ཆ་ལུང་རྡོ་རྗེ་བྲག་རྫོང་གི་སྐོར། དཔལ་ས་སྐྱའི་མི་འགྱུར་བའི་གཟེར་བཞི་ཞེས་ཡོངས་སུ་གྲགས་པའི་ནང་ཚན་ནུབ་ཏུ་གནས་པའི་མང་མཁར་ཆ་ལུང་རྡོ་རྗེ་བྲག་རྫོང་ནི། ལྷ་རྒོད་གངས་རིའི་འདབ་ཞོལ་ན། ཁ་ལྷོ་ཤར་དང་། ཕུ་ནུབ་ལྷོ། མདའ་ཤར་བྱང་ན་གནས་ཡོད། སྒྲུབ་གནས་དངོས་ནི་བྲག་རིའི་སྐེད་མཚམས་ན་ཡོད། དེ་ལ་སྒྲུབ་གནས་མང་དུ་ཡོད་ཀྱང་། འདིར་སྒྲུབ་གནས་གསུམ་ཙམ་གྱི་ལོ་རྒྱུས་མདོར་ཙམ་རྗོད་ན། ༡༽ས་སྐྱ་པཎ་ཆེན་ཕུག ༢༽གཟིམ་སྤྱིལ་ཤིང་སྒོ་མའི་ཕུག ༣༽རྗེ་བཙུན་གྲགས་རྒྱན་ཕུག་དང་གསུམ་ཡོད།
གནས་རི།
༡༽དང་པོ་ནི་དཔལ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ཡུན་རིང་སྐུ་མཚམས་ལ་བཞུགས་ཤིང་། སྒྲུབ་གནས་དེར་ཆོས་རྗེ་ས་སྐྱ་བ་ཆེན་པོ་ལ་ཚོགས་བདག་ཞལ་གཟིགས་བྱུང་ཞིང་། སྒྲུབ་ཆུ་ཡང་བླ་མ་རང་ཉིད་ནས་བཏོན་གནང་བའི་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་ཀྱང་ཡོད།
པཎ་ཆེན་ཕུག
༢༽གཉིས་པ་ནི་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡང་ཟླ་བ་ལྷག་ལ་སྐུ་སུ་མཚམས་ཞུགས་ཤིང་། གནས་དེར་དབང་དྲག་པདྨ་ཉེ་བར་བསྙེན་པའི་ཚེ་རྒྱལ་བ་ཀུན་འདུས་པདྨ་ཐོད་འཕྲེང་རྩལ་གྱིས་ཞལ་བསྟན་ཅིང་། གསུང་གི་གནང་བ་བཅས་དབུགས་དབྱུང་། ཡང་ཡང་གསང་ཁྲོས་པ་ལྷ་དགུའི་གསུང་བསྙེན་དང་། དེའི་ཡིག་ཆ་ལ་བརྟེན་ནས་མྱོང་གྲོལ་བདུད་རྩི་རིལ་བུ་གནང་བའི་ཚེ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་གནོད་སྦྱིན་ལྕམ་དྲལ། རྒྱུད་ནས་བཤད་པའི་སྲུང་མ་རྣམས་ཀྱི་རང་རང་གི་སྐུ་དངོས་སུ་བསྟན་པའི་གིང་ལྔའི་རྟ་སྨིག་ཀྱང་ནམ་མཁར་མི་ཤོང་བ་ལྟ་བུ་གཟིགས། ཚར་ཆེན་མཆོག་ནས་བུ་སློབ་རྣམས་ལ་ཡང་རྟ་མགྲིན་ཡང་གསང་གི་དབང་གི་ཆོས་སྐོར་རྣམས་གནས་འདི་རུ་གནང་བས་ཡུལ་འདི་དང་། ལྷག་པར་སྒྲུབ་གནས་འདི་བྱིན་རླབས་ཤིན་ཏུ་ནས་ཆེ་བ་ཡོད།
ཚར་ཆེན་ཕུག
༣༽གསུམ་པ་ནི་དཔལ་ས་སྐྱ་བ་ཆེན་པོ་རྗེ་བཙུན་གྲགས་པ་རྒྱལ་མཚན་སྐུ་མཚམས་ཡུན་རིང་བཞུགས། རྗེས་སུ་ལམ་འབྲས་བླ་མ་མཁན་ཆེན་བསོད་ནམས་ཆོས་འཕེལ་མཆོག་གྲུབ་གནས་འདིར་ཟླ་བ་གཅིག་ལྷག་ཙམ་གྱི་བར་ལ་བླ་མ་དྲག་པོའི་སྐུ་མཚམས་བཅད་རྒྱ་ཤིན་ཏུ་དམ་པ་གནང་། དེའི་སྐབས་རྨི་ལམ་ན་ཆ་ལུང་གི་རི་ཟངས་ཞུན་མ་ལྟར་རམ་པདྨ་ར་ག་ལྟར་དམར་དིང་ངེ་བའི་དབུས་ན་རི་སྨུག་པོ་མཆོང་འདྲ་བ་རྩེ་གནམ་ལ་སྙེག་པ་ལྟ་བུ་ཞིག་འདུག དེའི་རྩེ་ནས་གཟིགས་པས་གནམ་ས་ཐམས་ཅད་འཇའ་ཚོན་དུ་ཁྲ་ཤིག་ཤིག་འདུག རི་དེའི་རྩེ་ན་གུ་རུ་རྡོ་རྗེ་གྲོ་ལོད་ཁྲོ་བོ་སྨུག་ནག་མི་བཟད་པ་འཇིགས་སུ་རུང་བ་ནི་ནམ་མཁའི་ཁམས་ལ་གཞལ་བ་ཞིག་ཞལ་གཟིགས་འདུག དེ་ནས་དོན་གཉེར་བ་ཁག་ཅིག་ལ་རྡོ་རྗེ་ནག་པོ་ཆེན་པོའི་གསང་འཁྲི་ཐུན་མོང་མ་ཡིན་པ་སྨིས་རྒྱས་བྱས་ཞེས་གསུངས་འདུག་པས། བུ་སློབ་རྣམས་ལ་ཡང་དབང་དང་གདམས་ངག་སོགས་གནས་འདིར་གནང་ཡོད་པས་བྱིན་རླབས་ཆེན་པོ་ཡོད་པའི་གནས་མཆོག་ཡིན། དེང་གནས་རི་འདི་འཇིག་པའི་ཉེན་ཆེ་བས་ཡུལ་མི་རྣམས་ནས་ཡིད་ལ་གཟབ་དགོས། གནས་ཆེན་འདི་འདྲ་བ་མེད་པར་གྱུར་ན་ཡུལ་གྱི་གྱོང་གུན་དང་། ཆོས་སྐྱོང་སྲུང་མ་རྣམས་ཀྱི་གྲོགས་དང་འཕྲིན་ལས་མི་སྒྲུབ་པས་ཆར་ཆུ་དུས་ས་མི་བབས་པ། མི་ནད་ཕྱུགས་ནད་མང་བ་སོགས་ཉེན་ཁ་ཆེན་པོ་ཡོད། དེ་ལས་ད་ལྟ་ནས་གནས་རིའི་རྩེ་ནས་གཡམ་རྡོ་མ་བཏོན་པའི་རེ་བ་དང་བཅས་གནས་བཤད་མདོར་ཙམ་ཡིན། རྒྱས་པ་གཟིགས་ན་ཆ་ལུང་གི་གནས་བཤད་ལ་ཡོད། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས། རྗེ་གྲགས་པ་མཁའ་སྤྱོད་སྤྱན་འདྲེན་པའི། །ཤེས་སྐས་རིང་བཙུགས་པའི་པདྨའི་གདན། །རྗེ་བླ་མས་རྟ་མགྲིན་ཞལ་གཟིགས་པའི། །གནས་བཟང་པོ་རང་བྱུང་རྡོ་རྗེའི་ཕུག །ཅེས་གནས་ལ་བསྟོད་པའོ།།
རྗེ་བཙུན་གྲགས་རྒྱན་གྱི་སྒྲུབ་གནས།
ལྷ་རྒོད་གངས་རིའམ་དངོས་མིང་ཡེ་ཤེས་ནས་༼༢༠༠༨༽ དཔྱད་དེབ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་རྣམ་ཐར། ཚར་ཆེན་བློ་གསལ་རྒྱ་མཚོའི་རྣམ་ཐར། མཁན་ཆེན་བསོན་ནམ་ཆོས་འཕེལ་གྱི་རྣམ་ཐར་སོགས་སོ།།