མཛད་པ་པོ། དངུལ་ཆུ་དྷརྨ་བྷ་དྲ།
༄༅། །མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས། །མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། །ན་མོ་གུ་རུ་མནྫུ་གྷོ་ཥཱ་ཡ། །གཙུག་ན་ཟླ་བ་རང་བྱུང་པད་དཀར་མིག །སྤྲིན་ལ་ཞོན་དང་མ་གཉིས་ཀརྟཱི་ཀ །མེ་ཟླུམ་ཆ་གཏེར་གཙུག་གི་ནོར་བུའི་ཁྲིར། །ཞབས་སེན་འགོད་མཛད་ཟས་གཙང་སྲས་ལ་འདུད། །མཚན་དཔེའི་དཔལ་འབར་ཟླ་ཞུན་ཕུང་པོའི་སྐུ། །ཨིནྡྲ་ནཱི་ལའི་ཟུར་ཕུད་ལྔས་མཛེས་པ། །ཅུང་ཟད་དྲན་པ་ཡིས་ཀྱང་རྨོངས་པའི་མུན། །ཕམ་མཛད་གསུང་གི་དབང་ཕྱུག་ལ་ཕྱག་འཚལ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཆོས་ཀྱི་གླུ། །རྒྱུད་མང་སྒྲ་ལས་དྲངས་ནས་སྙན་པའི་དཔྱིད། །འཇོ་མཛད་དྲི་ཟའི་སྒེག་མོ་དབྱངས་ཅན་མས། །མི་ཟད་སྤོབས་པའི་དངོས་པོ་དེང་འདིར་སྩོལ། །འཁོར་འདས་བརྟན་གཡོའི་དངོས་པོ་རེ་རེར་ཡང༌། །བརྡ་དང་ཐ་སྙད་མིང་ཚུལ་མཐའ་ཡས་ཕྱིར། །སར་གནས་དཔའ་བོ་ཁོ་ནའི་སྤྱོད་ཡུལ་ལས། །ཉམ་ཆུང་བྱིས་བློའི་གཞལ་བྱ་ག་ལ་ཡིན། །འོན་ཏེ་འབབ་ཆུའི་རྒྱུན་ལས་ཆ་ཤས་ཙམ། །བཏུངས་ཀྱང་སྐྱེས་བུའི་སྐོམ་སྲེད་སེལ་བ་ལྟར། །མངོན་བརྗོད་རྒྱ་མཚོའི་དབུས་ནས་ཆུ་ཐིགས་ཙམ། །ཐོས་བརྩོན་ཀུ་ཤའི་རྩེ་མོས་བླངས་ཏེ་བརྗོད།། །།
རྒྱལ་བ་དང་བྱང་སེམས་ལ་སོགས་པའི་རབ་བྱེད། །རྒྱལ་བ་བདེ་གཤེགས་ལྷ་རྣམས་དང༌། །ཕྱོགས་དང་ནམ་མཁའ་གཟའ་རྒྱུ་སྐར། །དུས་དང་བསྐལ་པ་ཡན་ལག་བཅས། །མཐོ་རིས་སྡེ་ཚན་འདིར་བཤད་བྱ། །ཁ་སྦྱོར་བདུན་ལྡན་རིགས་བརྒྱའི་བདག །དྲུག་པ་རྡོ་རྗེ་འཆང་གི་མཚན། །རྒྱལ་བ་བདེ་གཤེགས་ཀུན་མཁྱེན་དང༌། །རྣམ་འདྲེན་དཔལ་སྟུག་རྐང་གཉིས་གཙོ། །གཉིས་མེད་གསུང་དང་བཅོམ་ལྡན་འདས། །སྟོབས་བཅུ་མངའ་བ་སངས་རྒྱས་མཚན། །བུ་རམ་ཤིང་པ་ཉི་མའི་གཉེན། །གཽ་ཏ་མ་དང་ཟས་གཙང་སྲས། །མི་མཇེད་བདག་པོ་ཤཱཀྱའི་རྒྱལ། །ལྷ་ཡི་ལྷ་རྣམས་ཤཱཀ་ཐུབ་མཚན། །རྒྱལ་སྲས་རྒྱལ་བའི་མྱུ་གུ་དང༌། །འཕགས་མཆོག་བྱང་སེམས་སྤྱི་ཡི་མཚན། །རྒྱལ་ཚབ་མི་ཕམ་མགོན་པོ་དང༌། །ས་བཅུའི་དབང་ཕྱུག་བྱམས་པའི་མཚན། །བརྟན་པའི་འཁོར་ལོ་སྨྲ་བའི་རྒྱལ། །ཟུར་ཕུད་ལྔ་པ་བློ་ཡི་གཏེར། །ཡེ་ཤེས་མེ་ལོང་འཇམ་དབྱངས་མཚན། །འཇིག་རྟེན་དབང་ཕྱུག་གྲུ་འཛིན་བདག །ཕྱག་ན་པད་མ་སྤྱན་རས་གཟིགས། །ལག་ན་རྡོ་རྗེ་གསང་བའི་བདག །མཐུ་སྟོབས་བདག་པོ་ཕྱག་རྡོར་མཚན། །རྒྱལ་ཡུམ་མྱུར་སྐྱོབ་ཞི་མ་དང༌། །ཆོས་ཀྱི་དཔལ་མོ་སྒྲོལ་མའི་མཚན། །སྒྲ་དབྱངས་ལྷ་མོ་ཚངས་སྲས་མ། །ཟླ་བའི་སྲིང་མོ་མཚོ་བྱུང་མ། །ཤེས་རབ་ལྷ་མོ་དབྱངས་ཅན་མཚན། །ཆུ་ཡི་དབང་པོ་རྨུགས་འཛིན་དང༌། །ནོར་གྱི་དབང་ཕྱུག་འཛམ་ལྷའི་མཚན། །སངས་རྒྱས་འབྲིང་པོ་རྐྱེན་གཅིག་རྟོགས། །བསེ་རུའི་རྒྱལ་བ་རང་རྒྱལ་མཚན། །ཐུབ་དབང་གསུང་སྐྱེས་ཐོས་སྒྲོག་པ། །བརྟུལ་ཞུགས་དབང་པོ་ཉན་ཐོས་མཚན། །རྒྱལ་བ་དང་བྱང་སེམས་ལ་སོགས་པའི་རབ་ཏུ་བྱེད་པའོ།། །།
ལྷ་དང་ཕྱོགས་ལ་སོགས་པའི་རབ་བྱེད། །མཐོ་རིས་ས་བླ་སྐབས་གསུམ་གནས། །སུམ་རྩེན་དལ་འཛིན་ལྷ་ཡུལ་མིང༌། །ལེགས་བྲིས་འཆི་མེད་སྐབས་གསུམ་པ། །མཁར་ཉལ་ཚིགས་བཟང་ཚིག་མདའ་ཅན། །མེ་ཞལ་རྣམ་སད་ལྷ་སྤྱིའི་མིང༌། །གྲགས་པའི་མུ་ཁྱུད་སྤྲིན་ལ་ཞོན། །མཆོད་སྦྱིན་བརྒྱ་པ་མིག་སྟོང་ཅན། །ལྷ་དབང་གྲོང་འཇོམས་བརྒྱ་བྱིན་མིང༌། །པུ་ལོའི་སྲས་མོ་བདེ་སོགས་མ། །ལེགས་བརྗོད་བརྒྱ་བྱིན་བཙུན་མོའི་མིང༌། །རང་བྱུང་གསེར་མངལ་སྐྱེ་དགུའི་བདག །མེས་པོ་གདོང་བཞི་མི་མཇེད་བདག །དགའ་བ་བརྒྱ་པ་ཚངས་པའི་མིང༌། །ཐིག་ལེ་དྲུག་པ་ཐ་གུའི་ལྟོ། །འཇུག་པ་བཅུ་པ་གོས་སེར་ཅན། །ཉེ་དབང་དཔལ་བདག་པད་དཀར་མིག །མི་ཡི་སེང་གེ་ཁྱབ་འཇུག་མིང༌། །པད་མ་ཅན་དང་འཕྲོག་བྱེད་ཡུམ། །དཔལ་མོ་ཁྱབ་འཇུག་བཙུན་མོའི་མིང༌། །ཡིད་སྲུབས་བདག་པོ་ཉ་ཡི་ཏོག །མེ་ཏོག་མདའ་ཅན་མདའ་ལྔ་པ། །ལུས་མེད་ཆུ་སྲིན་རྒྱལ་མཚན་ཅན། །དགའ་རབ་དབང་ཕྱུག་འདོད་ལྷའི་མིང༌། །སྐྱ་རེངས་ནུ་བོ་སྐར་མིག་བུ། །མཁའ་འགྲོའི་དབང་ཕྱུག་བྱ་ཁྱུང་མིང༌། །གཙུག་ན་ཟླ་བ་མགྲིན་སྔོན་ཅན། །དཔལ་མགྲིན་བདེ་འབྱུང་ཕྱུགས་བདག་དང༌། །དྲག་པོ་དབང་ཕྱུག་ཆེན་པོའི་མིང༌། །ཨུ་མ་གཽ་རཱི་དཀའ་ཟློག་མ། །རི་སྐྱེས་དབང་ཕྱུག་བཙུན་མོའི་མིང༌། །མཆེ་བ་གཅིག་པ་གླང་པོའི་གདོང༌། །རྡོ་རྗེའི་མཆུ་ཅན་མ་གཉིས་པ། །ལོག་འདྲེན་ཚོགས་བདག་གླང་སྣའི་མིང༌། །མ་དྲུག་གཞོན་ནུ་ལྷའི་དམག་དཔོན། །བཅུ་གཉིས་མིག་ལྡན་གདོང་དྲུག་མིང༌། །ཚངས་དབང་སྲས་མོ་ར་ལ་ཞོན། །གསེར་གྱི་ཐིག་ལེ་སྦྱིན་སྲེག་ཟ། །རྟ་དམར་ཅན་རྣམས་མེ་ལྷའི་མིང༌། །འཁྱོག་འབར་བི་ཤྭ་ན་རའི་བུ། །རླུང་གི་གྲོགས་པོ་ལམ་ནག་ཞུགས། །ནོར་ལས་རྒྱལ་རྣམས་མེ་ཡི་མིང༌། །ཆོས་ཀྱི་རྒྱལ་པོ་མཚུན་གྱི་ལྷ། །ཡ་མུ་ན་སྤུན་ལྔ་པའི་བདག །ཉི་བུ་མཚུངས་འཇུག་གཤིན་རྗེའི་མིང༌། །ལངྐའི་བདག་པོ་མགྲིན་བཅུ་པ། །བདེན་བྲལ་བདག་པོ་སྲིན་པོའི་མིང༌། །འབོད་སྒྲོག་མཚན་རྒྱུ་ཤ་རྗེན་ཟ། །རོ་ཟན་སྲིན་པོ་སྤྱི་ཡི་མིང༌། །མཆོག་སེམས་ཆུ་བདག་ལྕེ་བརྒྱ་པ། །ཞགས་པ་ཅན་རྣམས་ཆུ་ལྷའི་མིང༌། ། སྣ་ཚོགས་རྟ་ཅན་སྟོབས་ཀྱི་ལྷ། །གཡོ་བྱེད་མགོན་པོ་རླུང་ལྷའི་མིང༌། །དྲི་བཞོན་རྟག་འགྲོ་མ་མོས་འཕེལ། །རྡུལ་གྱི་ཁ་ལོ་རླུང་སྤྱིའི་མིང༌། །མིག་སྐྱ་གསང་བདག་གནོད་སྦྱིན་རྒྱལ། །ངལ་བསོས་ལུས་ངན་རྣམ་སྲས་མིང༌། །བདེན་དཔང་ཕག་གི་ཤིང་རྟ་ཅན། །བདུད་ལ་སྐྱེངས་སྟེར་བསྟན་མའི་མིང༌། །སྦྱིན་སྐྱེས་གཞུ་རྒྱལ་དབང་པོའི་དགྲ །ཁུ་བའི་སློབ་མ་བཅུད་མི་ལྡན། །སྔོན་གྱི་ལྷ་རྣམས་ལྷ་མིན་མིང༌། །ཀུན་ཁྱབ་འཕྲོག་བྱེད་ཕྱོགས་སྤྱིའི་མིང༌། །ལྷ་དང་ཕྱོགས་ལ་སོགས་པའི་རབ་ཏུ་བྱེད་པའོ།། །།
ནམ་མཁའ་དང་གཟའ་སྐར་ལ་སོགས་པའི་རབ་བྱེད། །ལྷ་ལམ་སྤྲིན་ལམ་རྒྱུ་སྐར་ལམ། །ཀུན་གསལ་ཆུ་མཐོང་ལྷའི་རྫིང་རིང༌། །གནམ་དགུང་ཀུན་ཁྱབ་ནམ་མཁའི་མིང༌། །ཆུ་འཛིན་སྒྲ་ལྡན་ཚ་ཟེར་འཇོམས། །ཆུ་ཁུར་མཁའ་གླང་སྤྲིན་གྱི་མིང༌། །འཇུག་པ་བརྒྱ་པ་གཞི་སྔོན་སྐྱེས། །ལུས་ཕྲ་བདེ་འཐུང་གློག་གི་མིང༌། །སྤྲིན་གྱི་སྒྲ་དང་དབྱར་སྐྱེས་རྔ། །སྒྲ་བརྒྱ་པ་རྣམས་འབྲུག་སྐད་མིང༌། །མེ་ཆར་གནམ་ལྕགས་སྤྲིན་གྱི་འོད། །རི་འཇོམས་ལྕེ་འབབ་ཐོག་གི་མིང༌། །སྐྱིན་ཐང་སྤྲིན་རུས་ལོ་ཐོག་གཤེད། །རྡོ་ཆར་ཆུ་མཁྲེགས་སེར་བའི་མིང༌། །གྲུ་ཆར་སྦྲང་ཆར་སྤྲིན་བཅུད་དང༌། །སྤྲིན་གྱི་མེ་ཏོག་ཆར་པའི་མིང༌། །རླུང་གི་རྒྱལ་མཚན་རྒན་པོའི་ཐིག །ང་འཁྱོག་གཞུ་རིས་བརྒྱ་བྱིན་གཞུ། །སོས་ཀ་བཞད་རྣམས་འཇའ་ཚོན་མིང༌། །མདོང་སེལ་བུམ་སྐྱེས་ཆུ་ལྷའི་བུ། །ཨ་གསྡ་རྣམས་རི་བྱིའི་མིང༌། །མཐོ་རིས་སྣང་བྱེད་མུན་པ་ཅན། །སྲིད་གསུམ་རྣམ་རྒྱལ་རཱ་ཧུ་ལ། །སེང་གེའི་བུ་མོ་སྒྲ་གཅན་མིང༌། །བཅུ་གཉིས་བདག་པོ་འོད་སྟོང་ལྡན། །ནམ་མཁའི་ནོར་བུ་པད་མའི་གཉེན། །རྟ་བདུན་བདག་པོ་རྟ་ལྗང་ཅན། །སྣང་བྱེད་མེ་ཟླུམ་ཉི་མའི་མིང༌། །བརླ་མེད་འོད་སྲུང་ཁྱུང་སྔོན་སྐྱེས། །ཉི་མའི་ཁ་ལོ་སྐྱ་རེངས་མིང༌། །བདེ་འབྱུང་གཙུག་རྒྱན་རི་བོང་འཛིན། །རྒྱུ་སྐར་རྒྱལ་པོ་ཀུ་མུད་གཉེན། །གཉིས་སྐྱེས་རྒྱལ་པོ་བསིལ་སྦྱིན་མཁན། །འོད་དཀར་ཅན་དང་བཅུ་དྲུག་ཆ། །ཆ་གཏེར་ཀུན་ཕན་ཟླ་བའི་མིང༌། །ས་སྐྱེས་འོད་ཟེར་དགུ་པ་དང༌། །བཀྲ་ཤིས་ཞེས་པ་མིག་དམར་མིང༌། །གསལ་ལྡན་ཟླ་བུ་སྣར་མ་སྐྱེས། །གསེར་ལྡན་ལུས་གཅིག་ལྷག་པའི་མིང༌། །བློ་ལྡན་དབྱངས་བདག་མེ་བཞི་སྐྱེས། །ལྷ་ཡི་བླ་མ་ཕུར་བུའི་མིང༌། །ཁུ་བ་དཀར་པོ་ངན་སྤོང་བུ། །ལྷ་མིན་བླ་མ་པ་སངས་མིང༌། །འོད་ཟེར་བདུན་པ་གོས་སྔོན་ཅན། །ཚངས་སྐྱེས་ཉི་བུ་སྤེན་པའི་མིང༌། །ནམ་མཁའ་དང་གཟའ་སྐར་ལ་སོགས་པའི་རབ་ཏུ་བྱེད་པའོ།། །།
དུས་དང་བསྐལ་བ་ལ་སོགས་པའི་རབ་བྱེད། །བགྲང་བྱ་སླར་བྱུང་ཡང་དག་འགྲོ། །དུས་སྤྱིའི་མིང་ཡིན་ཉིན་མོ་ལ། །གདུགས་དང་མུན་གསལ་བདུད་འཇོམས་ཟེར། །བྱ་བྲལ་སྣང་མེད་མེལ་ཚེ་ཅན། །སྔོ་སངས་ཆགས་དུས་མཚན་མོའི་མིང༌། །དགའ་བཟང་རྒྱལ་སྟོང་རྫོགས་པ་ལྔ། །ཟླ་བའི་ཕྱོགས་རེར་ལན་གསུམ་འཁོར། །དཀར་ཕྱོགས་གང་ཕྱོགས་ཕྱོགས་སྔ་མ། །ཞི་དང་རྒྱས་ཕྱོགས་ཡར་ངོའི་མིང༌། །ནག་ཕྱོགས་དམར་ཕྱོགས་ཕྱོགས་ཕྱི་མ། །དབང་དང་དྲག་ཕྱོགས་མར་ངོའི་མིང༌། །འཇལ་བྱེད་དབུགས་སྐྱེས་ལོའི་ཡན་ལག །ཕྱོགས་ཅན་དུས་ཀྱི་ཟླ་བའི་མིང༌། །བཟོད་ལྡན་མ་དང་ལོའི་ཐོག་མ། །ཧོར་ཟླ་བཅུ་གཅིག་པ་ཡི་མིང༌། །ཚིམ་བྱེད་ནུས་ཟླ་རྒྱལ་ཟླའི་མིང༌། །དཀའ་ཐུབ་ཟླ་བ་མཆུ་ཟླའི་མིང༌། །འབྲས་ཟླ་དབོ་ཟླའི་མིང་དུ་གྲགས། །འདོད་དུས་ནག་པ་ཟླ་བའི་མིང༌། །མེ་ཏོག་ཅན་དང་སྦྲང་དུས་ནི། །ས་གའི་མིང་ཡིན་སྣྲོན་ཟླ་ལ། །འདོད་འཕེལ་དག་བྱེད་ཟླ་བ་ཟེར། །ཆུ་སྟོད་ཧོར་ཟླ་དྲུག་པའི་མིང༌། །མཁའ་སྤྲིན་ཅན་ནི་གྲོ་བཞིན་མིང༌། །སྤྲིན་བཟང་ཁྱུ་མཆོག་ཁྲུམས་ཟླའི་མིང༌། །ལྟད་མོའི་ཟླ་བ་ཐ་སྐར་མིང༌། །གླུ་དབྱངས་ཟླ་བ་མང་པོ་འཛིན། །སྨིན་དྲུག་ཟླ་བའི་མིང་དུ་གྲགས། །གྲང་རེག་ཅན་དང་བསིལ་ལྡན་མ། །ཁ་བའི་དུས་རྣམས་དགུན་གྱི་མིང༌། །དྲི་ཞིམ་དྲོད་འབེབས་འདོད་པའི་དུས། །མེ་ཏོག་ལྡན་དུས་དཔྱིད་གྱི་མིང༌། །བདེ་བྱེད་ངེས་སྲེག་ཚ་གདུང་ཅན། །སོས་ཀའི་མིང་ཡིན་ཆར་འབབ་དུས། །སྤྲིན་འབྱུང་ཆར་ལྡན་དབྱར་གྱི་མིང༌། །འབྲས་ལྡན་དུས་ཀྱི་ལྔ་པ་དང༌། །མདའ་སྦྱིན་སྟོན་གྱི་མིང་དུ་གྲགས། །འགྲོ་འོང་འདོར་བྱེད་ཟླ་བའི་ཕྲེང༌། །བགྲང་གཞི་བགྲང་བྱ་ལོ་ཡི་མིང༌། །རབ་བྱུང་རྣམ་བྱུང་དཀར་པོ་དང༌། །རབ་མྱོས་སྐྱེས་བདག་ཨིངྒ་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང༌། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང༌། །བོང་བུ་དགའ་བ་རྣམ་རྒྱལ་དང༌། །རྒྱལ་བ་མྱོས་བྱེད་གདོང་ངན་དང༌། །གསར་བྱུང་རྣམ་འཕྱང་སྒྱུར་བྱེད་དང༌། །ཀུན་ལྡན་འཕར་བ་དགེ་བྱེད་དང༌། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང༌། །ཞི་བ་ཐུན་མོང་འགལ་བྱེད་དང༌། །ཡོངས་འཛིན་བག་མེད་ཀུན་དགའ་དང༌། །སྲིན་པོ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མིག་དམར་ཁྲོ་བོ་ཟད་པ་རྣམས། །མེ་ཡོས་ལ་སོགས་དྲུག་ཅུའི་མིང༌། །ཡོངས་གྱུར་སྤྱད་ཟིན་ལོའི་ཕུང་པོ། །བསྐལ་པའི་མིང་དུ་གྲགས་པ་ཡིན། །དུས་དང་བསྐལ་བ་ལ་སོགས་པའི་རབ་ཏུ་བྱེད་པའོ། །མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་ཞེས་བྱ་བ་ལས་མཐོ་རིས་ཀྱི་སྡེ་ཡན་ལག་དང་བཅས་པ་བཤད་ཟིན་ཏོ།། །།
ས་འོག་གི་སྡེ་ཚན་དང་བཅས་པ། །ས་འོག་གདེངས་ཅན་དམྱལ་བ་དང༌། །ཡི་དྭགས་ཆུ་དང་ཆུའི་སྲོག་ཆགས། །གཟིངས་དང་ཆུ་སྐྱེས་སོགས་དབྱེ་བ། །ཡན་ལག་དང་བཅས་འདིར་བཤད་བྱ། །བཅུ་འོག་རྐང་འོག་སྟོབས་ལྡན་གནས། །ཀླུ་ཡི་འཇིག་རྟེན་ས་འོག་མིང༌། །རབ་རིབ་སྨག་རུམ་མཁའི་པགས་པ། །ཤེ་མུན་ལྡོངས་བྱེད་མུན་པའི་མིང༌། །རི་གནས་གདེངས་ཅན་ཀ་དྲུའི་བུ། །ན་ག་ཀླུ་ཡི་མིང་དུ་བཤད། །རྐང་སྦས་ལྟོ་འཕྱེ་མིག་གིས་ཐོས། །ལྕེ་གཉིས་བྲང་འགྲོ་རླུང་ཟས་ཅན། །དུག་འཛིན་འཁྱོག་འགྲོ་སྦྲུལ་གྱི་མིང༌། །ནག་པོ་བརྩེགས་པ་ཚངས་པའི་བུ། །བེའུའི་ལྟེ་བ་དུག་གི་མིང༌། །འདོད་པའི་འབྲས་བྲལ་ངན་འགྲོའི་མཐིལ། །བདེ་མེད་དམྱལ་བའི་མིང་དུ་གྲགས། །ངན་ཁྱབ་དཔལ་མིན་ཕུན་ཚོགས་མིན། །ཆུ་བོ་རབ་མེད་ཡི་དྭགས་མིང༌། །བརྣག་དཀའ་ཟུག་རྔུ་བྲོ་འཚལ་བ། །མནར་བ་གདུང་བ་སྡུག་བསྔལ་མིང༌། །ཆུ་སྤེལ་ཆུ་གཏེར་ཟླ་བས་འཕེལ། །རིན་ཆེན་འབྱུང་གནས་སིནྡྷུའི་བདག །ཟླ་བའི་མ་མ་རྒྱ་མཚོའི་མིང༌། །དག་བྱེད་ངན་སེལ་འབྲུ་ཕན་དང༌། །བཏུང་བྱ་ཉལ་འགྲོ་ཆུ་ཡི་མིང༌། །ཛ་ཧུའི་བུ་མོ་གསེར་ལྡན་མ། །ལམ་གསུམ་ལྷ་ཆུ་གངྒཱ་མིང༌། །རྩོད་ཅན་ཉི་མའི་བུ་མོ་དང༌། །ཞི་བའི་སྲིང་མོ་པཀྵུའི་མིང༌། །རྩེད་འཇོའི་ཆུ་བོ་ཟླ་བ་སྐྱེས། །སྔོན་གྱི་གང་གཱ་སིནྡྷུའི་མིང༌། །ཁྲག་འབབ་བརྒྱ་གྱེས་སྲིད་སྒྲུབ་མ། །ལག་པའི་ཆུ་བོ་སི་ཏ་མིང༌། །འཛུམ་དཀར་ཆུ་སྦུར་ལྦུ་བ་སྟེ། །ཆུ་འཁྱགས་ཆབ་རོམ་འཁྱགས་པའི་མིང༌། །ཤཾ་ཀ་ཆུ་སྲིན་གཤེད་དུང་སྟེ། །སྐྱེ་བ་ལྔ་པ་གཡས་འཁྱིལ་མིང༌། །མུ་ཏིག་འབྱུང་གནས་ཉ་ལྕིབས་ཏེ། །ན་ཀྲ་འཛིན་ཁྲི་ཆུ་སྲིན་མིང༌། །གསེར་མིག་ཅན་དང་མིག་མི་འཛུམ། །ཆུར་ཉལ་རྒྱབ་རིང་ཉ་ཡི་མིང༌། །འགྲམ་སྐྱོང་བུལ་འགྲོ་ངན་ཤུབས་ཅན། །ཡན་ལག་ལྔ་པ་རུས་སྦལ་མིང༌། །ལྕེ་མེད་འཕར་འགྲོ་སྦལ་བ་སྟེ། །ཆོ་ལོའི་ས་བོན་འགྲོན་བུ་མིང༌། །ཉ་འཛིན་ཆུའི་སྤྲེའུ་སྐད་ཅིག་དབུགས། །འུག་པ་མཆོད་བྱེད་སྲམ་གྱི་མིང༌། །ཆུ་གཏེར་ལམ་ནི་གཟིངས་ལ་སྟེ། །ཞོ་ཤ་རྣམ་བདུན་དེད་དཔོན་མིང༌། །རྟགས་གསུམ་སྒྲོལ་བྱེད་རྟ་མགོ་ཅན། །ཆུ་ཡི་ཤིང་རྟ་གྲུ་ཡི་མིང༌། །མཉན་པ་གདོས་དང་རྣ་བ་འཛིན། །སྐྱ་བ་འཛིན་རྣམས་གྲུ་མཁན་མིང༌། །དཔལ་གོས་འདབ་བརྒྱ་ཆུའི་ལང་ཚོ། །ཆུ་སྐྱེས་འདམ་སྐྱེས་པད་མའི་མིང༌། །དབང་མཆོག་སྟེང་འཐུང་མིག་གི་གཉེན། །ས་ཡི་གདུ་བུ་ཨུད་པལ་མིང༌། །སྟེང་འཐུང་དཀར་པོ་མཚན་མོ་བཞད། །ས་མོས་ས་དགའ་ཀུནྡའི་མིང༌། །ཞེས་པ་མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་ཞེས་བྱ་བ་ལས་ས་འོག་གི་སྡེ་ཚན་ཡན་ལག་དང་བཅས་པ་བཤད་ཟིན་ཏོ།། །།
ས་གཞི་དང་རི་གྲོང་ལ་སོགས་པའི་རབ་བྱེད། །ས་གཞི་ཡུལ་དང་ས་འཛིན་གྲོང༌། །ནགས་ཚལ་སྨན་དང་རི་དྭགས་ཚོགས། །མི་རིགས་དབྱེ་བ་བྱེ་བྲག་གཞན། །འདིར་ནི་ཡན་ལག་དང་བཅས་བརྗོད། །ནོར་འཛིན་འཛིན་མ་གསེར་ལྡན་མ། །ཀུན་བཟོད་ནོར་གྱི་བློ་གྲོས་མ། །རྒྱ་མཚོའི་གོས་ཅན་ས་གཞིའི་མིང༌། །དབུས་འགྱུར་འཆང་དང་སའི་སྙིང་པོ། །འཕགས་པའི་ཡུལ་གནས་རྒྱ་གར་མིང༌། །ནེཾེཾ་པ་ལ་ནི་བལ་པོ་སྟེ། །མོངྒོ་ཞེས་པ་སོག་པོའི་མིང༌། །སྟོང་ཁུན་མ་ཧཱ་ཙི་ན་ནི། །རྒྱ་ནག་མིང་ཡིན་བོད་འདི་ལ། །བྷོ་ཊ་གངས་ཅན་བསིལ་ལྗོངས་ཟེར། །ལམ་སྲོལ་བགྲོད་བྱ་འཇུག་བྱ་དང༌། །བཤུལ་ལམ་ཤེས་པ་ལམ་གྱི་མིང༌། །རིན་ཆེན་བརྩེགས་པ་རི་ཡི་མཆོག །རི་རབ་ལྷུན་པོའི་མིང་དུ་གྲགས། །ཁོར་ཡུག་མུ་ཁྱུད་རྩེ་གསུམ་པ། །རྡོ་རྗེའི་རི་རྣམས་ལྕགས་རིའི་མིང༌། །འགྲོ་མེད་གྱེན་འཕྱུར་མི་གཡོ་བ། །ས་འཛིན་ཆུ་སྐྱོབ་རི་སྤྱིའི་མིང༌། །ཁ་བའི་རྡུལ་བརྩེགས་ཀེ་ལ་ཤ །ས་འཛིན་དཀར་པོ་གངས་རིའི་མིང༌། །སྦེད་བྱེད་གོར་མ་བཅོག་པོ་དང༌། །ཇུ་བོ་གཏུན་རྣམས་རྡོ་བའི་མིང༌། །རྡུལ་དམར་ཕྱེ་དམར་ཞ་ཉེ་སྐྱེས། །སིན་དྷུ་ར་རྣམས་ལི་ཁྲིའི་མིང༌། །ས་འོག་འཕྲེང་བ་སྣ་ཚོགས་མདོག །བྱི་ལའི་མིག་རྣམས་བ་བླའི་མིང༌། །བལ་ཡུལ་སྐྱེས་དང་གླུ་ལྕེ་བ། །གར་མཁན་མ་རྣམས་ལྡོང་རོས་མིང༌། །སྔོན་པོ་དང་ནི་རྨ་བྱ་ཅན། །རྩེ་ཅན་མགྲིན་རྣམས་སྤང་མའི་མིང༌། །མིག་སྨན་སྔོན་པོ་བྱ་ཁྱུང་རྡོ། །དུས་ཀྱི་མེ་ཏོག་མཐིང་གི་མིང༌། །མེ་ལྕེ་ལེ་བརྒན་མེ་ཏོག་དང༌། །ཚོན་ཆེན་བཙག་སྟེ་རྡོ་ཐལ་ནི། །ས་དཀར་མིང་དུ་བཤད་པ་མཐོང༌། །སྐྱོང་བྱེད་རྒྱལ་ལམ་ཕོ་བྲང་འཁོར། །འཇིགས་མེད་གནས་རྣམས་གྲོང་སྤྱིའི་མིང༌། །གནས་གཞི་རྟེན་གཞི་བླ་གབ་ཅན། །ཁྱིམ་དང་ཁབ་རྣམས་ཁང་པའི་མིང༌། །གནྡྷོ་ལ་དང་དྲི་གཙང་ཁང༌། །ཀུན་དགའ་ར་བ་གཙུག་ལག་ཁང༌། །འདུ་ཁང་དཀོན་མཆོག་ཕོ་བྲང་མིང༌། །དབེན་གནས་ཞི་གྲོང་བསམ་གཏན་ཁང༌། །ཆོས་ཀྱི་འདུན་ས་དགོན་པའི་མིང༌། །གཡུང་དྲུང་འཁྱིལ་བ་བ་གམ་ཅན། །རྒྱལ་ཁབ་རྒྱལ་པོའི་ཕོ་བྲང་མིང༌། །ཁྲིམས་མུན་ཕྱག་སྦལ་འཕྲུལ་འཁོར་ཁྱིམ། །ཏིལ་མར་ར་བ་བཙོན་རའི་མིང༌། །ཡང་ཐོག་ཡ་ཕུབ་ཆུ་སྐྱོབ་ནི། །ཐོག་གི་མིང་སྟེ་ཆུ་སྐྱོར་ལ། །པུ་ཤུ་མདའ་ཡབ་ལན་ཀན་ཟེར། །རླུང་སྒོ་དྲ་མིག་བ་ལང་མིག །སྐར་ཁུང་མིང་སྟེ་སྐས་ཀ་ལ། །ཡ་གད་ཐེམ་སྐས་འཛེགས་རྟེན་ཟེར། །ཆབ་སྒོ་སྒོ་འཕར་སྒོ་གླེགས་ཏེ། །ར་བ་ཡོངས་བསྐོར་ལྕགས་རིའི་མིང༌། ། ས་གཞི་དང་རི་གྲོང་ལ་སོགས་པའི་རབ་ཏུ་བྱེད་པའོ།། །།
ནགས་དང་སྨན་ལ་སོགས་ཀྱི་རབ་བྱེད། །ནགས་ཀླུང་དང་ནི་ཚང་ཚིང་ཅན། །འཐིབས་པོ་ཤིང་ལྡན་ནགས་ཚལ་མིང༌། །ལྗོན་ཤིང་ལྡུམ་ར་བཅོས་མའི་ནགས། །ཉེ་བའི་ཚལ་རྣམས་སྐྱེད་ཚལ་མིང༌། །ཁྱེའུ་ཁ་དང་སྟེང་དུ་འཐེན། །ཞ་ལུ་སྐྱེས་རྣམས་མྱུ་གུའི་མིང༌། །འདབ་ལྡན་རྐང་འཐུང་ཡལ་ག་ཅན། །རླན་སྐྱེས་ས་སྐྱེས་ཆུར་མི་ལྷུང༌། །རྩེ་མོ་ཅན་རྣམས་ལྗོན་ཤིང་མིང༌། །འབྲས་བུས་འཇིག་དང་ཨེ་རཎྜ༌། །ཆུ་ཤིང་སྨྱུག་མའི་མིང་དུ་གྲགས། །སྡོང་པོའི་སོར་མོ་ཡལ་ག་སྟེ། །ལྟུང་བྱེད་སྒྲིབ་བྱེད་ལོ་འདབ་མིང༌། །ཡིད་དགའ་པུཥྤ་མེ་ཏོག་སྟེ། །སྙེ་མ་གང་བུ་འབྲས་བུ་མིང༌། །ཡམ་ཤིང་བུད་ཤིང་ཚིམ་བྱེད་ཤིང༌། །སྲེག་ཤིང་སྦྱིན་སྲེག་ཤིང་གི་མིང༌། །ཨ་ཤ་ཏྭ་དང་གླང་པོའི་ཟས། །ཤིང་དབང་བྱང་ཆུབ་ལྗོན་ཤིང་མིང༌། །ཡོངས་འདུ་གསེར་ཤིང་རྔ་ཡབ་ཅན། །ས་བརྟོལ་དཔག་བསམ་ཤིང་གི་མིང༌། །བདུད་འཇོམས་ཨུ་དུམ་ཝ་ར་སྟེ། །སྔོ་སངས་དང་ནི་ཙན་དན་མཆོག །ཧ་རི་ཙན་དན་བ་གླང་མགོ །ས་མཆོག་ཟེར་རོ་དམར་པོ་ལ། །ཙནྡ་སྦྲུལ་གྱི་སྙིང་པོའི་མིང༌། །དཔལ་དུམ་མ་ལ་ཡར་སྐྱེས་ནི། །ཙནྡ་སྤྱི་སྟེ་དཀར་པོ་ལ། །འདབ་ལུས་ཚོས་བྱེད་སྣུམ་ལྡན་ཟེར། །སཱ་ལ་སྤོས་དཀར་ཤིང་ལ་སྟེ། །ནགས་ཀྱི་ཙནྡན་ཨ་ག་རུའོ། །ལྷ་ཤིང་ཐང་ཤིང་ཤུག་པ་སྟེ། །རྐང་མཛེས་འདྲེ་འཇིགས་གུ་གུལ་ལོ། །འཛག་བྱེད་ཙཱུ་ཏ་ཨ་མྲ་སྟེ། །རྐང་མཛེས་མྱ་ངན་མེད་ཀྱི་མིང༌། །ནུས་ལྡན་བནྡྷུན་ཀ་ལ་སྟེ། །དྲི་ལྡན་བ་ཀུ་ལ་ཡི་མིང༌། །རོ་མངར་བཅུད་འཛིན་བུར་ཤིང་སྟེ། །རོ་ལྡན་རྒུན་འབྲུམ་ཤིང་གི་མིང༌། །པཱ་ལ་ཤ་དང་ཀེ་ཤུ་ཀ །འདབ་གསུམ་རྒྱ་སྐྱེགས་ཤིང་གི་མིང༌། །དམར་པོ་ལེན་པ་ཞུ་མཁན་ཏེ། །ལེ་བརྒན་བཙོད་ཀྱི་མིང་དུ་གྲགས། །མདོག་མཛེས་ཡུང་བ་ལྒ་སེར་ཏེ། །ཤིང་སེར་དུས་སྐྱེས་སྐྱེར་པའི་མིང༌། །བྱིས་པའི་ནུ་མ་གླུ་ལེན་མ། །སེང་ལྡེང་མིང་སྟེ་གསོམ་ལ་ནི། །ཐང་ཤིང་བཅུད་འཛིན་ཟེར་བ་ཡིན། །ཏི་ལྡུ་སྟར་ག་ནག་པོ་སྟེ། །རྒྱ་ཤུག་རས་བལ་ཤིང་གི་མིང༌། །མྱུག་རྒོད་ལས་ཤིང་ཤུན་པ་མཁྲེགས། །ཚིགས་བརྒྱ་པ་རྣམས་འོད་མའི་མིང༌། །སྲིན་ཅན་སྦུབས་ལྡན་གླིང་བུའི་ཤིང༌། །རླུང་གི་སྒྲ་སྒྲོག་སྨྱུག་མའི་མིང༌། །གྲོ་ག་ཤུན་འཇམ་རེ་ཥ་འདབ། །ཡི་གེའི་གཞི་ཅན་སྟག་པའི་མིང༌། །གཞོན་ནུའི་འཕྲེང་ཅན་མ་ལ་ཏི། །སྣ་མའི་མེ་ཏོག་ཛཱ་ཏིའི་མིང༌། །དཔལ་གྱི་མིང་ཅན་ལྷའི་མེ་ཏོག །སྤོས་ཀྱི་རྒྱལ་པོ་ལི་ཤིའི་མིང༌། །རྩ་བ་བརྒྱ་པ་ཁ་ཆེ་སྐྱེས། །གུར་ཀུམ་མིང་སྟེ་སུག་སྨེལ་ལ། །ཐུམ་གསུམ་ལུས་ངན་མ་ཞེས་ཟེར། །མི་རྒན་སེན་མོ་ན་གི་སྟེ། །ཟླ་བའི་བྱེ་མ་ཀ་ཀོ་ལའོ། །དྲི་སྲས་སྤུ་ཅན་སྤང་སྤོས་ཏེ། །སྟོན་གྱི་མེ་ཏོག་སྤང་རྒྱན་མིང༌། །ཀུན་དོང་རོ་ལྡན་ལྷ་མིན་ཁྲག །ཀླ་ཀློའི་སྤོས་རྣམས་སྒོག་པའི་མིང༌། །འདབ་གསུམ་གཏུན་ཤིང་ངང་པའི་རྐང༌། །ལ་ཕུག་མིང་ཡིན་ཀུ་ཤ་ལ། །དག་བྱེད་རྩྭ་མཆོག་ཁྲུས་རྩྭ་ཟེར། །ནགས་དང་སྨན་ལ་སོགས་ཀྱི་རབ་ཏུ་བྱེད་པའོ།། །།
རི་དྭགས་དང་བྱ་ལ་སོགས་པའི་རབ་བྱེད། །འཕྲོག་བྱེད་གདོང་ལྔ་རལ་བ་ཅན། །སྡེར་ཆགས་རྒྱལ་པོ་སེངྒེའི་མིང༌། །ལུས་བཀྲ་དྲི་སྣོམ་ངར་སྐད་ཅན། །ནགས་ཀྱི་ཤྭ་ན་སྟག་གི་མིང༌། །གཅན་གཟན་གཏུམ་པོ་དོམ་ལ་སྟེ། །རི་དྭགས་ཟ་བ་དྲེད་ཀྱི་མིང༌། །མང་སྐྱེ་ས་འཇོམས་ངུར་སྒྲ་ཅན། །མཆུ་རིང་སྤུ་རིང་ཕག་པའི་མིང༌། །མཚའ་དང་ཀོ་པ་འཕར་བ་སྟེ། །ས་མྱོས་ཅེ་སྤྱང་ཝ་སྐྱེས་མིང༌། །གྲོང་སྤྲེའུ་ཁྲུས་མཁན་བྱི་ལ་ནི། །ཞུམ་བུའི་མིང་སྟེ་མ་ཧེ་ལ། །ས་ཉལ་མིག་དམར་ཁྱུ་མཆོག་ཟེར། །ཁྲི་གཉན་ས་ལུས་རླུང་གི་སྲོག །འཕྲོག་བྱེད་རི་དྭགས་སྤྱི་ཡི་མིང༌། །བསེ་དང་རྭ་གཅིག་གཅིག་པུར་གནས། །བསེ་རུའི་མིང་སྟེ་སྤྲེའུ་ལ། །ཡལ་གའི་རི་དྭགས་གཉེར་མའི་གདོང༌། །འཕར་འགྲོ་ས་ཡི་མཇུག་མ་ཟེར། །རྐུན་པོ་རྐོ་བྱེད་བྱི་བ་སྟེ། །གཤིན་རྗེའི་བུ་ནི་གྲོག་མའི་མིང༌། །བལ་ཅན་ཐགས་མཁན་སྡོམ་ལ་སྟེ། །མར་གྱིས་ཉམས་བྱེད་སྡིག་རྭའི་མིང༌། །སྒོང་སྐྱེས་ཚངས་སྐྱེས་གཉིས་སྐྱེས་དང༌། །ཡན་ལག་དྲུག་པ་ནམ་མཁའི་རྟ། །མཁའ་འགྲོ་འདབ་ཆགས་བྱ་སྤྱིའི་མིང༌། །མིག་མཛེས་དབྱངས་སྙན་གཞན་གྱིས་གསོས། །དཔྱིད་ཀྱི་ཕོ་ཉ་ཁུ་བྱུག་མིང༌། །སྤྲིན་སྒེག་མགྲིན་སྔོན་འདབ་བརྒྱ་པ། །མདོངས་མཐའ་གཙུག་ལྡན་སྤྲིན་ལ་དགའ། །འབྲུག་སྒྲས་མངལ་འཛིན་རྨ་བྱའི་མིང༌། །འཐོར་བྱེད་ཡིད་གཞུངས་ལྕེ་གཉིས་པ། །འཇམ་ལྗང་ཚིག་འཇམ་ནེ་ཙོའི་མིང༌། །རིང་འཕུར་རླུང་སྤྱོད་བྱ་རྒོད་མིང༌། །མཇུག་ནག་མགྲིན་རིང་ཁྲུང་ཁྲུང་མིང༌། །ལུས་དཀར་གྲོང་འཇོམས་འཁོར་ལོའི་ལག །དྲ་བའི་རྐང་ལྡན་ངང་པའི་མིང༌། །གཉིས་གཉིས་སྤྱོད་དང་མཚན་མོ་འབྲལ། །འདབ་ལྡན་གསེར་ལྡན་ངུར་པའི་མིང༌། །གངས་སྦལ་མཛའ་མོ་ཀ་དམ་པ། །ཆུ་སྐྱར་མིང་སྟེ་ཕུག་རོན་ལ། །དིག་སྙན་རྡོ་ཡི་ཟས་ཅན་ཟེར། །ནོར་བུའི་མགྲིན་ཅན་ཟངས་ཟེ་ཅན། །མཚན་མོ་རིག་པ་ཆུ་བྱའི་མིང༌། །སྣ་རིང་མཚན་སྤྱོད་བྱ་རོག་དགྲ། །ཉིན་མོ་ལོང་བ་འུག་པའི་མིང༌། །འགལ་འདུའི་རྫུན་ཅན་འབྱུང་པོའི་བྱ། །གད་མོའི་དབྱངས་ལྡན་སྲིན་བྱའི་མིང༌། །འཁྲིག་སྦེད་གཞན་གསོས་མདོག་གཅིག་པ། །ཁ་ཏྭ་ཐོས་སྒྲོག་བྱ་རོག་མིང༌། །འོལ་བ་ཙི་ལ་ནེ་ལེ་སྟེ། །ཀ་ལནྡ་ཀ་མཆིལ་པའི་མིང༌། །པགས་བྱེའུ་མཚན་རྒྱུ་ཕ་ཝང་སྟེ། །ཆ་ག་ཕྱེ་ལེབ་ཅོ་ཀའི་མིང༌། །རྐང་དྲུག་བུང་བ་བྷྲ་མ་ར། །ར་ཡིག་གཉིས་པ་མེ་ཏོག་འཐུང༌། །སྦྲང་རྩིའི་བརྟུལ་ཞུགས་གེ་སར་སྤྱོད། །འཁོར་འགྲོ་བཅུད་འཛིན་སྦྲང་མའི་མིང༌། །སྦུབས་ཤུབས་མཛོད་རྣམས་སྒོ་ང་སྟེ། །འགེབས་བྱེད་ལུས་འདེགས་འདབ་གཤོག་དང༌། །རི་དྭགས་དང་བྱ་ལ་སོགས་པའི་རབ་ཏུ་བྱེད་པའོ།། །།
བྲམ་ཟེ་དང་རྒྱལ་རིགས་ལ་སོགས་རབ་བྱེད།། །གང་ཟག་ཤེད་བུ་མ་ནུའི་བུ། །རྐང་གཉིས་ཤེས་ལྡན་མི་སྤྱིའི་མིང༌། །སྐྱེ་རྒྱལ་ལྔ་སྐྱེས་བགྲོད་བྱེད་དང༌། །ཁུ་བའི་བདག་ཉིད་སྐྱེས་པའི་མིང༌། །སྐྱེ་དམན་སྟོབས་མེད་འཆིང་བྱེད་མ། །གཡོན་མ་བགྲོད་བྱ་བུད་མེད་མིང༌། །ཡན་ལག་མཆོག་མ་གླང་ཆེན་འགྲོས། །ལུས་ཕྲ་སྒེག་མོ་སྐེད་མེད་མ། །རི་དྭགས་མིག་ཅན་མཛེས་མའི་མིང༌། །མཆིས་འབྲང་ཆུང་མ་ཁྱིམ་འཛིན་མ། །མནའ་མ་རིགས་སྐྱོང་བག་གསར་མིང༌། །འཕགས་མ་རྒྱལ་མོ་ས་སྤྱོད་མ། །བཙུན་མོའི་མིང་སྟེ་རྗེ་མོ་དང༌། །ཇོ་མོ་སྐྱེ་དགུའི་བདག་མོའང་ཟེར། །འཕྱོན་མ་གཡེམ་མ་གཟུགས་འཚོང་མ། །གཟུགས་ཀྱི་སྙེ་མ་ལྕུག་ལྡན་མ། །འཇུད་མཐུན་རེས་མ་སྨད་འཚོང་མིང༌། །འཁྲིག་པ་ལོག་གཡེམ་དགའ་མགུར་སྤྱོད། །ཤེ་སྦྱོར་གསང་སྤྱོད་གྲོང་པའི་ཆོས། །ལག་བསྡམས་མི་ཚངས་སྤྱོད་ཀྱི་མིང༌། །རྡུལ་དང་མེ་ཏོག་ཟླ་མཚན་ཏེ། །མངལ་ཆགས་ལུས་ལྕྀ་སྦྲུམ་མའི་མིང༌། །བལྟམས་པ་བཙས་པ་སྐྱེས་པ་སྟེ། །ཞོ་འཐུང་བྱིས་པ་བུས་པའི་མིང༌། །སྐྱེད་བྱེད་ཕ་དང་ཡབ་ལ་སྟེ། །རབ་བསྐྲུན་སྐྱེད་མ་མ་དང་ཡུམ། །ཁྱོ་ཤུག་ཁྱིམ་ཐབ་བཟའ་ཚོ་སྟེ། །ཐོར་བུ་ལང་ཚོ་གཞོན་ནུའི་མིང༌། །སྨིན་དང་ལོ་མང་ཁུར་ལྡན་དང༌། །བཞི་བའི་གནས་སྐབས་རྒན་པོའི་མིང༌། །དུས་ཆོས་ལྔ་བ་བལྟ་བའི་མཐའ། །ཚེ་འདའ་ཚེ་འཕོ་འཆི་བའི་མིང༌། །འཇིགས་གནས་རོ་གནས་ཕ་མེས་གནས། །ཞི་བའི་གནས་རྣམས་དུར་ཁྲོད་མིང༌། །གསུམ་པའི་རང་བཞིན་ཟ་མ་ནི། །མ་ནིང་མིང་སྟེ་འོག་མེད་ལ། །རལ་གུ་ཅན་དང་ཉུག་རུམ་ཟེར། །མཉེས་གཤིན་མཛའ་བཤེས་རྩ་ལག་དང༌། །ཉེ་འབྲེལ་ཉེ་དུ་གཉེན་སྤྱིའི་མིང༌། །སྔོན་སྐྱེས་ཕུ་བོ་གཅེན་རྣམས་ནི། །ཇོ་ཇོའི་མིང་ཡིན་ནུ་བོ་ལ། །ཕྱིས་སྐྱེས་གཅུང་པོ་ཐ་ཆུང་དང༌། །སྲིང་མོར་ཆེ་ཞེ་ལྕམ་མོ་ཟེར། །ཟག་ཕུང་ཉེར་ལེན་ཕུང་པོ་གཟུགས། །ཚོགས་པ་སྐུ་ལུས་སྤྱི་ཡི་མིང༌། །མིག་འཛིན་དབུ་དང་ཡན་ལག་མཆོག །མགོ་བོའི་མིང་སྟེ་སྐྲ་ལ་ནི། །རལ་བ་ཐོར་ཚུགས་སླར་སྐྱེ་དང༌། །གཙུག་ཕུད་མགོ་ཉལ་ལན་བུ་ཟེར། །ཡལ་ག་ལྔ་བ་དཔུང་པའི་འདབ། །སུག་པ་འཛིན་བྱེད་ལག་པའི་མིང༌། །ལག་པའི་ཡལ་ག་སོར་མོ་སྟེ། །ལག་སྐྱེས་སྡེར་མོ་སེན་མོའི་མིང༌། །རྒྱུ་བྱེད་བགྲོད་བྱེད་རྐང་པ་སྟེ། །སྒྲོ་བ་འབྲས་བུ་རླིག་པའི་མིང༌། །ཕོ་རྟགས་དྲན་ཀ་མྱོས་བྱེད་ཤིང༌། །འདོམས་ཀྱི་སྦ་བ་ཕོ་མཚན་མིང༌། །ཆོས་འབྱུང་པདྨ་མེ་ཏོག་ལམ། །ཆུ་གཉེར་སྲིད་ལམ་གཉིས་དགའི་ཁྱིམ། །དགའ་བའི་བུ་ག་མོ་མཚན་མིང༌། །ཤ་མཆོག་སྲོག་གནས་ཙིཏྟ་ཐུགས། །སེམས་ཀྱི་ཁང་པ་སྙིང་གི་མིང༌། །རཀྟ་རྨ་སྐྱེས་ཤའི་ས་བོན། །ཁྲག་གི་མིང་སྟེ་ཤ་ལ་ནི། །མཾ་ས་ལུས་ཟུངས་གསུམ་པ་ཟེར། །ཞག་དང་སྣུམ་བག་ཚིལ་ལ་སྟེ། །རུས་པར་གདུང་དང་ཀེང་རུས་ཟེར། །ཁུ་བ་ས་བོན་ཁམས་དཀར་པོ། །དྭངས་མ་ཀུནྡ་ཐིག་ལེའི་མིང༌། །རུས་འཆིང་འདབ་ལྡན་རྩ་ལ་སྟེ། །ཁྲག་འཛིན་རུས་གཟེབ་པགས་པའི་མིང༌། །ལུས་སྐྱེས་པགས་པའི་མྱུ་གུ་དང༌། །པགས་པའི་མེ་ཏོག་བ་སྤུའི་མིང༌། །ལྟ་བྱེད་འདྲེན་བྱེད་ལྷའི་སྒྲོན་མེ། །སྣང་བྱེད་ཙཀྴུ་སྤྱན་མིག་མིང༌། །སྒྲ་འཛིན་ཐོས་འཛིན་ཉན་བྱེད་སྙན། །རྣ་བའི་མིང་སྟེ་སྣོམ་བྱེད་ཤངས། །དྲི་འཛིན་དྲི་ལེན་སྣ་ཡི་མིང༌། །བཅུད་མ་རོ་འཛིན་ངག་གི་འདབ། །སྨྲ་བའི་འབབ་སྟེགས་ལྗགས་ལྕེའི་མིང༌། །ལྡད་བྱེད་མཆེ་བ་ཚེམས་གཉིས་སྐྱེས། །སོ་སྟེ་སོ་གོས་སྒྲོ་དམར་མཆུའོ། །གདོང་ཞལ་ཟ་བྱེད་སྨྲ་བའི་སྒོ། །གཏམ་གྱི་འབྱུང་གནས་ཁ་ཡི་མིང༌། །གྲེ་བ་མགྲིན་མགུལ་མགུར་སྐེ་སྟེ། །གསུས་པ་དཀུ་དག་ལྟོ་བའི་མིང༌། །བྲང་སྐྱེས་འོ་འཛིན་ལང་ཚོའི་མཚན། །འདོད་པའི་མྱོས་བུམ་ནུ་མའི་མིང༌། །བཤང་ལམ་འོག་སྒོ་འཕོངས་རྐུབ་སྟེ། །དཔྱི་དང་སྟ་ཟུར་དཔྱི་མགོའི་མིང༌། །རྒྱུན་འབབ་དྲི་ཆུ་གཅིན་ལ་སྟེ། །བཤང་བ་ཕྱི་ས་དྲི་ཆེན་མིང༌། །རིད་སྐེམ་ཤ་སྲབ་སྟོབས་ཆུང་སྟེ། །འཚག་ལྡན་ཤ་རྒྱས་སྟོབས་ལྡན་མིང༌། །ཚིག་ཉམས་ངག་དབུལ་ལྐུགས་པ་སྟེ། །གླེན་པ་རྨོངས་པ་བླུན་པོའི་མིང༌། །གྲིམ་གྲུང་སྒྲིན་པོ་སྤྱང་ལ་སྟེ། །ནད་ལ་བྲོ་འཚལ་འདུ་བ་འཁྲུགས། །ཟུག་རྔུ་ཅོང་དང་སྙུན་ཞེས་ཟེར། །རྩི་སྨན་ནད་སེལ་རྐྱེན་སྨན་རྣམས། །སྨན་ཏེ་སྨན་པར་འཁྱུད་དཔྱད་པར། །འཚོ་བྱེད་སྐྱོན་ཤེས་ཚེ་རིག་ཟེར། །བཀོད་དང་སྤྲས་དང་སྤུད་དང་སྤ། །བརྒྱན་པའི་མིང་སྟེ་དབུ་བརྒྱན་ལ། །ཅོད་པན་པྲོག་ཞུ་རྩེ་ཕྲན་ཟེར། །འཁྱིལ་བ་ཅན་ནི་རྣ་རྒྱན་ཏེ། །མགུལ་ན་སྤ་བ་མགྲིན་རྒྱན་མིང༌། །ཕྱང་ཕྲུལ་ཞེས་པ་དོ་ཤལ་ཏེ། །འོག་པག་སྐ་རགས་རྒྱན་ཅན་མིང༌། །ཁ་བ་བྱེ་མ་ཟླ་བའི་ཐལ། །ནུས་ལྡན་སྤྲིན་སྙིང་ག་བུར་མིང༌། །རི་དྭགས་ལྟེ་བ་སྦྲུལ་སྐྲག་བྱེད། །མྱོས་པའི་མཚན་མ་གླ་རྩིའི་མིང༌། །ཀུན་མཐོང་བཞིན་སྣོད་མ་ཀུ་ར། །བྱི་དོར་མེལ་ཚེ་མེ་ལོང་མིང༌། །ཁྱིམ་གྱི་ནོར་བུ་སྣུམ་ཟ་དང༌། །སྣང་གསལ་སྒྲོན་མེ་མར་མེའི་མིང༌། །བགོ་བ་དགབ་བྱ་གཅེར་སྐྱོབ་དང༌། །ན་བཟའ་གོས་ཀྱི་མིང་དུ་གྲགས། །མི་ལ་སོགས་པ་རབ་ཏུ་བྱེད་པའོ། ། ས་བོན་ལས་བྱུང་གདུང་དང་རུས། །ཆོ་འབྲང་ཤ་ཉེ་རྣག་ལས་སྐྱེས། །རིགས་བརྒྱུད་མིང་ཡིན་འཕགས་རིགས་ལ། །ཚངས་སྤྱོད་ནགས་གནས་དགེ་སློང་ཟེར། །སྔོན་སྐྱེས་གཉིས་སྐྱེས་ཚངས་པའི་བུ། །ཁ་སྐྱེས་མགྲིན་སྐུད་བྲམ་ཟེའི་མིང༌། །སྡོམ་བརྩོན་ཐུབ་པ་དཀའ་ཐུབ་སྤྱོད། །བདེན་སྨྲ་གཙང་གནས་ཀུན་ཏུ་རྒྱུ། །མི་སྨྲ་ངག་བཅད་དྲང་སྲོང་མིང༌། །བློ་ལྡན་སེམས་ཤེས་དུས་ཡིག་ཅན། །དཔྱོད་ལྡན་རྣམ་གསལ་དྲན་པའི་དབང༌། །གསལ་སྒོ་ཀུན་རིག་གྲངས་ཅན་མཛངས། །རིག་པའི་དཔའ་བོ་མཁས་པའི་མིང༌། །ལམ་སྟོན་བླ་མ་སློབ་དཔོན་ཏེ། །གྲྭ་བ་ཉེ་གནས་སློབ་མའི་མིང༌། །ཚོགས་པ་འདུས་པ་འཁོར་ལ་སྟེ། །བརྟུལ་ཞུགས་གསོ་སྦྱོང་བསྙེན་གནས་མིང༌། །རྒྱུད་བདུན་པ་དང་མཐོ་རིས་དོན། །སྦྱིན་སྲེག་ཅེས་པ་མཆོད་སྦྱིན་ཏེ། །གསར་འོངས་གློ་བུར་འོངས་པ་ནི། །མགྲོན་པོའི་མིང་ཡིན་ཡོན་ལ་ནི། །མཆོད་པ་དང་ནི་མེ་ཏོག་ཟེར། །ཕུལ་དང་དབུལ་བ་འབུལ་བ་སྟེ། །སྦྱིན་དང་གཏོང་བ་བྱིན་པའི་མིང༌། །ཉེ་རེག་ཞལ་བསིལ་ཁ་བཤལ་ཏེ། །འཐོར་འཐུང་མཆོད་ཡོན་ཡོན་ཆབ་མིང༌། །ས་སྐྱོང་མི་རྗེ་དཔུང་པ་སྐྱེས། །དམའ་སྐྱོབ་ས་སྤྱོད་སྐྱེ་དགུའི་བདག །ས་བདག་མི་དབང་རྒྱལ་པོའི་མིང༌། །མིའི་ལྷ་གནམ་བསྐོས་འཁོར་སྒྱུར་ཏེ། །ཁམས་རྒྱལ་སྡེ་དཔོན་རྒྱལ་ཕྲན་མིང༌། །བཀའ་དབང་གྲོས་སྣོད་མདུན་ན་འདོན། །ཕྱིང་སོང་སྣ་ཆེན་བློན་པོའི་མིང༌། །མཛོད་པ་ནོར་སྐྱོང་ལྡེ་མིག་པ། །མིག་གི་ཆོས་ཅན་གཉེར་པའི་མིང༌། །དུ ས་ཤེས་མཚན་མཁན་སྐར་དཔྱད་པ། །གྲངས་ཤེས་ལྟས་མཁན་རྩིས་པའི་མིང༌། །སྨྱུག་ཅན་འབྲི་མཁན་ཡིག་མཁན་ཏེ། །ཕོ་ཉ་ཉན་རྣ་བྱ་མ་རྟ། །གཏམ་སྐྱེལ་འཕྲིན་སྐྱེལ་བང་ཆེན་མིང༌། །གདམས་པ་རྗེས་གནང་བཀའ་ལུང་སྟེ། །ནོངས་པ་སྐྱོན་ཅན་ཉེས་པའི་མིང༌། །ལུགས་དང་ཡུལ་ཆོས་རྒྱལ་ཁྲིམས་ཏེ། །རྣམ་བཞག་ཕྱག་རྟེན་འབུལ་བའི་མིང༌། །གཡར་ཁྲལ་ཤོ་གམ་སྡུད་པ་དཔྱ། །ཁྲལ་རིགས་མིང་ཡིན་གདུགས་ལ་ནི། །ཚད་སྐྱོབ་ཐུར་མ་བརྒྱ་པ་ཟེར། །བ་དན་བྷ་ཛ་རྒྱལ་མཚན་ཏེ། །གཡོ་བྱེད་བསིལ་བྱེད་རྔ་ཡབ་མིང༌། །མ་ཎི་ཞེས་པ་ནོར་བུ་སྟེ། །རཏྣ་རིན་པོ་ཆེ་ཡི་མིང༌།རྡོ་རྗེའི་རིགས་ནི་ཕ་ལམ་སྟེ། །སྤྲིན་ཆེན་གཞོན་སྐྱེས་བེཌཱུཡ་མིང༌། །ནོར་བུའི་སྙིང་པོ་ཨིནྡྲ་སྙིལ། །དབང་སྔོན་མཐོན་ཀ་ཆེན་པོའི་མིང༌། །རིན་ཆེན་དམར་པོ་པད་རག་སྟེ། །ནོར་བུ་སེར་པོ་ཀེ་ཏ་ཀའོ། །མཁའ་ལྡིང་གཤོག་པ་རྡོའི་སྙིང་པོ། །ནོར་བུ་ལྗང་ཁུ་མརྒད་མིང༌། །མན་ཤེལ་ཟླ་འོད་མིག་ལ་ཕན། །ནོར་བུ་དཀར་པོ་ཆུ་ཤེལ་མིང༌། །ས་ཟླ་མདོག་བཟང་ས་ལེ་སྦྲམ། །རིན་ཆེན་དང་པོ་གང་གཱ་སྐྱེས། །ཧེ་མ་ཟོང་མཆོག་གསེར་གྱི་མིང༌། །མཚོན་ཅན་མདོག་ངན་ཁརྫུ་རཾ། །རིན་ཆེན་གཉིས་པ་དངུལ་གྱི་མིང༌། །མཚལ་སྐྱེས་མེས་འཆིང་དངུལ་ཆུ་སྟེ། །རི་སྙིང་གར་བུ་ལྕགས་ཀྱི་མིང༌། །ལྗོན་དམར་ཀླ་ཀློ་ཁ་ཟངས་ཏེ། །ཟངས་སྐྱེས་བསིལ་སྐྱེས་འཁར་བའི་མིང༌། །གསེར་ཅན་རྩིབས་བརྩེགས་ར་གན་ཏེ། །སྐུད་འདྲེན་ལེན་པོ་ཁབ་ལེན་མིང༌། །རྡོ་ཡི་རྒྱལ་པོ་གཡུ་ལ་སྟེ། །གྲོལ་བ་ཅན་ནི་མུ་ཏིགམིང༌། །ལུས་དམར་འདབ་དང་དཔལ་མེ་ཏོག །རིན་ཆེན་སྡོང་པོ་བྱུ་རུའི་མིང༌། །ལག་ལྡན་གཉིས་འཐུང་མྱོས་བུམ་ཅན། །སོ་ལྡན་ཉི་བུ་སོ་གཉིས་པ། །དབྱུག་པའི་སྣ་ཅན་གླང་པོའི་མིང༌། །མགྱོགས་འགྲོ་རྒྱབ་འཛིན་རྟག་ཏུ་ཟ། །དཔལ་བུ་རྔ་ཡབ་མཇུག་མ་ཅན། །རླུང་སྐྱེས་བང་ལྡན་རྟ་སྤྱིའྀ་མིང༌། །ཅང་ཤེས་ལེགས་འགྲོ་རླུང་གཤོག་ཅན། །རིགས་ལྡན་གྱི་ལིང་རྟ་མཆོག་མིང༌། །ལམ་བགྲོད་སྒྲ་ལྡན་ཤིང་རྟ་སྟེ། །ཁྱོགས་དང་ཐེག་པ་བཞོན་པའི་མིང༌། །མཚོན་ཆས་འཚོ་བ་དཔུང་བུ་ཆུང༌། །ལུས་ཀྱི་རྒོལ་བ་རྐང་དམག་མིང༌། །མདའ་རྟེན་མདའ་ཟ་མདའ་སྣུན་བྱེད། །མདའ་བསྐྱེད་གནམ་རུ་གཞུ་ཡི་མིང༌། །ཉག་ཕྲན་འབིགས་བྱེད་རྩེ་མོ་ཅན། །སྒྲོ་ལྡན་དྲང་འགྲོ་མདའ་ཡི་མིང༌། །ཤང་ལང་རྡེག་ཆ་རྗེས་སུ་གཅོད། །དཔལ་གྱི་སྙིང་པོ་རལ་གྲིའི་མིང༌། །འཁྲུག་གོས་མཚོན་སྐྱོབ་ལྕགས་གོས་དང༌། །གོ་ཆ་ཁྲབ་སྟེ་རྨོག་ལ་ནི། །ལྕགས་ཞུ་མགོ་སྐྱོབ་ཡ་ལད་ཟེར། །རུ་བ་དཔུང་ཚོགས་དམག་དཔུང་དང༌། །ཡན་ལག་བཞི་བ་དམག་ཚོགས་མིང༌། །སྟོབས་ཆེན་གྱད་མི་ཕ་རོལ་གནོན། །བརྟུལ་ཕོད་བསྙེངས་བྲལ་གཡུལ་ངོར་བརྟན། །གཏུམ་པོའི་དཔུང་ཅན་དཔའ་བོའི་མིང༌། །དཔུང་གི་ཁྱུ་མཆོག་རལ་གྲིའི་གཉེན། །དམག་གི་འདྲེན་པ་དམག་དཔོན་མིང༌། །འཁྲུག་འཛིང་འཐབ་རྩོད་གཡུལ་འགྱེད་དེ། །ཞོགས་འུར་བྱེར་འཁྱུས་བྲོས་པའི་མིང༌། །སྡང་བྱེད་མཛའ་བྲལ་ཕ་རོལ་པོ། །ཕྱིར་རྒོལ་ཕས་རྒོལ་དགྲ་ཟླའི་མིང༌། །བརྒྱལ་མྱོས་བོག་རྨོངས་འཇིགས་སྐྲག་སྟེ། །བསྒྲལ་བ་བཀུམས་པ་བསད་པའི་མིང༌། །སྲོག་བྲལ་ཕུང་པོ་རོ་ལ་སྟེ། །བྱུས་ལེགས་གཡུལ་ལས་རྒྱལ་བའི་མིང༌། །ཡིད་གཅུགས་མཛའ་བཤེས་ཁོན་མེད་ཟུན། །གྲོགས་པོ་བློ་ཉེ་རང་ཕྱོགས་མིང༌། །བྲམ་ཟེ་དང་རྒྱལ་རིགས་ལ་སོགས་རབ་ཏུ་བྱེད་པའོ།། །།
རྗེ་རིགས་དང་དམངས་རིགས་ལ་སོགས་པའི་རབ་བྱེད།། །བརླ་སྐྱེས་ཇོ་བོ་རྗེའུ་རིགས་ཏེ། །འཚོ་ཚིས་འཇུག་བྱེད་སོ་ནམ་མིང༌། །འབྲུ་སྐྱེས་ས་རྨོས་ཞིང་པ་སྟེ། །རྨོ་བྱེད་ས་འཇོམས་ཐོང་གཤོལ་མིང༌། །གཤོལ་མདའ་གཉའ་ཕུར་གཉའ་ཤིང་སྟེ། །འཇོར་དང་རྐོ་བྱེད་ཏོག་ཙེའི་མིང༌། །གཅོད་བྱེད་རྔ་བྱེད་ཟོར་བ་སྟེ། །བཙུགས་སྐྲུན་བསྐྱེད་གདབ་བཏབ་པའི་མིང༌། །འབྲུ་དཀར་པ་ཏ་ལ་འབྲས་སྟེ། །ཆུ་མ་རྩི་དཀར་ནས་ཀྱི་མིང༌། །ཡིད་ལེགས་ཡིད་བཟང་གྲོ་ལ་སྟེ། །ཚོགས་ཅན་འཕྲོག་བྱེད་ཙ་ན་ཀ །ནས་ཀྱི་འཁྲི་ཤིང་སྲན་མའི་མིང༌། །དོན་གྲུབ་ཟས་གཙང་ཡུངས་ཀར་ཏེ། །ཚ་བའི་སྣུམ་ཅན་པད་ཁའི་མིང༌། །སྔོན་སྐྱེས་ནག་མོ་ལྷ་མིན་མོ། །ཡུངས་ཀར་རྒྱལ་པོ་སྐེ་ཚེའི་མིང༌། །དོག་པ་ཞེས་པ་སྙེ་མ་སྟེ། །སྦུན་པ་ཕུབ་མ་ཕྱི་སྐོགས་མིང༌། །སྔོ་སངས་ངེས་སྒྲིབ་ལྗང་པ་སྟེ། །སོ་མ་རྨ་མེད་སྲུས་ཀྱི་མིང༌། །གཡོས་མ་ལག་བདེ་ཕྱག་ཚང་བ། །ཐབ་ཀ་པ་སྟེ་ཐབ་ཚང་ལ། །གཡོས་ཁང་གསོལ་ཁང་བསྲོ་ཁང་ཟེར། །མེ་ཐབ་སྒྱེད་པུ་ཐབ་ཀ་སྟེ། །རྔོད་གཞི་ཐེར་པོ་སླ་ངའི་མིང༌། །ཁོལ་མ་གཡོ་སྣོད་ཕྲུ་བ་སྟེ། །སྐྱོགས་དང་ལ་སྐྱོགས་གཟར་བུའི་མིང༌། །ཁམ་ཕོར་ཞེས་པ་རྫ་ཕོར་ཏེ། །ཡོལ་གོ་ཞེས་པ་སྣོད་སྤྱོད་མིང༌། །བཞེས་པ་ཟས་ལྟཽ་ཁ་ཟས་སྟེ། །བྱ་ན་སྐྱོ་ཚ་ཚོད་མའི་མིང༌། །ཆུ་རོ་འགྱུར་བྱེད་དཔྱིད་དུས་ཆགས། །ལན་ཚའི་མིང་ཡིན་འདོད་ཞེན་ལ། །གདུང་བ་ཆགས་པ་སྲེད་པ་ཟེར། །ཁ་སྐམ་ཆུ་འདོད་སྐོམ་པ་སྟེ། །བྲུ་བ་ཚ་བ་ལྟོགས་པའི་མིང༌། །ཕྱུགས་སྐྱོང་་ཕྱུགས་ལྡན་འབྲོག་པ་སྟེ། །ལྐོག་ཤལ་ནོག་ཅན་བ་ལང་མིང༌། །བཟང་པོ་ཁྱུ་མཆོག་གླང་ལ་སྟེ། །གྲུས་མ་འབབ་བྱེད་བ་ཡི་མིང༌། །མཆུ་འཕྱང་རླུང་དགའ་རྔ་མོང་སྟེ། །ལྦ་འཕྱང་ཚེ་ཚེ་ར་ཡི་མིང༌། །ལྟོ་འཕྱང་གཡང་མོ་ལུག་ལ་སྟེ། །ནུ་སྐྱེས་འོ་མ་རབ་ཆགས་ཞོའོ། །རྩི་བཅུད་བསྲུབས་སྐྱེས་མར་ལ་སྟེ། །ཆུ་སྐྱ་ཆབ་སྐྱ་དར་བའི་མིང༌། །ལམ་འགྲོན་ཟོང་འཚོ་ཚོང་ལ་སྟེ། །བརྗེ་དང་བསྒྱུར་བ་ཉོ་ཚོང་མིང༌། །འཇལ་བྱེད་ཉ་ག་སྲང་ལ་སྟེ། །འདེགས་བྱེད་སྙོམ་བྱེད་ན་རའི་མིང༌། །ནོར་རྫས་ཡོ་བྱེད་ཟང་ཟིང་དཀོར། །ཀ་ཅ་དབྱིག་རྣམས་དངོས་པོའི་མིང༌། །འདྲེས་མ་ཀུན་གཏུམ་རིགས་ཀྱི་ཐ། །ཕྱིས་སྐྱེས་རྐང་སྐྱེས་དམངསརིགས་མིང༌། །འཕྲེང་ལྡན་མེ་ཏོག་གིས་འཚོ་བ། །ཕྲེང་རྒྱུད་མཁན་ཏེ་རྫ་མཁན་ལ། །འཁོར་ལོས་འཚོ་དང་བུམ་མཁན་ཟེར། །མཚོན་ཆ་མཁན་དང་རྡེག་ཆ་མཁན། །མགར་བའི་མིང་སྟེ་རི་མོ་བར། །པིར་ཐོགས་བཀྲ་བྱེད་ཚོན་འཚོ་ཟེར། །འདྲ་འབག་ལྡེར་བཟོ་སྣང་བརྙན་དང༌། །སླར་གཟུགས་སློང་བྱས་སྐུ་གཟུགས་མིང༌། །ལྷ་ཡིས་འཚོ་བ་སྐུ་གཉེར་ཏེ། །གོས་བཟོ་ཚེམ་བུ་མཁན་གྱི་མིང༌། །ཀོ་པགས་མཁན་ནི་ལྷམ་བཟོ་སྟེ། །རྩེ་རྣོ་ཀོ་འབིགས་སྙུང་བུའི་མིང། །འབྱར་བྱེད་སྣག་ཚ་འཕེལ་བྱེད་སྤྱིན། །ཡིན་ཏེ་ལྷམ་ལ་ཚེར་མ་སྲུང༌། །ཞབས་ཕྱགས་མཆིལ་ལྷམ་བཅག་ལྷམ་ཟེར། །ཤིང་མཁན་ཞེས་པ་ཤིང་བཟོ་སྟེ། །བཙོ་བླག་མཁན་ནི་ཚོས་མཁན་མིང༌། །ཟླ་འཛིན་སྐྲ་མཁན་འདྲེག་མཁན་ཏེ། །མིག་འཕྲུལ་བྱེད་པ་སྒྱུ་མའི་མིང༌། །ཟློས་གར་མཁན་ནི་གར་པ་སྟེ། །མྱོས་བྱེད་ཟོང་ཅན་ཆང་མའི་མིང༌། །མྱོས་བྱེད་མྱོས་འགྱུར་ཆུ་བདག་སྐྱེས། །ཡང་འབབ་ཆུ་མ་ཅ་ཅོ་བྱེད། །ལྷ་མིན་ཉིང་ཁུ་ཆང་གི་མིང༌། །མངར་ལྡན་སྤྲ་ཚིལ་སྦྲང་རྩི་སྟེ། །གླ་རྔན་བྱ་དགའ་ཡོན་གྱི་མིང༌། །ཡུང་པོ་འདོལ་བ་རིགས་ངན་ཏེ། །གསོད་པོ་གཤེད་མ་ཤ་བ་རི། །བཤན་པ་ལིང་པ་རྔོན་པའི་མིང༌། །འཆིང་བྱེད་དྲ་བ་རྙི་རྒྱ་སྟེ། །སྲད་བུ་ཐག་པ་ཞགས་པའི་མིང༌། །གྲོང་གི་གཅན་གཟན་སེངྒེ་རིགས། །ནོར་སྲུང་རྡོ་རྗེའི་མཇུག་མ་ཁྱིའོ། །མགྲིན་བཟང་རྣ་ཆེན་ཤུགས་འགྲོ་བ། །བཟོད་པའི་མུ་ཁྱུད་བོང་བུའི་མིང༌། །རྩེ་རྒོད་བྲན་ཁོལ་མངག་གཞུག་འབངས། །ཞབས་འབྲིང་གཞན་གསོས་ཕྱག་བརྙན་དང༌། །བཀའ་ཉན་ཅི་བགྱི་གཡོག་གི་མིང༌། །ཨར་པ་ཇག་པ་འཇབ་བུ་བ། །འོག་རྒྱུ་གཡས་མ་ཆོམ་རྐུན་མིང༌། །བཀྲེན་པོ་དབུལ་པོ་སྒྲུབ་ངན་དང༌། །ཕོངས་པ་ནོར་མེད་མིང་དུ་གྲགས། །ལག་རྐྱོང་ལམ་པ་མུ་ལྟོ་བ། །འ་རི་དྲ་རྣམས་སྤྲང་པོའི་མིང༌། །ཆ་འཛིན་གཉའ་པོ་དཔང་པོ་སྟེ། །ཆོ་ལོ་ཟ་རྒྱན་ཤོ་ཡི་མིང༌། །རྗེ་རིགས་དང་དམངས་རིགས་ལ་སོགས་པའི་རབ་ཏུ་བྱེད་པའོ། །།