༄༅། །བྱ་སྤྲེལ་གྱི་གཏམ་རྒྱུད་བཞུགས་སོ།།

༄༅། །བྱ་སྤྲེལ་གྱི་གཏམ་རྒྱུད་བཞུགས་སོ།།

༄༅༅། །ཨོྃ་སྭ་སྟི། སྔོན་ཡུལ་ཀ་ཤི་མཛེས་དགའི་ཡུལ་གྱི་རི་ཀུན་བཟང་ཞེས་པ་རྩ་བ་ནགས་འདབ། སྐེད་པ་སྤང་རི། རྩེ་མོ་གངས་རི་ཡིན་པ་ཞིག་ཡོད་པར། དེའི་རྩེ་མོ་ལ་སེངྒེ་དཀར་མོའི་ཁྱུ། སྤང་རི་ལ་ལྷ་བྱ་གོང་མོས་གཙོས་བྱ་སྣ་ཚོགས། རྩ་བ་ལ་སྟག་གཟིག་དོམ་དྲེད་ལ་སོགས་པའི་གཅན་གཟན་སྣ་ཚོགས་དང་། ནགས་ཚལ་དེའི་ཁུལ་ཞིག་ན་སྤྲེའུ་སྤྲིན་གྱི་སྒྲ་གཅན་སོགས་སྤྲེའུ་མང་ཙམ་གནས་སོ། །ནམ་ཞིག་ཙ་ན་གནས་བདག་སྒེར་བཟུང་བའི་ཚུལ་གྱིས་གནས་པ་ལས། །སྐབས་ཤིག་ན་སྤྲེའུའི་ཁ་ནས་སྤང་རི་འདི་ལ་ཕྱིན་ནས་མེ་ཏོག་དང་། སེར་ཤ་སྤང་རི་འདི་ལ་ཕྱིན་ནས་མེ་ཏོག་དང་། སེར་ཤ་སྤང་རྒྱན། ཤ་མོང་རྩི་ཐོག་སོགས་ཅི་དགར་ལོགས་སུ་སྤྱོད་རྒྱུར་ཁ་འཆམ་ནས་ཕྱིན་པའི་དུས། རེ་ཞིག་ན་བྱ་བྱུའུ་སྣ་ཚོགས་འཛོམས་ནས་རི་འདི་བདག་ཏུ་བཟང་བའི་སྤང་རི་ལ་སྤྲེའུ་རྣམས་ཡོང་བ་བའི་གཏམ་མི་གོ །

 

མེ་ཏོག་ཤ་མོང་རྩི་ཐོག་སོགས་ཀྱང་བག་མེད་དུ་ཟོས་པ་འདི་སྤྲེའུས་བདག་མ་ལབ་ན་མཐར་རང་རངེའི་གནས་འདི་སྤྲེའུས་བདག་གིར་བྱས་པར་འགྱུར་རོ། །ཞེས་གྲོས་བྱས་ཏེ། བྱ་རྣམས་ཀྱིས་གོང་མོ་ལ། འོ་ན་ལྷ་བྱ་གོང་མ་ཁྱོད་སྐད་སྙན་གཏམ་ཤོད་མཁས་པས་ཁྱོད་ཀྱིས་སྤྲེའུ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ༑ གྲོགས་པོ་སྤྲེའུ་རྣམས་ལ་ཟེར་རྒྱུར། རི་ཀུན་བཟང་ཟེར་བ་དེའི་རྩེ་མོ་སེངྒེས་བདག་ཏུ་བཟུང་། སྐེད་པ་བྱ་ཡིས་བདག་ཏུ་བཟུང་། རྩ་བ་གཅན་གཟན་གྱིས་བདག་ཏུ་བཟུང་བའི་སྤང་རི་ལ། དོན་མེད་འཁྱམས་གྱུར་དང་རྩ་བ་མེ་ཏོག་འབྲས་བུ་སོགས་ལ་སྣང་མེད་དུ་ལོངས་སྤྱོད་པ་འདི་ལྟར་མི་འོས་པས། ད་ཕྱིན་ཆད་བག་ཡངས་ཀྱི་ཚུལ་དུ་ཡོང་བ་ལ་ཅི་མི་ལྟོ། དེ་མིན་བཟའ་བཏུང་ལ་བདག་སྒེར་དུ་བེད་སྐྱོད་བྱ་བར་མི་རིགས་སོ། །ཞེས་སྨྲས་པས། སྤྲེའུ་གཙོ་བོ་དེས་གད་མོ་བགད་ནས། ཀྱེ༑་ལྷ་བྱ་གོང་མོ་སྙན་གསོན་ཅིག །རི་ཡི་རྒྱལ་པོ་ཀུན་བཟང་འདི། །རྩ་བ་དབང་ཆེན་གསེར་ལ་ཐུག །སྐེད་པ་ཡན་ཆོད་ས་སྟེང་སླེབས། །དེ་སྤྱི་མཐུན་ལས་ཀྱིས་གྲུབ་པ་ལ༑ ༑སྒེར་གྱི་བདག་པོ་སྤྲོད་དོན་མེད། །རྩེ་ལ་སེངྒེ་གནས་པ་ཡང་། །རང་བཞིན་ལས་ཀྱིས་གནས་པ་དང་། །གཅིག་འདུས་གཉིས་འདུས་ཚོགས་པ་ལས། །སུས་ཀྱང་ཁྱོད་ལ་ཕུལ་བ་མིན། རྩ་བར་གཅན་གཟན་གནས་པ་ཡང་། ལས་ཀྱིས་སྐྱེ་བ་བླངས་པ་ལས། །གསེར་དང་དངུལ་གྱིས་སྒྲུབ་པ་མིན། །ངེད་སྤྲེའུ་གནས་འདིར་སྐྱེས་པ་ཡང་། །ཚེ་སྔོན་ལས་ཀྱིས་འཕངས་པ་ལས། །སུས་ཀྱང་འདོད་ནས་ཡོང་བ་མིན། །དེས་ན་རི་འདིའི་རྩ་རྩེ་དང་། སྐྱེ་ཤིང་ནགས་ཚལ་འབྲས་བུ་དང་། རྩི་ཏོག་ལོ་ཏོག་ལ་སོགས་པ། རང་ཅག་ཐུན་མོང་དབང་བ་ལས། སྒེར་གྱིས་དགག་བྱ་བྱེད་དོན་མེད། །སྤྱི་ནོར་སྒེར་གྱིས་བསྲུང་བ་དེ། །ཁ་མཆུ་རྩོད་པའི་སྔ་ལྟས་ཡིན། །སྤྱི་ཞིང་སྒེར་གྱིས་བཏབ་པ་དེ། །འཐབ་མོའི་སྒོ་མོ་འབྱེད་པ་ཡིན། །སྤྱི་ཟས་སྒེར་གྱིས་ཟ་བ་དེ། །ལྟོགས་འགོང་སྙིང་ལ་ཞུགས་པ་ཡིན། །ཁྱེད་སྨྲ་བ་མ་མང་ཁ་རོག་བཞུགས། །དོན་དེ་ཚོ་སེམས་ལ་མངའ་མཛོད་ལ། །ཁོང་འདབ་ཆགས་ཡོངས་ལན་དེ་སྐྱོལ། །དེ་སྐད་སྨྲས་པ་དང་། དེ་ལ་ལྷ་བྱ་གོང་མོས་ལན་བཏབ་པ། ཁྱོད་སྤྲེའུའི་གཙོ་བོ་ཚུར་ལ་ཉོན། །ཁྱོད་ཕྱོགས་གཅིག་མཐོང་སྟེ་གཉིས་མ་མཐོང་། །དོན་རྩེ་མོ་ཤེས་ཀྱང་མཐིལ་མ་རྟོགས། །ཧ་མ་གོ་ཧ་མ་གོ་རིལ་རིལ་དེ། །དོན་ཉག་ལ་བཀག་ན་རང་ལ་འཁོར། །རི་སྤྱི་མཐུན་ལས་ཀྱིས་གྲུབ་མོད་ཀྱང་། གནས་སོ་སོར་བདག་པོ་སྤྲད་པ་དེ། །ཁྱོད་ཁྲ་ཆུང་མིག་གིས་མ་མཐོང་ངམ། །ཐོས་ཆུང་རྣ་བས་མགོ་འམ་ཡུལ་འཛམ་བུ་གླིང་འདིར་དཔེར་མཚོན་ན། །སྤྱི་མཐུན་ལས་ཀྱིས་གྲུབ་ན་ཡང་། །རྒྱ་གར་རྒྱ་ནག་ཧོར་དང་བོད། །ལི་དང་བལ་ཡུལ་ལ་སོགས་པ། །རང་རང་དབང་རིས་སོ་སརོ་ཡོད། །རྒྱ་གར་ཆོས་ཀྱི་རྒྱལ་པོས་བཟུང་། །རྒྱ་ནག་ཙི་ན་རྒྱལ་པོས་བཟུང། །ཧོར་སོག་ཇིང་གེ་རྒྱལ་པོས་བཟུང་། །ལི་ཡུལ་ཡམ་བུ་རྒྱུལ་པོས་བདག དེ་ཚོ་ཁྱོད་ཀྱིས་མ་གོ་འམ། །རང་རང་ལས་ཀྱིས་བཀོད་པ་ཞེས། ཁྱོད་ཀྱིས་ཁ་ནས་སྨྲས་པ་དེ༑ ༑ཤིན་ཏུ་བདེན་ཏེ་དཀར་ནག་གི །ལས་ཀྱི་རི་མོ་མ་བྲིས་པའི། །རྒྱུ་མེ་དའབྲས་བུ་འབྱུང་མི་སྲིད། །ལས་ཀྱི་རི་མོ་མ་བརྐོས་ན། །ང་དང་གཞན་གྱི་དབྱེ་བ་བྱུང་། །ང་ལ་བརྟེན་ནས་ང་ཡིར་འཛིན། །དེ་ལ་བརྟེན་ནས་འཁོར་བ་འདིར། །ཐོག་མེད་དུས་ནས་འཁོར་རོ་ཞེས། །སྟོན་པ་སངས་རྒྱས་བཅོམ་ལྡན་གྱིས། །གསུངས་པ་སྔོན་ཆད་ཁྱོད་མ་ཤེས། །ཤེས་ན་རང་ཅག་སེམས་ཅན་ལ། བདག་ཏུ་འཛིན་པ་ཡོད་པས་ན༑ ༑བདག་གིར་འཛིན་པའང་ཤུགས་ལ་བྱུང་། །ཁྱེད་བདག་དང་བདག་གིེར་པོོང་འདོད་ན། །རང་སེམས་བདག་མེད་གཏན་ལ་ཕོབས། །གཞན་གྱིས་བདག་ཏུ་བཟུང་བ་ལ། །ཧམ་པ་ཐོབ་བཤག་བྱེད་མི་ཉན། རང་རང་དབང་བའི་ས་ཆུ་ལ། །རང་ནོར་རང་གིས་བདག་པོ་སྤྲོད། །དེ་ལྟར་བྱས་ན་འཐབ་རྩོད་མེད། །གྱོད་དང་ཁ་མཆུ་བུ་ལོན་མེད། །དེ་ཨེ་བདེན་མི་བདེན་ཁྱོད་རང་སེམས། །ཞེས་སྨྲས་པས། སྤྲེའུའི་གཙོ་བོ་དེས། །དེ་ལ་སྐབས་ཐོག་ལན་ཇི་བཞིན་སྨྲ་བའི་སྤོབས་མེད་པར་གྱུར་ཏེ་མགོ་སྨད་ནས་སྐད་ཆུང་དུས་འདི་ཀསྡ་དུ། དེ་རིང་ཁྱོད་ཀྱིས་སྨྲས་པ་དེ། །ཅུང་ཟད་བདེན་པ་ལྟར་དུ་མཆིས། །དོན་ཀྱང་འདི་སྐད་གཏམ་དུ་ཐོས། །མཁས་པ་བརྩད་ཅིང་མ་དྲིས་ན། །དེ་ཡི་བར་དུ་གཏིང་མི་དཔོག །རྩ་ལ་དབུག་གུས་མ་བསྣུན་ན༑ ༑དེ་སྲིད་གཞན་དང་ཁྱད་ཅི་ཡོད། །ཅེས་པ་མཁས་པའི་ངག་ལས་ཐོས། །ལན་གཅིག་བདེན་པས་གོ་མ་ཕྱེ༑ ༑སྟབས་ལེགས་ཚིག་ལ་ཡིད་གཏན་མེད། །ངེད་ཅག་དེ་རིང་སླར་ལོག་ནས། །སྒོར་མོ་རྔ་འདྲའི་གྲོས་ཤིག་བྱེད། །གྲུ་བཞི་ཤོ་འདྲའི་གྲོས་ཤིག་བྱེད་སེར་པོ་གསེར་འདྲའི་གྲོས་ཤིག་བྱེད། །དཀར་པོ་དངུལ་འདྲའི་གྲོས་ཤིག་བྱེད། དམར་པོ་མཚལ་འདྲའི་གྲོས་ཤིག་བྱེད། །གྲོས་ཐག་ཆོད་པའི་མཚནམས་དེ་ནས། །བདེན་ཁྱེད་ལ་བདེན་ལན་བྱེད། མི་བདེན་ཚིག་གི་ལན་ཞིག་འདེབས། །དེ་རིང་ཁྱེད་རང་བདེན་པར་འདུག །ཅེས་ཟེར་ནས་སྤྲེའུ་རྣམས་སླར་ལོག་པར་གྱུར་ཏོ། །ཀ་ཤི་མཛེས་དགའི་ཡུལ་གྱི་གཏམ་རྒྱུད་ལས། བྱ་སྤྲེལ་གཉིས་དང་པོ་འཕྲད་དེ་གཏམ་བྱས་པའི་ལེའུ་སྟེ་དང་པོའོ། །

དེ་ནས་སྤྲེའུ་རྣམས་རང་གནས་སུ་ཕྱིན་ནས་སྤྲེའུ་དཔོན་འབངས་བསྡུས་ནས་དང་པོའི་བྱུང་རྐྱེན་དང་དེ་ནས་ལྷ་བྱ་གོང་མོ་དང་ཕན་ཚུན་གཏམ་ལན་ཚུལ་རྣམས་ཞིབ་ཏུ་བཤད་ནས་ཕྱིན་ཆད་ཇི་ལྟར་བྱེད་དྲིས་པ་ན། སྤྲེའུ་དེ་རྣམས་ཀྱི་ནང་ནས་སྤྲེའུ་གཞོན་པ་ཨ་ལི་མ་ཟེར་བ་ལོ་གཞོན་པ་དཔའ་རྩལ་ཆེ་བ་ཞིག་ཡོད་པ་དེས། ལག་ངར་བསྒྲེང་མཇུག་མ་གཡུག་བཞིན་དུ་འདི་སྐད་ཟེར་རོ། །ཨེ༑ ཨེ༑ དེ་རིང་དུས་ཀྱི་ཉི་མ་ལ། །སྔར་མ་ཐོས་པ་ཡི་གཏམ་ཞིག་བྱུང་། །སྤྱི་ཞི་ལ་སྒེར་གཤོལ་རྨོས་བྱུང་ཟེར། སྤྱི་ཐུག་ལ་སྒེར་ཚྭ་བཏབ་བྱུང་ཟེར། སྤྱི་ནོར་ལ་སྒརག་བདག་བྱས་བྱུང་ཟེར། དེ་དྲང་གཏམ་ཡིན་ནམ་གཏམ་འཆལ་ཡིན། །གལ་ཏེ་དྲང་གཏམ་ཡིན་ནམ། གཏམ་འཆལ་ཡིན། །གལ་ཏེ་དྲང་གཏམ་ཡིན་སྲིད་ན། །ནད་མི་ཐེག་པའི་གཏམ་ཞིག་རེད། །དེ་ཡིན་པའི་ཡིན་ཚུལ་འདི་ལྟ་སྟེ། །ཆུ་ཆེན་པོ་རྒྱ་མཚོའི་ནང་ཞིག་ནས།། ཆེ་ཆུ་སྲིན་འཛིན་ཁྲི་རྒྱལ་པོ་ནས། །ཆུང་ཉ་སྦལ་ལྕོང་མོ་ཡན་ཆོད་གནས། །གའི་ཕ་གཞིས་བཀག་འགོག་བྱེད་མཁན་མེད། །ཤུལ་ཐག་རིང་ལམ་ཆེན་སྐྱ་མོ་ནས། འགྲུལ་ཕར་འགྲོ་བརྒྱ་དང་ཚུར་འགྲོ་སྟོང། །རང་གང་འདོད་ས་རུ་འགྲོ་བ་ལ། །དོན་མེད་ཀྱིས་ལམ་ཁ་བཀག་དོན་མེད། །མཐོ་ནམ་མཁའི་དབྱིངས་ཀྱི་ཉི་ཟླ་འི་འོད། །།གླིང་བཞི་ལ་ཕྱོགས་མེད་ཤར་བ་ན། །ཤར་ལྷོ་ནུབ་བྱང་གིས་བདག་ཅེས་པའི། །རྩོད་པ་སྔོན་ཆད་ག་རུ་བྱུང། །དཔེ་དེ་བཞིན་རི་བོ་ཀུན་བཟང་གི །རྩ་ཆུ་དང་ཤིང་ཏོག་འབྲས་བུ་སོགས། །རང་གྲལ་མཚུངས་རྣམས་ཀྱིས་ཟ་བ་ལ༑ ༑བྱ་འདབ་ཆགས་རྣམས་ཀྱིས་བཀག་འགོག་བྱེད་དོན་མེད། །དེ་བཀག་དོན་མེད་པར་བཀག་བྱུང་ན༑ ༑ཕོ་རེ་ལ་ལུས་པོ་རེ་རེ་ཡོད། ལུས་རེ་ལ་ལུས་རྩལ་རེ་རེ་ཡོད། །ཁོང་འདབ་ཆགས་ལྕགས་ལ་བཟོས་པ་མིན། །ངེད་སྤྲེའུ་མར་ལ་བཟོས་པ་མིན། ཁོང་འདབ་ཆགས་གནམ་ལ་ཕུར་རེད་ཀྱང་། །ཁྱེད་བྱ་ནག་གུསམ་གྱི་བསམ་ཚུལ་ལྟར། །རང་རེའི་ལག་ཏུ་བསྟར་སྲིད་ན། །ཡུལ་འདི་ཡང་སྤྲེའུ་ཐོབ་ལྟ་སྟེ། །ལྷོ་འཛིམ་བུ་གླིང་གི་རྒྱལ་ཁམས་འདིར། །ལུང་པ་བརྒྱ་སྟོང་མང་པོ་ཡོད། །ལུང་པ་ཕལ་ཆེར་ཐམས་ཅད་ལ། །བྱ་དང་སྤྲེའུ་མེད་པ་མེད། །གཏམ་དེ་གཅིག་ལ་གཉིས་ཁེབས་ནས། །བྱ་སྤྲེའུ་ཐམས་ཅད་འཁོན་དུ་འགྱུར། །དེ་བྱུང་ན་འགྲོ་བའི་དོན་ལ་གནོད། །རང་རེ་བྱ་དང་སྤྲེའུ་སོགས། །ལུས་དུད་འགྲོའི་ཤ་ཚུགས་འཛིན་ན་ཡང་། །སེམས་དཀར་པོ་ཕན་ཚུན་མྲུན་གྱུར་ན། འགྲོ་བའི་དོན་ལ་ཕན་པ་དེ། །ཁོང་མཐུན་པ་སྤུན་བཞིའི་རྣམ་ཐར་སོམས། །གཏམ་དེ་ཐུགས་ལ་བབས་སྲིད་ན། །སླར་ཡང་ལྟ་བྱ་གོང་མོ་དང་། །སྐུ་ཟླ་སྨྲ་མཁན་ནེ་ཙོ་ཕེབས། །གཏམ་ཚ་འཇམ་རྒྱས་བསྡུས་ཅི་མཛད་དེ། །བློ་ལྡན་གཉིས་ལ་ཞུ་མི་དགོས། །དེ་སྐད་ཟེར་བ་དང་། དེ་ཕོའི་བསམ་བཟང་གི་གཏམ་དེ་བམ་ཐམས་ཅད་ཀྱི་སེམས་ལ་བབས་པར་གྱུར་ཏེ། ལྷ་བྱ་གོང་མོ་དང་སྨྲ་མཁན་ཅེ་ཙོ་གཉིས་ལ་མངགས་སོ། །ཀ་ཤི་མཛེས་དགའི་ཡུལ་གྱི་གཏམ་རྒྱུད་ལས། འདབ་ཆགས་རྣམས་གྲོས་བྱས་ནས་གོང་མ་དང་ནེ་ཙོ་གཉིས་ལ་མངགས་པའི་ལེའུ་སྟེ་གཉིས་པའོ།།

དེ་ནས་ལྷ་བྱ་གོང་མོ་དང་ནེ་ཙོ་གཉིས་ཀྱིས་སྤྲེའུའི་སྡོད་གནས་ཕྱིན་ནས་སྤེལ་ཚང་མ་སྡུད་དགོས་སྨྲས་པ་དང་། སྤྲེལ་རྒན་བློ་བཟང་སོགས་ཀྱིས་ཕོ་ཉ་མངགས་ཏེ། །རི་རྩེ་དང་ནགས་གསེབ་ཆུའི་འགྲམ་སོགས་ན་གནས་པའི་སྤྲེའུ་ཚང་མ་བོས་ཏེ་ཐམས་ཅད་ཚོགས་པའི་དབུས་སུ་ལྷ་བྱ་གོང་མོས་སྐད་འགྱུར་ཐེངས་གཉིས་དང་། གཤོག་རྡབ་ལན་གསུམ་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ༑ ཀྱེ༑ སྤྲེའུའི་ཚོགས་རྣམས་སྙན་གསོན་དང་། །ཁ་སང་ཁྱེད་ཚོས་གསུངས་དོན་གཏམ། །བདག་གིས་འཕྲལ་དུ་ཞུ་བསམས་ཀྱང་། །འདབ་ཆགས་གནས་ས་རྒྱ་ཆེ་བའི། །དུས་དང་དུས་ལ་སྡུད་མ་ཐུབ། །ཟླ་གཅིག་ཞག་མ་བཅོ་ལྔ་ལ། །ཕལ་ཆེར་བསྡུས་པ་ཙམ་དུ་གྱུར། །ཐམས་ཅད་བསྡུས་པའི་གྲལ་དབུས་སུ། ཁྱེད་རང་རྣམས་ཀྱིས་གང་གསུངས་པ། །ཚིག་དོན་ལྷག་ཆད་མེད་པར་ཞུས།་།དེ་ལྟར་ཞུས་པའི་གནས་སྐབས་སུ། །འདབ་ཆགས་ཆེ་ཆུང་ཕལ་མོ་ཆེ། །རང་འདོད་རང་གཏམ་སྣ་ཚོགས་ཀྱང་། །ཕལ་ཆེར་ཚིག་གི་ལོ་མ་རེད། །དོན་ཡང་ཏིང་རྡོག་ཁའི་སྙིང་པོ་ལ། །བྱ་བློ་ཆེན་ཟེ་དར་གནས་རྣམས་ཀྱིས། །དོན་དྲིས་ཚད་འདི་ལྟར་གྱིས་ཤིག་གསུངས། །ཁྱེད་སྤྲེའུས་སྨྲས་པའི་གཏནམ་དེ་ལ། །སྔ་ས་ད་གནས་དགོས་ཞེས་བྱུང་། །དེ་བསམ་དོན་མེད་ལ་བསམ་པ་ཡིན། །སྔ་ས་ད་གནས་ཞེས་པ་དེ། །དུས་ཉི་མ་ན་ནིང་ཕན་ཆད་ཀྱི། སྲོལ་ལ་གནས་པ་དགོས་ཟེར་ན། །དེ་ངེད་ཅག་རྣམས་ཀྱང་འདོད་པ་མིན། །དེ་ཡིན་ན་སོ་སོའི་ས་ཆ་བཟུང་། །ལྷ་ལུང་ལ་འདྲེ་ལག་རཀྻོང་མི་ཉན། །གཞན་ནོར་ལ་ཧམ་ཟོས་བྱེད་མི་ཉན། མི་བྱུས་ལ་རང་འཚམས་བྱེད་མི་ཉན། མི་བྱུས་ལ་རང་འཚམས་བྱེད་མི་ཉན། །མི་བྱུས་ལ་རང་འཚམས་བྱེད་མི་ཉན། །དེ་ཡིན་ན་ལ་ལ་ཁ་བ་དང།་ྲཀླུང་ལ་བ་མོས་གནོད་པ་མེད། །འཁོན་མེད་ཉི་མ་སྤྲིན་བྲལ་ཡིན། །རྩོད་པ་ཆོས་ཕྱོགས་ཞི་ལེ་རེད། །དོན་དེ་ལྟར་གནས་བ་བྱེད་ཟེར་ཏེ། །དེ་མིན་སྔ་ས་ད་གནས་དེ། །དུས་ད་ལོ་ཁྱོད་ཚོ་སྤྲེའུ་ཡིས། ངེད་འདབ་ཆགས་བྱ་ཡི་ས་ཆ་ལ༑ ༑ཁྲིམས་མེད་རྐང་བརྐྱང་ལག་བརྐྱང་ལག་བརྐྱང་བྱས། །ལ་ལམ་མེད་ལ་ལ་ལམ་བུ་གསར་དུ་བཟོས། །ཆུ་ཟམ་མེད་ལ་ཟམ་པ་གསར་དུ་བཙུགས། །དེ་བྱས་པས་མི་ཚད་ད་དུང་ཡང་། སྲོལ་དེ་ལ་གནས་པ་དགོས་ཟེར་ན། །དོན་དེ་ལ་རྩ་ནས་འགྲིགས་ལེ་མིན། །ལབ་དགོས་ཀྱི་གྱོད་རྩ་འདི་ལ་ཐུག །ཐུག་རྒྱུ་ཡང་གྱོད་རྩ་འདི་ལ་ཐུག།། དོན་འདི་ལ་འགྲིག་ལེ་ཉན་ལེ་ཞིག །དུས་བསྐལ་པར་ཐུག་ཀྱང་ཡོང་ལེ་མིན། །དོན་དེ་གཉིས་གང་ཡིན་དྲི་བརྩད་གྱིས། །དེ་གསུང་གི་རྒན་པོ་སྤྲེལ་ཚོགས་རྣམས།། དོན་དེ་ལ་ལན་ཞིག་གསུང་རོགས་མཛོད། །གྲོས་གྲོས་བསྡུར་བསྡུར་མཛད་དགོས་ན། །ངེད་གཉིས་པོས་ཟུར་ཙམ་བྱས་པའི་ཆོག །དེ་སྐད་སྨྲས་པ་དང་། སྤྲེལ་རྒན་བློ་བཟང་འཛུམ་མུལ་ཙམ་ཞིག་བྱས་ནས་འདི་སྐད་དོ། །ཁྱེད་འདབ་ཆགས་རྣམས་ཀྱི་སྐད་ཆ་དེ། །དོགས་མེད་པར་དོགས་པ་ཡོད་ཁུལ་བྱས། །ཐེ་ཚོམ་མེད་པར་ཐེ་ཚོམ་ཟ་ཁུལ་བྱས། །ད་ཀླན་ཀ་ཚོལ་འདོད་ཀྱི་གཏམ་ཞིག་རེད། །གཏམ་དེ་ལ་ལན་འདེབས་བྱེད་ཤེས་ཀྱང་། །ངས་བརྒྱ་ཁ་གཅིག་གཅོད་བྱེད་མི་ཉན། །ཁོང་སྤྲེའུ་གཞན་ལ་དྲིས་ཞི་བ་བྱེད། །ཁྱོད་གཉིས་ཟུར་ཙམ་བྱེད་པར་ཞུ། །དེ་སྐད་ཟེར་བ་དང་།་གོང་མ་དང་ནེ་ཙོ་གཉིས་གཞིས་ལ་འགྲོ་ཁུལ་གྱིས་དོན་དུ་སྤྲེལ་སྡོད་པའི་བློ་བཟང་གི་མིག་ཟུར་གྱིས་མཐོང་ཡང་མ་མཐོང་བའི་ཚུལ་དུ་བྱས་ནས་སྤྲེའུ་རྣམས་མདུན་དུ་བོས། ལྐོག་ཏུ་སྤྲེའུ་ཁ་ཤས་ལ་བྱ་གཉིས་ནགས་གསེབ་ཏུ་ཡོད་པས། དེ་ལུགས་ཀྱི་སཀྡ་ཆ་ལབ་དགོས་ཞེས་མངགས་ཏེ། དེ་ནས་སྤྲེའུ་རྣམས་ཚོགས་པ་དང་། སྤྲེལ་རྒན་བློ་བཟང་གིས་སྐད་གཟིསང་སུ་བསྟོད་ནས་འདི་སྐད་ཟེར་རོ། །ཀྱེ། ཀྱེ། སྤྲེའུའི་ཚོགས་རྣམས་ཚུར་ཉོན་དང་། །རང་རེ་སྤྲེའུ་དང་འདབ་ཆགས་གཉིས། །གྱོད་རྩ་མེད་པར་གྱོད་གཞི་བྱུང་། །དེ་བྱུང་ཟླ་བ་ཁ་ཤས་ལོན། །ཁ་སང་རང་རེའི་ཚིག་དེ་ལ། །ལན་མེད་ཟླ་གཅིག་ལྷག་ཙམ་ལོན། །དེ་འགོར་དོན་གང་ཡིན་དྲིས་ཙ་ན། །བྱ་ཚོགས་མཐའ་ནས་འདུ་དགོས་པའི། །དེ་ཡིས་འགོར་བ་ཡིན་ནོ་ཟེར། །དེ་ཡིན་ཤས་ཆེ་སྟེ་མིན་ཤས་ཆེ། །དོན་ཚོགས་པའི་གཏམ་གྱི་རྡོ་ཁ་ལ། །སྔར་ས་ད་གནས་ཟེར་བ་དེ། །ན་ནིང་ཕན་གྱི་སྲོལ་ལམ་ལ། །ཟེར་རམ་ད་ལོའི་ལོ་ལ་ཟེར། །དེ་ལ་དོགས་པ་རེད། །ཟ་དོན་མེད་པའི་ཐེ་ཚོམ་རེད། །འདྲི་དོན་མེད་པའི་དྲི་བ་རེད། །གཏམ་དེ་ལ་གཏམ་ལན་འཇལ་ཤེས་ཀྱང་། །ངས་བརྒྱ་ཁ་གཅིག་གཅོད་བྱས་པ་མེད། །དེ་ལ་ལན་འདེབས་ཇི་ལྟར་བྱེད། །ཁྱེད་སྤྲེའུའི་ཚོགས་རྣམས་བློ་གྲོས་སྡུར།། ཟེར་བ་ལ། སྤྲེའུ་ཨ་ལི་མས་འདི་སྐད་ཟེར། །དོན་དྲི་དོན་མེད་པའི་སྐད་ཆ་རེད། །གྲོས་སྡུར་མང་པོ་བྱེད་དོན་མེད། སྔ་ས་ད་གནས་ཟེར་བ་དེ། །ད་ནས་ཕན་ཆད་ཟེར་ཡང་ཆོག །ད་ལོ་ཚུན་ལ་ཟེར་ཡང་ཆོག །ཡང་ཏིག་དོན་གྱི་སྙིང་པོ་ལ། །རི་ཀུན་བཟང་གི་རྩ་དང་རྩི་ཏོག་དང་། དཀར་ཤ་ནག་ཤ་སེར་ཤ་དང་། གཡའ་ཆུ་རྫ་ཆུ་སྤང་ཆུ་སོགས། །མཉམ་ཟ་མཉམ་འཐུང་སྔར་གནས་ཡིན། །ད་ལོ་ལྷ་ཁང་རྙིང་པ་ལ། །རྟེན་བཤད་གསར་པ་རྒྱག་རྒྱུ་མེད། །དཔེ་མེད་ཀྱི་མཆོད་རྟེན་བཤད་གསར་པ་རྒྱག་རྒྱུ་མེད། །དཔེ་མེད་ཀྱི་མཆོད་རྟེན་བཞེངས་པ་ལ། ལུང་མེད་ཀྱི་རབ་གནས་བྱེད་དོན་མེད། །ད་ཡང་ཏིག་ཁོ་བོ་འདབ་ཆགས་ཚོས། །གྱོད་མེད་པར་གྱོད་གཞི་བཟོ་འདོད་རེད། །བྱ་གོང་མོ་ཟེར་བའི་སྐྱ་ལེབ་པ། །ཁོམ་གཏོགས་གཞན་ལ་ཁག་ཆེར་མེད། །ཁོའི་མིང་ལ་ལྷ་བྱ་ཟེར་ན་ཡང་། །སེམས་དེ་བདུད་བྱ་ནག་པོ་ཡིན། །ཁ་མཐོ་བ་གངས་རི་འགྲིམས་མི་ནུས། །དམའ་བ་ནགས་རི་འགྲིམ་མི་ནུས། །དུས་དབྱར་དགུན་སྟོན་དཔྱིད་གང་ལ་ཡང་། །སྤང་རི་འདི་ལ་ཤི་འབྱར་རོ་འབྱར་བྱེད། །སྤང་ཟས་ལ་ཁྱི་ཟ་ཕག་ཟ་བྱེད། །ཁོ་སྤང་རི་མེད་ན་སྡོད་ས་མེད། །སྤང་ཟས་མེད་ན་བཟའ་རྒྱུ་མེད། ཁོ་སྤང་ལ་ཞེན་ཆགས་སེར་སྣ་སྐྱེས། །རང་དོན་ངན་པ་ཕུགས་བཅུག །གཞན་དོན་སྨིན་མ་ཟིང་སིང་བྱས། །བྱ་སྤྱི་དོན་ཡིན་ཞེས་ཐམས་ཅད་དཀྲོག །བྱེད་མཁན་གཙོ་བོ་ཁོ་རང་ཡིན། །སྡུག་བྱ་དཀར་ལེབ་ཁོ་འདྲ་བ་བཟོ་བཟོ་བར་སྤྲེལ་དམག་ཚོགས་མི་དགོས། ཤིག་གསོད་པར་སྟ་རེས་འཕྱར་མི་དགོས། །འབུ་གསོད་པར་ཐོ་བ་འཕྱར་མི་དགོས། །ང་སྤྲེའུ་ཨ་ལི་གཅིག་པོས་ཆོག །ཁོ་གནམ་ལ་འཕུར་ན་རྐང་པ་ཟིན། །ས་ལ་ལ་འཛུལ་ན་མགོ་ནས་འཇུས། །བྱ་སྒྲོ་སྦར་གང་གནམ་ལ་གཏོར། །བྱ་རོ་ཆུ་ལ་བསྐྱུར་ནས་འཇོག །དུས་དེ་ཙ་ན་འདབ་ཆགས་གཞན་ཡོད་ཚེ། །ར་བསད་ན་ལུག་ཁྱུ་འདར་ལེ་རེད། །ཁྱི་བརྡུང་ན་ཕག་པ་བྲོས་ལེ་རེད། །དེ་ཨེ་རེད་མ་རེད་བསམ་བློ་ཐོསང། །ཞེས་འཇིགས་གཏམ་སྣ་ཚོགས་གཏོང་བ་ན། སྤྲེའུ་གཞན་ཚོས་དེ་ག་རེད་ཟེར། ཙིག་སྒྲ་འུར་སྒྲའི་ལུང་པ་ཁེངས་པ་ན། གོང་མོ་དོགས་པ་ཟོས་ནས་ད་རང་རེ་གཉིས་སྤང་རི་ལ་ཕྱིན་ནས་སྐད་ཆ་ཞིག་བྱེད་ཟེར། སྤང་རིའི་ལྡེབས་ལ་སླེབས་པ་དང། གོང་མོས་འདི་སྐད་ཟེར་རོ། །སྤྲེའུ་འདི་ཚོས་ཟེར་ལུགས་ལ་བལྟས་ན། ད་ལམ་གྱི་གྱོད་རྩ་སློང་མཁན་ང་ཡིན་ཟེར་ཞིང་འདུག །ངའི་བྱ་སྤྱིའི་དོན་ལ་སྤྲེའུར་ལན་སྐྱེལ་བར་འགྲོ་བ་ཡང་། བྱ་དམངས་ཀྱིས་གང་ལབ་པ་ལྟར་ཕྱིན་པ་ལས། །སྤྱི་ཞིང་ལ་སྒེར་གྱི་ཐོང་གཤོལ་བཙུགས་པ་མེད་ཀྱང་། འདི་ལྟར་ཟེར་བ་དེ་བྱ་སྤྱི་ལ་གླགས་མ་རྙེད་པར་སྒེར་དགྲ་ཚོལ་བར་འདུག་སྟེ། །རྭ་ཅན་ཐར་སར་དབུ་ཡུ་གཅིག་མི་ཐར་བའི་རྒྱུ་མི་འདུག་ཀྱང་། །པོ་རྒོད་པ་ལས་གཉིད་སྐྱིད་པ་དགའ་བས། ད་ཕྱིན་ཆད་སྤྲེའུའི་སར་འགྲོའམ་མི་འགྲོ་ཟེར་བ་ལ། སྨྲ་མཁན་ནེ་ཙོས་འདི་སྐད་ཅེས་ཟེར་རོ། །ཀྱེ༑ ཀྱེ༑ ལྷ་བྱ་གོང་མོ་ཚུར་ལ་གསོན། །ཁྱེད་སྐུ་གཟུགས་དཀར་བ་གངས་རི་འདྲ་ན། །ཐུགས་ཆུང་ཆུང་ཨབ་རའི་རིལ་མ་འདྲ། ཁོང་སྤྲེའུས་གོ་ན་ངོ་ཡང་ཚ། །ཐུགས་ཆུང་ཆུང་དེ་འདྲ་དགོས་དོགས་མེད། རྡོ་ཆུང་ཆུང་ལྷག་པས་ཁྱེར་དོགས་མེད། །རི་ཆུང་ཆུང་པར་ཁས་ཐེག་དོགས་མེད། །མི་ཆུང་ཆུང་གིས་ས་མཐའ་སྐོར་དོགས་མེད། །བྱ་ཆུང་ཆུང་གིས་ནངམ་འཕང་གཅོད་དོགས་མེད། །ཆུ་ཆུང་ཆུང་གིས་ཟི་པ་ཁྱེར་དོགས་མེད། །ཐུགས་ཚབ ཚབ་མ་གནང་ལྷོད་དེ་བཞུགས།་ང་སྨྲ་མཁན་ནེ་ཙོ་ཟེར་བ་དེ། །གཤོག་རྩལ་གྱིས་ནམ་འཕང་མི་ཆོད་དེ། །ཕོ་ཚོད་ཀྱིས་རང་མགོ་ཐོན་ཙམ་ཡོད། །གཏམ་ལབ་ན་ཆུ་མོ་འབབ་འབབ་ཡིན། །གྲོས་སྟོན་ན་མེ་ལོང་གསལ་འདྲ་ཡིན། །ཁོང་སྤྲེའུས་སྐད་ཆ་ལབ་ལུགས་དེ། །གཏམ་མགོ་ཐོན་ཙམ་གྱིས་མཇུག་མ་ཤེས། །དགྲ་ཆུ་སྲིན་མཇུག་མ་པ་ཏྲ་རེད། ངས་བསམ་བློ་ཞིབ་ཏུ་བཏང་བ་ལ། །ཁོས་སྤྲེའུས་འདི་ལྟར་གྲོས་པ་རེད། རང་རེ་གཉིས་ནགས་གསེབ་འཛུལ་བ་དེ། །ཀོང་སྤྲེའུ་འགའ་ནས་མཐོང་ཚོད་རེད། །དེ་མཐོང་ནས་འཇིགས་གཏམ་བཏང་བ་རེད། །གཏམ་དེ་ལ་གཏམ་ལན་བྱེད་པ་ན། །ངས་མཆོང་ཐེངས་གཅིག་གིས་མཇུག་སྒྲོ་ཟིན། རང་སྤྲེའུ་རེ་རེའི་དཔལ་རྩལ་གྱིས། །བྱ་བརྒྱརེ་མ་ཐུབ་ཐབས་རེ་རྡུགས། །དེས་ན་དེ་ལྟར་ཡིན་པའི་རང་རེ་རྣམས། །བློ་རྩེ་གཅིག་ལ་བསྒྲིལ་ནས་ཚུར་ཕེབས་དང་། །བློ་རྩེ་གཉིས་ཀྱིས་འདོད་དོན་འགྲུབ་ལེ་མིན། །ཁབ་རྩེ་གཉིས་ཀྱིས་འཚེ་བུ་ཡོང་ས་མེད། །ནང་དཔའ་བོའི་དཔའ་གྲལ་མ་ཞིག་ན། །ཕྱི་གེ་སར་དམང་ལ་སྐྲག་མི་དགོས། །དེ་ཨེ་རེད་མ་རེད་མནོ་སབམ་ཐོངས། །དེ་སྐད་ཅེས་ཟེར་བ་དང་། །སྤྲེའུ་བྱིངས་རྣམས་གང་ཡང་ཟེར་ངོ་མ་དོད་པར་མིག་ཅེ་རེ་འདུག །སྤྲེའུ་ཕྲུག་ཁ་ཤས་སྐྲག་ནས་ཙིག་ཙིག་ཟེར། །ཁ་ཤས་ནི་ཁོའི་དེ་རེད་ཟེར་ནས་ཁོང་བྱ་ངན་དཔུང་ཚོགས་སླེབས་བྱུང་ན། །འདུག་སེ་བྱས་ནས་རྐང་པ་ཟིན། །འདུག་སེ་བྱས་ནས་མཇུག་སྒྲོ་བཀོག །འདུག་ཟེར་བ་སོགས་ཙིར་ཙིར་འུར་འུར་གྱིས་ཁེངས། དེའི་ཚེ་སྤྲེའུ་རྒན་བློ་གྲོས་དང་ལྡན་པ་མིང་ལ་ཡང་བློ་བཟང་ཟེར་བ་ཞིག་ཡོད་པ་དེས། སྤྲེལ་ཕྲུག་རྣམས་ལ་ཁ་རོག་སྡོད་ཅེས་རྫིག་རྫིག་བཏང་། །དེ་ནས་ཚང་མ་འཇམ་ཐེང་ངེ་སོང་བ་དང་། ཁོས་ཁ་ལ་བྱིལ་བྱིལ་ལན་གསུམ་བྱས་ནས་ལག་པ་གཡས་པ་སྐེད་གཟེར་དང་། གཡོན་པ་པུས་མོའི་སྟེང་དུ་བཞག་ནས་འདི་སྐད་ཟེར་རོ། །གཡོན་པ་པུས་མོའི་སྟེང་དུ་བཞག་ནས་འདི་སྐད་ཟེར་རོ། །ཁོ་རེ་ཚུར་ལ་ཉོན་དང་སྤྲེའུའི་ཚོགས། །དེའི་ནང་ནས་ཨ་ལི་མ་ཁྱོད་ཉོན་དང་། །ཁྱོད་ན་གཞོན་དཔལ་གཏམ་ཤོད་མི་ཉན།་།ཕོ་གསར་གཏམ་འདོད་བྱེད་མི་ཉན། །ཕོ་གསར་གཏམ་འདོད་བྱེད་མི་ཉན། །རྟ་གསར་གྱིས་རྒྱུག་འདོད་བྱེད་མི་ཉན། །ལས་བྱ་བ་བཟང་ངན་གང་ཡང་། བརྟག་དཔྱད་ཀྱི་སྲང་ལ་འདེགས་ན་བརྟན། །ཟ་ཨེ་ལོ་མི་ལོ་སྣ་ལ་སྣོམས། །གོན་ཨེ་ལོ་མི་ལོ་མིག་གིས་ལྟོས། །བདེན་རྫུན་གྱི་བརྟག་དཔྱད་མ་བྱས་ན། །ཕོ་གསར་གྱི་ངར་དེ་ཁྱི་ངར་ཡིན། །རྡོ་དབྱུག་པ་གཉིས་ཀྱི་སྤྱན་འདྲེན་ཡིན། །རྒྱབ་མདུན་ལ་མིག་རྒྱང་མ་བྱས་པའི། །ཕོ་གསར་གྱི་མཆོང་དེ་གཡང་མཆོང་ཡིན། །མགོ་དང་རྐང་ལག་གི་ཆག་སྒོ་ཡིན། །ཆུ་ཆེན་གྱི་ཞེང་ལ་མ་བལྟས་པའི། །ཕོ་གསར་གྱི་མཆོང་དེ་གཡང་མཆོང་ཡིན། །མགོ་དང་རྐང་ལག་གི་ཆག་སྒོ་ཡིན། །ཆུ་ཆེན་གྱི་ཞིང་ལ་མ་བལྟས་པའི། །ཕོ་གསར་གྱི་རྐྱལ་དེ་སྨྱོ་རྐྱལ་ཡིན། །འཆི་འདོད་ཀྱི་སྔ་ལྟས་འདོད་པ་ཡིན། །དེ་བས་སྤྲེལ་རྒན་གྱི་ཁ་ལ་ཉོན། །ལས་བྱ་བ་བཟང་ངན་གང་ལ་ཡང་། །དོན་དྲང་པོར་དཔྱད་ན་མཛངས་པ་ཡིན། །རང་འདོད་དང་ཧམ་པ་གཡོ་སྒྱུ་གསུམ། །འཕྲལ་ལམ་དུ་མི་འགྲོ་ཕུགས་མི་བརྟན། །ལྷ་དཀོན་མཆོག་གསུམ་པོ་དབྱིངས་ནས་ཁྲེལ། །ལས་འབྲས་འཕྲང་ལ་དེ་མི་ཐར། །ཚེ་འདི་ལ་སུས་ཀྱང་ཆ་འཇོག་མེད། །ཚེ་ཕྱི་མ་རྣ་སྨིན་སྡུག་བསྔལ་མྱོང་། ཕོ་ཐབས་རྡུག་གི་ལས་ཀྱིས་དོན་མི་མཐོང་། །རྒྱུ་དེས་ན་དྲང་པོའི་ལས་ལ་སྤྱོད། །ཕོ་ང་ཡིས་མནོ་བསམ་བཏང་བ་ན། །དུས་ད་ལམ་གྱོད་ཀྱི་གཞི་རྩ་དེ།། དགྲ་ཚུར་རྒོལ་མང་རེད་ཕར་རྒོལ་རེད། །ཁོང་འདབ་ཆགས་བྱ་ཡི་ས་ཆ་ལ། །ངེད་སྤྲེའུས་ལྷ་ལུང་འདྲེ་ལག་བརྐྱངས། །དེ་མ་བྱེད་ཟེར་བ་ལོས་རེད་བདེན། བདེན་པ་བཞིན་རྫུན་གམ་ཏམ་པ་བྱས། གྱོད་མེད་པར་གྱོད་གཞི་འདི་བྱང་ན། །མེ་ཆུང་ཆུང་གིས་རི་བོ་མེ་ལ་བསྲེགས། །ཆུ་ཆུང་ཆུང་གིས་ལུང་པ་ཆུ་ཡིས་ཁེངས། །རང་དབང་བའི་ས་དང་རྒྱུ་ནོར་ལ། །ཁ་འདབ་ཆགས་གམ་པ་བྱས་བྱུང་ན། །ཤི་སྲོག་ལ་བབས་ཀྱང་གཡོང་མི་ཉན། །གཞན་བདག་ཏུ་བཟུང་བའི་ཆ་ལ། །སྨྱོ་ཧམ་གྱི་འཁོར་ལོ་བསྐོར་ན་ཡང། རའི་སྤུ་འུར་རྡོ་ར་ཡི་མཇིངས་པར་འཁོར། །དེ་དོན་མེད་བྱ་བ་ཡིན་པས་ན། །རང་དབང་བའི་ས་ཆར་རང་དབང་སྤྲོད། །གཞན་གྱི་ས་ཆར་ཧམ་རྩོད་ཞོག །གྱོད་དང་ཁ་མཆུ་མེད་དན་དགའ། །མིཁ་བུ་ལོན་མེད་ན་བཟང་། །དེ་ཨེ་བདེན་མ་བདེན་ཁྱེད་རྣམས་སོམས། །ཞེས་སྨྲས་པས། སྤྲེའུ་ཕལ་ཆེ་བ་སྤྲེལ་རྒན་བློ་བཟང་གིས་ཟེར་བ་ལྟར་ཡིན་འདུག་ཟེར་ཡང་། །སྤྲེའུ་གཞོན་པཨ་ལི་མ་དང་ཁ་ཤས་ཤིག་གིས་སཁོ་སྤྲེལ་རྒན་རྣམས་ནི་རྒན་འཆལ་ལང། །རྒན་འཆལ་གྱི་ཁ་ནས་གཏམ་འཆལ་བཤད། །གཏམ་དགོས་དང་གཏམ་འཆལ་ནོར་ས་ཡོད། །ད་ཡང་ཏིག་གཏམ་གྱི་རྡོག་ལ༑ ༑ཕར་རྒོལ་དང་ཚུར་རྒོལ་གང་ཡིན་ཀྱང་། །གཏམ་གྱི་གཞི་གཅིག་བྱུང་ལེ་རེད། །དེ་བྱུང་ན་དོན་ཞིག་མ་བྱུང་ན། །ཁོ་འདབ་ཆགས་བྱ་ལ་ངོ་ཡང་ཚ། །གྲོགས་པོ་རི་དྭགས་གཞན་གྱི་རྐང་ཡང་འདྲེན། །ངེད་སྤྲེའུར་ཕིན་ཆད་དབང་ཡང་དམའ། །རི་དྭགས་ཀྱི་གྲལ་དུ་ཇི་ལྟར་སྡོད། །བདེན་པ་ཡོད་རུང་མེད་རུང་ཡང། ཧམ་པ་རི་ཙམ་བཤད་པ་ན། བདེན་པ་གཡག་ཙམ་ཡོང་ངེས་ཡིན། །ཁོ་བྱ་ཡིས་བའི་གགཏམ་དེ་ལ། །ལན་ཚིག་གསུམ་ཐེབས་ངོ་ཡང་ཚ། །ཞེས་ཟེར་བས། དེར་སྤྲེའུ་རྣམས་ཅེ་དྲག་གང་དྲག་གི་གྲོས་མང་དུ་བྱས་པའི་མཐར། །སྤྲེའུ་བློ་གྲོས་ཅན་འགའ་ཞིག་གིས་དོན་གྱི་སྙིང་པོ་ལ་གྱོད་དང་ཁ་མཆུ་མེད་ན་དགའ་བ་མ་ཟད། ད་ལན་རང་རེ་ལ་བདེན་པ་ཡང་མི་འདུགཔ་སྤྲེལ་རྒན་བློ་བཟང་གིས་ཟེར་བ་ལྟར་ཡིན་འདུག་པས། ཕུགས་གྱོད་དང་ཁ་མཆུ་མེད་པ་ཞིག་གི་ཐོག་ལ་བབ་པ་བྱེད་དགོས། འོན་ཀྱང་ལན་གཅིག་གཉིས་རང་ལ་བདེན་ཁ་བྱིན་ན་ངོ་ཚ་བས་སྔ་འཕྲོས་སྤྲེལ་གཞོན་ཨ་ལི་མའི་འདོད་པ་ལྟར་བྱེད་ཁ་སང་འགྲོ་མི་རྣམས་ནས་གཏམ་འཇིགས་ཟིལ་ཆེ་བ། དོན་བཟང་ལ་བཅུད་ཆེ་བ་འགའ་དང་འགའ་ཐོངས་ཤོག །དེའི་ལན་དུ་ཁོང་ཚོས་ཅི་ཟེར་དང་ལན་ཇི་བྱེད། །ཕོ་ཚོད་ཡོད་མེད་དང་རྒྱབ་དཔུང་ཡོད་མེད་བརྟག་དཔྱད་ལེགས་པར་བྱས་ནས་རིམ་བཞིན་དུ་བལྟས་ཆོག་ཟེར་ནས་གྲོས་སྨྲས་སོ། །ཀ་ཤི་མཛེས་དགའི་ཡུལ་གྱི་གཏམ་བརྒྱུད་ལས། །སྤྲེའུ་གྲོས་རང་ཚོགས་པའི་ལེའུ་སྟེ་གསུམ་པའོ། །།

དེ་ནས་ཁ་སང་ཕྱིན་པའི་སྤྲེའུ་རྣམས་ཀྱིས་སླར་ཡང་ལྟ་བྱ་གོང་མའི་སར་ཕྱིན་ནས། །ཀྱེ༑ ཀྱེ༑ གྲོགས་པོ་ལྷ་བྱ་གོང་མོ་ཚུར་གསོན་དང་། ཁ་སང་རང་རེའི་ཕར་ཚུར་གཏམ་གླེང་བའི། །དོན་རྣམས་སྤྲེའུའི་ཚོགས་ལ་སྨྲས། །ཁོང་རྒན་གཞོན་མཐའ་དག་གྲོས་ཚོགས་ཀྱང། །གྲོས་ཐེངས་གཅིག་མ་ཡིན་གཉིས་གསུམ་བྱས། གྲོས་ཤིང་བརྟག་པར་བྱས་པའི་ཚེ། ཕོ་རེ་རེའི་ཁ་ནས་གཏམ་རེ་བཏང་། མོ་རེ་རེའི་ཁ་ནས་གླུ་རེ་བླངས། །དེ་ཐམས་ཅད་ལབ་པས་གནས་ཟིན། །དོན་རྡོག་རྩ་གཅིག་ཏུ་འགྲིལ་བ་ལ། །ཁོང་སྤྲེའུའི་ཚོགས་ཀྱིས་འདི་ལྟར་གླེང། །རི་མཐོན་པོ་ཀུན་བཟང་རི་བོ་འདི། །སྔོན་སྲིད་པ་ཆགས་པའི་རི་མ་གཏོགས། །དུས་དེང་སང་གློ་བུར་བྱུང་བ་མིན། །སེང་གེ་དང་འདབ་ཆགས་རི་དྭགས་སོགས། །ཕ་ཨ་མའི་ཡང་མེས་ཀྱི་དུས་སྐྱེས་ནས། རི་འདི་ལ་ལས་ཀྱིས་འཁོར་བ་ལས། །མདང་དེང་སང་གཞན་ནས་འོང་བ་མིན། །སྔོན་བསྐལ་པའི་ཐོག་མ་ཆགས་པ་ནས། །དུས་ཁ་སང་དེ་རིང་ཕན་ཆོད་ལ། །ཁོ་འདབ་ཆགས་གསར་ང་རེའི་རི་དྭགས་རྣམས། །རྩྭ་མཉམ་ཟ་ཆུ་མོ་མཉམ་འཐུང་ལ། །ཕར་རྩོད་དང་ཚུར་གླེང་གང་ཡང་མེད། །དེ་ཨེ་ཡིན་མ་ཡིན་ཁོང་ཚོར་དྲིས། །དུས་ཀྱི་ཉི་མ་ལ། །ཁྱོད་བྱ་རྣམས་རྣ་བ་རྙིང་པ་ཡིན། །གཏམ་གསར་བ་ཇི་ལྟར་བ་ཞིག་ཐོས། ངེད་སྤྲེའུ་སྡོད་པའི་ནགས་ལ་ཡང།  །ཁྱོད་བྱ་བྱིངས་ཡང་དང་ཡོང་བཞིན་ཡིན། །ཤིང་འབྲས་བུ་ཟ་དང་ཟ་བཞིན་ཡོད། །ཚུར་ཟ་དང་ཕར་ཟ་འདྲ་འདྲ་ལ༑ ༑སུས་སུ་ལ་སྡུག་ཡུས་བྱེད་རྒྱུ་མེད། །དེ་ཡང་ཏིག་གཏམ་གྱི་རྡོག་ཁ་ལ། །སྔ་ས་ད་ལ་གནས་པ་ཞིག །བྱས་ན་གྱོད་དང་ཁ་མཆུ་མེད། །སྔར་མེད་གསར་སྲོལ་བྱེད་ཟེར་ན། དེ་ལུགས་ཞབས་ཞུ་ཞུས་པས་ཆོག །མཐོ་ལ་ཚད་ན་མཐོ་ལ་ཚད། །འདོམ་ལ་འཇལ་ན་འདོམ་ལ་འཇལ། །དེ་ཉན་རྣ་བའི་བུ་རམ་ཡིན། །མ་ཉན་ཚིག་གི་དཀྲུག་ཤིང་གྱིས། །ཞེས་ཟེར་བ་དང་། །ལྷ་བྱ་གོང་མོས་གཙོས་བྱ་རིགས་སྣ་ཚོགས་རྣམས། །སྤྲེའུའི་གཏམ་ཉན་འོང་བ་ཚོས་འདི་སྐད་ཅེས་སྨྲས་སོ། །གཏམ་གང་སྨྲས་ངེད་ཀྱི་སེམས་ལ་འཆང་། །འཆང་བ་དེ་ལ་གཏམ་ལན་འཇལ་ཤེས་ཀྱང་། །ངེད་བྱ་ཚོགས་སྟོང་ཕྲག་མང་པོ་ཡོད། །ང་གཅིག་གིས་གཏམ་ལན་འཇལ་མི་རིགས། །ཕོ་རབ་གཅིག་གི་བློ་རྩེ་ལས། །ཕ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། །ཟེར་བ་གནའ་བོའི་གཏམ་དཔེར་ཡོད། །ངེད་འདབ་ཆགས་བྱ་རྒྱལ་ཁུ་བྱུག་ཡིན། །དེ་རི་བོ་མཐོན་པོའི་རྩེ་ལ་བཞུགས། །དེ་ལ་ཞུ་ཞུ་མི་ཐུབ་ཀྱང་། །ཐང་དཀར་རྒོད་པོ་མན་ཆད་ནས། །མདང་སྐྱེས་བྱིའུ་ཡན་ཆད་ཀྱི། །བྱ་ཆེ་ཆུང་ཚང་མ་གྲོས་ལ་བསྡུས། །གཏམ་མ་གོ་མ་འཐུས་མེད་པར་བཤད། །དེ་ཤེས་ཚད་ལ་ག་ཏུ་བཀལ་ལེ་མིན། །དེ་འགག་ལ་ཐུག་དུས་མ་ལབ་ན། །བློ་གྲོས་ཁོག་པའི་ནང་དུ་རྒས། །ཤིང་བཟང་པགས་པའི་ནང་དུ་རུལ། །དགོས་དུས་མི་ཕན་དོན་མེད་རེད། །ད་ང་ཡིས་གྲོས་གཏམ་ཁ་ཤས་ཞུ༑ ༑དེ་ཨེ་རེད་མ་རེད་དགོངས་པས་དཔྱོད། བྱ་སྤྲེལ་གཉིས་ཀྱི་གྱོད་གཞི་འདི། །རྩ་བ་ཆེ་ཆེ་འདྲ་ཟེར་ཏེ༑ ༑བལྟས་ན་རྩ་བ་ཆུང་ཆུང་རེད། །རྒྱ་ཆེ་ཆུང་འདི་འདྲ་བྱེད་མི་བྱེད། །།ད་ལྟ་སོ་སོའི་ལག་ཏུ་འདུག །ཁོ་འདབ་ཆགས་གནམ་ལ་འཕུར་ན་ཡང། །བབ་ས་ས་གཞིའི་སྟེང་དུ་འབབ། །སྡོད་ས་རི་དང་ནགས་ལས་མེད། །གནམ་ལ་འཕུར་རྩལ་ཡོད་ན་ཡང་། །ས་ལ་བབ་དུས་ལུས་ཀྱི་རྩལ། །ཡོད་མེད་ཀུན་གྱིས་ཤེས་བ་རེད། །ཕོ་རྒོད་ཞན་ཚང་དགོས་ཐེང་སྲིད་ན། །སྐུ་གྱོང་བྱ་ལམ་བྱུང་ན། །སྤྲེའུར་དེ་ཙམ་ཡོང་དོན་མེད། །དོན་ཡིན་ལུགས་བཤད་ན་དེ་འདྲ་རེད། །དེ་ཡིན་ཀྱང་གྱོད་དང་འཐབ་མོ་དེ། །མེད་ན་ཕན་ཚུན་གཉིས་ཀ་བདེ། །འདུམ་ན་ཕན་ཚུན་གནིས་ཀ་དགའ། །དགའ་བའི་དགའ་ལུགས་ཤེས་ཟེར་ན། །འགྲོ་བ་བདེ་ལ་སྡོད་པ་བདེ། །ཉལ་ན་སྐྱིད་ལ་བཟོས་ན་ཞིམ། །དེས་ན་འདུམ་ན་སྡུམ་པ་ལེགས། །དེ་སྡམ་པའི་སྐད་ཆ་གཏོང་ལུགས་དེ། །རང་རེའི་ཟེར་ལུགས་མི་འདུག་ཀྱང་།་།རི་ལ་འཁོར་བའི་རེ་དྭགས་དང་། །གཅན་གཟན་སྡེར་ཆགས་སྣ་ཚོགས་ཀུན། །རི་དྭགས་ཁོངས་སུ་གཏོགས་པ་ན༑ ༑རི་དྭགས་གཞན་གྱིས་ལབ་གྱུར་ན། །མཛེས་ཀྱང་མ་མཛེས་ལ་འདྲ་ཡང་ཆགས། །ལབ་ན་མི་འགྲིག་ཡོང་དོན་མེད། །ལ་ཉག་མཛོ་ག་ཟེད་བྱས་གྱུར་ན།། འགྲིག་པ་ང་ཚོས་ཤེས་ལེ་རེད། །དེ་ཤེས་ནས་གཏམ་དེ་ལབ་ལེ་ཡིན། ད་དུང་ཚད་ཚད་བསྡུར་བསྡུར་གྱིས། །གསུང་མོལ་རིམ་བཞིན་ཞུས་པས་ཆོག །དེ་སྐད་ཟེར་བ་དང་། སྤྲེའུ་རྒན་གཞོན་ཚང་མའི་བློ་ལ་བབས་པར་གྱུར་ཏོ། དེ་ནས་སྤྲེའུ་རྣམས་ཀྱིས་རི་དྭགས་ཤ་བ། །དགོ་བ། རྣ་བ། རི་བོང་སོགས་དང། གཅན་གཟན་འཕར་སྤྱང་། སྟག་གཟིག་སོགས་འགའ་ཤས་བོས་ཏེ་སྔར་གྱི་ཡོང་རྐྱེན་བྱུང་ཚུལ་དང་། ད་ལྟའི་གནས་ཚུལ། ལབ་ཚུལ་སོགས་ལབ་སྟེ་ཇི་ལྟར་འགབ་དྲིས་པ་ན། རི་དྭགས་སྐད་ཆ་མོལ་ནས་འདི་ལྟར་སྨྲས་སོ།།

ཀྱེ༑ ཀྱེ༑ སྤྲེའུ་རྒན་གཞོན་ཚུར་ལ་གསོན། །དུས་ད་ལོའི་བྱ་སྤེལ་གྱོད་གཞི་འདི། །བྱུང་རྐྱེན་དོན་ལ་བལྟས་ཙ་ན། །དང་པོ་སྤྲེའུས་མ་བྱུང་འདྲ། །བྱ་ཡུལ་ལ་ཧམ་ཟོས་ཆེ་བས་ལན། །དེ་མི་འདྲ་བཞིན་དུ་ད་དུང་ཡང་། །གཏམ་ལ་བབ་ཤོལ་མི་བྱེད་པར། །བདེན་བདེན་ཡུས་ཡུས་ལབ་པ་དེ། །བདེན་ངེས་པ་བྱ་ཚོགས་བདེན་ལེ་འདྲ། །ངེད་གཅན་གཟན་རི་དྭགས་ཁྱུ་འབྲེལ་ནས། །འདབ་ཆགས་བྱ་ལ་རྒོལ་ཟེར་ན། །འཕྲལ་མི་ཐུབ་པ་ཡི་རྒྱུ་མེད་ཀྱང་། །ཕུགས་ལས་དང་འབྲས་བུ་ཇི་ལྟར་བཏུབ། །འདིར་མ་བཏུབ་འདི་དང་ཕྱི་མར་འཕུང་། །དེ་དེ་བས་སྡུམ་འགྲིག་བྱེད་ཟེར་ན། །འཕྲལ་ཕུགས་གཉིས་ཀར་དེ་དག་ལེགས། དེ་བྱེད་ལུགས་ཇི་ལྟར་རང་རེ་རྣམས། །ད་དུང་གྲོས་བསྡུར་བགྱིས་ན་བའགབ་ཟེར་རོ། །དེ་ནས་སྤྲེའུ་བློ་བཟང་དང་། ཨ་ལི་མ་དང་། དོན་གྲུབ་སོགས་ནས། དེ་དེས་ན་སྡུམ་འགྲིག་བྱེད་པར་མང་པོ་བཏང་རུང་། བྱ་རྣམས་འདྲོག་མགོ་ཆེ་བས་འཁོར་དུ་མ་བཏུབ་པས། །དང་པོ་རི་བོང་བློ་ལྡན་བསྟེན་ན་ཁོ་བློ་གྲོས་ཆེ་ཞིང་ཤོད་མཁས་པས། །ཁོ་ཚོའི་སེམས་ལ་འབབ། དེ་ནས་རིམ་བཞིན་བབས་བལྟས་ཆོག་ཟེར་ནས། །རི་བོང་ལ་འགྲོ་དགོས་ཟེར་ལབ་པར། རི་བོང་གིས་ང་ཕྱིན་པས་ཆོག་ཀྱང་ང་གཅིག་པོ་ཕྱིན་ཡང་རི་དྭགས་ཀྱི་ཁོངས་སུ་གཏོགས་པས་བྱ་རྣམས་ཡིད་ཆེས་དཀའ་བས། ཁྱིམ་བྱ་དེ་ཕོ་དེ་བྱའི་དཀྱིལ་ན། །ཕོ་ཚོད་དང་བློ་གྲོས་ཆེ་བ། བྱ་རྣམས་ཀྱིས་ཀྱང་ཆ་འཇོག་བྱེད་པ་ཡིན་པས་ཁོ་ལ་དྲིས་ནས་ཁས་བླངས་བྱུང་ན། ངེད་གཉིས་ཀྱིས་འགྲིག་ཐབས་བྱས་ཆོག །ཅེས་ཁས་བླངས་སོ། །རི་བོང་དང་བྱ་སྤྲེལ་གཉིས་ཀྱི་དོན་ལ་སྡུམ་བྱེད་དགོས་པར། རི་དྭགས་ཚོགས་ནས་རི་བོང་ལ་སྨྲས་པ་བཞིན་ཁས་བླངས་པའི་ལེའུ་སྟེ་ལྔ་པའོ།།
དེ་ནས་རི་བོང་གིས་དེ་ཕོའི་སར་ཕྱིན་ནས་བྱ་སྤྲེལ་གཉིས་ཀྱི་དོན་སྡཀོར་སྔར་བྱུང་བ་རྣམས་རྒྱས་པར་ལབ་ནས། ད་དོན་དུ་གྱོང་འདི་མ་འགྲིག་ན། འདབ་ཆགས་ཕྱོགས་གཅིག་ཏུ་སྒྲེལ་བ་ལྟར། །རི་དྭགས་དང་གཅན་གཟན་རྣམས་ཀྱང་ཕྱོགས་གཅིག་ཏུ་སྒྲིལ་ངེས་འདུག །དེ་ནི་རྩ་བ་མེད་པའི་འཁྲུག་གཞི་རྒྱ་ཆེར་འགྲོ་ངེས་ལ། །ང་ནི་རི་བོང་བློ་ལྡན་ཟེར་བ། མདོག་བསམ་པ་བཟང་བ་རང་བཞིན་ཡིན་པས། སྡུམ་ཞིག་ཐུབ་ན་སྣམ་ཡང་། །ང་གཅིག་པོས་སྡུམ་ཞིག་ཐུབ་ན་སྙམ་ཡང་། ང་གཅིག་པས་རང་ཟེར་མ་ཤེས་པས། གྲོགས་པོ་ཁྱོད་ཀྱང་བྱའི་ནང་ནས་བསམ་པ་དང་བློ་གྲོས་ཆེ་བ་ཞིག་ཡིན་པས། །རང་རེ་གཉིས་བློ་མཐུན་གྱི་སྒོ་ནས། སྡུམ་པ་ཞིག་བྱས་ན་སྙམ་པར་ཇི་ལྟར་འགབ་ཟེར་བར། དེ་ཕོས་སྨྲས་པ་དེ་ལྟར་གྲོགས་པོས་སྨྲས་པ་ལྟར། ང་རང་བསམས་རུང་བྱ་རྣམས་ལ་ཟེར་བ་དེ་བ་རང་ཞིག་མ་བྱུང་། ང་རང་རེ་གཉིས་མཐུན་མོང་ནས་དེ་ལྟར་བྱུང་ཚེ་ཤིན་ཏུ་ལེགས་པས། དེས་ན་སྔ་སོར་བྱ་སྤྲེལ་སོ་སོར་འདི་ལྟར་བྱེད་རྒྱུ་ཡིན་གྱི་སྐད་ཆ་ཞིག་ལབ། དེ་ལ་ཕྱོགས་གཉིས་ཀ་དཀར་ནས་སྡུམ་བྱེད་ལསུགས་ཇི་འགབ་བལྟས་ཆོག་ཟེར་བ་ལྟར། ཐོག་མར་ཁོང་གཉིས་ཀྱིས་བྱ་ཚོགས་པའི་དབུས་སུ། རི་བོང་བློ་ལྡན་གྱིས་འདི་སྐད་སྨྲས་སོ།།

ཀྱེ༑ ཀྱེ༑ འདབ་ཆགས་ཚོགས་རྣམས་ཚུར་ལ་གསོན།། འདི་ལོ་བྱ་དང་སྤྲེའུ་གཉིས། །འཁོན་དོན་མེད་པར་འཁོན་རྩོད་བྱུང་། །ལབ་གཞི་མེད་པར་ལབ་གཞི་བྱུང་། །གྱོད་རྩ་ཆུང་ལ་རྩེ་མོ་རྒྱས། །དེ་འདྲ་བྱུང་ནས་རེ་ཞིག་སོང་། །ད་དུང་འགྲིགས་པའི་དུས་མ་བྱུང་། །དེ་མཐོང་རིང་བོང་བློ་ལྡན་དང་། །ཁྱིམ་བྱ་དེ་ཕོ་བློ་མ་བདེ། །མ་བདེའི་རྒྱུ་མཚན་ཤོད་ཟེར་ན། །ལུང་པ་འདི་ཡི་བྱ་སྤྲེལ་གཉིས། །མའགྲིག་ངང་ལ་ལུས་སོང་ཟེར། །མཐའ་པུགས་ཡུལ་ཁམས་ཐམས་ཅད་ཀྱི། །བྱ་སྤྲེལ་མ་ལུས་འཁོན་དུ་གྱུར། །དེས་ཀྱང་མཚད་བྱ་རི་དྭགས།། ཕལ་ཆེར་འཁོན་པའི་རྒྱ་རུ་འགྲོ། །དེ་བྱུང་འཇིག་རྟེན་བཀྲ་མི་ཤེས། །དེ་བས་སྡུམ་ཞིག་བྱས་གྱུར་ན། །སྤྱི་སྒེར་ཀུན་ལ་དགེ་ཞིང་ལེགས། །དེ་བསམ་ངེད་གཉིས་ཡོང་ལེ་ཡིན། །ངེད་གཉིས་ཤོད་མཁན་ཆུང་ན་ཡང་། །བསམ་པ་དཀར་པོ་གངས་རི་འདྲ། །དེ་འདབ་ཆགས་ཚོགས་ཀྱི་དགོངས་པ་ལ། །བབས་སམ་མ་བབས་ཐུགས་བསམ་སྒྲོན། །དེ་དོན་ཐུགས་ལ་བབས་ཟེར་ན། །ཁོང་སྤྲེའུ་ལ་ཡང་དེ་ལྟར་ལབ། །དེ་ནས་རིམ་བཞིན་ཞུ་ལུགས་བྱེད། །དེ་སྐད་ཟེར་བ་དང་། བྱ་ཆེན་རྣམས་ཀྱི་ཐུགས་ལ་བབས། །དེ་ལ་བརྟེན་ནས་བྱ་འབྲིང་དང་། །བྱ་ཆུང་ཐམས་ཅད་མོལ་གྱུར་ནས། །གཏམ་ལན་ལྷ་བྱ་གོང་མོས་འདི་སྐད་ཟེར་རོ། །

ཀྱེ༑ ཀྱེ༑ རི་བོང་དང་དེ་ཕོ་ཚུར་ལ་གསོན། །ཁྱེད་རྣམ་གཉིས་བསམ་དཀར་གངས་རི་འདྲ༑ ༑གངས་རི་ལས་ཆུ་རྒྱུན་བབས་པ་དེ། རྩྭ་ཤིང་དང་ནགས་ཚལ་ཀུན་ལ་ཕན། །ས་བཟང་པོ་ལ་ལོ་ཏོག་སྨིན་པ་དེ། །མི་དང་དུད་འགྲོ་ཀུན་ལ་ཕན་ཤིང་དང་ནགས་ཚལ་ཀུན་ལ་ཕན། །ཤིང་བཟང་པོ་ལ་ལོ་འདབ་རྒྱས་པ་དེ། རི་ཀླུང་ལུང་པའི་རྒྱན་དུ་ཆེ། །དེ་ངན་ལེ་མ་རེད་བཟང་ལེ་རེད། །རི་ཀླུང་ལུང་པའི་རྒྱན་དུ་ཆེ། །དེ་ངན་ལེ་མ་རེད་བཟང་ལེ་རེད། དེ་ཡིན་ཀྱང་གྱོད་ཀྱི་རྩ་བ་དེ། །དང་པོ་སུ་ཡིས་ལན་ཟེར་ན།། བྱ་ཡིས་མ་ལན་སྤྲེའུས་ལན། །སྤྲེའུ་བྱ་བྱེད་མང་བས་ལན། །ད་སྡུམ་ལ་འགྲིག་དང་མི་འགྲིག་དེ། །ཁོང་སྤྲེའུའི་ཚོགས་ལ་བཀའ་འདྲི་མཛོད། །ཁོང་སྤྲེའུས་སྡུམ་ལ་ཉན་ཟེར་ན། ངེད་འདབ་ཆགས་ཀྱིས་མི་ཉན་ཟེར་དོན་མེད། །དེ་མི་ཟེར་བའི་རྒྱུ་མཚན་ཤོད་ཟེར་ན། །སྡུག་སྤྲེའུར་སྐྲག་པ་མ་ཡིན་ཏེ། །ལས་ལ་མི་དགོས་འཁྲུག་པ་རེད། །ཤིང་ལ་མི་དགོས་འཛེར་བ་རེད། ལུས་ལ་མི་དགོས་ན་ཚ་རེད། སེམས་ལ་མི་དགོས་སྡུག་བསྔལ་རེད། །དོན་དེ་ལ་བསམས་ན་ཟེར་བ་ཡིན། །དེ་རྣམ་པ་གནིས་ཀྱི་ཐུགས་ལ་ཞོག །དེ་སྐད་ཟེར་བ་དང་། ཁོང་གཉིས་ཀྱིས་སྤྲེའུའི་སར་ཕྱིན་ནས་འདི་སྐད་ཟེར་རོ།།

ཀྱེ༑ ཀྱེ༑ སྤྲེའུ་རྒན་གཞོན་བར་བ་ཀུན། །མ་ཡེངས་དདར་ཅིག་གསན་པར་ཞུ། །རི་འདི་ལ་འཁོར་བའི་འདབ་ཆགས་དང་། །སྡེར་ཆགས་གཅན་གཟན་མ་ལུས་པ། །སུས་ཀྱང་བོས་པ་མ་རེད་དེ། །ལས་ཀྱི་དབང་གིས་སྐྱེས་པ་རེད། །སྐྱེས་ནས་སྔར་ཡང་འགྲོགས་པ་རེད། ད་དུང་ཡུན་དུ་འགྲོགས་པ་རེད། །དེ་ཡིན་ན་དགོས་མེད་ལབ་གཞི་འདི། །སྔོན་ཆད་བྱུང་བ་ཚར་ལེ་རེད། ད་ཕྱིན་ཆད་ཉི་མ་སྤྲིན་བྲལ་ཞིག །བྱུང་ན་བསམས་ནས་ངེད་གཉིས་བོས། །བསམ་དཀར་དར་ཆེན་འཕྱར་འཕྱར་བྱས། །འགྲིག་པ་སྡུམ་པ་བྱུང་བ་བསམས་ནས། ཁོང་འདབ་ཆགས་རྣམས་ལ་ཞུས་པ་ལ། །མི་འགྲིག་མི་ཉན་མི་གསུང་ངོ། ད་སྤྲེལ་ཚོགས་ལ་ཡང་དེ་བཞིན་ཞུ༑ ༑ཁྱོད་རྣམས་བསམ་པ་ལོས་ཀྱང་དྲན། འོན་ཀྱང་ཚང་མ་བློ་སེམས་བསྡུར། །བྱེད་བདེ་བཀའ་མོལ་གནང་བ་ཞུ། ཞེས་ཟེར་བ་དང་། སྤྲེའུ་རྣམས་སྔ་མ་ནས་སྔུམ་འགྲིག་ཅིག་བྱུང་ན་བསམ་པ་ཡོད་པལྟར་སེམས་ལ་བབས་པས་ཁ་ཚེག་ཚེག །མིག་ཟུམ་ཟུམ། མཇུག་འགྲིལ་འགྲིལ་དང་བཅས་པའི་སྒོ་ནས་འདི་སྐད་ཟེར་རོ།།

ཀྱེ༑ ཀྱེ༑ འདབ་ཆགས་ཁྱིམ་བྱ་དེ་ཕོ་དང་། །རི་བོང་བློ་ལྡན་ཚུར་ལགསོན། །ཁྱེད་གཉིས་ཐུགས་བསམ་གསར་དང་འདྲ། གསེར་བཟང་པོའི་ཁ་དོག་ངོམས་ཀྱང་དགོས། །དེ་དགོས་ཀྱང་དགོས་ཏེ་བྱུང་ཡང་ཡོང་དོན་མེད། ཤིང་གས་པ་སྤྱིནགྱིས་འབྱར་ལེ་ཡིན། གོས་རལ་པ་སྐུད་པས་འཚེམས་ལེ་ཡིན། ངེད་བྱ་ལ་སྐྲག་ལེ་མ་ཡིན་ཏེ། །ཁྱེད་བློ་ལྡན་གཉིས་ལ་བསམས་པ་ཡིན། །མི་ལ་མ་རེ་གསོས་ལེ་རེ། ཁྱིམ་ལ་མ་རེ་ལྕགས་ལ་རེ། །དེ་ཟེར་བ་སྔོན་གྱི་དཔེ་ལ་ཡོད། ད་ཁྱེད་གཉིས་གཏམ་འགྲིག་མཆད་ཟེར་ན། །དྲང་པོ་ཚངས་པའི་ཐིག་ཤིང་མཛོད་བཞི་ཤོ་འདྲ་མཛོད། །ཉེ་སྙོམས་གྲུ་བཞི་ཤོ་འདྲ་མཛོད། །ཐག་ཆོད་སྒོར་མོ་རྔ་འདྲ་མཛོད། །དེ་བྱུང་ན་མི་འགྲིག་ཡོང་དོགས་མེད། །ཞེས་ཟེར་རོ། །དེ་ནས་རི་བོང་དང་དེ་ཕོ་གཉིས་ཕྱིར་ལོག་ནས་སྡུམ་འགྲིག་བྱེད་ལུགས་གང་འགབ་ཀྱི་སྐབས། རི་བོང་གིས་སྨྲས་པ། །གྲོགས་པོ་ཚུར་ལ་གསོན་དང་། ད་ལམ་གྱི་ལབ་གཞི་འདི་མཐར་བདེན་པ་ཆེ་བ་བྱ་ལ་འདུག་ཀྱང་། ཕྱིན་ཆད་སྤྲེའུ་ལ་རི་སྐེད་ནས་ས་ཕྲན་བུ་ཞིག་ལྟོ་རྟེན་ལ་མ་སྤྲད་ན་ལྟོ་ཚོད་འདུག་པས། །ས་ཆ་གསུམ་ཟུར་གཅིག་སྤྲད་ཀྱང་། དེ་ནས་ཧམ་ཟོས་བྱས་མི་ཆོག་པ་ཞིག་པ་ཞིག་བྱས་ན་འདབ་ཆགས་རྣམས་ཀྱིས་ཉན་ཨེ་ཡོང་མི་ལེགས་ཟེར་བས། །དེ་ཕོས་སྨྲས་པ༑ སྔ་འཕྲོས་སྐད་ཆ་གསུམ་ལུགས་གྲོགས་པོ་རང་གིས་སྨྲས་པ་ལྟར་གྱི་འཐུས་པ་འདུག་ཀྱང་། དེ་ལ་བྱ་ཁ་ཤས་ནས་ཨེ་ཉན་མི་ཤེས། མ་ཉན་ན་དེའི་ཚབ་ཏུ་སྤྲེའུ་སྡོད་པའི་ནགས་ལ་ཡང་། བྱ་ཆེ་ཆུང་སྣ་ཚོགས་ཡོད་པ་དེ་དག་ནགས་གསེབ་ཏུ་སྡོད་པ་དང་། བཟའ་འབྲུ་འཐུ་བ་སོགས་ལ་དགག་ཆ་མེད་པ་བྱེད་དགོས་ལབ་ན་འགྲོ་སྙམ་ཡང་། དང་པོ་ནས་དེ་ལྟར་ལབ་ན་ཅི་ཟེར་མི་ཤེས་པས། སྔ་འཕྲོས་གྲོགས་པོ་རང་གི་ཟེར་བ་ལྟར་ས་ཆ་གསུམ་གཅིག་སཔྼོད་དགོས་ཞེེས་ལབ་རྒྱུ་བྱས་ན་ཟེར་བ་ལྟར་ལ་གཉིས་ཀ་མཐུན་ནས། ཁོང་གཉིས་ནས་འདབ་ཆགས་ཚོགས་པའི་གྲལ་དུ་ཕྱིན་ནས་ཐོག་མར་རི་བོང་གིས་འདི་སྐད་ཅེས་སྨྲས་སོ། །

ཀྱེ༑ ཀྱེ༑ རྒོད་དང་གོ་བོ་བྱ་གླ་སོགས། བྱ་ཆེན་རྣམས་ཀྱིས་དབུས་ནས་བཞུགས།བྱ་འབྲིང་རྣམས་ཀྱིས་གཞུང་ནས་བསྲང་། །བྱ་ཕྲན་རྣམས་ཀྱིས་མཐའ་ནས་བསྐོར།། བྱ་གྲལ་སྒོར་མོ་རྗ་འདྲའི་དབུས། །ངེད་དེ་ཕོ་དང་རི་བོང་བློ་ལྡན་ཞེས། །ཉམ་ཆུང་ས་འོག་འབུ་འདྲ་པོས། །གཏམ་དང་བཤད་བཤད་ཞུ་རྒྱུ་འདི། །དམའ་ས་ནས་ཐོ་ཅོ་བྱས་འདྲ་བའི། །བབས་མཚུངས་པོ་རང་ནི་མི་འདུག་ཀྱང་། །སེམས་དཀར་པོ་གངས་རི་མཐོན་པོ་འདྲ། །ལས་དཀར་བ་དར་དཀར་ཞོ་འཐུང་འདྲ། གཏམ་དཀར་བ་འོ་མ་ཞོ་ཆགས་འདྲ། །དཀར་པོ་རྣམས་གསུམ་འཛོམས་པ་ཡིན། །གཏམ་པི་ཝང་སྙན་པའི་རང་སྒྲ་འདི། །ཁྱེད་རྣམས་ཀྱི་སྙན་ལ་གསན་ཅིང་དགོངས། །བྱ་སྤྲེལ་གཉིས་ཀྱི་གྱོད་གཞི་འདི། །ད་ཕྱིན་ཆད་དགོངས་པ་ཙམ་བཞེས་ན། །འགྲིགས་པའི་འཇོག་ས་མཆིས་པའི། །ད་ངེད་གཉིས་ཀྱིས་ཞུས་པའི་ཚིག་ལ་གསོན། །རི་འདི་ལ་གནས་པའི་སྤྲེའུ་རྣམས། །སྡོད་པ་ནགས་ལ་གནས་ན་ཡང་། ཟ་རྒྱུ་སྤང་རིའི་ལོགས་ནས་ཟ། །སྤང་རི་ལས་ཟ་བ་མེད་ཟེར་ན༑ ༑སྤྲེའུ་ལྟོ་ཚེ་ཕྱིད་པ་མེད། །དེ་ཡིན་ཀྱང་སྤང་རིའི་ལོགས་འདི་ནས། །རྩྭ་དང་རྩི་ཐོག་འབྲས་སྣ་ཚོགས། །ཐམས་ཅད་སྤྲེའུས་སྤད་གྱུར་ན། འདབ་ཆགས་ཐུགས་ནད་གང་ལ་ཐེག །དོན་དེ་ལ་རྩོད་པ་ཆུང་ཁྱད་དུ། །སྤང་རི་འདི་ནས་གསུམ་ཆ་བར། །སྤྲེའུ་ལ་གསོལ་རས་གནང་རོགས་མཛོད། །ཆད་དེ་ལས་བརྒལ་བའི་སྤང་རི་ལ། །སྤྲེའུས་བཟའ་རྒྱ་གསུམ་པོ། །མི་བྱེད་ཁག་ཐེག་ང་ཚོས་བྱེད། །དེོན་དེ་ལ་ཁྱོད་ཚོས་གསན་གྱུར་ན། །སྤྲེའུས་མི་ཉན་བྱེད་དྭོགས་མེད། དེ་ལ་དགོངས་པའི་དཀྱིལ་ལ་བཞུགས། །ཐག་ཆོད་ལན་ཞིག་གནང་རོགས་མཛོད། དེ་སྐད་ཅེས་སྨྲས་པ་དང་། བྱ་རྣམས་གྲོས་ཤིག་བྱས་པའི་མཐར། ཁོང་གཉིས་པོ་ལ་གཏན་ལན་ཕོ་རོག་ནག་ཆུང་གིས་འདི་སྐད་ཟེར་རོ། །བློ་ལྡན་རྣམ་གཉིས་ཚུར་ལ་ཉོན། །ཁྱེད་རྣམ་གཉིས་ཐུགས་བསམ་གངས་རི་འདྲ། །འདྲ་བས་མ་ཚད་དངོས་རང་རེད། །ཐུགས་བསམ་ལ་ལྡད་སྐྱོན་མེད་ན་ཡང་། གསུང་དེ་ལ་མི་འདྲ་ཅུང་ཞིག་འདུག །དེ་ཡོད་པའི་ཡོད་ལུགས་ཤོད་ཟེར་ན། །འདི་ན་བྱ་ཚོགས་ཡོད་པ་དེ། །སེམས་ཡོད་ཀུན་གྱིས་ཤེས་གསལ་རེད། །དེ་ཡིན་ན་བྱ་ཡིས་ཆ་ལ། །གསུམ་གིག་སྤྲེའུར་སྤྲོད་ཟེར་བའི། །གཏམ་དེ་འདྲ་གསུངས་པ་ཅི་འདྲ་རེད། །བདེན་ཡོད་བྱ་ཡིས་ཆ་དེ། བདེན་མེད་སྤྲེའུར་སྤྲོད་ཟེར་བ། རྐུན་མ་ལ་དཔའ་དར་མ་ཡིན་ནམ། །དེ་འདྲའི་ཟུར་བཀོད་གནང་ཟེར་ན། །ཁྱོད་ཤོད་མཁན་ངོ་ཚ་ཨ་ཅང་ཆེ། ངེད་ཉན་མཁན་ཡང་གཏིང་ནས་ངོ་ཡང་ཚ། །གཏམ་དེ་འདྲ་རྩ་ནས་གསུང་མི་ཉན། །དོན་དེ་ལ་འགྲིགས་ཐབས་ག་ནས་ཡོང། ཡང་གལ་ཏེ་བྱ་ཡ་ས་ཆ་ལ། །སྤྲེའུ་ཉོ་ཚོང་བྱེད་ཟེར་ན། །རིན་ལ་ཅི་འདྲ་སྤྲོད་རྒྱུ་རེད། དེ་ཁ་གསལ་གསུང་རོགས་མཛད་ཐུབ་ན། །ཚད་ཚད་བསྡུར་བསྡུར་བྱས་པའི་ཆོག །དེ་མིན་ད་ལྟའི་གསུང་འཕྲོས་དེ། །དེ་དྲང་པོའི་གཏམ་ཞིག་རྩ་ནས་མིན། །དེ་སྐད་ཟེར་བ་དང། དེ་ལན་དེ་ཕོས་འདི་སྐད་ཅེས་སྨྲས་སོ། །

ཁྱོད་འདབ་ཆགས་བྱ་རྣམས་ཚུར་གསོན་དང། །དོན་ཆེ་ཆུང་གང་དང་གང་ལ་ཡང་། །རིམ་བཞི་སྐད་ཆ་མ་བྱས་པས། ཚིག་གཅིག་གིས་གོ་བརྡ་འཕྲོད་མི་ཡོང་། །གཏམ་གྱི་ཕུ་ཐག་མཐོད་པར། །ཚིག་ཟུར་གྱི་དོན་རྩ་རྟོགས་ལེ་མིན། །མགོ་མཇུག་ཚང་བ་མ་གོ་བར། ཚིག་གཅིག་གིས་འདྲོག་འགོ་མཛད་མི་ཉན། །ལུང་གི་ཕུ་ཐག་རིང་ཐུང་དེ། །གོམ་གསུམ་མ་སྤོས་ཧ་མི་གོ །ཆུ་བོ་གཏིང་ཚད་རིང་ཐུང་དེ། །ཆུ་དཀྱིལ་མ་སླེབས་ཤེས་མི་ཡོང་། །ལས་དྲང་དང་མ་དྲང་དབྱེ་བ་དེ། །འཇོག་པའི་མཐའ་ན་སླེབས་ན་ཤེས།། ད་གསོན་དང་ཞུ་རྒྱུ་འདི་འདྲ་ཡོད། །འདབ་ཆགས་བྱ་ཡི་ས་ཆ་ནས། །སྤྲེའུར་སྤྲོད་དགོས་ཟེ་བ་དེ། བྱ་ལ་སྡུག་སྦྱོང་གཏོང་རྩིས་མིན། །འགྲིགས་འཇགས་ཀྱི་གཏམ་འགོ་འཛུག་ལེ་ཡིན། དེ་ལ་རིན་སྐྱེན་དགོས་ཟེར་ན། སྐྱིན་ཚབ་སྤྱོད་དགོས་ལོས་ཀྱང་བདེན། །སྤྱིན་ཚབ་ཅི་འདྲ་ཡོང་ཟེར་ན། །སྤེའུ་གནས་པའི་ནགས་ཚལ་དུ་བྱ་ཆེ་ཆུང་གྲངས་མེད་སྣ་ཚོགས་ཀྱི། བྱ་ཚང་གྲངས་ཀྱིས་མི་ལངས་པ། སྔར་ཡང་ཡོད་ལ་ད་ཡང་འབྱུང་། །སྤྲེའུའི་ས་ཆ་ཨེ་ཡིན་ལ། །ཡིན་ན་དེ་ལ་རིན་དང་སྐྱིན། །སྔར་ཕན་ཇི་འདྲ་སྤྲད་ལེ་ཡིན། །ད་ཕྱིན་ཆད་སྤྲོད་རྒྱུ་ཡོད་དམ་མེད། །དེ་མེད་ནགས་གནས་འདབ་ཆགས་རྣམས། །སྡོད་ས་སྤོས་ཐབས་ཨེ་མི་ཡོང་། །སྤོ་ཐབས་ཅི་ནས་མི་འདུག་ན། སྔར་རྒྱུན་མི་སྡོད་བཀའ་མེད་ཡིན། །དོན་འདི་དང་འདྲ་བའི་བྱ་ལ་ཡང་། །ཕྱོགས་གཅིག་ཤེས་ནས་གཉིས་མཐོང་། །གཡག་ཞ་རའི་རྩ་ཟ་མ་ཡིན་ནམ། །ཚིག་དེ་ཚོར་བརྟག་དཔྱད་མཛད་ཤེས་ན། །དྲང་མི་དྲང་གི་གནས་ལུགས་ཤེས་ཡོང་ལགས། །དེ་སྐད་ཟེར་བ་དང་། བྱ་གཞན་རྣམས་གང་ཡང་ཟེར་རྒྱུ་མ་བྱུང་བར་ཡོར་ཡོར་ལུས། །བྱ་རྒོད་པོ་དེ་གཏམ་ལ་ཡིད་ཆེས་ནས་ཐག་ཆོད་པིའ་ཚིག་འདི་སྨྲས་སོ༑ ༑ཁོ་རེ་འདབ་ཆགས་བྱ་ཚོགས་ཚུར་ཉོན་དང་། ད་རང་རེ་བྱ་སྤྲེལ་གླེང་གཞི་འདིར། །ཁོ་རི་བོང་དང་ཁྱིམ་བྱ་དེ་ཕོ་ཡིས། །འགྲིགས་འཇགས་བཏང་བའི་ཚིག་དེ་ལ། །མ་དྲང་བསམ་པ་སླར་ནས་མེད། །གཏམ་དེ་ལ་བརྟག་དཔྱད་བྱས་པ་ན། །དྲང་པོ་ཚངས་པའི་ཐིག་ཤིང་རེད། །ལས་དེ་ལས་དྲང་ཞིང་ཚང་བ་ཞིག །ལྷ་ཚངས་པ་ཡིན་ཀྱང་བྱ་རྒྱུ་མེད། །དོན་འདི་ལ་ཕན་ཚུན་གནས་ཟེར་ན། །བཀྲ་ཤིས་དང་ལུགས་བཟང་གཉིས་ཀ་ཡོད། །ང་མཐོན་པོ་བྲག་རྩེར་སྡོད་ན་ཡང་། །མིག་རྒྱང་གིས་རི་ཀླུང་ཐམས་ཅད་མཐོང་། །སྤང་རི་དང་ནགས་ཚལ་ཚུལ་ཤེས་ནས། །འདབ་ཆགས་དང་སྤྲེའུའི་སྐྱིད་སྡུག་ཤེས། །དདོན་དེ་ལ་སྤྲེའུས་ཉན་ཤག་རེད། །དེ་བྱ་ཚོགས་རྣམས་ཀྱིས་སེམས་ལ་ཞོག །ཐག་ཚང་མ་དེ་ལ་ཆོད་པར་མཛོད། །ང་རྒོད་པོ་ནམ་འཕང་གཅོད་དུ་འགྲོ། ཁྱེད་སྡུམ་པ་གཉིས་ཀྱིས་སྤྲེའུ་ལ་ཚིག་གཞུག་མཐའ་རུ་འཁྱོལ་བར་མཛོད། །བྱ་གཞཉ་ཡང་རང་རང་གནས་སུ་བྱོན། དེ་སྐད་ཅེས་ཟེར་བ་དང་། རྒོད་པོ་ནམ་འཕང་གཅད་ནས་འཕུར་བ་དང་། བྱ་གཞན་ཚང་མས་ཀྱང་དེ་ལ་ཐག་བཅད་ནས་སོ་སོའི་གནས་སུ་སོང་ངོ་། །

དེ་ནས་ཁོང་གཉིས་ཀྱི་སྤྲེའུ་ཚོགས་པའི་སར་ཕྱིན་ནས། །བྱ་རྣམས་ཚང་མ་མོས་ཤིང་ཐག་བཅད་སོང་ངོ༑ ༑ཁྱོད་སྤྲེའུ་རྣམས་ལ་ནི། དོན་བྱེད་སྔར་ས་ད་གནས་ཀྱི་ཐོག །སྤང་རི་གསུམ་གཅིག་ཕྱིན་ཆད་གཙང་དག་གི་ཁ་སངས་ཡོད། ཉན་དགོས་པ་ཨ་ཅང་ཆེ་ཞིང་། ད་ཉན་པའི་མ་ཚད། ད་ཕྱིན་ཆད་ཀྱང་། ཇི་སྲིད་བར་དེ་ལས་མི་འགལ་བ་བྱེད་དགོས། ཞེས་སྨྲས་པ་ན། སྤྲེའུ་ཚང་མ་དགའ་ཞིང་། ཤིང་ཏོག་དང་། མེ་ཏོག་དང་རྩི་ཏོག་སོགས་ཧ་ཅང་བ་ཁོང་གཉིས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་སྤུངས་ཐོག །སྤྲེལ་རྒན་བློ་བཟང་གིས་འདི་སྐད་སྨྲས་སོ། རི་བོང་བློ་ལྡན་དང་དེ་ཕོ་ཚུར་ལ་གསོན། །ཁྱོད་རྣམ་གཉིས་བྱ་དང་རི་དྭགས་ཀྱི་ཁྲོད་ནས་གློ་ལྡན་ཡིན་ནོ་ཞེས། །སྨྲ་བ་རྣ་བས་སྔར་ནས་ཐོས། དོན་ཡང་དག་ཡིན་པ་དལོ་ཤེས། །དེ་ཡིན་པའི་ཡིན་ལུགས་ཤོད་ཟེར་ན། ཁོང་འདབ་ཆགས་ཆེ་ཆུང་གྲགས་མེད་རེད། ངེད་སྤྲེའུ་མང་ཉུང་འདི་ཙམ་རེད། །དེ་ལ་བློ་སེམས་རེ་རེ་ཡོད། །དེ་ཐམས་ཅད་གཅིག་ཏུ་མཐུན་པ་དཀའ། །ལ་ལས་དྲང་པོ་ཡིན་ནམ་བསམས། །ལ་ལས་སྨྱོན་པ་ཡིན་ནམ་བསམས། འདོད་མི་མཐུན་བསམ་པ་སྣ་ཚོགས་ཀྱིས། །དོན་ཆུང་ཆུང་ཆེན་པར་གཏོང་བ་མང་། །དུས་ད་ལན་བློ་ལྡན་ཁྱོད་གཉིས་ཀྱི། །ཚིག་སྙན་པོ་མགྲིན་པའི་ལམ་ནས་བཤད། །ཐབས་མཁས་པོ་རྒྱ་མཚོའི་གཏིང་ནས་བླངས། །སྟོང་ཁྲི་འབུམ་གྱི་བློ་སེམས་གཅིག་ཏུ་བཀུག །ཆུ་བརྒྱ་སྟོང་གི་ཆུ་སྣ་གཅིག་ཏུ་སྒྲིལ། །དོན་དེ་ལ་བྱ་ཡིན་ཉན་ཟེ་ན། །ངེད་སྤྲེའུས་མི་ཉན་གལ་ཟེར། འཕྲལ་ཡུན་དུ་གནས་པ་ལོས་ཀྱང་བྱེད། ད་དུང་ཡང་བློ་ལྡན་ཁྱེད་གཉིས་ཀྱིས།། བྱ་སྤྲེལ་གཉིས་ཀྱི་འདུན་ལར་གཟིགས། །ཡོ་འཁྱོག་འདུག་ན་དྲང་པོར་སྲོང་། །སྒང་གཤོང་འདུག་ན་འཁོད་ལ་སྙོམས་རིང་ཐུང་འདུག་ན་རྩ་རྩ་སྒྲིག །མདུན་ནས་བརྟེན་པའི་མཁར་བ་མཛོད་རྒྱབ་ནས་དྲོས་པའི་སློག་པ་མཛོད། ཐུགས་རྗེ་དང་བཀའ་དྲིན་གཉིས་ཀ་ཆེ། །ཞེས་ཟེར་ཏེ། ཤིན་ཏུ་དགའ་བར་བྱས། དེ་ནས་བཟུང་སྟེ་བྱ་སྤྲེལ་ཐམས་ཅད་ཀྱིས་དོན་དེ་ལས་འགལ་བ་མི་བྱེད་པའི་ཁར། །ཕན་ཚུན་ཐམས་ཅད་ཤིན་ཏུ་མཐུན་ཞིང་བཀྲ་ཤིས་པར་གྱུར་ལ། དེ་ལ་བརྟེན་ནས་ཡུལ་དེ་ཡང་འབྱོར་བ་ལོ་ཕྱུགས་ལེགས་པ་བཀྲ་ཤིས་པ་དང་། བདེ་སྐྱིད་མཛེས་དགའི་ཡུལ་གྱི་གཏམ་བརྒྱུད་ལས་རི་བོང་བློ་ལྡན་དང་དེ་ཕོ་གཉིས་ཀྱི་གཏམ་མཁས་སུ་མཐའ་བཙན་པར་བྱུང་བ་བཀྲ་ཤིས་པའི་ལེའུ་སྟེ་ལྔ་པའོ།། །།སརྦ་མངྒ་ལཾ།

 

ཞེས་པ་འདི་ཡང་བོད་གཞུང་ཤེས་རིག་དཔར་ཁང་ནས་བོད་རྒྱལ་ལོ་ ༢༡༡༣ ཕྱི་ལོ་ ༡༩༨༧ ལོར་དཔར་བསྐྲུན་ཞུས། པར་རྩ་སྦྱིན་པ་རྒྱ་མཚོས་བྲིས་པ་ལྟར་བཀོད་པའོ།།

བརྒྱུད་སྐུལ།

མཆན་སྤེལ།