སྣོད་བཅུད་ཆགས་ཚུལ།

སྣོད་བཅུད་ཆགས་ཚུལ།
དམུ་དགེ་བསམ་གཏན།

བདེན་གཏམ་ཆོས་ཀྱི་འོད་ སྣང་འབུམ་བཀྱེ་བས།། རྫུན་གཏམ་སྨག་རུམ་སྟུག་པོ་འཇོམས་མཛད་པ།།རྣམ་འདྲེན་ཐུབ་པ་མཆོག་སོགས་རྣམ་ འདྲེན་རྣམས།།གཏན་བདེ་མ་རེག་བར་དུ་གཏན་དུ་མཆོད།། མཁྱེན་པའི་མཁའ་ལ་ཐོས་པའི་སྤྲིན་བསགས་ནས།། མདོ་རྒྱུད་ལེགས་བཤད་དབྱངས་ཀྱི་གཡུ་འབྲུག་ལྡིར།། ལོ་རྒྱུས་སྨྲ་བའི་ལྗགས་དམར་གློག་ཞགས་ཆེ།། སྐྱོང་མཛད་མཁས་དབང་མཐའ་དག་ཕྱག་གི་ཡུལ།། བསིལ་ལྡན་ཁམས་སུ་ཆགས་པའི་མུན་པའི་དགྲ།།ཆོས་སྲིད་ཉི་ཟླ་ཟུང་གི་འོད་སྤྲོ་བ།། རྒྱལ་བློན་ལོ་པཎ་མཁས་གྲུབ་ཀླུ་དབང་འབུམ།། གངས་ལྗོངས་མཚོ་ཆེན་རྒྱས་པའི་དཔྱིད་དུ་ཤར།། དེ་ཡི་བྱུང་བ་གཟུགས་བརྙན་གཟིགས་མོ་འབུམ།། ཡོངས་སུ་ཤར་བའི་ཀུ་དགའི་མེ་ལོང་ཞིག། ལོ་རྒྱུས་རིག་པ་སྨྲ་བའི་མཁས་གྲལ་དུ།། སྙེག་འདོད་གཞོན་ནུ་དགའ་བའི་སྐྱེས་སུ་འབུལ།། ཇི་སྐད་དུ། བཀའ་གདམས་གླེགས་བམ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཡོད།། རི་མཐོན་པོ་གནམ་གྱི་ཀ་བ་ཡོད།། མཚོ་དམའ་མོ་གཡུ་ཡི་མཎྡྲལ་ཡོད།། གངས་དཀར་བོ་ཤེལ་གྱི་མཆོད་རྟེན་ཡོད།། སྤང་སེར་བོ་གསེར་གྱི་ས་གཞི་ཡོད།། དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད།། སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།།གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད།། ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད།།ཅེས་བསྔགས་པའི་པུར་རྒྱལ་བོད་ཅེས་བྱ་བའི་ ཞིང་ཁམས་ཀྱི་ལོ་རྒྱུས་མདོར་བསྡུས་ཏེ་བརྗོད་པར་བྱའོ།། དེ་ཡང་བོད་ཡུལ་འདི་ནི་སངས་རྒྱས་ཤྰཀྱ་ཐུབ་པ་སངས་རྒྱས་པའི་གནས་རྒྱ་གར་རྡོ་ རྗེ་གདན་གྱི་བྱང་ཕྱོགས་སུ་ཡོད་ལ།ལྗོངས་འདིའི་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་གཉིས་ཀ་གནའ་ཆེས་སྔ་མོ་ཞིག་ནས་ཆགས་ཤིང་། མིང་ལའང་འདོད་རྒྱལ་གྱི་མིང་བོད་ཅེས་པ་ཆེས་སྔ་མོ་ཞིག་ནས་འབོད་པ་ཡིན་ཏེ། དེབ་ཐེར་དམར་བོ་གསར་མ་ལས། ལུང་རྣམ་འབྱེད་དང་། དཔལ་དུས་ཀྱི་འཁོར་ལོ་སོགས་སུ་བོད་ཅེས་མང་དུ་བྱུང་བས། བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་དུས་ལས་ཡུལ་དང་མི་གཉིས་ ཀ་ཆེས་སྔ་བར་ཆགས་པ་ཞིག་སྣང་།ཞེས་གསུངས་པ་དོན་ལ་གནས་སོ།། ཚུལ་འདི་ལ་ནི་བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཕལ་མོ་ཆེ་མགྲིན་གཅིག་ཡིན་ ཏེ། ནེལ་བ་པཎྟི་ཏ། སྟག་ཚང་ལོ་ཙྰ་བ། བུ་སྟོན་ཐམས་ཅད་མཁྱེན་པ། འགོས་ལོ་གཞོན་ནུ་དཔལ་སོགས་ཀྱིས།བོད་ཀྱི་ཡུལ་འདི་རྒྱ་གར་དང་འདྲ་བར་ཡུལ་དང་ མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བ་བྱས་ན་ཡང་། ལུང་དང་རིགས་པས་གནོད་པ་མེད་ཅེས་གསུངས་སོ།། ཡུལའདིར་རི་ལུང་ཆགས་ནས་མིའི་འགྲོ་བ་མ་ཆགས་པའི་སྔོན་དུ། རི་ལུང་ཐམས་ཅད་ཆུས་བཀང་ནས་ཡོད་པར་བཤད། དེ་རྗེས་ཆུ་འཁྱིལ་སའི་ཡོལ་གོ་རྣམས་ཀྱི་ཁ་ཤོར་ཏེ་ཆུ་རྣམས་རྒྱ་མཚོར་བཞུར་བའི་ ཤུལ་དུ་རིམ་གྱིས་རྩི་ཤིང་ནགས་ཚལ་རྒྱས། དེ་ནས་རིམ་གྱིས་སྲོག་ཆགས་དག་གྲུབ་པ་ཡིན་ཏེ། སྟོད་མངའ་རིས་ཀྱི་ཆ་ནི་གླང་བོ་ཆེ་དང་རི་དྭགས་ཀྱི་ཡུལ། བར་དབུས་གཙང་གི་ཆ་ནི་རི་དྭགས་དང་སྤྲེའུའི་ཡུལ། སྨད་མདོ་ཁམས་ཀྱི་ཆ་ནི་སྤྲེའུ་དང་བྲག་སྲིན་གྱི་ཡུལ་དུ་གྱུར་ཏོ།། དེ་ཡང་སྟོད་གཡའ་རི་དང་བྲག་རི། བར་བྲག་དང་སྤང་ལྗོངས། སྨད་རྩི་ཤིང་དང་ནགས་ཚལ་གྱི་ཡུལ་དུ་གྱུར་ནས་ལོ་ཆེས་མང་བར་མིའི་འགྲོ་བ་མེད་ལ། ཡང་སྟོད་མངའ་རིས་སྐོར་གསུམ་གྱི་ས་འདི་གངས་དང་གཡའི་ར་བ་ཡོད་པའི་རྫིང་དང་འདྲ་ བར་བཤད། བར་དབུས་གཙང་རུ་བཞི་ཡོད་སའི་ས་འདི་བྲག་དང་ཆུ་འཐབ་ས་ཡུར་བ་དང་འདྲ་བར་བཤད། སྨད་མདོ་ཁམས་སྒང་དྲུག་གི་ས་འདི་ནགས་དང་ནའི་ལྗོངས་ཞིང་དང་འདྲ་བར་བཤད་དོ།། ལྗོངས་འདིར་མིའི་འགྲོ་བ་འགྲོ་བ་ཆགས་ཚུལ་ནི། གནའ་ཆེས་སྔ་མོར་ཡུལ་དབུས་གཙང་གི་ཕྱོགས་སྤྲ་དང་སྤྲེའུས་གང་བའི་དུས་ཤིག་ཏུ་ ལྷོ་ཁ་སྣེ་གདོང་གི་ཕྱོགས་ཀྱི་བྲག་མགོན་པོའི་རི་ལ་སྤྲེའུ་བྱང་ཆུབ་སེམས་དཔའ་ དང་བྲག་སྲིན་མོ་འདུས་པ་ལས་སྤྲེལ་ཕྲུག་མང་དུ་འཕེལ་བ་ལས་རིམ་གྱིས་མིར་གྱུར་ པའི་རྒྱུད་ལས་བྱུང་ཞིང་།སྤྲེལ་ཕྲུག་རྣམས་ནགས་ཚལ་དུ་གནས་ཏེ་ཤིང་ཐོག་གི་འཚོ་ བ་བྱས་ནས་བསྡད་པས་མང་དུ་འཕེལ། བར་སྐབས་ཤིག་ནས་གཞུང་གི་ཆུ་རྣམས་བཞུར་བའི་ཤུལ་དུ་སྤང་གཞོངས་རྒྱ་ཆེན་པོ་ བྱུང་། སྤང་གཞོངས་དེ་དག་ཏུ་ནས། སྲན་མ། བྲ་བོ། སོ་བ་རྣམས་དང་། རྒོད་སྐྱེས་ཀྱི་འབྲུ་རིགས་འཁྲུངས་པ་ལ་མ་རྨོས་པའི་ལོ་ཐོག་ཟེར། སྤྲེའུ་རྣམས་རིམ་གྱིས་སྤང་གཞོངས་སུ་འོངས་ནས་རྒོད་སྐྱེས་ཀྱི་འབྲུ་རིགས་རྣམས་ ལ་ལོངས་སྤྱད། རིམ་གྱིས་སྤུ་ཇེ་ཐུང་དང་རྔ་མ་ཡང་ཇེ་ཐུང་དུ་སོང་བ་དང་ཆབས་གཅིག་རིག་པའི་འཆར་ སྒོ་ཡང་ཇེ་ཆེར་གྱུར། སྐབས་ཤིག་ནས་རྔ་མ་མེད་ཅིང་ལུས་ཀྱི་སྤུ་ཡང་བྱི་ནས་མིའི་འགྲོ་བར་གྱུར་ཏེ། དེབ་ཐེར་མཁས་དགའ་ལས། ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར།། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན།། ནགས་ན་རི་དྭགས་ལྟ་བུར་གནས་པ་ཡིན།།ཞེས་གསུངས་སོ།། རྩེད་ཐང་གི་མགོན་པོ་རི་ནི་སྤྲེའུ་དེ་དག་གནས་ཡུལ་གྱི་རི་ནགས་ཚལ་སྟུགཔོ་ཅན་ ཡིན་པ་དང་། རྩེད་ཐང་ཞེས་པའི་ས་ཆ་དེ་ནི་སྤྲེལ་ཕྲུག་རྣམས་ཐང་དུ་བབས་ནས་རྩེད་ས་ཡིན་པའི་ སྟབས་ཀྱིས་རྩེད་ཐང་ཞེས་གྲགས་པ་དང་། ཐང་དེའི་ས་ཞིང་ནི་སྤྲེའུ་རྣམས་ཀྱིས་ས་བོན་བཏབ་སྟེ་འབྲུ་རིགས་འཁྲུངས་སྐབས། ཕན་ཚུན་ཟོ་དང་ཞེས་པའི་མིའི་སྐད་སྨྲ་ཤེས་པར་གྱུར་བས། ཞིང་དེ་ལ་ཟོ་དང་ཞིང་ཟེར་བ་དང་། ཞིང་ལ་སྔ་བ་ཟོ་དང་ཞིང་ཞེས་གྲགས་པ་དང་། དེ་ནས་ཡར་ལུང་ཁོག་ནི་མི་ཡུལ་དུ་གྱུར་སྟབས། ཡུལ་ལ་སྔ་བ་ཡར་ལུང་སོག་ཀ་ཞེས་གྲགས་སོ་ཟེར་རོ།། ཕ་རིགས་རྣམས་འཆར་སྒོ་མྱུར་ཞིང་སྙིང་རྗེ་ཆེ་བ།ཁོག་གྲིམས་པ། མ་རིགས་རྣམས་གདོང་དམར་སྡིག་ལས་ལ་རྔམས་ཤིང་ཞེ་གྱོང་བ། དེ་དག་ལས་རིམ་པར་འཕེལ་བས་བོད་ཡུལ་འདི་མིའི་རྒྱལ་ཁམས་སུ་གྱུར་ཏེ། རུས་ཆེན་བཞི་ལས་གྱེས་པའི་ཁམས་ནི། ཡེ་སང་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་གཅིག ཡེ་སྨོན་ནག་པོ་ཁྲོ་ཆུའི་ཕ་བོང་དང་འདྲ་བ་གཉིས། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མིན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞིར་དབྱེ་བ་འབྱུང་ངོ་།། ཞེས་སྔོན་གྱི་དུས་སུ་གྲགས་སོ།། ཡང་རྩ་བའི་རུས་ཆེན་བཞི་ནི། སྡེ་དགེ་རྒྱལ་པོའི་ལོ་རྒྱུས་ལས། བོད་ཆེན་ཡོངས་ཀྱི་འགྲོ་བ་འདི་དག་ཀུན།། སྒ་འབྲུ་སྦྲ་གདོང་བཞི་ལས་ཆད་མོད་ཀྱང་།། ཞེས་སྒ། འབྲུ།སྦྲ། གདོང་བཞི་དྲངས་འདུག རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ལས། ནང་གི་རིགས་བཞི་ནི། སྟོང་དང་། ལྡོང་དང་། སྭེ་དང་། རྨུ་རྣམས་ཏེ་འདི་བཞི་ལས་བོད་མི་ཕལ་ཆེ་བ་གྱེས་པར་བཤད་པས་འདི་རྣམས་རུས་ཀྱི་ ཕྱི་མའོ།། ཞེས་འདུག ཡང་དེ་ལས། བོད་ཀྱི་རུས་མིའུ་གདུང་དྲུག་ལ། དབྲ། འབྲུ། ལྡོང་། ལྒ། ནུ་བོ། དབས་བརྡ་དང་དྲུག་དྲངས་ཡོད། སྡེ་སྲིད་བེེ་ལས། དགའ་དང་། ལྡོང་། དབྲ། འབྲུ་དང་དྲུག་དྲངས་འདུག དེབ་ཐེར་མཁས་པའི་དགའ་སྟོན་ལས། བོད་ཀྱི་མི་བུ་རིགས་བཞི་ཞེས། བསྭེ་དང་། རྨུ་དང་ལྡོང་། སྟོང་གི་རིགས་བཞི་བྱུང་བར་གྲག་ཅིང་། ཡང་དབྲ་དང་འབྲུ་བསྣན་ནས་མི་བུ་རིགས་དྲུག་ཏུའང་གྲགས་སོ་ཞེས་གསུངས་འདུག འདི་དག་ལ་ཡི་གེ་འབྲི་ལུགས་མི་མཐུན་པ་བྱུང་བ་ནི། སྔར་བོད་རང་གི་ཡི་གེ་འབྲི་བའི་སྲོལ་མ་དར་གོང་དུ་ངག་ཐོག་ནས་སྒྲ་ཙམ་བརྗོད་པ་ དེ། ཕྱིས་སུ་བོད་ཡིག་འབྲི་སྲོལ་དར་བའི་སྐབས་སྒྲ་དེ་ཉིད་ཡིག་ཐོག་ཏུ་ཕབ་ལུགས་མི་ འདྲ་བར་གྱུར་པ་ཡིན་ཏེ། དཔེར་ན། སྒ་ལ་དགའ་དང་། ས་སྒ་གཉིས་ཀ་འབྱུང་བ་དང་། སྦྲ་ལ་ད་དབྲ་དང་ས་སྦྲ་གཉིས་ཀ་འབྱུང་བ་དང་། ལྡོང་ལ་ག་གདོང་དང་ལ་ལྡོང་གཉིས་ཀ་འབྱུང་བ་ལྟ་བུ་མང་སྟེ། གླིང་གེ་སར་གྱི་སྒྲུང་དུ་སྨུག་པོ་གདོང་གི་མི་རྒྱུད་ཅེས་བྲིད་པ་མང་ལ། མིའུ་གདུང་དྲུག་རུས་མཛོད་ནང་དུ་སྨུག་པོ་ལྡོང་གི་རྒྱུད་པ་ཞེས་བྲིས་པ་ལྟ་ བུའོ།། རུས་ཆེན་བཞི་འདྲེན་ཚེ།སྟོང་དང་སྒ་གཉིས་གཅིག་ཏུ་བྱས་ཏེ་སྒ་ཞེས་འདྲེན་པ་དང་། སྭེ་དང་སྦྲ་གཉིས་ཀྱང་གཅིག་པར་གསུངས་པས་སྦྲ་ཞེས་གཅིག་ཏུ་འདྲེན་པ་ཡིན། དེ་ལྟར་བྱས་ཚེ།རུས་ཆེན་་བཞི་ནི། སྒ་འབྲུ་སྦྲ་གདོང་བཞིའམ། སྒ་འབྲུ་སྦྲ་ལྡོང་བཞི་ཞེས་འདྲེན་པ་ཡིན་སྣང་། མདོ་ཁམས་སྟོད་སྨད་དུ་སྒ་འབྲུའི་རིགས་མང་ལ། སྦྲ་རིགས་ཀྱང་རྒྱལ་མོ་ཚ་བ་རོང་གི་མི་བུ་དང་། ལྡོང་རིགས་ཀྱང་གླིང་གེ་སར་གྱི་མི་རྒྱུད་ད་ལྟ་ཡོད་པ་དང་མདོ་སྟོད་སྨད་ཀུན་ཏུ་ ཡོད་དེ། རུས་མཛོད་ལས།། འགག་དག་མོ་གསུམ་པོ་སྦྲ་ཡིས་བཟུང་།། སྦྲ་དཔའ་རྩལ་ཆེ་བ་དེ་དོན་ཡིན།། ཞེས་དང་། རི་མཐོན་པོ་གསུམ་པོ་གདོང་གིས་བཟུང་།།གདོང་ཞྭ་མཐོ་དེ་དོན་ཡིན།། ཞེས་ཟེར་བ་ལྟ་བུ་ཡིན་ལ། མདོ་ཁམས་ཀྱི་ལོ་རྒྱུས་སྐབས་སུ་འབྲིའོ།། བོད་ཀྱི་མིའི་རིགས་ཀྱི་བྱུང་ཚུལ་སོགས་ནི། སྲོང་བཙན་སྒམ་པོའི་སྔོན་གྱི་བཤད་རྒྱུན་དག་པ་རྣམས་ཡི་གེར་བཀོད་དེ་ཆུད་མི་ཟ་ བའི་ཕྱིར་གཏེར་དུ་སྦས་པ་བཀའ་ཆེམས་བཀའ་འཁོལ་མ་དང་། མ་ཎི་བཀའ་འབུམ་སོགས་ཇི་སྙེད་ཅིག་ཡོད་པ་རྣམས། ཡི་གེ་རྒྱུན་འབྱམས་དང་དྲུང་ཡིག་སོགས་ཀྱིས་བྲིས་བཤུས་སྣ་ཚོགས་ཀྱིས་དབང་གིས་ འདྲ་མིན་འགའ་རེ་མཆིས་མོད། དོན་གྱིས་དགོངས་པའི་ཁོག་གཅིག་ཡིན་སྟབས། སྦྲེའུ་དང་བྲག་སྲིན་མོ་ལྷན་གཅིག་ཏུ་འདུས་པའི་ཕྲུ་གུ་གདོང་དམར་ཤ་ཟན་གྱི་ རིགས་སུ་བཤད་པ་ནི། ཡབ་མེས་དག་གི་བཤད་རྒྱུན་ཡང་དག་པ་རེད་དོ།། དེས་ན་སྦྲེའུ་མིར་གྱུར་ཏེ་མིའི་འགྲོ་བ་ཆགས་པ་ནི་སྔ་ལ། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་བ་ཤེས་རབ་གོ་ཆས་མཛད་པ་ལས་གསུངས་པ་ལྟར། རྩོད་ལྡན་ཐོག་མའི་སྐབས།སྐྱ་སེང་བུ་སྔའི་དམག་འཁྲུག་བྱུང་ནས། གཡུལ་བཀྱེས་པའི་ཚེ་རུ་པ་ཏི་བྱ་བའི་རྒྱལ་པོ་གཡུལ་ལས་ཕམ་ནས་དཔུང་ཚོགས་གཅིག་ དང་བཅས་བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས། རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལ་བོད་ཅེས་གྲགས་པ་ཡིན་གསུངས་པ་ ལྟར། གཉུག་མར་གནས་པའི་སྦྲེལ་རིགས་ཀྱི་མིའི་སྟེང་དུ་དེ་དག་ལས་འཕེལ་བའི་རིགས་ཀྱང་ ཡོད་དེ། རྡོག་རབས་གསལ་བའི་མེ་ལོང་ལས། བོད་ཀྱི་གཏམ་རྒྱུད་དག་ལས་སྤྲེའུ་དང་བྲག་སྲིན་མོ་ལས་འཕེལ་བ་དག་ནི་ཟུར་དུ་ ཤེས་ལ། རྡོག་འདི་ནི་རྒྱ་གར་ལས་མཆེད་པ་ཡིན་ཏེ། དེ་ཡང་རྩོད་དུས་སྟེང་ནས་རིང་ཞིག་ལོན་པ་ན། རྒྱ་གར་དུ་རྒྱལ་པོ་ཡུལ་འཁོར་སྐྱོང་གི་སྲས་གཡུལ་ངོར་བརྟན་པ་ཞེས་སམ། དགྲ་ངན་ཞེས་ཀྱང་བྱ་བ་དཔུང་ཚོགས་བཅུ་གཉིས་སམ། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་བར་དཔུང་ཚོགས་བཅོ་བརྒྱད་ཟེར་བ། རྒྱལ་པོ་སྐྱ་སེང་གི་བུ་ལྔ།ཚ་བོ་དང་དྲུག ཁྱབ་འཇུག་དང་བདུད་གྱིས་བཅོམ་ནས། དགྲ་ངན་གུམ་པའི་ཚེ་དགྲ་ངན་གྱི་ཆབ་སྲིད་ཉམས། སྐྱ་སེང་གི་བུ་མངའ་རིས་སུ་ཡོད་པ་ལ། རྒྱལ་པོ་རུ་པ་ཏི་ཞེས་བྱ་བ་དང་། བློན་པོ་རྡོག་གི་མགོ་བྱས། མི་སྟོང་ཕྲག་གཅིག་བུད་མེད་ཀྱིས་ཆས་སུ་ཞུགས་ནས། རི་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས་འཕེལ་ལོ།། རྡོག་གི་བརྒྱུད་པ་འདི་མདོ་ཁམས་ཤར་ཙོང་ཁའི་ཡུལ་དང་ཉེ་བ་ན།རྡོག་གི་སྡེ་ཆེ་བ་ ཆགས་སོ། ཞེས་གསུངས་པ་ལྟར། སྐྱ་སེང་གི་ཕྱིས་ཀྱི་བུ་རྒྱུད་ཅིག་ཡིན་པར་སྣང་། མི་རྒྱུད་དེ་ནི་ཕྱིས་སུ་བྱུང་བར་གསལ་ལ། རྡོག་གི་མི་རྒྱུད་འདི་ནི་མདོ་སྨད་ ཀྱི་རྔ་བ་དང་དམུ་དགེ་སོགས་སུའང་ཡོད། འོན་ཀྱང་རྡོག་གི་ཡི་གེ་དབུ་ཅན་འབྲི་ཚེ་ད་དང་ང་གཉིས་ནོར་ནས། རྡོག་ཉི་མ་སེང་གེས་མཛད་པའི་གཟེ་མ་ར་མགོ་ལ་རྔོག་གི་གཟེ་མ་ར་མགོ་དང་། རྡོག་ཨར་ཡ་དེ་བ་ལ་རྔོག་ཨར་ཡ་དེ་བ་ཞེས་བྲིས་པ་དང་།འདོན་པ་མང་ལ་དེ་བཞིན་དུ་ དབུ་ཅན་གྱི་ང་དང་ད་ནོར་བ་མང་སྟེ། དཔེར་ན། བརྡ་རྙིང་གི་ཤི་དགེ་འདད་བཏང་ཞེས་པ་ཡི་གེ་མ་དག་པའི་རྗེས་སུ་འབྲངས་ནས། དེང་སང་འདང་བཏང་ཞེས་འབྲི་མཁན་ཡོད་པ་ལྟ་བུའོ།། དེར་མ་ཟད་དེ་ལས་གཞན་པའི་མི་རིགས་ལས་ཆད་པའི་རིགས་ཀྱང་ཡོད་ངེས་སོ།། དེ་ལྟར་སྦྲེལ་རྒྱུད་ལས་བྱུང་བའི་མི་དག་ཐོག་མར་ཤིང་ཐོག་དང་རྒོད་སྐྱེས་འབྲུ་ རིགས་དང་རྔོན་བྱེད་པ་སོགས་ཀྱིས་འཚོ་ཞིང་རིམ་གྱིས་ཞིང་འབྲོག་གི་ལས་ཀྱང་དར་ ནས་སྡེ་ཤོག་ལམ་ལུགས་སོགས་དར་ཞིང་། ཕྱི་ནས་འོངས་པའི་ཆོས་ལུགས་འགའ་རེའང་བྱུང་བ་འདྲ་ཞིང་དར་ཁྱབ་མ་བྱུང་བར་མངོན། འོན་ཀྱང་། ལྷ་མཆོད་འདྲེ་མཆོད་བྱེད་མཁན་དག་ནི་བོན་ཞེས་འབོད་པར་སྣང་སྟེ། དཔེར་ན། དེང་དུས་སུའང་གཏོ་ཆོག་མདོས་ཆོག་བྱེད་པ་ལ་བོན་བྱེད་ཅེས་གཞུང་དུ་མར་གསུངས་ འདུག་པ་བཞིན་ནོ།།

བརྒྱུད་སྐུལ།

མཆན་སྤེལ།