་སྲིད་སྐོར་ལ་བཀའ་མོལ་གནང་བའི་ཚོགས་འདུ་ཆེན་པོ་རེ་ཡོད་པར་སྣང་ལ། ཁྲི་ལོ་ཉེར་གསུམ་པའི་དུས་ནས་དབྱར་འདུན་དང་དགུན་འདུན་གྱི་ཚོགས་འདུ་གཉིས་དང༌།
༡༣༠ ཡང་མདོ་སྨད་ཀྱི་འདུན་མ་བྱ་བའི་ཚོགས་འདུ་ཞིག མདོ་སྨད་རང་དུ་ཚོགས་རྒྱུ་ཡོད་པ་སོགས་ཀྱང་འོག་གི་སྒྲོས་ལ་གསལ་ལོ།། ༈ ༼ཀ༽ གོང་དུ་དྲངས་པའི་འཕྲོས། སངས་རྒྱས་འདས་རྗེས་ཀྱི་ ༡༡༩༤ ལྕགས་ཕོ་ཁྱིའི་ལོ་ལ་བབ་སྟེ། བཙན་པོ་མྱེས་ཁྲི་སྲོང་བཙན་གྱི་སྤུར་ཕྱིང་བའི་རིང་ཁང་ན་མཁྱུད་ཅིང་བཞུགས་ཏེ། བཙན་པོ་དབོན་ཁྲི་མང་སློན་མང་བཙན་མེར་ཀེར་ན་བཞུགས་པ་ལོ་གཅིག ། ༈ སངས་རྒྱས་འད་རྗེས་ཀྱི་ ༡༡༩༥ ལྕགས་མོ་ཕག་གི་ལོ་ལ་བབས་སྟེ། བཙན་པོ་ཉེར་ཀར་ན་བཞུགས་ཤིང༌། ཕྱིང་བར་བཙན་ཕོ་མྱེས་ཁྲི་སྲོང་བཙན་གྱི་མདངས་བཏང་བར་ལོ་གཅིག ། ༈ སངས་རྒྱས་འདས་རྗེས་ཀྱི་ ༡༡༩༦ པ་ཆུ་ཕོ་བྱི་བའི་ལོ་ལ་བབས་ཏེ། བཙན་པོ་མང་སྲོང་བཙན་ཕོ་བྲང་ཉེན་ཀར་ན་བཞུགས་ཤིང༌། བློན་ཆེན་མགར་སྟོང་བཙན་གྱིས། གློ་བོ་དང་རྩང་རྒྱའ་འབངས་སུ། བཀུག་པར་ལོ་གཅིག ༈ འདས་རྗེས་ཀྱི་ ༡༡༩༧ བ་ཆུ་མོ་གླང་གི་ལོ་ལ་བབས་ཏེ། བཙན་
༡༣༡ པོ་ཉེན་ཀར་ན་བཞུགས་ཤིང༌། བློན་ཆེན་སྲོང་བཙན་གྱིས། གཡུག་ཏུ་གནག་ལིངས་ཏེ་ཤ་ཁྲལ་ཆེན་པོ། ང༵་ད་རྒྱ༵ལ་མ༵ང་པོ༵་རྗེ༵ས་ཞིང་གི་ཕྱིང་རིལ། ཏེ་ཡུལ་མིའི་སོ་ནམ་གྱི་གཉེར་ཁ་དགྱིས། ར༵་ས༵ང་རྗེས་བློན་རེས་སྟགརྷ྄ཡ་དང་ཞིག་གི་ཚོང་ཆེན་སྦྱར། འདི་ནི་སྟགརྷ྄ཡ་བྱ་བའི་རྒྱབ་ཁབ་ཞིག་དང་བོད་གཉིས་ཚོང་འབྲེལ་བྱས་སམ་སྙམ། ཞང་ཞུང་ཡུལ་གྱི་མངན། ཏེ་རྫོང་དཔོན་དུ་སྦུུག་གྱིམ་བཙན་རྨང་ཆུང་བཅུག པ་སྟེ་བསྐོས་རྨང་ཆུང་འདི་སྔར་སྲོང་བཙན་གྱི་སྐབས་བང་ཆེན་དུ་བྱས་ཏེ་ཞང་ཞུང་ཡུལ་དུ་བཏང་བ་དེ་ཡིན་ནམ་སྙམ། མདོ་སྨད་དུ། ཀ༵་མ༵་ཁྲི༵་བཟང་བྱེ་མདའ། ཐོང་མྱིས་བཀུམ་སྟེ་ཤ་གཉེར་བ་ སྟེ་དགྲ་ཤ་གླན། པར་ལོ་གཅིག ༈ འདས་རྗེས་ཀྱི་ ༡༡༩༨ ཤིང་ཕོ། སྟག་གི་ལོ་ལ་བབས་ཏེ། བཙན་ཕོ་མེར་ཀེ་ནའ་བཞུགས་ཤིང༌། བློན་སྟོང་བཙན་གྱིས་ཡུལ་མོང་ཕུ་སྲལ་འཛོང་དུའ་ འདུན་མ་ བསྡུས་ཏེ། རྒོད་གཡུང་ སྟེ་ཕོ་རྒོད་དང་ཕལ་པའི་ཁྱད་པར་ དབྱེ་ཞིང༌། མཁོ་ཤོམ་ སྟེ་གྲབས་ཤོམ་ ཆེན་པོ་གྱི་བའི་རྩིས་མགོ་བགྱིས་པར་
༡༣༢ ལོ་གཅིག ༈ འདས་རྗེས་ཀྱི་ ༡༡༩༩ ཤིང་མོ། ཡོས་བུའི་ལོ་ལ་བབ་སྟེ། བཙན་པོ་མེར་ཁེ་ན་བཞུགས་ཤིང༌། བློན་ཆེན་སྲོང་བཙན་གྱིས་ ཡུལ་ ཏིར་བཀའ་ཁྲིམས་ཀྱི་ཡི་གེ་བྲིས་པར་ལོ་གཅིག ༈ འདས་རྗེས་ཀྱི་ ༡༢༠༠ མེ་ཕོ་འབྲུག་གི་ལོ་ལ་བབས་ཏེ། བཙན་པོ་མེར་ཀེ་ན་བཞུགས་ཤིང༌། བློན་ཆེན་སྲོང་བཙན་གྱིས་གཙང་གི་ཡུལ་མར་དུའ་ཤ་ལིངས་ཏེ་ཤ་ཁྲལ་ཆེན་པོ་བཏབ་པར་ལོ་གཅིག ༈ འདས་རྗེས་ཀྱི་ ༡༩༠༡ མེ་མོ། སྦྲུལ་གྱི་ལོ་ལ། བཙན་པོ་མེར་གེ་ན་བཞུགས་ཤིང༌། བློན་ཆེན་སྟོང་བཙན། དབྱར་སྙིང་དྲུང་གི་གཡོ་ཐལ་བ་གོང་ན་མཆིས་པར་ལོ་གཅིག ། ༈ འདས་རྗེས་ཀྱི་ ༡༢༠༢ ས་ཕོ་རྟའི་ལོ་ལ་བཙན་པོ་མཻར་ཀེ་ན་བཞུགས་ཤིང༌། བློན་ཆེན་སྟོང་བཙན་སྙིང་དྲུང་གི་སྣ་རིངས་ན་མཆིས་པར་ལོ་གཅིག ལོ་འདི་མགར་སྟོང་བཙན་རྒྱ་ནག་ཏུ་སླེབས་པའི་ལོ་ཡིན་པ་རྒྱལ་རབས་ ༼ང༽ བར་གསལ་བས། སྙིང་དྲུང་བྱ་བའི་ཡུལ་དེ་ཡང་མདོ་སྨད་ཀྱི་ཡུལ་ཞིག་ཡིན་ནམ་
༡༣༣ སྙམ་ལ། མཚོ་སྔོན་ལྷོ་ངོས་སུ་བློན་པོ་གསེར་ཆེན་བྱ་བའི་རི་ཡོད་པ་དེར་མགར་ཡུན་རིང་བཞུགས་ཚུལ་ཨ་མདོ་རྣམས་ལ་ངག་སྒྲོས་ཀྱང་སྣང༌། དེས་ན་ལོ་རྗེས་མར་རྒྱ་ནག་ནས་སླར་མཁོར་ཏེ་འ་ཞ་ཡུལ་དུ་ཕེབས་པ་ཡིན་ནམ་སྙམ། ༈ འདས་རྗེས་ཀྱི་ ༡༢༠༣ ས་མོ་ལུག་གི་ལོ་ལ་བབས་ཏེ། བཙན་པོ་སྦྲགས་ཀྱི་ཤར་ན་བཞུགས་ཤིང༌། བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་མཆིས་སྟེ། ང་རྒྱལ་མང་པོ་རྗེས། མཆེ་ནག་སྟོང་རུར། རྒྱ་སེའུ་དེ་ནས་ང་དང༌། ནོལ་ཐབས་ སྟེ་གཡུལ་ཐབས་ བགྱིས་ཏེ། ད་རྒྱལ་ཀྱང་གུམ་ཞིང་བརྒྱད་ཁྲི་སྟོང་ལ་རྡུགས་པར་ལོ་གཅིག ཨ་མདོ་རྡོ་བིས་བྱ་བའི་ཡུལ་དུ་སྟོང་རུའི་མཚོ་ནག་ཏུ་གྲགས་པ་ཡོད་པས་ཡུལ་དེ་ཕྱོགས་སུ་དམག་འཐབ་པར་མངོན། རྒྱ་དམག་ཁྲི་ཕྲག་བརྒྱད་ཀྱིས་བོད་དམག་ཆིག་སྟོང་མ་ཐུབ་པར་ཐབས་རྡུགས་པ་བྱ་བའི་དོན་ནོ།། ༈ འདས་རྗེས་ཀྱི་ ༡༢༠༤ ལྕགས་ཕོ་ སྤྲེའུ་ལོ་ལ། བཙན་ཕོ་མལ་དྲོའི་སྐེ་བྱེ་ན་བཞུགས་ཤིང༌། བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་མཆིས་པར་ལོ་གཅིག ༈ ༡༢༠༥ ལྕགས་ ༡༣༤ མོ་བྱ་གག་གི་ལོ་ལ། བཙན་པོ་མེར་ཀེ་ན་བཞུགས་ཤིང༌། བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་མཆིས་པར་ལོ་གཅིག ༈ ༡༢༠༦ ཆུ་ཕོ་ཁྱིའི་ལོ་ལ། བཙན་པོ་རྐོང་གཡུག་དུ་འགོརད་མཛད་ཅིང༌། བློན་ཆེན་སྟོང་བཙན་གྱིས། དུ་གུལ་དུ་ཞང་ཞུང་གི་མཁོས་ སྟེ་གཉེར་ཁ་ བགྱིས་པར་ལོ་གཅིག །ལོ་འདི་མགར་གྱིས་གྲུ་གུ་ལ་དམག་རྒྱབ་པའི་ལོ་ཡིན་པས་དུ་གུལ་བྱ་བ་ཡང་གྲུ་གུ་ལ་ཟེར་རམ་སྙམ། ༈ ༡༢༠༧ ཆུ་མོ་ཕག་གི་ལོ་ལ། བཙན་པོ་སྣམ་སྟོང་ན་བཞུགས་ཤིང༌། བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་མཆིས་པར་ལོ་གཅིག ༈ ༡༢༠༨ ཤིང་ཕོ་བྱི་བའི་ལོ་ལ་བཙན་པོ་བྱང་རོལ་དུ་གཤེགས་ཤིང༌། བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་མཆིས་པར་ལོ་གཅིག ༈ ༡༠༢༩ ཤིང་མོ་གླང་གི་ལོ་ལ། བཙན་ཟ྄རི་གི་ལྡུ་ནག་ན་བཞུགས་ཤིང༌། བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་མཆིས་པར་ལོ་གཅིག ༈ ༡༢༡༠ མེ་ཕོ་སྟག་གི་ལོ་ལ་བབས་ཏེ། བཙན་པོ་ཟ྄རིང་གི་
༡༣༥ ལྡུ་ནག་སླད་མ་ན་བཞུགས་ཤིང༌། བློན་ཆེན་སྟོང་བཙན་འ་ཞ་ཡུལ་ནས་སླར་འཁོར་ཏེ་ཡུལ་ཟ྄ང་མདར། ཐོང་མྱིག་ སྟེ་འབྲས་ཀྱི་ནད་ཚ་ བྱུང་བར་ལོ་གཅིག ༈ ༡༢༡༡ མེ་མོ་ཡོས་བུའི་ལོ་ལ་བཙན་པོ་འོར་མང་དུ་གཤེགས་ཏེ། བློན་ཆེན་སྟོང་བཙན་རིས་པུར་གུམ་པར་ལོ་གཅིག ༈ ལོ་འདིར་མགར་གྲོངས་པ་ཡིན་ཞིང༌། དེ་ཡང་དེབ་ཐེར་དམར་པོ་དང་སྔོན་པོར་རྒྱའི་རྒྱལ་རབས་དྲངས་པ་ལས། མགར་གྱིས་གྲོགས་བྱས་ནས་ལོ་བཅོ་ལྔ་རྒྱལ་སྲིད་བསྐྱངས་ཞེས་བྱུང་ལ། འདིར་ཡང་བྱི་བ་ནས་སྟག་གི་བར་གྱི་ལོ་བཅོ་ལྔ་ལ་མགར་གྱི་བྱ་བ་རྣམས་བྲིས་ནས། ལོ་དེའི་རྗེས་མར་མགར་གྲོངས་ཞེས་དྲིས་པ་རྣམས་གུང་འགྲིགས་པར་སྣང༌། ༈ ༡༢༡༢ ས་ཕོ་འབྲུག་གི་ལོ་ལ་བཙན་པོ་སྒྲགས་ཀྱི་ཤ་ར་ན་བཞུགས་ཤིང༌། དྲི་མ་ཁོལ་དུ་དགྲ་བཞི་ སྟེ་དམག་སྒར་ བརྩིགས་པར་ལོ་གཅིག ༈ ༡༢༡༣ ས་མོ་སྦྲུལ་གྱི་ལོ་ལ་བཙན་པོ་ཟ྄རིང་གི་ལྡུ་ནག་ན་བཞུགས་ཤིང༌། འ་ཞ་མང་པོ་ཕྱག་བཙལ་ཏེ་གཏེའུ་བསྡུས་པར། ཏེ་འབངས་
༡༣༦ སུ་སྡོད་པའི་གན་རྒྱ་ཕུལ་བར་ལོ་གཅིག ༈ ༡༢༡༤ ལྕགས་ཕོ་རྟའི་ལོ་ལ། བཙན་པོ་ འོ་དང་ན་བཞུགས་ཤིང༌། ཇི་མ་ཁོལ་དུ་རྒྱ་མང་པོ་བཏུངས་པར་ སྟེ་བསད་པར་ ལོ་གཅིག འདིའི་འོ་དང་བྱ་བ་ལྷ་ས་ལ་ཟེར་བར་མངོན། དེབ་སྔོན་དུ་མང་སྲོང་གི་ཁྲི་ལོ་ཉེར་གཅིག་པ་རྟའི་ལཽ་ལ་བོད་དམག་གིས་ཐང་གི་རྒྱལ་ཁམས་བརྒྱབ། ཡུུ་གུར་གྱི་ཡུལ་ཐུད་བླངས་བྱ་བའི་ལོ་དེ་འདི་ཡིན་པར་འདུག ༈ ༡༢༡༥ ལྕགས་མོ་ ལུག་གི་ལོ་ལ་བབས་ཏེ། བཙན་པོ་དབྱརད་ལྟམ་གྱི་ར་སྔོན་ན་བཞུགས་ཏེ། དགུན་ཉི་མ་ངས་ཚལ་དུ་གཤེགས་ཤིང༌། བཙན་མོ་སྙ་མོ་སྟེངས་ ཡུལ་ སྣ་ཤུར་སྤུངས་རྒྱ་རྒྱུག་ལ་བག་མར་གཤེགས་པར་ལོ་གཅིག འདི་རྒྱལ་པོའི་སྐུ་མཆེད་ཞིག་ཡིན་པར་སྣང༌། ༈ ༡༢༡༦ ཆུ་ཕོ་སྤྲེའུའི་ལོ་ལ་བབས་ཏེ། བཙན་པོ་དབྱརད་ཤངས་ཀྱི་སུམ་ཆུ་བོ་ན་བཞུགས་ཤིང༌། དགུན་ན་བ་གླིང་དུ་གཤེགས་ཏེ། ནད་འབྲུམ་བུས་བསྙེངས་པར་ ཏེ་སྙུངས་པར་ ལོ་གཅིག ཡོས་ལོ་ལ་མགར་གྲོངས་ནས། སྤྲེལ་ལོའི་བར་གྱི་ལོ་དྲུག་པོ་འདི་ལ།
༡༣༧ མགར་གྱི་ཚ་བོ་ཞང་བློན་པྲ་མོ་དང༌། འབངས་ཀྱི་དཔྱའ་གཅོད་མཁན། དཔའ་སུམ་སྣང་གིས་བྱས། དེ་ནས་མགར་སྙ་བློན་ཆེན་དུ་བསྐོས་པ་ཤོག་དྲིལ་ ༼ཀ༽ པར་གསལ། ༈ ༡༢༡༧ ཆུ་མོ་བྱ་གག་གི་ལོ་ལ་བཙན་པོ་དབྱར་སྟོད། ཕོ་དམ་མདོ་ན་བཞུགས་ཤིང༌། དབྱར་སྨད་སུམ་ཅུ་པོར་སྤོས་ཏེ། འདུན་མ་ སྟེ་དབྱར་གྱི་ཚོགས་འདུ་ འདོང་ཀའི་ནེ་ཙོ་ལུང་དུ་ མགར་གྱི་བུ་ཆེ་བ། མགར་མཙན་སྙ་ལྡོམ་བུ་དང༌། བུ་འབྲིང་པོ་ ཁྲི་འབྲིང་བཙན་བྲོད་གཉིས་ཀྱིས་བསྡུས་སྟེ། འབྲོག་མཁོས་ཆེན་པོ་བགྱིས། དགུན་ བཙན་པོ་ཕོ་བྲང་ཤངས་རབ་ཀ་ཚུལ་དུ་གཤེགས་ཤིང༌། དགུན་གྱི་འདུན་མ་དུངས་དུངས་ཀྱི་སྟག་ཚལ་དུ་བསྡུས་ཏེ། མུན་མིག་རྐང་ཏོན་བགྱིས། ཕ་ལོས་འབངས་སུ་བཀུག་པར་ལོ་གཅིག ༈ ༡༢༡༨ ཤིང་ཕོ་ཁྱིའི་ལོ་ལ་བབས་ཏེ། བཙན་པོ་དབྱར་ཟ྄རིང་ན་བཞུགས་ཤིང༌། ལྕོག་ལ་ངོ་ལོག་པ་དང༌། དགུན་ཚང་བང་སྣང་གཤེགས་སྟེ། འདུན་མ་གླག་གི་བུ་ཆུང་དུ་འདུས་ཏེ། ཞུགས་ལོང་དམར་པོ་རྩིས་པར་
༡༣༨ ལོ་གཅིག །ཞུགས་ལོང་དམར་པོ་བྱ་བ་དམག་རུ་ཞིག་གི་མིང་ཡིན་ནམ་སྙམ། ༈ ༡༢༡༩ ཤིང་མོ་ཕག་གི་ལོ་བབས་ཏེ། དཔྱིད་ཞེ་ཤིང་དུ་གཤེགས་ཏེ། བཙན་མ་ཁྲི་མ་ལོད་ཀྱིས། སྟོན་མོ་ཆེན་མོ་གསོལད། འདི་ལ་ཕྲི་ཁྲི་མ་ལོད་ཅེས་འབྱུང་བས། སྲོང་བཙན་གྱི་བཙུན་མོ་ཁྲི་བཙུན་ཡིན་སྲིད་དམ་དཔྱད་ལ། རྒྱ་མོ་འདི་དབང་ཤུགས་ཆེན་པོ་བྱུང་ཡོད་ཚོད་འདུག །འཕོན་ད་རྒྱལ་ཁྲི་ཟུང་གིས། གསེར་ཟངས་ཆེན་པོ་གསོལ་བ་དང༌། དབྱརད་བལ་པོ་ན་བཞུགས་ཤིང༌། བློན་བཙན་སྙས། ཤིམས་ཀྱི་གུ་རན་དུ་ཞང་ཞུང་གི་མཁོས་བགྱིས་ཏེ། གྲུ་གུ་ཡུལ་དུ་ལྟང་ཡོར་མཆིས། དགུན་བཙན་པོ་འོ་ན་གྱི་སྣ་འོ་ནའ་བཞུགས་པར་ལོ་གཅིག ༈ ༡༢༢༠ མེ་ཕོ་བྱི་བའི་ལོ་ལ་བབས་ཏེ། དབྱརད་བཙན་པོ་སྦྲགས་ཀྱི་ཤ་ར་ན་བཞུགས་ཤིང༌། དགུན་ཚང་བང་སྣ་ནས་ཁྲི་མང་སློན་ཏེ་ མང་སྲོང་མང་བཙན་ དགུང་དུ་གཤེགས། བཙན་ཕོ་སྲས་ཁྲི་འདུས་སྲོང༌། སྒེགས་ཀྱི་ལྷ་ལུང་དུ་བལྟམ་ བ་སྟེ་འཁྲུངས། བློན་ཙན་སྙས་གྲུ་གུ་ཡུལ་དུ་ དམག དྲངས་ཏེ།
༡༣༩ ལྡུམ་བུ་ཁྲི་ཁྲི་བཤོས་ཁྲོམ་འཚལ་བར་ལོ་གཅིག ༈ ༡༢༢༡ མེ་མོ་གླང་གི་ལོ་ལ། བཙན་པོ་ཡབ་ཀྱི་སྤུར་ སྟེ་སྐུ་གདུང་ བ་ལམ་ན་མཁྱུད་ཅིང་སྟེ་སྦས་ཤིང་བཞུགས་ཏེ། རྒྱེ་ཤིན་ཁུ་བུལ་བུ་དང༌། ལྕོག་ལ་རིང་ཙུག་སྐོར་གཉིས། གློ་བ་རིངས་ཏེ། ཞང་ཞུང་ངོ་ལོག་ཅིང༌། བཙན་པོ་ཁྲི་འདུས་སྲོང་ཉེན་ཀར་ན་བཞུགས་པར་ལོ་གཅིག ༈ ༡༢༢༢ ས་ཕོ་སྟག་གི་ལོ་ལ་བབས་ཏེ། བཙན་པོ་ཡབ་ཀྱི་རིང་ སྟེ་སྐུ་གདུང་ བ་ལམ་མཁྱུད་ཅིང་ སྟེ་སྦས་ ཤིང་བཞུགས་སྟེ། དགུན་སྟོད་འདུན་མ་གླིག་རྒྱུ་བྱེར་འདུས། དགུན་སྨད་མངན་དུ་འདུས་ཏེ། ར་སང་རྗེ་སྤུངས་རྒྱེ་རྒྱུག་དང༌། ཁུ་ཁྲི་སྙ་དགྲུ་ཟུང་ལ་བཀྱོན་ཕབས་ཏེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་ཡབ་ གྲོངས་པའི་གསངབཏོལ་བར་ལོ་གཅིག ༈ ༡༢༢༣ ས་མོ་ཡོས་ཀྱི་ལོ་ལ། བཙན་པོ་ཉེར་ཀར་ན་བཞུངས་ཤིང༌། ཕོ་བྲང་ ཕྱིང་བར་བཙན་པོ་ཡབ་ཀྱི་མདང་ སྟེ་གདུང་མཆོད་ བཏང་བར་ལོ་གཅིག ༼དཀྱུས༽ འདིར་རྒྱལ་རབས་
༡༤༠ ཕན་ཚུན་རྭ་འཕྲོད་ལུགས་ངོ་མཚར་བ་འདི་ལྟར་སྣང་ཏེ། དེ་ཡང་མང་སྲོང་འདི་དོན་ལ་མེ་བྱིའི་ལོ་ལ་སྐུ་འདས་པ་ཡིན་མོད། དེབ་སྔོན་དུ་རྒྱའི་རྒྱལ་རབས་དྲངས་པར་ས་མོ་ཡོས་ལ་འདས་ཞེས་བཤད། རྒྱལ་རབས་ ༼ཀ༽ པ་འདིར་གླང་དང་སྟག་གི་ལོ་ལ་ཡབ་ཀྱི་སྐུ་གདུང་སྦས་ནས་བཞག་ཅེས་བཤད། དེས་ན་ལོ་གསུམ་གྱི་རིང་ལ་བཙན་པོ་གྲོངས་པ་གསང་རྒྱ་བྱས་ནས་བཞག་སྟེ། ས་མོ་ཡོས་ཀྱི་ལོར་གདུང་མཆོད་བཏང་ནས་བཙན་པོ་འདས་སོ་ཞེས་ཀུན་ལ་གོ་བར་བྱས་པས། རྒྱ་ནག་ཏུ་ལོ་དེ་རང་ལ་བཙན་པོ་གྲོངས་པ་ལ་ཆ་བཞག་ནས། རྒྱའི་རྒྱལ་རབས་སུ་ཡང༌། མང་སྲོང་མེ་ཡོས་ལ་འདས་ཞེས་ཐོ་བཀོད་པར་གསལ་ལོ། །གསང་རྒྱ་བྱེད་དགོས་པའི་རྒྱུ་མཚན་ཡང༌། མང་སྲོང་གྲོངས་པའི་ལོ་དེ་རང་ལ། འདུས་སྲོང་སྐུ་འཁྲུངས་པས། ལོ་གསུམ་ཙམ་མ་ལོན་པར་རྒྱལ་སར་འགོད་མི་ནུས་སྙམ་པས་ཡིན་ངེས། ལོ་ཚིགས་གཞན་
༡༤༡ རྣམས་ཀྱང་རྒྱལ་རབས་ ༼ང༽ པ་དང་བསྡུར་ནས་ཞིབ་ཏུ་དཔྱད་པར་འཚལ། དེ་ལྟར་རྒྱའི་རྒྱ་རབས་སུ་བོད་ཀྱི་བཙན་པོ་རྣམས་ཁྲི་ལ་འཁོད་པ་དང༌། འདས་པའི་ལོ་བྲིས་པ་ཕལ་ཆེར་ཞིག །རྒྱ་ནག་ཏུ་གནས་ཚུལ་དེ་འབྱོར་བ་ན། བྲིས་པར་གསལ་བས་ཞིབ་ཏུ་ཤེས་པར་བྱ་ལ། བཙན་པོ་མང་སྲོང་རང་ལོ་བཅུ་གསུམ་པར་ཁྲི་ལ་འཁོད་ཅེས་དེབ་སྔོན་དུ་བྲིས་པ་དེ་ཡང་རྒྱའི་རྒྱལ་རབས་ལ་བརྟེན་པར་གསལ་མོད། གལ་ཏེ་མང་སྲོང་འདི་སྲོང་བཙན་གྱི་སྲས་ཀྱི་སྲས་ཡིན་པ་བདེན་ན་ཁྲི་ལ་བཞུགས་དུས་དགུང་ལོ་བཅུ་གསུམ་ལོན་སྟངས་མེད་པས། འདི་ཡང་སྔར་བཤད་པ་ལྟར་འདས་རྗེས་ཀྱི་ ༡༢༠༢ པ་ས་ཕོ་རྟའི་ལོ་ལ་མགར་རྒྱ་ཡུལ་དུ་སླེབས་ཚེ། བཙན་པོ་དགུང་ལོ་བཅུ་གསུམ་ལོན་ཚུལ་དང༌། ཁྲི་ལ་བཞུགས་ཡོད་ཚུལ་སོགས་རྒྱ་ནག་པས་གསར་དུ་ཐོས་པ་ལ་བརྟེན། ལོ་བཅུ་གསུམ་ལོན་ཚེ་ཁྲི་ལ་བཞུགས་ཞེས་རྒྱའི་རྒྱལ་རབས་སུ་བྲིས་པར་གདོན་
༡༤༢ མི་ཟ་ལ། འགོས་ཀྱི་དེ་ཀུན་དབྱེ་བསལ་མ་མཛད་པར་རང་ལོ་བཞི་བཅུ་རྩ་གཉིས་པ་ས་མོ་ཡོས་ལ་གྲོངས་སོགས་གསུངས་པར་སྣང༌། དེས་ན་མང་སྲོང་རང་ལོ་བཞི་པའི་སྐབས་ཁྲི་ལ་འཁོད་ནས་དགུང་ལོ་ཉེར་བདུན་པ་མེ་བྱིའི་ལོ་ལ་འདས་པ་ཡིན་ནམ་སྙམ་ཏེ། གཟུར་གནས་དག་གིས་དཔྱད་པར་འཚལ། ༈ ཤོག་དྲིལ་ ༼ཁ༽ པར་མང་སྲོང་མང་བཙན་གྱི་སྐོར་མ་བྱུང་བས། འདིར་ ༼ ང༽ པ་ལས་དྲངས་ན། ༼ང༽ སྲོང་བཙན་གྱི་རྗེས་སུ། མཚན་མི་གསལ་བའི་བཙན་པོ་ཞིག་བོད་ཀྱི་ཁྲི་ལ་བཞུགས། ཞར་ཙིང་གི་ལོ་གསུམ་པ། སངས་རྒྱས་འདས་རྗེས་ཀྱི་ ༡༢༠༢ ལ། མགར་སྟོང་བཙན་སླར་ཡང་རྒྱ་ནག་ཏུ་སླེབས། གོང་མ་ལ་གསེར་གཞོང་ཆེན་པོ་ཞིག་ཕུལ། བཙན་པོ་གསར་པའི་བཙུན་མོར། ཀོང་ཇོ་ཞིག་ཀྱང་གནང་བར་ཞུས། དེ་ནས་ལོ་ལྔ་སོང་བ་ན། གྲུ་གུ་རྣམས་རྒྱ་ལ་ཤོར་བ། མགར་གྱིས་ཐོས་ཏེ། དམག་བཟང་པོ་རྣམས་འཁྲིད་ནས་གྲུ་གུའི་ཐོག
༡༤༣ དེའི་ཚེ་གྲུ་གུའི་དཔོན་སོ༵་ཧོ༵་གེ༵་བྱ་བ་བོད་ཀྱི་ཕྱོགས་སུ་བྲོས་ཏེ། རང་ཡུལ་གི་ནང་རྣམས་ཐམས་ཅད་སྦྲན། དེར་བོད་དང་གྲུ་གུ་གཉིས་ཀ་གཡུལ་བཀྱེས། ཕྱོགས་གཉིས་ཀ་ནས་གོང་དུ་ཡི་གེ་ཕུལ་ཏེ། གྲོགས་ཏན་བྱེད་པར་ཞུས་ཀྱང༌། གོང་ནས་སུའི་ཕྱོགས་ཀྱང་མ་གནང༌། མཐར་བོད་དམག་གིས་གྲུ་གུ་ཕམ་ཏེ། གྲུ་གུའི་རྒྱལ་པོ་མུ་ཡུན་ནོ་ཧེ་པོ་དང༌། རྒྱལ་མོ་ཝཾ་ཕཱ་གཉིས་འཁོར་དང་བཅས་པ། རང་ཡུལ་བོར་ཏེ་ལན་ཇོ་ཕྱོགས་སུ་བྲོས། བོད་དམག་གིས་གྲུ་གུའི་རྒྱལ་པོའི་རྗེས་སྙེགས་པ་འགོག་པའི་ཆེད་དུ། གོང་ནས་དམག་དཔོན་འཛེན་ཞེན་ཐེ་དང༌། ཐུའུ་གུ་ཙེང་ཡུན་གཉིས། ལན་ཇོ་དང༌། ཧྲན་ཇོར་བཏང༌། བུ་དྀན་ཁན་ལ་དམག་དཔོན་ཆེན་པོའི་ལས་ཀ་བཙལ། ༈ དེའི་རྗེས་སུ་བོད་ཀྱི་བློན་ཆེན་འཇི༵ན་འཇི༵ན་བྱ་བ་གྲུ་གུའི་མགོ་ན་ནག་བསྐྱེལ་བའི་ཆེད་དུ་སླེབས་ཀྱང༌། གོང་ནས་འཇལ་འཕྲད་ཀྱང་མ་གནང་བར།
༡༤༤ བློན་པོ་ལ་བཀའ་བཀྱོན་པས། ཁོང་རང་སླར་ལོག་དགོས་པ་བྱུང༌། དའི་འོག་ཏུ་སླར་ཡང་བོད་ཀྱི་ཕོ་ཉ་ཞིག་བཏང་སྟེ། གྲུ་གུ་དང་བོད་གཉིས་འདུམ་བྱེད་དགོས་ན། རྒྱ་ནག་གི་ཞིང་ཆེན་ཆེ་ཤུའི་བྱ་བ་དེ་བོད་ལ་སྤྲོད་དགོས་ཚུལ་གོང་མ་ལ་ཞུས་ཀྱང༌། གོང་ནས་གསན་དུ་མ་བཞེད། དེ་དུས་ཙ་ན་བོད་ཀྱི་བློན་ཆེན་མགར་སྟོང་བཙན་དེ་གྲོངས། མགར་འདི་ཡི་གེ་མི་ཤེས་ཀྱང༌། རང་བཞིན་གྱིས་བློ་རྣོ་ཞིང༌། ངང་ཚུལ་བརྟན་ལ། དམག་ཐབས་མཁས། བོད་དུ་ཁོང་ལ་མཐོང་ཆེ་ཞིང༌། ཁོང་ལ་བརྟེན་ནས་བོད་ཀྱི་རྒྱལ་ཁམས་སྟོབས་ཤུགས་ཆེར་སོང་བ་ཡིན། ཁོང་པ་རྒྱའི་ཕོ་བྲང་དུ་ཡང་སླེབས་ཏེ། ཐེ་ཙུང་གི་སྐབས། གོང་ནས་ནུབ་ཕྱོགས་ཀྱི་སྐུ་སྲུང་དམག་དཔོན་བྱ་བའི་གོ་གནས་ཀྱང་སྩལ། ཚལ་པའི་དེབ་དམར་དུ་དྲངས་པར། ཡཱང་ཡིའུ་ཐ་མི་ཚུན་ཀུན་བྱ་བའི་གོ་གནས་མགར་ལ་གནང་ཞེས་དྲིས། གོང་མ་ཡང་ཁོས་སྨྲས་པའི་གཏམ་
༡༤༥ རྣམས་ལ་ཐུགས་ཤིན་ཏུ་མཉེས་པ་ཡིན། གོང་མའི་ཚ་མོ་ཞིག་ཀྱང་ཆུང་མར་གནང༌། ༈ མགར་ལ་བུ་བཞི་སྟེ། མགར་བཙན་སྙ་སྡོམ་བུ། ལོན་ཙིན་ལ་ནི། མགར་ཁྲི་འབྲིང་བཙན་བྲོད། ལོན་ཙན་སུ། བློན་ཟི་མདོ་ཡེ། བློན་འབལ་ལོན་རྣམས་ལས། བཙན་སྙ་ལྡོམ་བུས་ཕའི་གོ་ས་བཟུང༌། བུ་གཞན་གསུམ་དམག་དཔོན་དུ་བྱས་ཏེ། ལོ་དེ་རང་ལ་རྒྱའི་ས་མཚམས་སུ་དམག་དྲངས། འཇང་གི་རིགས་ཀྱི་ཞིང་ཆེན་བཅུ་གཉིས་བཅོམ། གོང་མའི་མདུན་གྲོས་པ་རྣམས་ནས། གྲུ་གུ་རྣམས་ལན་ཇོའི་ལྷོ་ཕྱོགས་སུ་འཇོག་རྩིས་བྱས། གོང་མ་རང་ཉིད་ནས་ཐོག་མར་བོད་ལ་གཡུལ་འགྱེད་པར་དགོངས་ཏེ། བློན་ཇ༵ན་ཅོ༵་དང༌། ཡན་མོ་འབེན། དམག་དཔོན་ཅི་བྷི་ཧེ་ལི་རྣམས་མདུན་དུ་བོས་ཏེ་བཀའ་གྲོས་མཛད་པར། ཡན་མོ་འབེན་གྱིས་གོང་མ་ལ། ད་ལྟ་རང་ཡུལ་དུ་མུ་གེ་ཆེ་བས། དམག་བྱེད་པ་མི་འོང་བྱ་བ་ཞུས་ཅི་བྷི་ཧེ་ལི་ན་རེ། བོད་རྣམས་ནུབ་ཕྱོགས་ཀྱིས་
༡༤༦ ཐག་རིང་པོ་ན་སྡོད་ཅིང༌། རང་རེའི་དམག་གིས་དེར་སླེབས་ཚེ་ཁོང་རྣམས་རི་ལ་འབྲོས་པར་ངེས། རི་ལ་རྗེས་དེད་པས་རྗེས་མི་ཟིན། སླར་དཀྱིད་ཀ་ཤར་བ་དང་མཉམ་དུ། ཁོང་རྣམས་ཕྱིར་འོངས་ཏེ་སླར་ཡང་གྲུ་གུ་བཅོམ་པར་ངེས་དེས་ན་རེ་ཞིག་གྲུ་གུ་རྣམས་ལ་གྲོགས་ཏན་བྱེད་རྒྱུ་བཞག་ན་ལེགས། དེ་ནས་བོད་རྣམས་རང་རེ་ལ་དམག་བྱེད་པའི་སྟོབས་ཤུགས་མི་འདུག་སྙམ་ནས། དྲེགས་པ་སྐྱེས་ཤིང་སོས་དལ་དུ་སྡོད་པའི་སྐབས། གློ་བུར་དུ་དམག་དྲངས་ན་རྒྱལ་ཁ་ལོན་པར་ངེས་ཟེར། བློན་ཛ༵ན་ཅོ༵་ན་རེ། ད་ལྟ་གྲུ་གུ་རྣམས་ཉམ་ཐག་པའི་སྐབས་སུ་གྲོགས་མ་བྱས་ན། ཡུལ་དེ་རྩ་བ་ཉིད་འཇིགས་པར་ངེས། དེ་བས་ད་ལྟ་རང་དམག་དྲངས་ཏེ་གྲུ་གུ་བོད་ཀྱི་ལག་ཏུ་མ་ཤོར་ཙམ་བྱུང་ན་རྗེས་སོར་ཐབས་ཅི་ཡང་བྱེད་དུ་བཏུབ་ཟེར། དེ་ལྟར་གྲོས་ལ་མ་མཐུན་པས་དོན་ཐག་མ་ཆོད་པར་ལུས་ཤིང༌། གྲུ་གུ་རྣམས་ཡུལ་སྤོ་བའི་ཐབས།
༡༤༧ ཀྱང་མ་འགྲིག །འདས་རྗེས་ཀྱི་ ༡༢༠༦ པའི་ལོ་ལ་སླར་ཡང་བོད་དམག་སླེབས་ཏེ། རྒྱའི་ཞིང་ཆེན་བཅོ་བརྒྱད་ཙམ་བཅོམ། བོད་དང་ལི་ཡུལ་པ་གཉིས་གྲོགས་སུ་བསྡེབས་ནས། གུ་ཅིའི་གྲོང་ཁྱེར་གྱི་ལྕགས་རི་ཡང་བཤིག །དེ་ནས་རྒྱའི་ཞིང་ཆེན་བཞི་བོད་ཀྱི་ལག་ཏུ་ཤོར། གོང་ནས་དམག་དཔོན། ཟེ་ཞིན་ཀེ་དང་གོ་ཞི་ཕཱན་གཉིས་ལ་བཀའ་ཕབ་སྟེ། དམག་འབུམ་ཕྲག་གཅིག་ཙམ་འཁྲིད་ནས། ཏཱ་ཚོན་ཡུལ་དུ་སླེབས། དར་བུའུ་ཧེའི་ཕྱོགས་སུ་འགྲོ་གྲབ་བྱས་པ་ན། དམག་དཔོན་ཟེ་ཞིན་ཀེ་ན་རེ། ཡུལ་དེ་ཐག་རིང་བས། དམག་གི་ཁལ་རྟ་དང་བཅས་བགྲོད་པར་དཀའ། དེ་བས་ཁལ་རྟ་རྣམས་རྟ་ཕིའ་ལིན་དུ་ཤིང་གི་རྭ་བས་བསྐོར་ཏེ་བཞག་ནས། དམག་རྐྱང་པ་གང་མགྱོགས་སུ་སོང་སྟེ། བོད་ཀྱི་སྟེང་གློ་བུར་དུ་འཛིངས་
༡༤༨ ན་རྒྱ་ཁ་ལོན་པར་ངེས་ཟེར། འོན་ཀྱང་གོ་ཞི་ཕཱན་ཡང་ཁོ་རང་དང་གོ་གནས་མཉམ་པའི་དམག་དཔོན་དུ་སོང་གཤིས། ཁོས་ངག་ལ་མི་བརྩིས་པར། དམག་མི་ཁལ་རྟ་དང་བཅས་པ་བོད་ཀྱི་དཔུང་དང་ཉེ་བར་འཁྲིད་དེ་འཐབ་པས། རྒྱ་དམག་རྣམས་ཤིན་ཏུ་འཚབ་ཆེ་བར་ཕམ་སྟེ། ཁལ་རྟ་རྣམས་ཀྱང་བསྐྱུར་ནས་སླར་བྲོས། ཟེ་ཞིན་ཀེ་དམག་དང་བཅས་པ་ཏཱ་ཚོན་བར་དུ་སླེབས། འོན་ཀྱང་དེར་ཡང་བོད་དམག་གི་རྗེས་དེད་ནས་སླེབས་ཏེ། རྒྱ་རྣམས་འཚབ་ཆེ་བར་ཕམ། དམག་ཕལ་ཆེར་བསད་ཅིང་རྨས། མཐར་བོད་ཀྱི་བློན་ཆེན་མགར་བཙན་སྙ་དང༌། ཟེ་ཞིན་ཀེ་གཉིས་ཀྱིས་བར་དུ་འདུམ་བྱས་ཏེ། དམག་དཔོན་སླར་རྒྱ་ཡུལ་དུ་ལོག །དེ་ལྟར་བོད་ཀྱི་དམག་གིས་གྲུ་གུ་ཕམ་སྟེ། ༼ང༽ གྲུ་གུ་ཐམས་ཅད་ཆབ་འོག་ཏུ་བྱས། གོང་ནས་སླར་ཡང་དམག་དཔོན་ཛན་ཅོ་དམག་གསར་པ་དང་བཅས། བོད་
༡༤༩ ལ་འཐབ་ཏུ་བཏང་ཡང༌། དམག་དཔོན་ལམ་དུ་ཤི་སྟེ་དམག་རྣམས་ཕྱི་ལོག །འདས་རྗེས་ཀྱི་ལོ་ ༡༢༡༦ ལོ་ལ་བོད་ཀྱི་བློན་པོ་འཇིན་འཇིན་རྒྱ་ནག་ཏུ་བཏང༌། བློན་པོ་དེ་གཞོན་དུས་སུ་རྒྱ་ནག་གི་ཡིག་གྲྭར་ཡོན་ཏན་སྦྱངས་བའི་མཁས་པ་ཡིན། གོང་ནས་ཁོ་མདུན་དུ་བོས་དེ། བོད་ཡུལ་དང་བཙན་པོའི་སྐོར་རྣམས་འདྲི་རྟོག་མཛད་པར། བོད་བློན་ན་རེ། ངེད་ཅག་གི་བཙན་པོ་ནི་སྟོབས་ཤུགས་དང་མཁྱེན་རྒྱ་རྗེ་སྔ་མ་ལས་ཀྱང་ལྷག་པ་ཙམ་བཞུགས། རྒྱ་སྲིད་ལ་དོ་དམ་ཆེ་ཞིང༌། བློན་རྣམས་ཀྱིས་དབུ་བསྐོར་དུ་མི་གཏུབ་པ་ཞིག་ཡིན། བོད་འབངས་རྣམས་གྲང་བའི་ཡུལ་དུ་སྡོད་པས། སྟོན་ཐོག་ཉུང་ཞིང་ནོར་ཕྱུག་སྐྱོང༌། བུའུ་ཧེ་ཙེའི་བྱང་དུ་དབྱར་ཁ་ཡང་གངས་མི་བཞུ། མི་རྣམས་དབྱར་དུས་སུ་བལ་གྱི་ཕྱིང་བ་དང༌། དགུན་ནི་སློབ་པ་གྱོན་ཏེ་ལུང་ཁུག་དུ་བབས་ནས་སྦྲ་ནག་དང་སྤྱིལ་པོ་ཕུག་སྟེ་སྡོད། གཞན་རྩྭ་ཆུ་གར་
༡༥༠ བཟང་ལ་བལྟས་ནས། གནས་འཕོ་བསྐྱེལ་བྱེད། ཚོང་ཟོང་ནི་རྒྱའི་ཡུལ་ལས་ཤིན་ཏུ་དཀོན། འོན་ཀྱང་དབུལ་ཕྱུག་ཐམས་ཅད་སེམས་གཅིག་ཏུ་མཐུན་ཞིང༌། གཅིག་གྲོགས་གཅིག་གིས་བྱེད་པས་བོད་ཀྱི་རྒྱལ་ཁབ་སྟོབས་ཤུགས་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན་ཞེས་ཞུས། དེར་གོང་མས། འོ་ན་ཁྱོད་བོད་དང་གྲུ་གུའི་རྒྱལ་རིགས་གཉིས་གཉེན་ཚན་དུ་གཏོགས་པས་མཐུན་འགྲིག་བཟང་པོ་དགོས་རྒྱུ་ལ། གྲུ་གུའི་དཔོན་པོ་ཟོ་ཧོ་ཀེ་རང་ཡུལ་ལ་ངོ་ལོག་སྟེ་བོད་དུ་བྲོས་པར། བོད་ཀྱི་བཙན་པོས་ཁོ་ལ་གོ་གནས་སྤྲད། དེ་ནས་བོད་དམག་དྲངས་ཏེ་གྲུ་གུ་བཅོམ། ངེད་ཀྱིས་དམག་དཔོན་ཟེ་ཞིན་ཀེ་འདུམ་བྱེད་དུ་བཏང་བར་བོད་དམག་གིས་ད་དུང༌། མུ་ཡོན་བཅོམ་ཞིང༌། ངེད་ཅག་གི་ལན་ཇོ་ཡང་བཅོམ་པ་དེ་ཅི་ཡིན་གསུངས་པར། བོད་ཀྱི་བློན་པོ་ཡར་ལངས་ཏེ་གོང་མ་ལ་ཕྱག་ཕུལ་ནས། ཁོ་བོ་ནི་བཙན་པོས་
༡༥༡ གོང་མ་ལ་སྐྱེས་འབུལ་དུ་བཏང་བ་ལས། གཞན་ལས་སུ་བྱ་བ་གང་ཡང་མེད་ཅེས་ལན་མ་ཞུས་པས་གོང་མ་ཡང་མཉེས། འདིར་ཟེ་ཞིང་ཀེ་དམག་བྱེད་དུ་བཏང་བ་ལ། འདུམ་བྱེད་དུ་བཏང་བ་ཞེས་མཛེས་མོས་ཀྱི་གསུང་བྱོན་པར་སྣང༌། ཞང་ཡོན་གྱི་ལོ་གསུམ་པ། ༡༢༡༩ བའི་ལོ་ལ། བོད་ཀྱི་བློན་པོ་ཏོར་འཕན་བུ་བྱ་བ་རྒྱ་ལ་སླེབས་ཏེ། བོད་དང་འདུམ་བྱེད་པར་ཞུས་ཀྱང་གོང་ནས་མ་གསན། ལོ་དེའི་རྗེས་མར། བོད་དམག་གིས། ཤ་ཇོ། ཀོ་ཇོ། ཧེ་ཇོ། ཕཱན་ཇོ་རྣམས་བཅོམ། དཔོན་པོ་དང་འབངས་རྣམས་བསད་ཅིང༌། ནོར་ཕྱུགས་རྣམས་འཕྲོག་སྟེ་འཁྱེར། དེར་གོང་ནས་བཀའ་ཕབ་སྟེ། དམག་སྒར་གཉིས་ལས། ཡན་ལག་བཅུ་གཉིས་ཡོད་པའི་དཔུང་ཞིག །དཔོན་གུང་ལི་ཞན་ལ་འཁྲིད་དུ་བཅུག་ནས། ཏ་ཇོའི་ཕྱོགས་སུ་བཏང༌། དཔུང་ཡན་ལག་གཉིས་ཡོད་པ་ཞིག །དམག་དཔོན་ལི་ལོན་གྱིས་འཁྲིད་དེ་ལན་ཇོ་ལ་འགྲོ་རྒྱུ་བྱས་ཀྱང༌། དམག་དཔོན་གཉིས་རྒྱལ་ས་ནས་མ་སོང་
༡༥༢ བར་སྡོད་ཡོད་བར་ལ། སླར་ཡང་བོད་དམག་སླེབས་ཏེ། ཐེ་ཇོ་བཅོམ་ཞིང༌། གྲོང་ཁྱེར་མི་གོང་དང༌། ཏིན་ལང་གཉིས་ཀ་བཟུང༌། ཕྲུ་ཇོ་ཡང་བཅོམ་སྟེ། དེར་ཡོད་པའི་རྒྱ་དམག་རྣམས་ཕམ་པར་བྱས། དེའི་དོན་དུ་དམག་དཔོན་ལི་ཞིན་ཀེ་ལ་གོང་ནས་བཀའ་ཕེབས་ཏེ། ཏོ་ཧེའི་ཡུལ་ཏུ་བཏང་ཡང༌། ཁོས་བོད་དང་དམག་མ་འཐབ་པར་རང་དགར་སྡད། དེ་དུས་བོད་རྣམས་གྲུ་གུ་དང་བསྡེབས་ནས། ཀན་ཟིའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཨན་ཤི་བཅོམ། གོང་ནས་ལི་ཞིང་ཀེའི་ཚབ་ཏུ་རྒྱལ་སྲིད་ཀྱི་ཡིག་མཁན། ལི་ཟིང་ཞོན་དམག་དཔོན་དུ་བསྐོས་ཏེ་ཏོ་ཧེ་ལ་བཏང༌། དེ་ཡང་ཁོ་དམག་དཔོན་ཆེན་པོ་ཟེ་ཞིན་ཀེ་དང་སེམས་མི་མཐུན་པས། དམག་དཔོན་གྱི་བཀའ་ལ་མ་རྩིས་སྟབས། དཔོན་ཆེན་ཀྱང་མ་དགའ་སྟེ། ཁོ་ལ་དམག་དཔོན་གྱི་ཤེས་རྒྱ་མེད་པར་རིག་ནས། བསམ་ངན་བྱས་ཏེ་ནུབ་ཕྱོགས་ཀྱི་དམག་དཔོན་
༡༥༣ དུ་བཙན་ཐབས་ཀྱིས་བསྐོས་པ་ཡིན། ལི་ཟིན་ཞོན་གྱིས་གོང་དུ་དགོངས་པ་ཞུས་ཀྱང་མ་གནང༌། དེར་ཁོ་རང་དབང་མེད་པར་བོད་ལ་དམག་འཐབ་ཏུ་འགྲོ་དགོས་པ་བྱུང༌། ལི་ཟིང་ཞོན་བོད་ཀྱི་སྟེང་དུ་དམག་ལ་ཆས་པ་ན། གོང་མ་རང་གིས་ཀྱང་སྐྱེལ་ཐུང་མཛད། དེ་དུང་གྱན་ནན་དང༌། ཁྲན་ནན་ཡུལ་གཉིས་ནས་ཀྱང་དམག་གཏོང་དགོས་པའི་བཀའ་ཕབ། དམག་དེ་རྣམས་ལིང་ཇོ་ལ་སླེབས་ནས་བོད་དང་འཐབ་པས་བོད་རྣམས་ཕམ། དེར་ལི་ཟིནང་ཞོན་གྱིས་དམག་ཆིག་འབུམ་ལྔ་ཁྲི་འཁྲིད་དེ། བོད་ཀྱི་དམག་དཔོན་ཆེན་པོ་མགར་བཙན་སྙ་དང་ཐུག་ནས། མཚོ་སྔོན་པོའ་འགྲམ་དུ་དམག་ཆེན་འཐབ་པས། ལི་ཟིང་ཞོན་གྱི་གྲོགས་ལི་ཞོན་ལི་བྱ་བ་དམག་ནང་དུ་འགྲོ་ཐལ་ཆེ་ནས་གཡུལ་དུ་བསད། ལི་ཟིང་ཞོན་གྱིས་དེ་ལ་རྒྱབ་གནོན་ཅི་ཡང་བྱེད་མ་ནུས་པར། དམག་རྣམས་གོ་རིམ་མེད་པར་འཁྲིད་ནས་ཅིན་ཕཱུན་ལང་དུ་
༡༥༤ བྲོས། འོན་ཀྱང་ཡུལ་དེ་ས་རོང་དོག་པས། བོད་དམག་རྣམས་དེར་སྔོན་ལ་སླེབས་ཏེ་དམག་སྒར་བཏབ་ནས་རྒྱ་དམག་གི་ལམ་བཀག་པར། དམག་དཔོན་ཧེ་ཅི་ཆན་ཟེར་བ་ཞིག་གིས། དམག་སྟོབས་རྩལ་ཅན་ལྔ་སྟོང་འཁྲིད་ནས། མཚན་མོ་ཞིག་བོད་ཀྱི་སྒར་ཐོག་ཏུ་རྒྱུགས་པས། བོད་རྣམས་འཇིགས་དྲགས་ཏེ། གཅིག་སྟེང་དུ་གཅིག་འགྱེལ་བཞིན་ཕྱིར་བྲོས་ནས་ལམ་ཕྱེས། དེར་ལི་ཟིང་ཞོན་གྱིས་རྒྱ་དམག་ལྷག་མ་འཁྲིད་ནས་ཤ་ཇོ་ལ་ལོག །དེ་ལྟར་རྒྱའི་དཔུང་ཤིན་ཏུ་འཚབས་ཆེ་བར་ཕམ་པ་ལ། གོང་མ་ཡང་ཐུགས་འཁྲུགས་ཏེ། བློན་པོ་རྣམས་བསྡུས་ནས་བོད་དམག་འགོག་འཐབ་ཀྱི་གྲོས་མཛད། དེར་གོང་མའི་ཞལ་ནས། ཁོ་བོ་ནི་ཁྲབ་གྱིན་མ་མྱོང་ཞིང་དམག་ལ་འགྲོ་མ་མྱོང་སྟེ། འོན་ཀྱང་སྔར་རང་རེས་ཀོ་ལི་རྣམས་ཕབ། དེ་ནས་ལོ་ཤས་བར་ལ་དམག་འཐབ་བྱས། སླར་རྒྱ་ཡུལ་དུ་ནང་འཁྲུག་བྱུང༌། ད་ལྟ་བོད་ཀྱི་དམག་
༡༥༥ སླེབས་པས་སེམས་ཁྲལ་ཤིན་ཏུ་ཆེ། ངེད་ཀྱི་དམག་དཔོན་ལི་ཙེ་གྲོངས་ནས་བཟུང༌། དམག་དཔོན་བཟང་པོ་གཅིག་ཀྱང་མ་བྱུང༌། ད་ལན་ཀྱང་ཧེ་དེ་ཕྱོགས་སུ་སྡོད་པའི་དམག་རྣམས་ཀྱིས་དགྲ་ཁེབས་པར་ངེས་ཀྱང༌། དམག་དཔོན་རྣམས་ངེས་ཀྱི་བཀའ་ལ་མ་རྩིས་པས་ཕམ། ད་ཅི་བྱེད་ཀྱི་གྲོས་སྟོན་ཅིག་གསུངས་པར། བློན་ཁ་ཅིག་གིས། བོད་དང་འདུམ་བྱེད་པ་འཐད་ཟེར། ཁ་ཅིག་གིས། རེ་ཞིག་བསྒུག་ནས་དམག་རྗེས་སོར་བྱེད་པ་འགབ་སོགས་ཞུས། ཅའོ་ལུན་གྱི་ལོ་དང་པོ་ འདས་རྗེས་ ༡༢༢༣ པ་ལ། བོད་ཀྱི་བཙན་པོ་སྐུ་འདས་ཤིང༌། སྲས་ཁྲི་འདུས་སྲོང་དགུང་ལོ་བརྒྱད་ལོན་པ་ཞིག་ཁྲི་ལ་འཁོད་དོ། ། མི་བཟད་དགུན་གྱི་རླུང་དང་ལྷན་ཅིག་ཏུ། །མི་སྡུག་ཁ་བའི་ཡུལ་ནས་ཕྱིར་འཐོན་པའི། །མི་ཐུབ་སེང་གེ་དཀར་མོའི་དམག་དཔུང་ལ། །མི་ཡི་དབང་པོ་འཇིགས་པ་ཅིས་མི་བདེན། །ཞེས་བྱ་བ་ནི་བཙན་པོ་མང་སྲོང་མང་བཙན་གྱི་སྐབས་སོ།། །།མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་མཛད་པའོ། ། རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གི་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ། །

ཅེས་རྒྱལ་རབས་རྩོམ་འཕྲོ་ཅན་ཏེ་རི་ཞིག་རྫོགས་སོ། །མཇུག་རྩོམ་འདི་ཉིད་ཀྱང་མཛད་ཅིང༌། ལྷག་པར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་ནས། ད་ལྟའི་བར་གྱི་དེབ་ཐེར་ཞིག་བསྒྲིགས་དགོངས་ཡོད་ཀྱང༌། རྐྱེན་མང་གི་བར་གཅོད་དུ་གྱུར་ཏེ་འཕྲོ་ཅན་དུ་ལུས་པ་འདི་ཉིད་པར་དུ་བསྐྲུན་ཆེན་ཞལ་འདེབས་གནང་བ་རྣམས་དམ་པ་གང་གིས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས་པ་ཕྲན་ཧོར་ཁང་སྲས་བསོད་ནམས་དཔལ་འབར་ནས་དོ་དམ་གྱིས་བསྐྲུན་ཏེ། སྨྲས་པ། འཇིག་རྟེན་མེས་པོའི་དཔལ་ལ་འགྲན་བཟོད་པའི། །མཁྱེན་ལྡན་གཟུར་གནས་འགའ་ཡིས་མཐུན་རྐྱེན་གྱིས། །སྦྱར་བའི་ཕྱག་རྗས་མེས་པོའི་རལ་པའི་ཀླུང༌། །སྔོན་མེད་དེབ་དཀར་ལྗོན་པའི་རྩ་བར་སིམ། ། འདི་ལས་བྱུང་བའི་དགེ་བའི་འབྲས། །རོ་མངར་གཡུར་དུ་ཟ་བའི་བཅུད། །བོད་རིགས་སྤྱི་ཡི་དཔལ་ཐོབ་ནས། །མངའ་བདག་རྒྱལ་པོས་རྗེས་བཟུང་ཤོག །། བཀྲིས་ཤོག །དགེ་ལེགས་འཕེལ།། །།

བརྒྱུད་སྐུལ།

མཆན་སྤེལ།