ལྷོ་ཁའི་ལྗོངས་རྒྱུ། ལོ་རྒྱུས་དང་གནས་བཤད་ཁག་བཅུ།

༡༽ དྭགས་ལྷ་སྒམ་པོ་དགོན། ༢༽  གདན་ས་མཐིལ་དགོན་པ། ༣༽ ཡར་འབྲོག་བསམ་སྡིངས་དགོན་པ། ༤༽ འོན་ཀེ་རུ་ལྷ་ཁང་། ༥༽ ཨེ་ལྷ་རྒྱ་རི་ཕོ་བྲང་། ༦༽ རྡོ་རྗེ་བྲག་དགོན་པ། ༧༽   རྫིང་ཕྱི་དགོན། ༨༽   གྲ་ནང་བྱམས་པ་གླིང་གི་མཆོད་རྟེན།  ༩༽ ལྕགས་ཟམ་ཆུ་བོ་རི་དང་ཚེ་ཆུ་སྒྲུབ་སྡེ། ༡༠༽ རྩེད་ཐང་ལྔ་མཆོད་དགོན་པ་བཅས་ཀྱི་གནས་བཤད།

མཁས་གྲུབ་ཀྱིས་བརྩམས།

 

༡༽ དྭགས་ལྷ་སྒམ་པོ་དགོན། དྭགས་ལྷ་སྒམ་པོ་དགོན་ནི་གངས་ཅན་བཀའ་བརྒྱུད་བསྟན་པའི་བདག་པོ་མར་མི་དྭགས་གསུམ་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་མཉམ་མེད་དྭགས་པོ་ལྷ་རྗེས་རབ་བྱུང་གཉིས་པའི་ལྕགས་གླང<༡༡༨༡>ལོར་ཕྱག་བཏབ།  རྩེད་ཐང་ནས་ལམ་ཐག་སྤྱི་ལེ༢༤༩ཡོད་པ་དང་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད ༤༤༠༠ ཡོད། གནས་དེ་ནི་རྒྱལ་བའི་ལུང་གིས་ཟིན་པའི་རི་བྲག་ཚང་ཚིང་ཅན་ངོ་མཚར་ཆེ་བ་ཞིག་ཡིན་པས་སྐྱེས་བུ་དམ་པ་སོ་སོར་གཟིགས་སྣང་མི་འདྲ་བ་མང་པོ་བྱུང་མྱོང་ཡོད། དེ་ཡང་དགོན་པ་འདེབས་པ་པོ་མཉམ་མེད་དྭགས་པོ་ལྷ་རྗེ་ནི་རབ་བྱུང་དང་པོའི་ས་ལུག་ <༡༠༧༩> ལོར་ལྷོ་ཁའི་གཉལ་ཁུལ་དུ་ <ལྷུན་རྩེ་རྫོང་ཁོངས་> སྐུ་འཁྲུངས་པ་དང་།  སྐུ་གཞོན་དུས་གསང་ཡུམ་སྲས་སྲོས་དང་བཅས་པ་རིམ་བཞིན་བཤེགས་པས་བར་གཏིང་ནས་ངེས་འབྱུང་བླ་ལྷག་ཏུ་སྐྱེས་ཏེ་རབ་བྱུང་ནས་མཁས་དབང་མང་པོ་བསྟེན་ནས་ཆོས་ལུགས་གཙོ་བོར་གྱུར་པའི་རིག་པའི་གནས་མཐའ་དག་ལས་སྦྱངས་པ་མཐིལ་ཕྱིན་པ་མཛད།

ལྷག་པར་དུ་དགུང་ལོ་སོ་གཉིས་ལ་ཕེབས་སྐབས་རྗེ་བཙུན་མི་ལ་རས་པའི་ཞབས་ལག་ལ་གཏུགས་ནས་གདམས་ངག་རྩ་ཆེན་གསན་ཏེ་ཉམས་མྱོང་གི་རྩལ་ཐོན།   ཕྱིས་དབུས་སུ་ལོག་ཕེབས་ཁར་རྗེ་བཙུན་མི་ལ་རལ་པས་ཆེད་དུ་དྭགས་པོ་ལྷ་རྗེའི་གམ་དུ་བོས་ནས་བུ་སྟོན་པ་དབུས་སུ་བཞུགས་པ་ན།   ཤར་སྒམ་པོ་དར་གྱི་རི་བོ་དེ།   རྒྱལ་པོ་གདན་ལ་བཞུགས་པ་འདྲ།   རྒྱབ་རི་དར་དཀར་ཡོལ་བ་འདྲ།  རི་བདུན་བློན་པོ་ཚོགས་པ་འདྲ།   ཤིང་སྤང་གསེར་གྱི་མཎྜལ་འདྲ།   རི་དེ་ཡི་མགུལ་ན་ཁྱེད་ཀྱི་གདུལ་བྱ་ཡོད།   ཁྱེད་དེ་རུ་སོང་ནས་འགྲོ་དོན་སྒྲུབས།   བུ་ཁྱེད་ཀྱི་བཞེད་དོན་འགྲུབ་ངེས་ཡིན་ཞེས་ལུང་དུ་བསྟན་པ་ལྟར་དབུས་སུ་ལོག་ནས་མི་རིང་བར་དྭགས་ལྷ་དགོན་ཕྱག་བཏབ། བཀའ་རྩོམ་ཡང་བཀའ་བདམས་པའི་ལམ་རིམ་དང་།   རྗེ་མི་ལའི་བཀའ་ཕྱག་ཆེན་པོའི་གདམས་པ་གཅིག་ཏུ་དྲིལ་བའི《ལམ་རིམ་ཐར་རྒྱན》སོགས་མཛད།   ལོ་གསུམ་སྟན་དང་མ་བྲལ་བར་སྒོམ་པའི་བརྩོན་འགྲུས་བསྐྱེད་པས་བཟོད་སེམས་ཀྱི་ངོ་བོ་མཐོང་།   ཆོས་ཐམས་ཅད་དེ་ཁོ་ན་ཉིད་མཁྱེན།   སློབ་མའང་མཐའ་ཡས་བྱུང་ནས་དྭགས་པོ་བཀའ་བརྒྱུད་ཀྱི་སྲོལ་གཏོད།   གཙུག་ལག་ཁང་སྟེང་ཤོད་མཐའ་འཁོར་དུ་བཅས་པ་རྒྱ་ཆེ་ཤིང་བཀོད་པ་ལེགས་པ་ཀུན་གྱི་དད་པའི་སྤུ་ལོང་གཡོ་བ་དང་།   ངོ་མཚར་ཡིད་དབང་འཕྲོག་པའི་ནང་རྟེན་དུ་དྭགས་པོ་ལྷ་རྗེའི་ཐུགས་དམ་གྱི་རྟེན་རྗེ་བཙུན་མི་ལའི་སྐུ།  དྭགས་པོ་ལྷ་རྗེའི་སྐུ་གསུང་བྱོན་མ།   ཇོ་བོ་རྗེའི་ཕྱག་བཟོ་ཐུགས་རྗེ་ཆེན་པོ་གཙོ་འཁོར།   མངའ་བདག་ཁྲི་རལ་གྱིས་བཞེངས་པའི་སྤྱན་རས་གཟིགས་ཁ་སར་པ་ཎི།  ཀླུ་སྒྲུབ་ཀྱི་ཕྱག་བྲིས་གྲུབ་ཆེན་མང་པོའི་ཕྱག་བརྒྱུད་པ།  ནཱ་རོ་པའི་ཐུགས་དམ་གྱི་རྟེན་བདེ་མཆོག་སྐུ་ཐང་།  མར་པའི་ཕྱག་བྲིས་ནཱ་རོ་པའི་སྐུ་ཐང་།   བཻཌཱུརྱའི་གླེགས་བམ་ཉི་ཁྲི་སོགས་རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་དོ། །

 

༢༽  གདན་ས་མཐིལ་དགོན་པ།  གདན་ས་མཐིལ་དགོན་པ་ནི་ཡར་ཀླུང་གཙང་པོའི་བྱང་ངོས།   ལྷོ་ཁ་ཟངས་རི་རྫོང་ཁོངས།  ཕག་མོ་གྲུ་པ་གྲོང་ཚོའི་རི་ལྡེབས་སུ་གནས།   དེ་ཡང་ཕག་མོ་ཞེས་པ་ནི་གྲོང་ཚོའི་མིང་དང་གྲུ་པ་ནི་གྲུ་ཁའི་མིང་ཡིན་པས་བསྡུས་མིང་ལ་ཕག་མོ་གྲུ་པ་ཞེས་བརྗོད།  ཆོས་ལུགས་ཀྱི་འགྲེལ་བཤད་ལྟར་ན་ཕག་གྲུ་ཞེས་པའི་གོ་དོན་སྔར་གནས་དེར་རྡོ་རྗེ་ཕག་མོས་དངོས་སུ་བྱིན་བརླབས་པའི་གནས་རྩ་ཆེན་ཞིག་ཡིན།  དགོན་པ་འདི་ཐོག་མར་རྒྱ་སྒོམ་རྨི་རས་ཀྱི་སྦྱིན་བདག་མཛད་དེ་མཉམ་པོ་དྭགས་པོ་ལྷ་རྗེའི་སློབ་མ་རང་ཉིད་དང་མཚུངས་པ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་རབ་བྱུང་གསུམ་པའི་ས་སྟག<༡༡༥༨>ལོར་ཕྱག་བཏབ་ཅིང་།   དེ་ནས་བཟུང་དཔལ་ཕག་མོ་གྲུ་པ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས།  གདན་ས་མཐིལ་གནས་སའི་རི་བོ་མཐོ་ཞིང་།   བྲག་རི་དྭངས་ཤེལ་སྤུངས་པ་ལྟ་བུའི་མདུན་ན་སྣ་མང་མེ་ཏོག་གི་དྲི་ཞིམ་གང་སར་ཐུལ་བ་དང་།   ནགས་ཚལ་སྟུག་པོའི་ཁྲོད་དུ་སྤུ་སྡུག་བྱ་རིགས་ཀྱི་གསུང་སྙན་ལྷང་ལྷང་སྒྲོག་ཅིང་།   རི་དྭགས་སྣ་ཚོགས་འཚེ་མེད་ཅི་གར་རྒྱུ་བ་སོགས་བསམ་གཏན་གྱི་གནས་བག་ཕེབས་པའི་ཡི་གར་འོང་བ་ཞིག་ཡིན།   དུས་རབས་རིམ་བྱུང་ནང་བཀའ་བརྒྱུད་ཀྱི་བསྟན་པ་འཛིན་པ་ཕག་གྲུ་དང་།   འབྲི་གུང་།   སྟག་ལུང་སོགས་ཀྱི་སྐྱེ་བོ་དམ་པ་རྣམས་ཀྱིས་དགོན་པ་ཉམས་གསོ་དང་།   རྒྱ་བསྐྱེད་སོགས་ཐེངས་ཁ་ཤས་གནང་བ་བརྒྱུད་གཞི་ནས་རྒྱ་ཁྱོན་ཆེ་ཞིང་།   རྩ་ཆེའི་སྐུ་གསུང་ཐུགས་རྟེན་གྱིས་ཡོངས་སུ་བཀང་བའི་དགོན་ཆེན་ཞིག་ཏུ་གྱུར་ནས་མཚན་སྙན་ཡུལ་གྲུ་ཀུན་ཏུ་ཁྱབ།   དགོན་པ་འདི་ནི་ཆོས་ལུགས་ཙམ་མ་ཟད་ཕག་མོ་གྲུ་པས་བོད་དབང་བསྒྱུར་བྱེད་པའི་སྐབས་སུ་ཆབ་སྲིད་ཐད་ལའང་གལ་ཆེའི་གནས་བབ་བཟུང་ཡོད་པའི་དགོན་པ་ཞིག་ཡིན།      ཕག་གྲུ་རྡོ་རྗེ་རྒྱལ་པོ་ནས་བཟུང་གདན་རབས་ཀྱང་སྐྱོབ་པ་འཇིག་རྟེན་མགོན་པོ་དང་།   རྒྱལ་བ་རིན་པོ་ཆེ་སྤྱན་སྔ་སྐུ་ཐོག་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་སོགས་མང་དུ་བྱོན།      དགོན་པའི་མིང་གདན་ས་མཐིལ་ཞེས་ཟེར་བའི་ནང་གི་མཐིལ་ཞེས་པ་ནི་བོད་ཀྱི་སྐད་ཡིག་ནང་སྤྱིར་བཏང་གཤོང་སར་གོ་དགོས་པའི་སྐབས་ཤིག་ཡོད་ཀྱང་འདིར་དཀྱིལ་ལམ་ལྟེ་བར་དགོས་པ་སྟེ།  ཕག་གྲུ་བཀའ་བརྒྱུད་ཀྱི་གདན་སའི་ལྟེ་བ་ཞེས་པའི་དོན་ཡིན།       དགོན་པ་འདི་ཕྱག་བཏབ་པ་ནས་བཟུང་བོད་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ཚོས་གཞན་ལས་ལྷག་པའི་གནས་རྩ་ཆེན་ཞིག་ཏུ་བརྩིས་ནས་དད་སེམས་བླ་མེད་ཞུ་གི་ཡོད་ཅིང་།  དམངས་ཁྲོད་ཀྱི་གཞས་ཚིག་ནང་དུའང་གཞོན་པ་འདི་རུ་མ་སྡོད་ཆས་ནས་འགྲོ །   གནས་ཆེན་གདན་ས་མཐིལ་ལ་ཆས་ནས་འགྲོ །   ཕག་མོ་གྲུ་པའི་བྱིན་རླབས་མ་ཞུས་ན། །  འདི་དང་ཕྱི་མའི་ལས་སྒྲིབ་ག་ལ་དག   །ཅེས་སོགས་གཏོང་དང་གཏོང་བཞིན་པ་ཡིན་ནོ། །

 

༣༽ ཡར་འབྲོག་བསམ་སྡིངས་དགོན་པ། ཡར་འབྲོག་བསམ་སྡིངས་དགོན་པ་ནི་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཆོས་ཀྱི་སྒྲོན་མེས་རབ་བྱུང་བདུན་པའི་ལྕགས་སྤྲེལ་ལ<༡༤༤༠>ལོར་ཕྱག་བཏབ།   དགོན་པའི་མཚན་ཆ་ཚང་ལ་དཔལ་མཁའ་འགྲོ་འདུ་བའི་བསྟི་གནས་བསམ་གྲུབ་ཀྱིས་ཆོས་ཀྱི་སྡིངས་ཞེས་ཟེར་ཞིང་།   འདི་ནི་བོད་ལྗོངས་སུ་བུད་མེད་ཀྱི་བླ་མས་ཡང་སྲིད་རིམ་བྱོན་དགོན་བདག་བྱེད་མཁན་གཅིག་རང་ཡོད་པ་དེ་ཡིན།   དེ་ཡང་འཛམ་བུ་གླིང་འདིར་ཡུལ་རྩ་བཞི་ཞེས་གྲགས་པའི་ནང་ཚན།   མཁའ་འགྲོ་འདུལ་བའི་བསྟི་གནས་ཆེན་པོ་འདི་ཉིད་བོད་གངས་ཅན་གྱི་ལྗོངས།   དབུས་གཙང་གཉིས་ཀྱི་མཚམས།  ཡར་འབྲོག་གཡུ་མཚོ་ཕྱུག་མོ་མདུན་དུ་ཡོན་ཆབ་ཕུལ་བ་ལྟར་འཁྱིལ་ཞིང་།   ཕྱོགས་བཞིར་མུ་ཁྱུད་རི་བོས་མཛེས་པར་བསྐོར་བ་དང་།   ཁོར་མོ་ཡུག་ཏུ་མར་གད་ཞུན་མའི་མདངས་ཅན་རྩྭ་ལྗང་ནེའུ་གསེང་ལྡེམ་ལྡེམ་གཡོ་བའི་དབུས་སུ།   རི་བོ་གླང་ཆེན་མཚོ་ཆུ་འཐུང་བའི་དབྱིབས་ལེགས་ལྟ་བུའི་སྟེང་དུ་བརྗིད་ཆགས་རྣམ་པར་བཀྲ་བའི་གཙུག་ལག་ཁང་འདི་ཉིད་གནས།   དགོན་པའི་འདུ་ཁང་ལེགས་བཤད་དགའ་ཚལ་ཞེས་བྱ་བའི་རྟེན་གཙོ་གསེར་ཟངས་ཀྱི་ཐུབ་དབང་འདུལ་མ་ཐོག་སོ་གཉིས་པ།   གཟུངས་སུ་སངས་རྒྱས་ཀྱི་རིང་བསྲེལ་སོགས་བཞུགས་པའི་བྱིན་རླབས་ཚན་ཁ་འབར་བས་གཙོས་དགོན་པ་འདི་ན།   རྗེ་བཙུན་མི་ཕམ་མགོན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་བཞུགས་པའི་སྣང་བརྙན་ཕྲ་ལྡན་བྱོན་གཙང་དང་།   ལྷ་བབས་མཆོད་རྟེན།   བཀའ་བདམས་མཆོད་རྟེན།   བྱང་ཆུབ་མཆོད་རྟེན་སོགས་སུམ་བརྒྱ།  གནས་བདག་ཞིང་སྐྱོང་ཡབ་ཡུམ་གཉིས་ཙཱ་རི་ནས་བྲོ་པ་ཕོ་མོར་སྤྲུལ་ནས་ཕེབས་དུས་ཀྱི་རྔ་ཆུང་།   གྲུབ་ཐོབ་ཐང་སྟོང་རྒྱལ་པོས་གནང་བའི་ཙན་དན་སྦྲུལ་གྱི་སྙིང་པོའི་རྡོ་རྗེ་རྣལ་འབྱོར་མ།   མུ་ཏིག་བརྒྱད་སྟོང་སོགས་སྐུ་གསུང་ཐུགས་རྟེན་བགྲང་གིས་མི་ལངས་ཤིང་།   ལྷག་པར་དུ་ནང་རྟེན་ལ་འཚེ་བའི་གོར་དམག་གི་མགོ་ལག་མནན་པའི་སྟེང་དུ་བཞེངས་པའི་དངུལ་གདུང་བྱང་ཆུབ་མཆོད་རྟེན་འདི་འདྲ་བོད་ཡོངས་སུ་མཐོང་བ་དཀོན།   དེ་བཞིན་བླ་བྲང་གི་རྒྱུ་དངོས་འཇོག་སའི་ཁང་པ།   འདོད་རྒུ་བང་མཛོད་བཀར་སྟེང་ཞེས་པའི་ནང་གཡང་སྒམ་དང་།   ཟ་འོག་གོས་དར།   གླང་ཆེན་གྱི་མཆེ་བ།  བསེ་རུའི་རྭ་ཅོ།   ཁྱུང་གི་སྡེར་མོ།  རྟའི་རྭ་ཅོ།   གཡུ་བྱུར།  གཟི།   མུ་ཏིག་བོད་དངུལ་ཊམ་རྐྱལ་སོགས་རིན་ཐང་བྲལ་བའི་ནོར་བུའི་རིགས་དང་།   དེ་མིན་ཕྱི་ནང་བར་གསུམ་གྱི་དཔལ་འབར་ལ་སུས་ཀྱང་འགྲན་པར་དཀའ་བ་དཔེར་ན།   ཁང་པ་གྲངས་ཉིས་བརྒྱ་བདུན་ཅུ་དོན་གསུམ་ལ་ཀ་བ་ལྔ་བརྒྱ་སུམ་ཅུ་སོ་གཅིག་དང་།  ཕྱུགས་རིགས་དཀར་ནག་མགོ་གྲངས་ཆིག་ཁྲི་ཉིས་སྟོང་བརྒྱ་དང་བདུན་ཅུ་དོན་ལྔ་ཡོད་པ་ལྟ་བུ་རེད། བསམ་སྡིངས་དགོན་པར་རྡོ་རྗེ་ཕ་མོ་སྐུ་ཕྲེང་བཅུ་གཉིས་བྱུང་བ་དང་།   མིག་སྔར་སྐུ་ཕྲེང་བཅུ་གཉིས་པ་བདེ་ཆེན་ཆོས་ཀྱི་སྒྲོན་མ་མཛད་འཕྲིན་རྒྱས་པའི་ངང་འཚོ་ཞིང་བཞེས་སོ།།

 

༤༽ འོན་ཀེ་རུ་ལྷ་ཁང་།  རྩེད་ཐང་ནས་ཉ་མགོ་ཟམ་ཆེན་བརྒལ་ཏེ་བྱང་ངོས་འོན་ཡུལ་གྱི་ཕུ་ལ་སྤྱི་ལེ་བདུན་ཙམ་བསྐྱོད་ན་ཀེ་རུ་ལྷ་ཁང་དུ་སླེབས་ཤིང་།  ལྷ་ཁང་དེ་ནི་ཐོག་མར་ཆོས་རྒྱལ་ཁྲི་གཙུག་བརྟན་གྱིས་བཞེངས་གནང་མཛད་པ་དང་།   དེ་རྗེས་བླ་མ་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་།   བྱིན་གྱིས་བརླབས་པའི་ལྷོ་ཁའི་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ལྷ་ཁང་རྙིང་པ་ཞིག་ཡིན་པ་དང་།   ལྷག་པར་དུ་ཇོ་བོ་རྗེ་གནས་དེར་ཕེབས་ནས་ཡུན་རིང་ཙམ་བཞུགས་ཤིང་།  དེ་ནས་སླར་ཡང་བྱོན་པར་ཉེ་བའི་སྐབས་སྐྱེ་བོ་སྐྱ་སེར་ཀུན་གྱིས་མགྲིན་གཅིག་ཏུ་ཇོ་བོ་མ་ཕེབས་རོགས་གནང་།   ཇོ་བོ་མ་ཕེབས་རོགས་གནང་ཞེས་ཡང་ནད་ཡང་དུ་ཞུས་པས་ཇོ་བོས་ང་མ་ཕྱིན་ན་མི་འགྲིག་པས་ངའི་ཚབ་ཏུ་འདི་ཉར་ཚགས་བྱོས་ཞེས་གསུངས་ནས་ཤངས་ཁྲག་གིས་འདྲ་སྐུ་ཞིག་བཞེངས་གནང་མཛད་པ་དང་།  ཇོ་བོས་ཉིན་ལྟར་སྒོམ་ནས་བཞུགས་སར་ཞབས་དང་།   ཕྱག   དབུ་སོགས་ཀྱི་རྗེས་ཡོད་པས་མཆོད་རྟེན་ཞིག་བཞེངས་པ་དེ་ལ་མཆོད་རྟེན་དཀར་ཆུང་ལྷ་ཁང་ཞེས་ཟེར། ལོ་རྒྱུས་འགའ་ཞིག་གི་ནང་ལྷ་ཁང་དེའི་མཚན་ལ་བྲག་དམར་ཀེ་རུ་ལྷ་ཁང་ཞེས་འཁོད་ཡོད་ཀྱང་།   བྲག་དམར་ཞེས་པ་ནི་བསམ་ཡས་ལ་གོ་དགོས་པས་བསམ་ཡས་དང་ཀེ་རུ་ལྷ་ཁང་ལོ་རྒྱུས་ཐད་འབྲེལ་བ་ཅི་ཡང་མེད་པ་མ་ཟད་ལོ་ཚིགས་ཀྱང་མ་མཐུན།  ལོ་རྒྱུས་དངོས་ཕ་གཏམ་བུ་འཇགས་སུ་གྱུར་པའི་ཀེ་རུ་ལྷ་ཁང་གི་མཚན་རྙིང་པར་འོན་ཁྲ་སྣ་ཀེ་རུ་ལྷ་ཁང་ཞེས་ཟེར་ཞིང་།   དེ་ཡང་ཁྲ་སྣ་ཞེས་པ་ནི་གྲོང་ཚོའི་མིང་རྙིང་པ་ཡིན་པར་བསྙོན་དུ་མེད། ད་དུང་མཁས་དབང་འགའ་ཞིག་གིས་ཀེ་རུ་ལྷ་ཁང་ནི་མུ་ནེ་བཙན་པོའི་དུས་བཞེངས་པར་ཡང་བཞེད་མཁན་ཡོད། མིག་སྔར་ལྷ་ཁང་དེའི་ནང་ཞུགས་པའི་སྨན་འདམ་ལས་གྲུབ་པའི་སྐུ་འདྲ་རྙིང་པ་དེ་དག་ལ་ཐུན་མིན་གནའ་བོའི་བཟོ་རྩལ་ཁྱད་ཆོས་ལྡན་པ་དང་།  བསྟན་འགྱུར་བྲིས་མ་པོད་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ཀྱང་ཆེས་རྙིང་མ་ཤ་སྟག་ཡིན་པས་ལྷ་ཁང་དེར་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་གཞན་གྱིས་བསྒྲུན་དུ་མེད་པ་ཞིག་མཆིས་སོ། །

 

༥༽ ཨེ་ལྷ་རྒྱ་རི་ཕོ་བྲང་། རྩེད་ཐང་ནས་ཤར་ལྷོའི་ཕྱོགསསུ་སྤྱི་ལེ༥༠ཙམ་ཕྱིན་ན་ཆུ་གསུམ་རྫོང་ཁོངས་སུ་ཡོད་པའི་ཨེ་ལྷ་རྒྱ་རི་ཕོ་བྲང་དུ་སླེབས་ཤིང་།  ཕོ་བྲང་དེ་ནི་ཐོག་མར་སྤྱི་ལོའི་དུས་རབས་བཅུ་གཉིས་པར་པུར་རྒྱལ་བཙན་པོའི་གདུང་རྒྱུད་ལས་མཆེད་པའི་ས་གནས་སྲིད་དབང་འཛིན་མཁན་གྱི་ཁྱིམ་རྒྱུད་ཆེན་པོ་སྡེ་པ་རྒྱ་རི་བའི་རྒྱུད་རབས་ཀྱིས་གསར་དུ་བསྐྲུན་པ་ཞིག་རེད།  དེ་ཡང་ལྷ་ཞེས་པ་ནི་ལྷ་སྲས་བཙན་པོའི་གདུང་རྒྱུད་ལས་མཆེད་པ་ཡིན་པས་ལྷ་ཞེས་དང་།  རྒྱ་བོ་ཞེས་པ་ནི་བོད་ཀྱི་བཙན་པོའི་གདུང་རྒྱུད་དྲི་མ་མེད་པ་ཡར་ཀླུང་ཇོ་བོའི་བརྒྱུད་དུ་རྒྱ་རི་ཁྲི་ཆེན་ཁྲི་ཐོག་དང་པོ་ལྷ་དགྲ་ལས་རྣམ་རྒྱལ་གྱིས་ཨེ་སྟོད་སིའུ་ཆུ་ཚན་ཁར་སླེབས་ཏེ་དེ་གར་བཞུགས་གནས་ཆུང་ངུ་ཞིག་བརྩིགས་ནས་བཞུགས་དུས་ཉིན་ཞིག་ཉེ་འདབས་ཀྱི་རི་ལ་མེ་འབར་བ་གཟིགས་པས་ཡ་མཚན་དུ་དགོངས་ནས་དཔྱད་པ་མཛད་སྐབས་རྩྭ་རྒྱ་བོ་རང་བྱུང་གི་མེ་འབར་བ་དེ་ནི་བཀྲ་ཤིས་པའི་སྔ་ལྟས་ཤིག་ཡིན་པ་མཁྱེན་ནས་གནས་དེར་དགོན་པ་དང་གཞིས་ཀ་སོགས་བརྩིགས་པས་རྒྱ་རི་དགོན་ཞེས་མིང་དུ་ཆགས།  དེ་ནས་རིམ་པར་རྒྱ་རི་སྐུ་ཐོག་རིམ་བྱུང་གིས་ཕོ་བྲང་རྒྱ་བསྐྱེད་ཉམས་གསོ་མཛད་པས་ཨེ་ལྷ་རྒྱ་རིའི་ཕོ་བྲང་ཞེས་གངས་ལྗོངས་ཡོངས་ལ་རླུང་ལྟར་གྲགས་པ་དེ་བྱུང་། དེ་ཡང་ལྷ་རྒྱུ་རིའི་ཕོ་བྲང་ནི་གད་པ་ཐོག་བརྩེགས་ཉི་ཤུ་ཙམ་ཡོད་པའི་ས་བབ་ངོ་མཚར་ཅན་ཞིག་གི་སྟེང་དུ་ཆགས་ཤིིང་།  ཕོ་བྲང་ལྟེ་བའི་བཟོ་བསྐྲུན་ཞེང་ཚད་རྨིད༣༡དང་རིང་ཚད་རྨིད༢༢མཐོ་ཚད་ཐོག་བརྩེགས་ལྔ་ཡོད་པའི་མདུན་ངོས་སུ་དཀར་གཞལ་ཞེས་པ་འཁྱམས་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེའི་མཐའ་སྐོར་དུ་རྡོ་ཚོས་གཞི་འདྲ་མིན་སྣ་ཚོགས་བསྒྲིགས་པའི་མཛེས་རིས་བཀྲ་ཤིས་རྟགས་བརྒྱད་དང་།  རྒྱལ་སྲིད་སྣ་བདུན།  འདོད་ཡོན་སྣ་ལྔ་སོགས་ཀྱིས་ཕྱུགས་པ་རྒྱ་ཁྱོན་ཡངས་ཤིང་མཛེས་སྡུག་ལྟ་བས་མི་ངོམས་པ་ཞིག་ཡོད།  ད་དུང་རྫོང་ཟུར་ཞེས་པ་ཐོག་བརྩེགས་བཞི་ལྡན་གྱི་ཁང་པ་དམར་པོ་ཞིག་ཡོད་པ་དེ་ནི་རིང་ལྷ་རྒྱལ་མཚན་གྱི་མགོན་ཁང་ཡིན་པ་དང་།  གཞན་ཡང་ཕོ་བྲང་གི་བྱང་ངོས་གྲོག་ཤུར་ནང་དུ་ལྷ་རྒྱ་རི་ཁྲི་ཐོག་མཇུག་མ་རྣམ་རྒྱལ་རྒྱ་མཚོས༡༩༩༨ལོར་བཞེངས་པའི་དབྱར་སྐྱིད་སྤྲོ་ཁང་རྒྱ་བཟོའི་ལུགས་བཟོ་དབྱིབས་ལེགས་ལ་སྒེའུ་ཁུང་དང་བཅད་ཁྲ་སོགས་ལ་ཤིང་བརྐོས་བྱ་འབྲུག་དང་།  རྩི་ཤིང་མེ་ཏོག་གི་རི་མོ་མཛེས་པར་བརྒྱན་པའི་ཁང་བཟང་གི་ཁོར་མོ་ཡུག་སྤང་ལྗོངས་དང་།  མེ་ཏོག་སྣ་ཚོགས།  འབྲས་ལྡན་ལྗོན་ཤིང་སོགས་ཀྱིས་ཡོངས་སུ་བསྐོར་བ་དེ་ནི་ལྷ་སའི་ནོར་བུ་གླིང་ཁ་གཉིས་པ་ཡིན་ཞེས་ཡོངས་སུ་གྲགས་པ་དོན་དང་མཐུན། དེས་ན་ལྷ་རྒྱ་རི་ཕོ་བྲང་གི་ལོ་རྒྱུས་རིན་ཐང་དང་།   བཟོ་སྐྲུན་སྒྱུ་རྩལ།  གནས་ཡུལ་ཁྱད་ཆོས་སོགས་བོད་ཡུལ་ན་མཐོང་བར་དཀོན་པ་ཞིག་ཡིན་པས་རྒྱ་རི་ཕོ་བྲང་འདི་ཉིད་ལྷོ་ཁའི་ཡུལ་སྐོར་གནས་ལྗོངས་ཁྱད་དུ་འཕགས་པ་ཞིག་ཡིན་པར་བསྙོན་དུ་མེ་དོ།།

 

༦༽ རྡོ་རྗེ་བྲག་དགོན་པ། རྡོ་རྗེ་བྲག་དགོན་པ་མཚན་ཆ་ཚང་ལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་སྒར་ཞེས་ཞུ། དགོན་དེའི་མཆན་འགྲེལ་ནི་རྒྱབ་རིར་གཡུ་ཡི་རྡོ་རྗེའི་རང་བྱོན་ཡོད་པས་རྡོ་རྗེ་བྲག་དང་།  ཨེ་ཝམ་ལྕོག་སྒར་ཞེས་པ་ནི་ཐོག་མར་ལྕོག་གུར་ཕུབ་པའི་འདུས་སྡེ་ཡིན་པས་མཚན་དེ་ལྟར་ཐོགས། དེ་ཡང་ཐོག་མར་མངའ་རིས་པཎྜི་ཏ་པད་མ་དབང་གི་རྒྱལ་པོས་གུར་བསྐྱོན་པའི་གསང་ཆེན་གྱི་འདུས་སྡེ་ཆུང་ངུ་ཞིག་འཛུགས་གནང་མཛད་པ་དང་། དེ་རྗེས་སྐུ་ཕྲེང་གསུམ་པ་རིག་འཛིན་ངག་གི་དབང་པོས་ཕྱག་བཏབ། རིག་འཛིན་སྐུ་ཕྲེང་བཞི་པ་ཀུན་བཟང་པད་མ་འཕྲིན་ལས་ཁྲིར་འཁོད་རྗེས་རྒྱལ་མཆོག་ལྔ་པ་ཆེན་པོ་དང་ཆོས་ཡོན་གྱི་ཐུགས་རྗེའི་བདག་རྐྱེན་དང་བཅས་སྟོབས་རྒྱས་པར་གྱུར།  བདེ་ཡངས་ཤར་ནུབ་གཉིས་ཞེས་མདོ་སྔགས་གྲྭ་ཚང་ཤར་ནུབ་གཉིས་ཡོད།  དེ་སྔ་དགེ་འདུན་ཞལ་གྲངས་ལྔ་སྟོང་ཙམ་བྱུང་མྱོང་ཡོད་པས་སྔ་འགྱུར་རྙིང་མའི་བྱང་གཏེར་གྱི་གདན་ས་ཆེན་པོར་གྲགས།  དུས་རབས་བཅོ་བརྒྱད་པའི་དུས་འགོར་ཇུན་གར་དམག་གིས་དགོན་དེ་རྨེག་མེད་དུ་བཟོ་བའི་སྐབས་མགོན་ཁང་སྲིད་གསུམ་རྣམ་རྒྱལ་བཤིག་པར་བརྩམ་པའི་དུས་ཇུན་གར་བའི་དམག་དཔོན་ཁྲག་སྐྱུགས་ཏེ་ཤི་བས་སྐྲག་ཏེ་མགོན་ཁང་དེ་གཅིག་པུ་མ་བཤིག་པར་བཞག གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་ཆུ་ལ་བསྐྱུར་བ་དང་། གསེར་བྲིས་ཀྱི་བཀའ་འགྱུར་སོགས་ནང་རྟེན་མང་པོ་འཁྱེར་ཞིང་དགུང་གྲངས་བདུན་ཅུ་དོན་བདུན་ལ་ཕེབས་པའི་རིག་འཛིན་པད་མ་འཕྲིན་ལས་ཀྱང་བཀྲོངས་པ་སོགས་བར་ཆད་ཤུགས་ཆེན་བྱུང་ཡང་རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་དགོན་པའི་བདག་དབང་མཐའ་དག་སླར་གསོ་གནང་བ་དང་།  དེ་ནས་བཟུང་ཕྱིའི་བཀོད་པ་དང་ནང་གི་ཐུགས་རྟེན་རིམ་བཞིན་ཉམས་གསོ་དང་གསར་བསྐྲུན་བྱས་པས་སྔར་དང་གཉིས་སུ་མ་མཆིས་པའི་གྲགས་ཅན་གྱི་རྙིང་དགོན་ཞིག་ཏུ་འགྱུར། རྡོ་རྗེ་བྲག་དགོན་པའི་མདུན་དུ་ཡར་ཀླུང་གཙང་པོ་རྒྱུ་བ་དང་།  རྒྱབ་ཏུ་བ་གམ་བྲག་རིས་མཛེས་པར་བརྒྱན་ཡོད་པས་བོད་ཀྱི་དམངས་ཁྲོད་གླུ་གཞས་ནང་དུའང་རྡོ་རྗེ་བྲག་གི་རྒྱབ་རི། །  རྒྱབ་རི་བྲག་ལ་བཅོལ་ཡོད། ། བྲག་ལ་འགྱུར་བ་མ་གཏོང་། །  ཐང་དཀར་སྣང་བཟོད་བདེ་བ། །<སྣང་བཟོད་བདེ་བ་དང་གནས་བཟོད་བདེ་བ་ཞེས་འབྲི་སྟངས་གཉིས་ཡོད་ཀྱང་འདིར་གོང་མ་དེར་གོ་དགོས> རྡོ་རྗེ་བྲག་གི་མདུན་ཕྱོགས། །   མདུན་ཕྱོགས་མཚོ་ལ་བཅོལ་ཡོད། །མཚོ་ལ་འགྱུར་བ་མ་གཏོང་། །  གསེར་ཉ་སྣང་བཟོད་བདེ་བ། །ཞེས་གཏོང་དང་གཏོང་བཞིན་ཡོད་དོ། །

 

༧༽   རྫིང་ཕྱི་དགོན། མཚན་ཆ་ཚང་ལ་རྫིང་ཕྱི་དགའ་ལྡན་བྱམས་གླིང་ཞེས་ཞུ་ཞིང་རྩེད་ཐང་ནས་སྤྱི་ལེ༨༠ཙམ་སོང་ན་རྫིང་ཕྱི་དགོན་པར་སླེབས།  རྫིང་ཕྱི་ཞེས་པ་ནི་གྲོང་མིང་ཡིན་པ་དང་ཐོག་མར་བླ་ཆེན་དགོངས་པ་རབ་གསལ་གྱི་བཀའ་ལྟར་ཁམས་ནས་ཕེབས་པའི་སྒར་མི་ཡོན་ཏན་གཡུང་དྲུང་གིས་ཕྱག་བཏབ།  དགོན་པའི་རྟེན་གཙོ་ཛཻ་ཀྵིམ་ལས་གྲུབ་པའི་སྐུ་གདུང་དགུང་ལོ་བརྒྱད་པའི་སྐུ་ཚད་ཀྱི་ཐུགས་ཀར་ཙན་དན་དེ་བའི་ནགས་ཁྲོད་ནས་འཁྲུངས་པའི་ཙན་དན་གྱི་བྱམས་པ་ཁྲུ་གང་བཞུགས་པ་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་ཡོད།  ཐོག་མར་དགོན་པ་དེ་དར་རྒྱས་ཆེ་བའི་སྐབས་དགེ་འདུན་ཞལ་གྲངས་ལྔ་བརྒྱ་སྐོར་ཟིན་ནའང་རིམ་བཞིན་ཉམས་རྒུད་དུ་སོང་བས་རྗེ་ཙོང་ཁ་པ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་པ་ལྟར་གནས་དེར་ཕེབས་སྐབས་དེར་རྟེན་གཙོ་བྱམས་པའི་དབུ་ལ་བྱ་བྲུན་དང་།  ཐལ་རྡུལ་གྱིས་ཁེངས་ཤིང་།  གཙུག་ལག་ཁང་ཡང་གོག་པོར་གྱུར་ཡོད་པ་གཟིགས་རྗེས་ཐུགས་སྐྱོ་ནས་རང་དབང་མེད་པར་སྤྱན་ཆབ་ཀྱང་ཤོར།  དེ་ནས་འོལ་ཁ་སྟག་རྩེ་རྫོང་གིས་ཙོང་ཁ་པའི་ཐུགས་རེ་ལྟར་སྦྱིན་བདག་ཞུས་ནས་ཉམས་གསོ་ལེགས་པར་མཛད།  རྗེ་རང་ཉིད་ཀྱི་གཏོར་ཆས་བཙོངས་པས་དངུལ་ཕྲན་བུ་བྱུང་བ་སྤྱད་དེ་རྒྱལ་ཆེན་རྣམ་ཐོས་སྲས་ལ་སྨོན་སྐུལ་ཞུས་པས་ལྟུང་བཤགས་ལྷ་སུམ་ཅུ་སོ་ལྔ་འབྲི་མི་དགོས་པར་རང་བྱུང་ལྷུན་གྱིས་གྲུབ་སྟེ་གྱང་ལྡེབས་སུ་གསལ་བ་ད་ལྟའང་མཇལ་རྒྱུ་ཡོད་པ་ནི་ཆེས་ངོ་མཚར་ཆེ་བ་དང་ཆེས་བྱིན་རླབས་ཆེ་བ་ཞིག་ཡོད་པ་སྨོས་ཅི། རྫིང་ཕྱི་དགོན་དང་བྱམས་པར་ཉམས་གསོ་གནང་བ་དེ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེར་ཤིན་ཏུ་སྨན་པའི་མཛད་པ་ཞིག་ཡིན་པས་རྗེ་རིན་པོ་ཆེའི་མཛད་ཆེན་བཞིའི་ཡ་གྱལ་ཞིག་ཡིན། གཞན་ཡང་རྫིང་ཕྱི་དགོན་པར་མ་སླེབས་གོང་སྤྱི་ལེ་བཅུ་ཙམ་གྱི་སར་འོལ་དགའ་རྫོང་ཡོད་ཅིང་།  ཡུལ་དེར་འོལ་དགའ་ཟེར་དོན་ནི།  ལྷོ་ངོས་སུ་སྲིད་པའི་ལྷ་ཆེན་འོ་དེ་གུང་རྒྱལ་ཞེས་པའི་གངས་རི་སྟར་ཆགས་སུ་ཡོད་པ་ལས་རྩེ་མོ་མཐོ་ཞིང་ཕྲ་བས་ཁ་སྤྲོད་དུ་གནས་ཡོད་པ་ནི་ཡབ་ཡུམ་གཉིས་དང་།  གཉན་ཆེན་ཐང་ལྷ་དང་།  ཀོང་བཙུན་དེ་མོ།  མོན་ཡུལ་དེ་མོ།  ལྷོ་བྲག་སྐུ་ལྷ་མཁའི་རི།  ཡར་ལྷ་ཤམ་བུ།  ཇོ་མོ་མཁའ་རེག་བདུད་རྩི་རྩེ་མོ།  སྟག་སྟོད་ཤིང་བྱ་སོགས་འོ་ལྡེ་གུང་རྒྱལ་གྱི་སྲས་སྲོས་ཡིན་པར་གྲགས་པས་ལུང་པའི་མིང་ལའང་འོ་ལྡེ་གུང་རྒྱལ་གྱི་སྒྲའི་དོད་ལས་འོལ་ཁ་ཞེས་ཟེར།།

༨༽   གྲ་ནང་བྱམས་པ་གླིང་གི་མཆོད་རྟེན། མཆོད་རྟེན་འདི་ནི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ནས་བར་ཐག་སྤྱི་ལེ་གཉིས་ལྷག་ཙམ་གྱི་རི་ལྡེབས་ཤིག་ལ་ཡོད་པའི་དཔལ་བྱམས་པ་གླིང་དགོན་པའི་ནང་དུ་ཡོད། མཆོད་རྟེན་གྱི་མཚན་ལ་མཆོད་རྟེན་ཆེན་མོ་མཐོང་བས་རྣམ་པར་གྲོལ་བ་ཞེས་ཞུ་བ་འདི་ནི་བློ་བཟང་གྲགས་པའམ་ཙོང་ཁ་པའི་ཐུགས་སྲས་པཎ་ཆེན་བསོད་ནམས་རྣམ་རྒྱལ་གྱིས་(ཐུ་མི་ལྷུན་བཀྲས)རབ་བྱུང་བརྒྱད་པའི་ཆུ་འབྲུག(༡༦༧༢)ལོར་ཕྱག་བཏབ་ཅིང་།  མཆོད་རྟེན་དེར་ངོ་མཚར་ཕུལ་དུ་བྱུང་བའི་གཟུགས་དབྱིབས་དང་མཐོ་ཚད་ཐོག་བརྩེགས་བཅུ་བདུན་ལྷག་ཙམ་ཡོད་པ་དང་།  མཆོད་རྟེན་གྱི་རྩ་བར་སྦོམ་ཚད་ལག་འདོམ་ཉི་ཤུ་རྩ་གཉིས་ཡོད། མཆོད་རྟེན་གྱི་རྟེན་གཙོ་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ་དགུང་ལོ་བརྒྱད་པ་ལོངས་སྐུའི་ཆ་བྱད་ཅན།  རིགས་ལྔ་གསེར་ཟངས་ཀྱིས་བརྒྱན་ཞིང་གཟུངས་གཞུག་ལ་རྡོ་རྗེ་ཕ་ལམ་དང་།  གཟི།  གཡུ་བྱུར་སོགས་པ་རིན་པོ་ཆེ་དུ་མས་བཀང་བ་བཞུགས།  དེ་བཞིན་མཆོད་རྟེན་གྱི་ཆོས་འཁོར་བཅུ་གསུམ་ཡང་གསེར་ཟངས་སྤུས་ལེགས་ལས་གྲུབ་ཅིང་།  མཆོད་རྟེན་གྱི་བྲེ་ལ་ཐོག་བརྩེགས་གཅིག་དང་།   བུམ་པའི་རྒྱ་ཁྱོན་ནི་དགེ་འདུན་པ་ལྔ་བརྒྱ་ལྷག་ཙམ་ལ་མཉམ་དུ་འཚོགས་ཐུབ་ཅིང་བུམ་པའི་ཕྱོགས་བཞིར་ལྷ་ཁང་རེ་ཡོད་པའི་ནང་བྱིན་རླབས་ཀྱི་ཚན་ཁ་འབར་བ་དང་།  རིན་བྲལ་གྱི་སྐུ་གསུང་ཐུགས་རྟེན་མང་པོ་ཡོད།  ད་དུང་མཆོད་རྟེན་དང་ཉེ་བའི་ལྷོ་ངོས་ན་ཀ་ཐུང་ཉི་ཤུ་རྩ་བཞི་དང་ཀ་རིང་བཞི་ཅན་གྱི་ཐོག་བརྩེགས་ཁང་ཆེན་གསུམ་ལྡན་བྱམས་ཁང་ཞིག་ཡོད་པ་དེའི་ནང་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་ཐོག་བརྩེགས་གཉིས་ཅན་དང་།   སྐུ་རྒྱུ་དངུལ་ལས་གྲུབ་པའི་རྡོ་རྗེ་འཆང་ཐོག་ཚད་གཅིག་ཅན་དེའི་དབུ་རྒྱན་དང་མགུལ་རྒྱན་ཕྱག་གདུབ་ཞབས་གདུབ་བཅས་ནི་གསེར་བཙོ་སྦྱངས་ལས་གྲུབ་པ་ཞིག་ཡིན།  གཞན་ཡང་མཆོད་རྟེན་ཆེན་མོ་འདིའི་བུམ་ལྡིར་ནང་དུ་སངས་རྒྱས་སྟོང་སྐུ་དང་ལི་སྐུ་མང་པོ། ཁྱད་པར་དུ་སངས་རྒྱས་འོད་སྲུང་སོགས་ཀྱི་འཕེལ་གདུང་དམ་རྫས་རིང་བསྲེལ་མང་པོ་བཞུགས་ཡོད་པས་མཆོད་རྟེན་ཆེནམོ་འདི་མཇལ་བ་ཙམ་གྱིས་སྐྱེ་འགྲོ་ཀུན་ངན་སོང་གི་གནས་ལས་གྲོལ་ཏེ་ཐར་པའི་གོ་འཕང་ཐོབ་པར་གྲགས། མཆོད་རྟེན་ཆེན་མོ་འདི་བཞེངས་པར་ལོ་ཧ་ཅང་མང་པོ་འགོར་ཡོད་པ་ནི་དམངས་ཁྲོད་ཀྱི་ཤོད་སྲོལ་དུ་ཐོག་མར་མཆོད་རྟེན་བཞེངས་པའི་ལོ་ཕོ་མོ་ཕན་ཚུན་བཟའ་ཚང་དུ་འགྱུར་པའི་ཕྲུ་གུས་མཆོད་རྟེན་བཞེངས་མ་ཚར་གོང་ལས་ཀར་ཞུགས་ཐུབ་ཀྱི་ཡོད་ཅེས་ངག་ནས་ངག་བརྒྱུད་དེ་གླེང་།

མཆོད་རྟེན་བཞེངས་ཚར་རྗེས་རབ་གནས་རྟེན་འབྲེལ་མཛད་སྒོ་གྲ་ཧ་ཅང་རྒྱས་པོ་ཞིག་གནང་བ་སྟེ།   ཐོག་མར་བོད་ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་རྒྱལ་གླིང་ཚོགས་པ་དང་།  ཚོང་འདུས་ཚོགས་པ།  སྙེ་མདོ་དགོན།  རི་བོ་རྣམ་རྒྱལ།  གྲ་ཐང་དགོན་སོགས་ལྷན་དུ་རང་རང་གི་ཆོས་ལུགས་བྱེད་སྒོ་ལྟར་རབ་གནས་ཆོ་ག་རྒྱས་པར་གནང་བ་དང་ཚེས་ཉེར་གསུམ་ནས་གནམ་གང་བར་དགོན་པ་སོ་སོའི་སེར་སྦྲེང་།  གཏོར་རྒྱག་འཆམ།  གོ་པ་དང་གཞས་ཆེན།  བྲོ།  ལྷ་མོ་སོགས་སྟོན་མོ་གཟབ་རྒྱས།  གནམ་གང་ཉིན་བྱམས་པ་གདན་འདྲེན།  ཚེས་གཅིག་ནས་དབུས་གཙང་རུ་བཞི།  ཁ་བལ་ཀོང་འབྲུག་མདོ་སྨད་སྒང་དྲུག   རྒྱ་བོད་ཧོར་གསུམ་སོགས་བུང་བ་པད་མཚོར་འདུ་བ་བཞིན་མཆོད་རྟེན་ལེགས་གྲུབ་ཀྱི་མཛད་སྒོའི་རྟེན་འབྲེལ་ཐོག་རང་རང་གི་ཡུལ་ཟོག་འཁྱེར་ནས་ཚོང་གཉེར་བྱེད་པར་ཡོང་།  དུས་དེ་ནས་བཟུང་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་གཅིག་ནས་བཟུང་ས་ཕྱོགས་གང་ས་གང་ནས་རང་རང་སོ་སོའི་ཐོན་རྫས་འཁྱེར་ནས་འཆར་ཅན་ལྷོ་ཁ་གྲ་ནང་རྫོང་བྱམས་པ་གླིང་ལ་ཚོང་རྒྱག་པར་ཡོང་གི་ཡོད་པས་རིམ་བཞིན་གྲ་ནང་བྱམས་པ་གླིང་ཚོང་འདུས་ཞེས་ལྗོངས་ཕྱི་ནང་གང་སར་སྐད་གྲགས་ཡོད་པའི་ཚོང་འདུས་ཆེན་མོ་ཞིག་ཏུ་འགྱུར། བལ་པོའི་ཚོང་པ་སོགས་ཀྱིས་མཆོད་རྟེན་གྱི་རྩེ་ནས་དར་དཔྱང་ཀ་ཤི་དཀར་པོ་གཏོང་གི་ཡོད་པས་ཕྱིས་མི་ཚོས་ཀ་ཤི་རིང་ཐུང་ལ་བལྟས་ནས་སྣམ་བུའི་གོང་ཆེ་ཆུང་ཚོད་དཔག་ཐུབ་ཀྱི་ཡོད།  དེའི་རྒྱུ་མཚན་ནི་བལ་པོ་སོགས་ཀྱི་ཚོང་པ་མང་བ་ཡོད་པ་ཀ་ཤི་རིང་བ་ཡོད་པ་དང་སྣམ་བུ་ཉོ་མཁན་མང་བ་ཡོད་པས་སྣམ་གོང་འཕར་བ་དང་།   ཀ་ཤི་ཐུང་བ་ཡོད་སྣམ་བུ་ཉོ་མཁན་ཉུང་བར་བརྟེན་སྣམ་གོང་ཆག་གི་ཡོད།  བྱམས་པ་གླིང་དགོན་པའི་ལོ་ལྟར་འཆར་ཅན་གྱིས་དུས་སྟོན་དེར་ཆོས་ཕྱོགས་ནས་བྱམས་པ་གླིང་སྨོན་ལམ་ཞེས་ཟེར་བ་དང་།  འཇིག་རྟེན་པའི་ཕྱོགས་ནས་བྱམས་པ་གླིང་ཚོང་འདུས་ཞེས་ཟེར་གྱི་ཡོད་ལ་འབྲུག་ཡུལ་སོགས་ནས་ཀྱང་བྱམས་པ་གླིང་དགོན་པར་ཕྱག་མཆོད་དང་།   དགེ་འདུན་པར་མང་ཇ་དང་སྐུ་འགྱེད་སོགས་འབུལ་སྲོལ་ཡོད།  བྱམས་པ་གླིང་དགོན་པའི་བླ་བརྒྱུད་སྐུ་ཕྲེང་དང་པོ་བློ་བཟང་བསྟན་འཛིན་དང་།   དེ་ནས་དཔོན་ཆར་རྭ་དགའ་རྣམ་གྲོལ་རིན་པོ་ཆེ།  བློ་བཟང་བུ་ཆུང་།  བློ་བཟང་བསྟན་འཛིན་སོགས་རྒྱུན་མི་ཆད་པར་བྱུང་ཡོད།

 

༩༽ ལྕགས་ཟམ་ཆུ་བོ་རི་དང་ཚེ་ཆུ་སྒྲུབ་སྡེ། ལྕགས་ཟམ་ཆུ་བོ་རི་ནི་བོད་ཀྱི་རི་ཆེན་བཞིའི་ཡ་རྒྱལ་ཞིག་ཡིན་ཞིང་།  དེ་ཡང་རི་ཆེན་བཞི་ཞེས་པ་ནི་གནས་རི་རྩ་ཆེན་ཡིན་པ་ལས་རི་ཆེ་ཤོས་སམ་མཐོ་ཤོས་ལ་ཟེར་བ་མིན།  དེ་ཡང་ཟེར་སྲོལ་ལ་རི་འདིའི་ངོགས་དང་ལྡེབས་ལ་དགོན་པ་བརྒྱ་དང་བརྒྱད།  དུར་ཁྲོད་བརྒྱ་དང་བརྒྱད།  ཆུ་མིག་བརྒྱ་དང་བརྒྱད་བཅས་ཡོད་པར་གྲགས་ཤིང་།  དེང་སང་ཆུ་བོ་རིའི་བྱང་ངོས་ལྷ་ཆུ་ཞེས་པའི་ཆུ་མིག་གི་ཆུས་ཁྲུས་བྱས་ན་ནད་རིགས་ཀུན་འཇོམས་ཞེས་སྙན་གྲགས་ཆེ་བས་ཕྱོགས་ཀུན་ནས་སྐྱེ་བོ་བུང་བ་པད་མཚོར་འཁོར་བ་བཞིན་ཤིན་ཏུ་མང་པོ་སླེབས་ཀྱི་ཡོད། ཚེ་ཆུ་སྒྲུབ་སྡེ་དགོན་ནི་སློབ་དཔོན་པད་མས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་ཚེ་སྒྲུབ་གནང་སྐབས་ཐོག་ཁ་ནས་ཚེ་བུམ་ཕོ་རོག་གཅིག་གིས་ཁུར་ནས་ས་དེར་སྦས་པས་ཕྱིས་དེ་ནས་བབས་པའི་ཆུ་བཏུངས་ན་ཚེ་འཕེལ་བས་དགོན་མིང་ལའང་ཚེ་ཆུ་སྒྲུབ་སྡེ་ཞེས་ཐོབས།  ཐོག་མར་དགོན་པ་འདི་སྨིན་གྲོལ་གླིང་གི་ཁོངས་ཡིན་པས་དེར་བཞུགས་དགེ་འདུན་བརྒྱད་གྲྭ་གཅིག་གི་འཚོ་གོས་སྨིན་གྲོལ་གླིང་ནས་འགན་ལེན་ཞུ་གི་ཡོད་ཀྱང་།  ཕྱིས་ཁམས་ཀྱི་བླ་མ་ཚེ་དབང་བསམ་གྲུབ་དང་།  བློ་བཟང་བསམ་གྲུབ་ཅེས་པ་གཉིས་རི་ལྡེབས་ཀྱི་བསམ་གཏན་གླིང་དུ་བཞུགས་པ་དགོན་དེའི་བླ་མར་གདན་དྲངས་པས་རིམ་བཞིན་ཆོས་ལུགས་པར་འགྱུར། དེ་རྗེས་ར་སྒྲེང་རྒྱལ་ཐོག་སྐབས་འདུ་ཁང་གསར་བཞེངས་གནང་།  དགོན་པའི་གཡས་ངོས་སུ་ཆུ་བོ་རིའི་གནས་སྒོ་ཡོད་པར།  སྔོན་ར་རྫི་ཞིག་གི་ར་དཀར་པོ་གཅིག་རྟག་པར་མཐོང་སར་སྡོད་ཀྱི་མེད་པས་ཉིན་ཞིག་ར་རྫིས་རའི་མཇུག་ཏུ་ཕྱིན་པས་ཡུལ་སྐྱིད་པོ་པད་མ་བཀོད་ཅེས་བ་ལྷ་ཡུལ་དང་འདྲ་བའི་སྐྱིད་པོ་ཞིག་ལ་སླེབས་པས་ར་རྫིའི་སེམས་ལ་རང་གི་ཕ་མ་གཉིས་ཀྱང་འདིར་བསུ་དགོས་སྙམ་ནས་ཁྱིམ་དུ་ཕ་མ་འབོད་པར་ཕྱིན་ཏེ་ཁོ་ཚོ་མཉམ་དུ་ས་དེར་སླེབས་དུས་གནས་སྒོ་ཟུམ་ཟིན་པ་དང་།  དེ་ནས་བཟུང་ཆུ་བོ་རིའི་གནས་སྒོ་སུས་ཀྱང་ཕྱེ་མ་ཐུབ་པར་གྱུར་ཅེས་ཟེར། གཞན་ཡང་ཆུ་བོ་རིར་མིང་འབོད་ཚུལ་ཁ་ཤས་ཡོད་ཀྱང་རི་འདིའི་འགྲམ་གྱི་ཡར་ཀླུང་གཙང་པོར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་ཆུ་བོ་རི་ཞེས་བརྗོད་པ་ནི་ཡོངས་སུ་གྲགས་པ་ཞིགཡིན་ནོ།།

 

༡༠༽ རྩེད་ཐང་ལྔ་མཆོད་དགོན་པ། རྩེད་ཐང་ལྔ་མཆོད་དགོན་པ་དང་དགའ་ལྡན་ཆོས་འཁོར་གླིང་ནི། དགོན་པ་འདི་གཉིས་རྩེད་ཐང་རྩེད་ཐང་གྲོང་བརྡལ་གྱི་དབུས་སུ་ཡོད་ཅིང་སྔར་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅག་ཅིང་ཆོས་གསུངས་མྱོང་བས་གང་སར་སྙན་གྲགས་ཤིན་ཏུ་ཆེ། དེ་ཡང་རྩེད་ཐང་ལྔ་མཆོད་དགོན་པ་ནི་རབ་བྱུང་བདུན་པའི་ཤིང་རྟ<༡༤༤༩>ལོར་ཕྱག་བཏབ་པའི་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་པ་དང་སྔ་ཕྱིར་བླ་མ་སྐྱེས་ཆེན་དམ་པ་མང་པོས་ཆོས་བསྐོར་བསྐོར་མྱོང་ཡོད་ལ་ལྷག་པར་དུ་རྗེ་རིན་པོ་ཆེ་དབུས་གཙང་དུ་ཕེབས་སྐབས་དགོན་པ་འདིར་བྱོན་ནས་ཙན་དན་གྱི་ཀ་བར་སྐུ་རྒྱབ་བསྙེས་ཏེ་བཞུགས་སྐབས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དངོས་སུ་ཞལ་གཟིགས་ནས་འཇམ་དཔལ་དབྱངས་རྗེ་རིན་ཆེན་པོར་ཐིམས་ལ་ཉེ་བའི་སྐབས་རྗེ་རིན་པོ་ཆེས་ང་ལ་མ་ཐིམས།  གྱང་ལ་ཐིམས་ཞེས་གསུངས་པ་ལྟར་གྱང་ལ་ཐིམས་པས་འཇམ་དབྱངས་གྱང་ཐིམས་མ་ཞེས་པའི་གྱང་དང་།   ཇོ་བོ་རྗེའི་ཐུགས་དམ་གྱི་རྟེན་ཐུབ་པ་གསེར་གླིང་མ་སོགས་རྩ་ཆེའི་སྐུ་གསུང་ཐུགས་རྟེན་ཤིན་ཏུ་མང་པོ་ཡོད།   ཁྱད་པར་དུ་གངས་ལྗོངས་གསོ་རིག་མཁས་དབང་གསེར་རིའི་ཕྲེང་བའི་རྒྱུན་འཛིན་པ།  རིག་པའི་ཀཉལོང་རྡོལ་ཞིང་།  ཤེས་རབ་ཀྱི་མེ་ལྕེ་འབར་བ།  བོད་ཀྱི་གསོ་བ་རིག་པའི་བསྟན་པར་མཛད རྗེས་འགྲན་ཟླ་བྲལ་ཞིང་ཉམ་ཐག་ནད་པའི་ཚ་གདུང་སེལ་བའི་འཆི་མེད་ལྷ་ཡི་བདུད་རྩི་དང་གཉིས་སུ་མ་མཆིས་པའི་ཚེ་ཡི་རིག་པ་འཛིན་པ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་དགོན་པ་འདིའི་དགེ་འདུན་པ་ཡིན་པས་ཁོང་གི་འདྲ་སྐུ་དུས་ད་ལྟའང་གཟི་འོད་མི་ཉམས་པར་མཇལ་རྒྱ་ཡོད་པ་དེ་ལ་ཕྱོགས་བཞིའི་དད་ལྡན་སྐྱེ་བོ་དང་།   ལྗོངས་རྒྱུ་བ་ཆད་མེད་འཚང་ཁ་ཤིག་ཤིག་ངང་འཁོར་བཞིན་ཡོད་དོ། །དགའ་ལྡན་ཆོས་འཁོར་གླིང་དགོན་ནི་ལྔ་མཆོད་དགོན་པའི་ཤར་བྱང་དུ་གནས་ཡོད་པ་དང་།   དགོན་པ་དེའང་ཐོག་མར་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན།  དེ་རྗེས་རྒྱུད་སྨད་མཁན་ཆེན་དཔལ་འབྱོར་གྲགས་པས་རྒྱལ་བ་སྐལ་བཟང་རྒྱ་མཚོའི་དགེ་ལུགས་པའི་ཕྱག་བཞེས་གནང་ཞིང་དར་རྒྱས་གོང་འཕེལ་དུ་གཏོང་གནང་མཛད། རྟེན་གཙོ་བྱིན་ཅན་མི་དབང་བྱམས་པ་སོགས་ཤིན་ཏུ་མང་ལ་དགའ་ལྡན་ཆོས་འཁོར་གླིང་དགོན་པའི་གནའ་བོའི་འཛུགས་བསྐྲུན་གྱི་བརྗིད་ཉམས་དང་།   སྒྱུ་རྩལ།  ཁྱད་ཆོས་སོགས་དབུས་སུ་དཀར་གསལ་ཟླ་བ་ལྟར་ངོམས་པ་དང་།   དེའི་མཐའ་སྐོར་དུ་གནའ་བོའི་གྲོང་རྡལ་རྙིང་པ་རྩེད་ཐང་གི་ཡུལ་མིའི་ཁང་པ་སྐར་ཚོགས་ལྟ་བུས་ཡོངས་སུ་བསྐོར་ཡོད།

བརྒྱུད་སྐུལ།

མཆན་སྤེལ།