སྡོད་ཁང་།

༄༅།།སྡོད་ཁང་།

སྤྱིར་བོད་ཀྱི་ཡུལ་འདིར། སྡོད་ཁང་བཟོ་སྐྲུན་གྱི་ལག་རྩལ་ཆེས་སྔ་མོ་ཞིག་ནས་དར་ཡོད་པ་ནི། མི་ལོ་སྟོང་ཕྲག་གཉིས་ཙམ་གྱི་སྔོན་དུ་བསྐྲུན་པའི་ཡུམ་བུ་བླ་མཁར་དང། དེ་ནས་རིམ་པར་ལྷ་ས་དམར་པོ་རིའི་ཕོ་བྲང་དང་། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྣམས་ཀྱིས་མཚོན་ནོ།།

དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་གྲུབ་མཐའ་ཁག་གིས་བཞེངས་པའི་དགོན་པ་ཆིག་སྟོང་བདུན་བརྒྱ་ལྷག་གི་གཙུག་ལག་ཁང་ཐམས་ཅད་ཀྱིས་ཀྱང་བོད་ཁང་བཟོ་སྐྲུན་གྱི་ལག་རྩལ་མཚོན་ཐུབ།བོད་ཀྱི་དགོན་སྡེ་ཁག་གི་གཙུག་ལག་ཁང་གི་བཀོད་པ་ནི། འོག་ཁང་སྒོཁྱམས་དང་། ཚོམས་ཁང་། དྲི་གཙང་ཁང་། སྟེང་ཁང་དུ་དགོན་པ་རང་རང་གི་བསྟན་བདག་བླ་སྤྲུལ་གྱི་བཞུགས་ཤག དཔེ་མཛོད་ཁང་།རྟེན་གྱི་མཛོད་སོགས་དང་།དེའི་སྟེང་དུ་ཟངས་གསེར་གྱི་རྒྱ་ཕིབས་དང་གཉྫིག་ར་རི་དྭགས་ཆོས་འཁོར།ཕྱོགས་བཞིར་རྒྱལ་མཚན་དང་སྤེན་རྒྱན་སོགས་ཀྱི་བཀོད་པ་ཕྱོགས་མཚུམས་སུ་ཡོད་ནའང། སྟོབས་འབྱོར་ཆེ་ཆུང་དང་ཡུལ་གྱི་དབང་གིས་ཁྱབ་པར་ཆེན་པོ་ཡོད་པ་དཔེར་ན། དབུས་གཙང་དང་མདོ་ཁམས་སྟོད་ཕྱོགས་སུ་བོད་ལུགས་ཤས་ཆེ་ཞིང་། ཚོན་མདོག་ཀྱང་དམར་སེར་གཉིས་ཤས་ཆེ་བ་ཡིན། མདོ་ཁམས་སྨད་ཀྱི་ཕྱོགས་སུ་རྒྱ་ནག་གི་བཟོ་རྒྱུན་ཤན་ཞུགས་ཆེ་བས་སྟེང་དུ་གྱོ་མོ་རྩི་ཅན་གྱི་རྒྱ་ཕིབས་དང་། ཚོན་མདོག་ཀྱང་སྤང་མཐིང་གཉིས་ཤས་ཆེ་བ་སོགས་ཀྱི་ཁྱད་པར་ཡོད།
ཁམས་གསེར་རྟ་རྫོང་གིས་གསེར་པ་དང་ཉག་རོང་ཕྱོགས་ཀྱི་སྡོད་ཁང་རྩིག་གཞི་ཕྱི་འགེབས་ཅན།འོག་ཁང་དུ་བ་ལང་གཟུད་ས། ཐོག་རྩེག་གཉིས་པར་རྩྭ་དང་སོག་མ་ཤིང་སོགས་འཇོག་ཁང་། ཐོག་རྩེག་གསུམ་པ་མིའི་སྡོད་ཁང་དང་ཇ་ཁང་། མཛོད་ཁང་། ཐོག་རྩེག་བཞི་པ་ལོ་ཏོག་རྡུང་ར་དང་མཆོད་ཁང་སྟེང་དུ་ལབ་རྩེ། ཁང་པའི་མདུན་ལོགས་སུ་ར་སྐོར་དང་བཅས་པ། ཤར་མི་ཉག་དང་། རྒྱལ་མོ་ཚ་བ་རོང་གི་ཕྱོགས་སུ་རྩིག་ཁང་རྩེག་གཉིས་ནས་གསུམ་པ་ནང་འགེབས། རྩེག་ལོ་སྟེང་གི་ཟུར་བཞིར་རྡོ་དཀར་འབུར་དུ་བཀོད་པས་འབྲས་ཤིང་སྣ་ཚོགས་ཀྱི་ཁྲོད་དུ་རྒྱང་མཛེས་ཆེ་བ།ཁམས་འབའ་ཐང་ཕྱོགས་ཀྱི་ཁང་པ་ཟུར་འབུར་དཀྱུས་ཀོང་ཞིང་ཟུར་ཁང་གཉིས་འབུར་བ་ནང་འགེབས་ཅན་སྒེའུ་ཡངས་བས་། གསལ་ཆ་ཆེ་བ་རྩེག་གཉིས་ཅན་གྱི་གྱང་ཁང་། དར་མདོ་ཕྱོགས་ཀྱི་དབྱིངས་གོང་དང་འདྲ་བར། རྩེག་སྟེང་མ་ཤིང་ལས་བྱས་བའི་ཁྱམས་ར་ཅན་ཝ། སྟེང་གྱོ་མོས་བཀབ་པའི་འོག་ཏུ་མདའ་ཡབ་ཀྱི་རྒྱན་ཅན།གོང་གོ་བཟོ་དབྱིབས་ལས་ལྡོག་སྟེ་དཀྱུས་འབུར་བར་བར་ཁང་རྩེག་གཉིས་པ་དེ་ཀ་བ་བཞིའི་སྟེང་དུ་བཀོདཔའི་སྒོ་ཁྱམས་ཅན།དཀྱུས་འབུར་དུ་ཐོན་པའི་རྩེག་སྟེང་མ་དེ་མགྲོན་ཤག་ཡིན་པར། སྐར་བཀྲའི་སྟེང་རས་དཀར་གྱི་རས་ཡོལ་མཐའ་རྒྱན་ནག་པོ་ཅན། སྟེང་ཕྱོགས་རས་དང་དར་དམར་སེར་མཐིང་གསུམ་ལས་བྱས་བའི་འཇའ་འཕུར་གྱིས་མཛེས་པ། ཁམས་ཕྱོགས་ཀྱི་ཡུལ་དུ་མར། གྱང་ཁང་དང་རྩིག་ཁང་གཉིས་ཅན་རྩེག་སྟེང་མ་བང་ཁང་ཕྱི་འགེབས་ཀྱི་འོག་ཏུ་ལྕམ་རིམ་པ་གསུམ་ཡན་བསྒྲིགས་ཤིང་། དེ་ཡིས་གདོང་ངོས་དང་གྱང་ལ་ས་དཀར་དང་། མགྲིན་པ་དང་བང་ཁང་ལ་ས་དམར་བྱུགས་ཤིང་། སྒོ་སྒེའི་ཁུང་ལ།འབྲུག་གམ། པདྨ། བུང་ཚང་གཤོང་འབུར་ཉིས་རིམ། པད་སྐྱོར་བཅས་ལ་ཚོན་སྣ་ཚོགས་ཀྱིས་པ་ཏྲ་བརྒྱན་པས་ཤིང་ཏུ་མཛེས་། དབུས་གཙང་གི་ཕྱོགས་སུ། རྩིག་ཁང་ཉིས་རྩེག་ནང་འགེབའ་ཕྱི་སྒོ་གཅིག་ལ་ནང་ར་སྐོར་གྲུ་བཞི་ཅན། སྟེང་རྩིག་ལ་ཁྱམས་ར་ཁ་ནང་བསྟན་དུ་ཡོད་པ་དང་། ར་སྐོར་དུ་རྡོ་གཅལ་རྒྱ་ཆེ་བ། སྒོ་དང་སྒོའུ་ཁུང་ཐམས་ཅད་ཀྱི་སྟེང་དུ་དམར་མཐིང་གིས་འཇའ་ལ་རས་དཀར་གྱི་འཕུར་མ་ཅན་གྱིས་བརྒྱན་པ།

ཨ་མདོ་རེབ་གོང་གི་ཕྱོགས་སུ། གྱང་ཁང་ནང་འགེབས་ཅན་གྱང་གི་ར་སྐོར་རྒྱ་ཆེ་བ།ར་སྐོར་གྱི་དཔངས་དང་ཁང་པ་གཉིས་མཐོ་དམའ་མེད་པར་རྩེག་གཅིག་པ། ར་སྐོར་གྱི་ཕྱེད་ཡན་གྱི་ཕྱོགས་གསུམ་དུ་འདུག་ཁང་དང་ཇ་ཁང་། མཛོད་ཁང་། དབུས་ཀྱི་སྦུག་ཏུ་མཆོད་ཁང་། མཆོད་ཁང་གི་མདུན་ལོགས་ཀྱི་ཁྱམས་རའི་གདོང་འོག་ཏུ་པ་ཏྲའི་བརྐོར་རིས་དྲུག་རྩེག་དང་དགུ་རྩེག་ཅན་ཡོད། ར་སྐོར་ནང་དུ་མེ་ཏོག་དང་འབྲས་ཤིང་སྣ་ཚོགས་བཏབ་ཅིང་། ར་སྐོར་གྱི་སྟེང་དུ་ཤིང་གི་པ་ཏྲའི་བརྐོས་དཀྲོལ་གྱིས་བརྒྱན་པ། ཁམས་ཀྱི་ཆ་ཕྲེང་དང་། མི་ཉག ཤར་རྒྱལ་མོང་རོང་སོགས་ཀྱི་ཡུལ་གྲུ་དུ་མར། ཡུལ་སྡེ་སྲུང་བའམ་ཡང་ན་བཙན་སོགས་མཆོད་པའི་བཙན་རྫོང་། གྲོང་སྡེ་རང་རང་གི་ཟུར་ཞིག་ཏུ་གྱང་བརྡུངས་པ་ལས་བསྐྲུན་པའི་བཙན་རྫོང་ཟུར་བཞི་ཁང་རྩེག་བརྒྱད་ཡན་ཆད་ཡོད་པ་དང་། རྡོ་རྩེག་ལག་རྩལ་ཤིང་ཏུ་ལེགས་པས་བརྩིགས་པའི་བཙན་རྫོང་ཟུར་བཞི། ཟུར་དྲུག ཟུར་བརྒྱད་པ་ཁང་རྩེག་བཅུ་ཡན་ཆད་ཡོད་པ་ཤིན་ཏུ་མང་བ་དང་། དེ་བཞིན། ཕྱི་སྒོ་ཆེན་གཅིག་ལ་ནང་ར་སྐོར་ལྷ་ཁང་དང་བཅས་ཁང་ནང་དུ་བསྟན་པའི་སྒྲུབ་ཁང་དང་རུང་ཁང་ཆུང་ངུ་རེ་ལས་མེད་པའི་བཀའ་བརྒྱུད་དང་ཇོ་ནང་སོགས་ཀྱི་སྒྲུབ་ཁང་གི་རིགས་དང་། ཁང་ཚན་རྩེག་གཉིས་ཅན་གཅིག་ནས་གཅིག་ཏུ་མཐུད་དེ་ཆ་མཉམ་པར་བསྐྲུན་པའི་གྲྭ་ཤག་རིགས་དང་། ཤིང་གླང་མའི་ཡལ་ག་བསླས་པའི་སྟེང་འདམ་གྱིས་ཞལ་བ་བྱས་པ་ལས་བསྐྲུན་པའི་སབ་མའི་ཁང་པ་དང་། རྡོ་གཡམ་གྱིས་སྟེང་ཁེབས་བྱས་པའི་རྡོ་ཁང་དང་། ཤིང་སྡོང་གཤགས་ཏེ་བསྐྲུན་པའི་ཁང་ཤིང་འགེབས་ཅན་དང་། ཤིང་སྡོང་གི་རྩ་བར་རྩྭ་དང་ཤིང་གི་ཡལ་ག་སོགས་ཀྱིས་བཀབ་པའི་རྩྭ་དང་ཤིང་གི་སྤྱིལ་བུ་དང་། བྲག་དང་སའི་ཕུག་པར་སྒྲུབ་ཁང་དང་ལྷ་ཁང་སོགས་བཟོས་པའི་སྒྲུབ་ཕུག་རིགས་དང་། ཕྱི་ནས་མི་གཞན་གྱིས་མི་མཐོང་བའི་ཕྱིར་དུ་ཤིང་གི་ར་བ་མཐོན་པོ་བསྐོར་བའི་མཚམས་ཁང་གི་རིགས་དང་། ཆུ་བོ་ཆེན་པོའི་ཟམ་པ་སྲུང་བའི་ཟམ་ཁང་སོགས་མང་ཞིང་། དེ་དག་ལས་ཕལ་ཆེ་བ་ནི།གྲོང་སྡེ་དང་། དགོན་པ།རི་ཁྲོད་སོགས་སུ་ཡོད།

༄༅།།སྦྲ་གུར།
འབྲོག་ཁུལ་དུ་ཁྱབ་ཆེ་བ་ནི་སྦྲ་གུར་ཡིན། སྦྲ་ནི་ཁུང་རྩིང་འཁེལ་འཐག་བྱས་པ་ལས་བཟོས་བའི་རུས་སྦལ་གྱི་དབྱིབས་ཅན། རུས་སྦལ་གྱི་དབྱིབས་དེས་ས་དགྲ་ཁོག་པས་སྦྲ་མིག་གང་དུ་ཕུབ་ཀྱང་ས་དཔྱད་མི་དགོས་ཞེས་གྲགས་ཏེ། ནང་ཀ་བ་བཞིའམ་དྲུག་ཅན། ཕྱིར་ཆོད་ཐག་མང་པོ་དང་ལྡན་པ་ཞིག་སྟེ། བོད་ཀྱི་འབྲོག་ཁུལ་ཀུན་ལ་ཁྱབ་པ་རྒྱ་ཆེ་བའོ།། ནག་ཚང་ནི། རྒྱུ་གོང་དང་འདྲ་བར་ཁྱོན་གོང་གི་སྦྲ་ལས་ཆུང་ཞིང་དབྱིབས་གྲུ་བཞི། ནང་དུ་མི་ལྔ་དྲུག་རེ་ཤོང་བའི་སྦྲ་ཁྱེར་བདེ་བ་ཞིག་ཡིན། གུར་འགོ་ནག་ནི། སྟེང་ཁེབས་རེ་ནག་གི་མཐོངས་ཅན་འདབ་ར་རས་དཀར་གྱིས་བཟོས་པའི་ནང་དུ་མེ་བུས་ཀྱང་མི་གནོན་པས་ཐབ་ཚང་དུ་སྤྱོད་པའི་སྦྲ་མ་གུར་ཞིག་ཡིན།བསིལ་གཡོལ་ནི། སྟེང་ཁེབས་ཙམ་ལས་འདབ་ར་མེད་པ་ཆར་པ་དང་ཉི་འོད་ཁོག་ཙམ་གྱི་རས་གུར་ཁྱེར་བདེ་ཞིག་ཡིན། གུར་མོ་ཆེ་ནི། རྒྱུ་རས་དཀར་གྱིས་བཟོས་་ཤིང་སྟེང་དུ་རས་ནག་གི་མཐའ་ཤན་དང་པ་ཏྲ་སྣ་ཚོགས། སྒོའི་སྟེང་དུ་དུང་ཕྲེང་དང་རས་དམར་མཐིང་སེར་གསུམ་གྱི་འཇའ་འཕུར་ཅན་ཆེས་ཆེ་བའི་ནང་མི་སྟོང་ཚོ་རེ་ཤོང་བ་ཡོད་དོ། གཟིམ་གུར་ནི། སྟེང་དུ་རྣམ་བཅུ་དབང་ལྡན། པ་ཏྲ་འཇའ་འཕུར་སོགས་ཀྱིས་མཛེས་པར་བརྒྱན་པའི་རས་དཀར་གྱི་གུར་ཆུང་མི་བཞི་ལྔ་ཙམ་རེ་ཉལ་ཆོག་པ་ཞིག་ཡིན། ཚོགས་གུར་ནི། དགོན་པའི་དབྱར་ཐོག་ཏུ་སྒྲུབ་མཆོས་རིགས་འཚོགས་པར་སྤྱོད་པའི་གུར་ཞིག་སྟེ། ཕལ་ཆེར་བར་སྟེང་དུ་ཟངས་གསེར་གྱི་གཉྫི་ར་དང་ཆུ་སྲིན་སོགས་ཀྱིས་བརྒྱན་པ། ཆར་ཁེབས་དང་གུར་གྱི་སྟེང་ཁེབས་གོང་འོག་གཉིས་ཡོད་པའི་ཐོག་རི་དྭགས་ཆོས་འཁོར་དང་པ་ཏྲའི་སྤྲས་ཀ་ཅན། ཆོད་ཐག་རྩིད་པ་དཀར་ནག་གཉིས་ཀྱིས་བསླས་པ་དང་ཡང་ན་བསྒྲིལ་བར་རྩིད་འཕན་དམར་པོ་འདོགས་པ། ནང་ཆར་རླན་གྱིས་ཚོས་མི་ལོག་པའི་རས་ཁྲ་སྤུས་ལེགས་ཀྱི་མང་ཤ་ཅན་ཞིག་གོ། ཕྱིང་གུར་ནི། ཕྱིང་བ་ཕྱི་ནང་རིམ་པ་གསུམ་ཅན་ཕྱི་རས་དཀར་མཐུག་པོས་གཡོགས་པ། དབྱིབས་ཟེའུ་དང་འདྲ་བར་སྟེང་ཁེབས་དང་འདབ་ར་སོ་སོར་དབྱེ་ཆོག་པ། ནང་དུ་ཤིང་གི་རྩིབས་མས་དྲ་བ་ལྟར་བྱས་པས་ཆོན་ཐག་མི་དགོས་པ། དགུན་པ་ཤིན་ཏུ་དྲོད་པོ་ཞིག་སྟེ། སོག་པོའི་ཡུལ་ནས་དར་ཡོང་བ་ཞིག་ཡིན་པས་སོག་གུར་ཞེས་ཀྱང་བརྗོད། གུར་ཟུར་བརྒྱད་པ་ནི། སྟེང་ཁེབས་ཀྱང་འདབ་ར་དང་འདྲ་བའི་ཟུར་བརྒྱད་ཅན་ལ་པ་ཏྲ་དང་འཇའ་འཕུར་ཅན། འདབ་ར་ངོས་བརྒྱད་ལ་རྟགས་བརྒྱད་དང་རྫས་བརྒྱད་ཀྱི་རི་མོས་མཛེས་ཤིང་། རས་ནག་པོ་ལྕགས་རི་ཅན་ཞིག་གོ། སྟག་ལྤགས་ཀྱི་གུར་ནི། མཐོང་དཀོན་པ་ཞིག་སྟེ། ཁམས་ལི་ཐང་གི་གཡོན་རུ་དཔོན་པོས་སྟག་ལྤགས་བརྒྱ་ལྷག་གིས་བཟོས་པའི་གུར་དབྱིངས་སོག་གུར་དང་མཚུངས་པ་ཞིག་ཡོད་པ་དེ་ད་ལྟ་དཀར་མཛེས་ཁུལ་བོད་ཀྱི་རིག་དངོས་བང་མཛོད་ཁང་དུ་ཉར་ཡོད།
དཀོན་མཆོག་བསྟན་འཛིན་གྱིས་སྦྱར།
རྡེའུ་དཀར་ནག་གིས་ཞུ་དག་བྱས།

བརྒྱུད་སྐུལ།

མཆན་སྤེལ།