ཉིང་ཁྲི་ཀླུ་སྟེང་ནས་ལོ་ཁྲི་ ༤ ཙམ་གྱི་ལོ་རྒྱུས་ལྡན་པའི་རྡོ་ཆས་གསར་རྙེད།

ཉིང་ཁྲི་ཀླུ་སྟེང་ནས་ལོ་ཁྲི་ ༤ ཙམ་གྱི་ལོ་རྒྱུས་ལྡན་པའི་རྡོ་ཆས་གསར་རྙེད།

དེ་ཡང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་ཀླུ་སྟེང་གྲོང་ཚོ་ནས་ལོ་ངོ་ཁྲི་ ༣ ནས་ ༤ བར་སོང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་རྡོ་ཆས་ཀྱི་རིགས་དང་། སྲོག་ཆགས་ཀྱི་རུས་པ་སོགས་གནའ་རྫས་སྣ་མང་རྙེད་སོན་བྱུང་ཞིང་། སྣོད་ཀྱི་འཇིག་རྟེན་ཞེས་པའི་དུས་དེབ་སྟེང་དུ་བཀོད་པ་ལྟར་ན། རྒྱ་ནག་གི་གནའ་རྫས་བརྟག་དཔྱད་ཁང་ཞིག་གི་གནའ་རྫས་དཔྱད་ཞིབ་པ་ཤའོ་ལིན་ཀྲང་ (Xiaoling Zhang) གིས་སྣེ་འཁྲིད་འོག་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ཀླུ་སྟེང་གྲོང་ཚོར་འཚོལ་ཞིབ་བྱེད་སྐབས་ལོ་ངོ་ཁྲི་ ༣ དང་ ༤ བར་གྱི་རྡོ་ཆས་རིགས་ ༣༦༠༠ ལྷག་རྙེད་སོན་བྱུང་ཡོད་པ་དང་། དེ་དག་གི་ཁྲོད་དུ་རྡོ་ཡི་གྲི་དང་། རྫ་མའི་ཆག་རོ། རྡོ་ཆས་གཞན། སོལ་བ། སྲོག་ཆགས་ཀྱི་རུས་པ་སོགས་བཟོ་དབྱིབས་སྣ་ཚོགས་ལས་གྲུབ་པའི་གནའ་རྫས་ཀྱི་རིགས་ཧ་ཅང་མང་པོ་ཞིག་རྙེད་སོན་བྱུང་ཡོད་འདུག

གནའ་རྫས་བརྟག་ཞིབ་ཁང་དེས་ད་ལན་གནའ་དངོས་རིགས་རྣམ་གྲངས་མི་འདྲ་བ་ ༣༦༠༠ ལྷག་རྙེད་སོན་བྱུང་བ་དེ་དག་གིས་བོད་མཐོ་སྒང་དུ་འགྲོ་བ་མིའི་རིགས་བྱུང་ནས་ད་བར་མི་ལོ་ཁྲི་ ༣ ནས་ ༤ བར་ཕྱིན་ཡོད་པའི་ར་སྤྲོད་བྱས་ཡོད་པར་མ་ཟད། བོད་མཐོ་སྒང་དུ་ཆེས་སྔ་བའི་འགྲོ་བ་མིའི་རིགས་བྱུང་བའི་འབྱུང་ཁུངས་ཐོག་མ་དེ་ཆགས་ཡོད་སྐོར་བརྗོད་འདུག་པར་མ་ཟད། ད་ལན་གྱི་གནའ་རྫས་གསར་རྙེད་བྱུང་བ་དེ་དག་ལ་རྒྱལ་སྤྱིའི་གནའ་རྫས་ཚན་རིག་པ་མང་པོས་ཐུགས་སྣང་ཆེན་པོ་གནང་ཡོང་གི་ཡོད་འདུག

བོད་དུ་མིའི་འགྲོ་བ་བྱུང་ཚུལ་ཐད་བརྟག་ཞིབ་གནང་མཁན་ཨ་རིའི་ཁ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་གཉེར་ཁང་གི་གནའ་རྫས་དཔྱད་ཞིབ་པ་ཇའེ་ཧྥི་བྷེ་རན་ཊི་གྷམ་ (Jeff Brantingham) ལགས་ཀྱིས། བོད་མཐོ་སྒང་དུ་འགྲོ་བ་མིའི་རིགས་བྱུང་སྟེ་ལོ་ངོ་ཧ་ཅང་མང་པོ་ཕྱིན་པའི་དཔང་རྟགས་རྙེད་སོན་བྱུང་བ་ནི། དངོས་གནས་དྲང་གནས་དགའ་འོས་པའི་གནས་ཚུལ་ཞིག་རེད། ཅེས་བརྗོད་ཡོད་པ་དང་། མིའི་རིགས་ཀྱི་རྗེས་ཤུལ་རྙེད་པ་དེས་བོད་ལྗོངས་ཤར་ལྷོའི་ཕྱོགས་ཀྱི་མིའི་རིགས་དུས་ནམ་ཞིག་བྱུང་མིན་གྱི་ལོ་རྒྱུས་ལ་ཁ་སྐོང་བྱུང་ཡོད་པར་མ་ཟད། བོད་མཐོ་སྒང་གི་དཔལ་ཡོན་སྤྱིའི་འཕེལ་རིམ་ལ་བསྐྱར་གསོ་དང་ཁ་སྣོན་གྱི་བདེན་དཔང་ཞིག་ཀྱང་ཆགས་ཡོད་སྐོར་བརྗོད་འདུག

བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། དེ་སྔོན་ཆེད་ལས་མཁས་པ་དུ་མས་ལོ་ངོ་ ༦༠༠༠ ནས་ ༧༠༠༠ ཙམ་དུ་བོད་མཐོ་སྒང་ལ་འགྲོ་བ་མི་འཚོ་སྡོད་བྱེད་མཁན་མེད་སྐོར་བརྗོད་ཡོད་པར་མ་ཟད། བོད་ལ་གཡག་དང་ལུག །ཞིང་ལས་མ་གཏོགས་མེད་པས་རི་དྭགས་རྔོན་མཁན་དེ་བས་ཀྱང་མེད་སྐོར་བཤད་ཡོད་ཀྱང་། ཉེ་ལམ་བོད་དུ་འགྲོ་བ་མིའི་རིགས་བྱུང་སྟེ་ལོ་ངོ་ཁྲི་འགའ་ཞིག་ཕྱིན་པའི་དཔང་རྟགས་གསར་རྙེད་བྱུང་བ་དེ་དག་གིས་འཛམ་གླིང་ནང་ཨ་ཧྥེ་རི་ཁ་ནས་འགྲོ་བ་མི་དར་བའི་སྙན་ཐོར་ཁ་སྣོན་གསར་པ་ཞིག་ཀྱང་ཆགས་ཡོད་ཅིང་། གནའ་རྫས་རིག་པ་བ་དག་གིས་བོད་དུ་རི་དྭགས་རྔོན་མཁན་ལོ་ངོ་ ༡༥༠༠༠ གོང་ནས་ཡོད་ཚུལ་བཤད་ཡོད།

 

བརྒྱུད་སྐུལ།

མཆན་སྤེལ།