ར་སེ་བས།
བརྒྱད། བོད་ཀྱི་ཡ་ཐོག་ལྷ་འདྲེའམ་སྟོད་ལྷ་རབས་ཞེས་པའི་གཏམ་རྒྱུད་འདི་དག་གི་ལོགས་ཤིག་ལ་ལེགས་པར་བརྟགས་ན། དེ་དག་གི་རྒྱབ་ལྗོངས་ནི་བོད་ཀྱི་ཡ་ཐོག་གི་སྤྱི་ཚོགས་ཡིན་པས། སྐབས་དེའི་ཚོ་བ་དང་རྒྱལ་ཕྲན་སོགས་དང་། ཡུལ་གྲུ་སོགས་ཀྱི་གནས་སྟངས་དང་ལོ་རྒྱུས་མང་པོ་ཉར་ཚགས་གནང་ཡོད་པས་ན། དེ་དག་ཡོངས་རྫོགས་ལྷ་སྒྲུང་ཡིན་པས་ཆ་འཇོག་མེད་པའམ། ལོ་རྒྱུས་དང་མི་འབྲེལ་བ་ཅིག་ཏུ་བརྩིས་ན་དེ་ནི་ལོ་རྒྱུས་རིག་པའི་རྩ་དོན་དང་ཡོངས་སུ་འགལ་བ་ཅིག་ཡིན་པ་ཤེས་དགོས་ལ། དེ་དག་གི་ནང་དུ་མིའི་སྤྱི་ཚོགས་ཀྱི་སྣང་བརྙན་མ་ཉམ་པར་ཉར་གསོག་གི་རིན་ཐང་དང་། དེ་ཉིད་གཏམ་རྒྱུད་དང་ལྷ་འདྲེའི་རྣམ་པར་བསྒྱུར་བཟོ་བྱས་ཡོད་པའི་ཚུལ་དེ་རྟོགས་ཐུབ་དགོས། གནད་དེ་ནི་ཧ་ཅང་གི་གལ་ཆེན་ཡིན།
རང་རེའི་སྤུ་རྒྱལ་གོང་གི་མངའ་མཛད་བརྒྱད་དང་འོལ་དེ་གུང་རྒྱལ་གྱི་སྲས་སྲིད་པ་ཆགས་པའི་ལྷ་དགུ་སོགས་ནི་གནའ་བོའི་མེས་པོ་དངོས་ཡིན་ལ། མེས་པོ་དེ་དག་ལ་བརྟེན་ནས་བོད་ཀྱི་མི་ཡི་སྲིད་པའི་ཁྱིམ་ཚང་ཆེན་མོ་ཆགས་གྲུབ་པ་ཅིག་ཡིན་པས་དེ་སྐད་དུ་གྲགས་པ་དང་། དེ་དག་འདས་རྗེས་སྐུ་གདུང་གངས་རི་ཆེན་པོ་ལ་སྦས་ཏེ། མེས་པོའི་བླ་ཡང་གངས་རི་དེར་གནས་པ་དང་། དེ་དག་གིས་ཕྱི་རབས་པར་མགོན་སྐྱབས་བྱེད་པར་མོས་ནས་དུར་ལ་གསོལ་མཆོད་བྱ་བའི་སྲོལ་བྱུང་བ་ཡིན་ལ། ལྷ་གངས་ལ་གནས་ཞེས་པའི་འདུ་ཤེས་རྣམས་བྱུང་ཞིང་། ཕྱིས་སུ་ལྷ་གནམ་ལ་གནས་པའི་བར་འགྱུར་བ་བྱུང་ཡོད། དེ་དག་གི་གསོལ་མཆོད་དཔེ་ཆ་དག་མཇལ་ན། རྒྱལ་བློན་བཙུན་མོ། དམག་དཔོན་དང་གཡོག་འཁོར་གྱི་བཀོད་པ་སོགས་ཅི་རིགས་པ་འཁོད་ཡོད་པས་ཀྱང་སྐབས་དེ་དག་གི་གནས་སྟངས་མཚོན་གྱི་ཡོད་པས། དེ་དག་ལ་བརྟེན་ནས་ཡ་ཐོག་བོད་མིའི་ལོ་རྒྱུས་ཀྱི་སྟོང་ཆ་ཁ་གསབ་བྱ་ཐུབ་ཀྱི་ཡོད་པ་ཤེས་དགོས།
ཡ་ཐོག་གི་ལྷ་རབས་ཀྱི་མཆེད་ལུགས་དང་གནས་ཡུལ། མིང་ལ་སོགས་པ་དེ་དག་གིས་གནའ་བོའི་རང་རེའི་ལོ་རྒྱུས་ཅི་རིགས་མཚོན་ཡོད་པས་ན། ཙི་ནའི་རིགས་ལ་ལོ་ངོ་ལྔ་སྟོང་གི་འོད་སྟོང་འབར་བའི་རིག་གནས་ལོ་རྒྱུས་དང་། དེ་བཞིན་རྒྱ་གར་དང་། ཀི་རི་སིའི་ལོ་རྒྱུས་རིང་བའི་མི་རིགས་དག་དང་རང་རེ་ཡང་མཉམ་གཤིབ་ཀྱི་ལོ་རྒྱུས་རིང་པོ་ལྡན་པའི་གནས་ལུགས་རྙེད་ཐུབ་ཅིང་། སྟོན་པ་ཤཱཀྱ་ཐུབ་པའི་སྐབས་སུ་མི་མེད་ཅིང་དེ་རྗེས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྤྲེལ་མངགས་པ་དང་། དམ་པ་སངས་རྒྱས་ཐེངས་དང་པོར་ཕེབས་ཚེ་ཆུ་འམ་རྒྱ་མཚོ་ཁོ་ན་ཡིན་པར་བཤད་པ་ལ་ཁུངས་གང་ཡང་མེད་པའི་རྟོག་བཟོ་ཙམ་དུ་ཟད་པའི་མཚང་བརྡོལ་བ་སོགས་རང་གི་ཡིག་རྙིང་གིས་གསལ་བཤད་བྱ་ཐུབ་ཀྱི་ཡོད།
དེ་བཞིན་དུ་བཙན་པོའི་དུས་ཀྱི་ཕོ་ལྷ་དང་སྐུ་ལྷ་གཉན་པོ་ཁ་ཅིག་ནང་ཆོས་དར་རྗེས་དེའི་སྲུང་མར་གྱུར་ཅིང་། གཉན་ཆེན་ཐང་ལྷ་དང་རྨ་ཆེན་སྤོམ་ར་སོགས་ལ་ས་ཐོབ་སེམས་དཔའི་རྣམ་རོལ་དུ་མངའ་གསོལ་བ་སོགས་གནས་འཕར་བྱུང་ཞིང་། གསོལ་མཆོད་ཀྱི་ཡིག་ཆ་མང་པོ་ཅིག་ཡོད་ན་འང་། བཙན་པོའི་སྐུ་ལྷ་ཡར་ལྷ་ཤམ་པོ། སྐུ་ལྷ་ཁ་རི། སྐུ་ལྷ་དར་མདུང་སོགས་མགུལ་ལྷར་གྱུར་པ་མང་ཆེ་བ་དང་། འོལ་དེ་གུང་རྒྱལ་སོགས་ལོ་རྒྱུས་གར་སྟེགས་ཐོག་མངོན་པའི་སྲིད་པའི་ལྷ་རྒན་མང་དག་ཅིག་རིམ་པས་གྲགས་འགུལ་ཆུང་ལ། གསོལ་མཆོད་ཀྱི་ཡིག་ཆའང་དཀོན་ལ། བོད་མི་སྤྱིས་བཀུར་བའི་ལོ་རྒྱུས་ཀྱང་ཡོངས་སུ་མཇུག་སྒྲིལ་བ་རེད།
དེ་ནི་རྙིང་ཚབ་གསར་བྱེད་ཀྱི་ལོ་རྒྱུས་སྣང་ཚུལ་ཡིན་ལ། བོད་ཀྱི་ལུགས་གཉིས་གཙོ་བདག་ནི་ཆོས་ལུགས་པ་ཡིན་ཞིང་། དེ་ཀུན་གྱིས་རྒྱ་དཀར་ནག་ཧོར་ཡུལ་ནས་གདན་དྲངས་པའི་ལྷ་འདྲེ་རྣམས་མཆོག་ཏུ་བཀུར་ཞིང་དགོན་སྡེ་ཀུན་ལ་ཁྱབ་སྤེལ་གནང་བའི་དབང་གིས་སྲིད་པའི་ལྷ་རྒན་དག་ཟུར་དུ་ལས་འཁྱུར་དུ་བཞུགས་པའི་གནས་ཚུལ་ཐོན་པ་སྟེ། དཔེར་ན་བཙན་པོའི་རྒྱལ་རབས་ཀྱི་གཞུང་བསྟེན་ནི་མགུར་ལྷ་བཅུ་གསུམ་དང་། སྐུ་ལྷ་དགུ་སོགས་ཡིན་ལ། དགའ་ལྡན་ཕོ་བྲང་གི་གཞུང་བསྟེན་ནི་རྒྱ་ཧོར་རིགས་དམར་ནག་གཉིས་ཡིན་པ་ལྟ་བུ་ཡིན་ནོ།།
འགྱུར་བ་དེ་དག་གི་ཐོག་ནས་བོད་མིའི་ལྷ་འདྲེའི་དད་མོས་ལ་འགྱུར་བ་ཤུགས་ཆེན་ཅིག་ཐེབས་པ་མཐོང་ཐུབ་ལ། སྔ་མ་ནི་མི་ཆོས་ཀྱི་སྲོག་སྲིད་ཁྱིམ་གཞིས་མི་རྒྱུད་དང་འབྲེལ་བའི་སྐྱ་བོའི་དད་ལུགས་ཤིག་དང་། ཕྱི་མ་ནི་ལྷ་ཆོས་ཀྱི་བསྟན་སྲིད་དགོན་སྡེ་དགེ་འདུན་དང་འབྲེལ་བའི་སེར་མོའི་དད་ལུགས་ཤིག་ཡིན་པས་ན། འགྱུར་བ་དེ་བཞིན་གསོལ་མཆོད་ཀྱི་ཆོ་གའི་གོ་རིམ་དང་ནང་དོན་སོགས་ལའང་འགྱུར་བ་ཐེབས་པ་བཤད་མི་དགོས་ལ། འགྱུར་བ་དེའི་ཐོག་ནས་མི་ཆོས་གཙོར་བཟུང་གི་ཚེ་འདི་གཙོ་བ་དང་ཡོད་ཚད་མི་རང་གི་ནུས་པ་ལ་བརྟེན་པའི་མི་བུའི་འདུ་ཤེས་དེ་ཉིད་རིམ་པས་ཉམ་པར་གྱུར་ནས། ལྷ་ཆོས་གཙོར་བཟུང་གི་ཚེ་ཕྱི་མའི་འདུ་ཤེས་དང་། ལྷ་འདྲེ་མཐུ་བོ་དེ་ཀུན་རྒྱལ་ཁམས་དང་རང་གི་བདེ་སྡུག་བྱེད་པོའི་འདུ་ཤེས་ཅན་དུ་འཕེལ་འགྱུར་ཕྱིན་པ་ནི་ལོ་རྒྱུས་ཀྱི་ངོ་བོ་ཡིན་ལ། སྔ་མ་ནི་མི་སྐྱའི་འཚོ་གནས་ལ་དམིགས་པ་དང་། ཕྱི་མ་ནི་བླ་གྲའི་འཚོ་གནས་ལ་དམིགས་པ་ཅིག་ཡིན་པའང་གསོལ་མཆོད་ཀྱི་ཡིག་ཆའི་འདོད་གསོལ་གྱིས་མཚོན་པའང་ལོ་རྒྱུས་ཀྱི་སྣང་ཚུལ་ཡིན་པ་རྟོགས་ཐུབ་བོ།།
དཔེར་ན་བཀའ་གདམས་གོང་མས་བོད་ཀྱི་ཡུལ་ལྷ་སོགས་ལ་བརྩི་མཐོང་གང་ཡང་མེད་ཅིང་། མང་ཚོགས་ཀྱིས་ཡུལ་ལྷ་གསོལ་བར་འཕྱ་དམོད་གནང་བ་དང་བཙན་པོའི་སྐུ་ལྷ་ཁག་ལའང་ཡུལ་འདྲེ་ཡིན་ལུགས་དང་སྣང་ཆུང་དཔེ་མེད་གནང་ཚུལ་བཀའ་གདམས་པའི་བེ་བུམ་སོགས་ན་གསལ་བས། དེ་དུས་བཀའ་གདམས་པ་དང་མཚན་ཉིད་པས་ལྷ་འདྲེ་ལ་མི་དགྱེས་པར་མངོན་ཡོད་ལ། ཕྱིས་སུ་སྔགས་དང་འབྲེལ་ནས་བཀའ་གདམས་པར་ཡང་སྲུང་མའི་རིགས་འགའ་བྱུང་བ་དང་། བཀའ་གདམས་གསར་མས་ཀྱང་ལྷ་འདྲེར་དེ་ཙམ་བརྩི་མཐོང་མེད་ནའང་ཆོས་སྲུང་ཁག་ཅིག་ལ་གསོལ་མཆོད་འབུལ་བ་སོགས་བྱུང་བ་མ་ཟད། དགའ་ལྡན་ཕོ་བྲང་གི་དུས་ཚོད་ནང་དུ་དགེ་ལུགས་པའི་ཆེ་ཕྲ་ཀུན་བཀའ་གདམས་གོང་མའི་སྲོལ་ལས་ཡོངས་སུ་ལྡོག་ཕྱོགས་སུ་གྱུར་ཏེ། ཆོས་སྐྱོང་ཁག་བཞི་སོགས་ཀྱི་ལུང་དང་། གཏེར་ལུང་ལ་སོགས་པར་སྐྱབས་སུ་འགྲོ་བའི་གནས་བབས་སུ་འགྱུར་བའི་ལོ་རྒྱུས་ལྟ་བུ་ཡིན་ནོ།།