༄༅།།གངས་ལྗོངས། རྣམ་ཤེས་ཀྱི་འཇིག་རྟེན།
ཨ་སྨྱོན་བཀྲ་ཤིས་དོན་གྲུབ། (ཟི་ལིང)
གཅིག
鉊ཨེ། ནོར་བཟང༌། ཁྱོད་སུ་ཡིན།鉋
鉊ང་ཨ་མ་རི་མོ་ཡིན།鉋
鉊གང་ནས་ཡོང་ངམ།鉋
鉊མ་ཎི་ཁང་ནས།鉋
鉊ཁྱོད་ཚང་ན་སུ་ཡོད།鉋
鉊དགེ་བོ①དང་ཞི་ལུ་བཀྲ་གོ་གཉིས་ཡོད།鉋
鉊འོ་ན་ཁྱོད་ས་འདིར་ཅི་བྱེད་དུ་ཡོང་བ་ཡིན།鉋
鉊ངས་ཚེ་སྒྲོན་བསམས་པ་ཡིན།鉋
鉊སྙིང་རྗེ།鉋
ཨ་ཁུ་དགེ་བོས་ཕྲག་སྟེང་གི་ཏ་ལེན་སར་བཞག་ཅིང༌། མག་པ་རབ་རྒྱས་ཚང་གི་སྒོ་ལམ་དུ་གྲེ་བའི་མཚམས་སུ་མཛུབ་
ཐེལ་མནན་འདྲའི་ནག་ཐིག་ཅིག་ཡོད་པའི་ཚ་བོ་དེ་མཐོང་བས་པང་དུ་བླངས་ནས་གཟབ་ནན་གྱི་སྒོ་ནས་དེ་ལྟར་གཏིང་འདྲི་བྱས་པ་དང༌། ཁོའི་འདོད་ཐོག་ལ་ཡོང་བའི་ལན་དེ་དག་ཐོས་པས་ནག་ཅིང་རྒས་གཉེར་བབས་པའི་གདོང་ལ་སྔར་མེད་
ཀྱི་འགྱོད་ཉམས་ཤིག་ཤར་ཞིང༌། མིག་ཟུང་ཡུན་རིང་བཙུམས་ཏེ་ལོ་ངོ་བཞི་ལྷག་གི་རིང་ལ་བལྟ་འདོད་མ་སྐྱེས་པའི་ཚ་བོ་
ནོར་བཟང་གི་འགྲམ་པར་འོ་ཞིག་བྱས།
ས་འདི་ནི་སྲིན་པོ་རྫ་འདབས་སུ་ཆགས་པའི་གྲོང་ཚོ་ཆུང་ཆུང་ཞིག་སྟེ། སྡེ་སྟོད་ཀྱི་ཉག་གའི་ལབ་ཙེ་དང་ལམ་འགྲམ་དུ་
སྤུངས་པའི་རྡེའུ་འབུམ། གྱོ་ཏོག་ཅན་གྱི་མ་ཎི་ཁང་དང་དགུང་ལ་བསྙེགས་པའི་མཆོད་རྟེན་རྣམས་སྔར་སྲོལ་མ་ཉམས་པར་
བཞེངས་ཤིང༌། རྒན་རྒོན་རྣམས་ཉི་མར་ལྡེ་བཞིན་དབྱངས་སུ་གྱེར་བའི་ཡིག་དྲུགི་གླུ་སྒྲ། སྔགས་པ་ལྕང་ལོ་ཅན་གྱི་རྔ་སྒྲ་དང་
བླ་མ་གསེར་ཞྭ་ཅན་གྱི་ཆོས་སྒྲ་སོགས་ལས་མིའི་སེམས་ལ་དུས་རབས་བར་མའི་སྐབས་ཀྱི་མཐོ་སྒང་གི་རི་གྲོང་ཞིག་ཏུ་སླེབས་
འདྲའི་སྣང་བ་ཞིག་སྟེར་ཡང༌། ཁང་སྟེང་དུ་བསླངས་པའི་བརྙན་འཕྲིན་གྱི་གནམ་སྐུད་དང༌། སྡེ་ཟུར་གྱི་གྲམ་པའི་དཔྱངས་
ཟམ། ཉིན་གཅིག་ལ་སྒྱེ་ཁལ་ལྔ་བཅུ་ལྷག་འཐག་ཐུབ་པའི་གློག་སྒུལ་རང་འཐག་ནས། གསར་བུ་རྣམས་སྦག་སྦགའཁོར་ལོར་
ཞོན་ཏེ་མཁར་གྲོང་དུ་ཚོང་ལ་སྐྱོད་པའི་སྣང་ཚུལ་ལས་ས་འདིའི་མི་རྣམས་ཀྱིས་ལོ་རབས་དགུ་བཅུའི་འ་ཚོ་བ་རོལ་མགོ་
བརྩམས་ཟིན་པའང་གསལ་བོར་མཐོང་ཐུབ། ཨ་ཁུ་དགེ་བོས་འགྲིམ་འགྲུལ་གྱི་སྟབས་བདེ་ཞིང༌། ཁོར་ཡུག་གི་ཡུལ་ལྗོངས་
རང་སྡེ་ལས་ལྡབ་འགྱུར་གྱིས་མཛེས་པའི་གྲོང་ཚོའི་ནང་དུ་རྒྱང་ལྟ་ཞིག་བྱས་རྗེས། ཚ་བོ་ནོར་བཟང་གི་འགྲམ་པའི་ངོས་སུ་
སླར་ཡང་འོ་ཞིག་བྱས།
“ཁྱོད་སུ་ཡིན། ”
ནོར་བཟང་གིས་ཅི་ཡིན་མ་ཤེས་པར་མིག་ཟུང་ཀེམ་ཀེམ་དུ་རྡེབ་བཞིན་དྲིས་བྱུང༌།
“ང༌། ཁྱོད་ཀྱི་ཨ་མྱེས་ཡིན།”
“ང་ལ་ཁྱོད་ལྟ་བུའི་ཨ་མྱེས་ཤིག་མེད། ”
“བདེན་བདེན། ཡིན་ན་ཡང་ང་དངོས་གནས་ཁྱོད་ཀྱི་ཨ་མྱེས་ཡིན། ”
“ཨ་མས་བཤད་ཚུལ་ལྟར་ན། ངའི་ཨ་མྱེས་དེ་ང་ལ་བལྟ་རུ་མི་ཡོང་ཟེར། ཁོས་དམ་བཅའ་བཞག་ཡོད་ཟེར། ”
“དེ་ནི་ཁོས་རྫུན་ལབ་པ་རེད། ཁོ་རང་རྫུན་ལབ་རྒྱུར་དགའ་བ་དེ་ཁྱོད་རང་ལ་མི་གསལ་ལམ། ཁྱོད་ལ་རང་དབང་
འདི་འདྲ་ཞིག་ཡོད་པ་ནི་ཇོ་པོ་རིན་པོ་ཆེའི་ཐུགས་རྗེ་ཡིན་སྲིད། ཚེ་སྒྲོན་གྱི་དྲུང་ནས་སྐྱེས་པ་དེ་ཤིན་ཏུ་ལེགས། ད་དུང་ཕོ་
ལུས་ཤིག་ཀྱང་བླངས་འདུག དེ་རིང་ནས་བཟུང་ངས་ཁྱོད་ལ་ཉིན་སྐོར་རྒྱག་མི་ཐུབ་རུང་ཟླ་སྐོར་རྒྱག་ཐུབ་ངེས། ཐོས་ཨེ་
བྱུང༌། ངས་ཁྱོད་ལ་དམ་བཅའ་འཇོག”
ཨ་ཁུ་དགེ་བོས་དབུགས་ཐེངས་གཅིག་གིས་སེམས་ལ་གང་དྲན་རྣམས་ཐོལ་བྱུང་དུ་བརྗོད་ཚར་དུས། མིག་མཐའི་མཆི་
མ་དེ་རང་དབང་མེད་པར་མཁུར་ངོས་ནས་མུ་ཏིག་གི་དོ་ཤལ་ཆད་པ་བཞིན་ལྷུང༌། ནོར་བཟང་གིས་ཀྱང་ཅི་ཞིག་ཚོར་བ་
ལྟར་ལག་ཞི་བསྲིངས་ནས་ཨ་མྱེས་ཀྱི་གདོང་གི་མིག་ཆུ་ཕྱིས།
“ཨ་མ་གང་དུ་སོང་བ་ཡིན་ནམ། ”
“ཚོང་འདྲུད་དུ་བུད་སོང༌། ”
“ཡུལ་ན་སུ་ཡོད། ”
“ང་གཅིག་པུ་ཡིན། ”
“གླེན་མོ་དེ། བུ་གཅིག་པུ་འདི་ལྟར་བསྐྱུར་ནས། ”
ཨ་ཁུ་དགེ་བོ་ནོར་བཟང་ལ་གདུང་སེམས་སྐྱེ་བཞིན་པ་འདྲ།
“ཁྱོད་ཀྱིས་ངའི་ཨ་མར་སྡིགས་མི་ཆོག”
“ཡ་ཡ། མི་སྡིགས། མི་སྡིགས། ངས་ནོར་བཟང་གི་ཁ་ལེན། དེང་ཕྱིན་ཆད་ངས་ཁྱོད་ཀྱི་ཨ་མར་མི་སྡིགས། ངས་ཁྱོད་ལ་
དམ་བཅའ་”
“ཨ་མ། ཨ་མ་སླེབས་བྱུང༌། ང་ལ་ཀ་ར་ཉོས་ཡོད་ངེས། ”
ཨ་ཁུ་དགེ་བོས་དགོངས་དག་ཞུས་མ་ཚར་གོང་ལ། ཚ་བོ་ནོར་བཟང་གིས་དེ་སྐད་སྒྲོགས་བཞིན་ཐང་དུ་འབབ་རྩིས་བྱས།
དངོས་གནས་ཁྱིམ་མཚེས་ཚང་གི་གྱང་སྣ་ནས་དོས་སྐྱེལ་རླངས་འཁོར་ཆུང་ངུ་ཞིག་ཤོར་ཡོང་སྟེ་ཧྲིག་གེར་ལུས་པའི་ཁུ་དབོན་
ཟུང་གི་གམ་དུ་བསྡད་མ་ཐག རླངས་འཁོར་གྱི་མགོ་སྒམ་ནས་ལུས་ལ鉊ཉིའུ་ཙེ鉋 དང་མགོ་ལ་དབྱར་ཞྭ་ངང་མཆུ་མ་གྱོན་
པའི་བུད་མེད་དར་ལ་བབ་པ་ཞིག་སར་བབས་བྱུང༌། མི་ལོ་རྐྱང་རྐྱང་བདུན་བརྒྱད་ཙམ་ལ་མ་མཐོང་ཡང་ཕྲ་བའི་གཟུགས་
དང་གོར་བའི་གདོང་ལ་བལྟས་པ་ཙམ་གྱིས་བུ་མོ་ཚེ་སྒྲོན་ཡིན་པ་ཤེས་སླ་ཡང༌། ཨ་ཁུ་དགེ་བོ་དེ་སྔོན་གྱི་དམ་བཅའ་ཤོར་བའི་
ཚུལ་ལ་ངོ་གནོང་བ་འདྲ། ལུས་པོ་སྒུར་སྒུར་གྱིས་ཚ་བོ་སར་བཞག་རྗེས་ཐང་གི་ཏ་ལེན་བླངས་སོང༌།
“ཨ་མ། འདི་འུ་ཚང་གི་ཨ་མྱེས་ཨེ་རེད།
“རེད། ཁྱོད་ཀྱིས་མི་ཤེས་སམ། ”
“ཨ་མ། འོ་ན་ཁྱོད་ཅི་ཕྱིར་ངུས་པ་ཡིན། ཁྱོད་མ་ངུ༌། ཨ་མྱེས་ཀྱིས་ཁྱོད་ལ་མི་སྡིགས་པའི་དམ་བཅའ་བཞག་ཡོད། ”
“ཨ་མས་ཤེས་ཡ། ”
བུ་མོ་ཚེ་སྒྲོན་གྱིས་དེ་སྐད་སྨྲ་བཞིན་མིག་མཐའི་མཆི་མ་ཕྱིས་རྗེས། ཚུར་ཡོང་སྟེ་ངག་འཇམ་གྱིས“ཨ་ཕ། ཁྱོད་ཡོང་བ་
ཡིན་ནམ། འགྲོ། ནང་ལ་འགྲོ”ཟེར་བཞིན་ཕ་རྒན་དགེ་བོའི་ལག་གི་ཏ་ལེན་དེ་བླངས།
“ཁྱོད་ཀྱིས་ཨ་ཕར་བཟོད་སྒོམ་བྱེད་ཐུབ་བམ། ”
“ལོས་ཐུབ། ཁྱོད་ཇི་ལྟར་བཤད་ཀྱང་ངའི་ཨ་ཕ་རེད་ཡ། ”
ཁྱིམ་འདི་གའི་གཞིས་མ་ཤིན་ཏུ་ཆེ་ཞིང༌། བཤད་ཚུལ་ལྟར་ན་དཔོན་ཚང་ཞིག་གི་ཤུལ་ཡིན་ཟེར། དེ་ཡང་ཆེས་ཐོག་མའི་
དུས་སུ་ས་འདི་གའི་དཔོན་ཚང་ནི་ཁྱིམ་ཚང་འདི་ག་མ་ཡིན་ཀྱང༌། ཁྱིམ་འདིའི་མེས་པོ་གོང་མ་ཞིག་ཕོ་རྩལ་སྣ་དགུ་ལ་མཁས་
པས་ཁུ་ཚུར་དང་དྲག་ཤུགས་ཁོ་ནར་བརྟེན་ནས་དཔོན་ས་ཕྲོགས་པ་དང༌། དེ་ནས་བཟུང་བུ་རབས་ཚ་བརྒྱུད་རྣམས་ཀྱིས་ཕ་
ཤུལ་བུས་བསྐྱངས་ཏེ་མི་རྟིང་གནམ་ཁྱབ་དང་རྒྱུ་རྟིང་ས་ཁྱབ་བྱུང༌། ལྷག་པར་མག་པ་རབ་རྒྱས་ཀྱི་ཨ་མྱེས་ནི་རྒོད་པོ་ཐུར་
མེད་ཅིག་ཡིན་མོད། སྟབས་མ་ལེགས་པར་མཚོ་སྐོར་ལ་སོང་ནས་ཕྱིར་ལོག་པའི་ལམ་བར་ནས་འབྲོང་རུ་དམར་ཞིག་ལ་ཕྲད་
དེ་དཔའ་ཁེར་རྒྱུགས་ཀྱི་སྒོ་ནས་ཆམ་ལ་ཕབ་ན་ཡང༌། རང་ཡུལ་དུ་སླེབས་པའི་དགོང་མོ་ནས་བཟུང་དུད་འགྲོ་དེས་རྭ་ངོམས་
རྔ་གཟེངས་བྱེད་པ་ཁོ་ན་རྨི་ལམ་དུ་འཁོར་ནས་འགྲོ་སྡོད་མི་ཤེས་པའི་ཚུལ་ལ་སླེབས་ཤིང༌། བུ་དགུ་ཡོད་པ་ལས་རབ་རྒྱས་ཀྱི་
ཨ་ཕ་མ་གཏོགས་གཞན་བརྒྱད་པོ་ནི་ལ་ལ་གཞན་གྱི་གྲི་རྩེ་ནས་ཤི་བ་དང༌། འགའ་ཞིག་གཅན་གཟན་གྱི་ཁ་ཟས་སུ་གྱུར། རེ་
གཉིས་ནི་རྒྱུ་རྐྱེན་སྤུ་ཙམ་ཡང་མེད་པར་རང་སྐེ་ལ་ལྕེབས་ཐག་བཞག་སྟེ་སྔ་ཕྱི་ལོ་གཅིག་གི་རིང་ལ་མི་ཤུལ་ཆད་པ་ཙམ་བྱུང་
བས། རྒན་པོ་དེ་ཡང་སྨྱོས་ཏེ་རང་ཤ་རང་གིས་ཟ་བཞིན་ཕྱི་མའི་འཕྲང་རིང་འགྲིམས་སོང༌། སྟབས་ལེགས་པ་ཞིག་ལ་མག་པ་
རབ་རྒྱས་ཀྱི་ཨ་ཕ་ནི་གྲུབ་ཆེན་འཇིགས་མེད་རིག་འཛིན་གྱི་ཞབས་ཞུར་སོང་བར་བརྟེན་གནོད་སྐྱོན་ཅི་ཡང་བྱེད་མ་ཐུབ་པ་
དང༌། ལོ་ངོ་ལྔ་ལྷག་འགོར་ནས་ཕྱིར་སླེབས་དུས་ས་ཆ་འདི་གར་སྔོན་ཆད་དང་འདྲ་བར་འགྱུར་བ་སྤུ་ཙམ་ཡང་མེད་པར་ཁུ་
སིམ་མེར་འདུག་ན་ཡང༌། རང་ཉིད་ཀྱི་ཨ་ཕ་གཙོ་བྱས་པའི་ཉེ་མི་དང་སྤུན་མཆེད་བརྒྱད་པོའི་གྲིབ་གཟུགས་ཙམ་ཡང་མཐོང་
རྒྱུ་མ་བྱུང་བས་ཉིན་ཞག་གསུམ་ཙམ་ལ་མིག་ཆུའི་རྒྱུན་མ་ཆད་ཅིང་འཁོར་བ་ལ་སྙིང་པོ་མི་འདུག་པའི་ངེས་འབྱུང་ཟབ་མོ་
རྒྱུད་ལ་སྐྱེས་ཏེ། ཕྱིར་རང་གི་རྩ་བའི་བླ་མ་གྲུབ་ཆེན་འཇིགས་མེད་རིག་འཛིན་གྱི་མདུན་དུ་བསྙེགས་ཤིང༌། མིག་ཟུང་མཆི་
མས་བརླན་བཞིན་ཕ་ཡུལ་གྱི་གནས་ཚུལ་མ་ལུས་ཞུས་པར་མ་ཟད། ད་ནས་བཟུང་དམ་པའི་ལྷ་ཆོས་བསྒྲུབ་པར་འདོད་པའི་
བསམ་ཚུལ་ཡང་བསྟན་མོད། གྲུབ་ཆེན་རིན་པོ་ཆེ་ཐུགས་ཤིན་ཏུ་གདུང་བཞིན་སྤྱིར་ཁྱོད་ཀྱི་བསམ་ཚུལ་དེ་ཧ་ཅང་འགྲིག་
མོད། ཡིན་ན་ཡང་ཁྱོད་རང་ནི་ས་འདིའི་དཔོན་ཚང་གི་དཔོན་རྒྱུད་སྐྱོང་མི་ཡིན་པས། གཅིག་ན་དཔོན་རྒྱུད་ཆད་མི་རུང་
ཞིང༌། གཉིས་ན་ས་ཆ་ཞིག་ལ་དཔོན་པོ་མེད་ཚེ་ནང་དམེ་འཁོན་འཛིང་གི་མགོ་བརྩམས་པ་ཡིན་ལ། སྲོག་གཅོད་པ་ནི་མི་དགེ་
བ་བཅུ་ལས་གཅིག་ཡིན་པས་མི་གཅིག་གི་སྲོག་སྐྱོབ་ཐུབ་པ་བྱུང་ན་ཡང་དགེ་བའི་བྱ་བ་རླབས་པོ་ཆེ་མ་ཡིན་ནམ། དམ་པའི་
ལྷ་ཆོས་ཀྱང་མཐར་གཏུགས་ན་ནང་སེམས་འདུལ་བ་སྟེ།鉊བསམ་པ་བཟང་ན་ས་དང་ལམ་ཡང་བཟང鉋ཟེར་བ་ལྟར་གཙོ་བོ་
རང་སེམས་རང་གིས་གཅུན་ཐུབ་ཚེ་ཁྱིམ་དུ་བསྡད་ཀྱང་ཆོས་མགོ་འཁྱོངས་ཚུལ་སོགས་མང་དུ་བརྗོད་པར་མ་ཟད། ཁོའི་ཨ་
ཕས་བསད་པའི་འབྲོང་རུ་དམར་དེ་ནི་ས་དེའི་བླ་འབྲོང་ཞིག་ཡིན་ཞིང༌། མྱུར་བར་ཐབས་ཤིག་མ་འཐེན་ཚེ་བུ་རབས་ཚ་
བརྒྱུད་རྣམས་ལ་གནོད་པ་ཆེ་ཞེས་གསུངས།
“འོ་ན་ད་ཅི་ཞིག་བྱེད་དགོས། ”
“ཁྱོད་རང་བླ་འབྲོང་དེའི་མགོ་བོ་བཙལ་དུ་འགྲོ་ཐུབ་ན་རབ་ཡིན་ཞིང༌། དེ་མི་རྙེད་ཚེ་འབྲོང་གཞན་ནམ། ཡང་ན་
གཡག་ཡ་མེད་ཅིག་གི་མགོ་རུས་ཁྱེར་ཡོང་ཡང་ཆོག གཙོ་བོ་མྱུར་དགོས། ཇི་ལྟར་མགྱོགས་ན་དེ་ལྟར་བཟང”ཟེར།
ཁོ་རང་སེམས་བློང་བློང་བོར་གྱུར་ཏེ་མཚོ་སྔོན་པོའི་འགྲམ་ངོགས་བརྒྱུད་ནས་འདྲི་བརྩད་བྱས་མཐར། བྱེ་མ་ལ་བདུན་
གྱི་ཁུགས་ནས་བླ་འབྲོང་དེའི་མགོ་བོ་རྙེད་ཐུབ་པ་བྱུང་ལ། ཐ་གུ་ཞིག་གིས་དམ་པོར་བསྡམས་ནས་རྒྱབ་ཏུ་ཁུར་ཅིང༌། ཟླ་ལམ་
ཉིན་དང་ཉིན་ལམ་ཞག་གིས་བཅད་ནས་ཕྱིར་གྲུབ་ཆེན་འཇིགས་མེད་རིག་འཛིན་གྱི་དྲུང་དུ་སླེཔས། དཔོན་ཚང་འདིའི་མི་
རྒྱུད་ཟམ་མི་འཆད་པའི་ཆེད་དུ། གྲུབ་ཆེན་གྱིས་བླ་འབྲོང་དེའི་མགོ་རུས་བདུན་ཕྲག་གཅིག་ལ་སྔགས་མཐར། རབ་རྒྱས་ཀྱི་ཨ་
ཕ་བོས་ནས་བླ་འབྲོང་གི་མགོ་རུས་འདི་མནོལ་བ་མེད་པར་གཞིས་ཁྱིམ་གྱི་སྒོ་ཀླད་དུ་ཞོགས་དང་ལེགས་ཚོགས་ཐམས་ཅད་
ངང་གིས་འདུ་བར་འགྱུར་རོ་ཞེས་བཀའ་གནང༌། རབ་རྒྱས་ཀྱི་ཨ་ཕ་ནི་སངས་རྒྱས་ཀྱི་བསྟན་པ་མིག་འབྲས་བཞིན་དུ་བརྩི་
བའི་དད་ལྡན་ཞིག་ཡིན་པས་གྲུབ་ཆེན་རིན་པོ་ཆེའི་བཀའ་བཞིན་བསྒྲུབས་རྗེས། ཁོ་རང་ལྟ་ན་སྡུག་པའི་གཞོན་ནུ་མ་ཞིག་
དང་ཕྲད་ཅིང་མ་འགྱངས་པར་ཁྱིམ་ཐབ་ཏུ་བསུས། དཔོན་ཤུལ་འདི་ལྟར་བསྐྱངས་ཏེ་ལོ་གཅིག་ཙམ་འགོར་རྗེས་བུ་རབ་
རྒྱས་སྐྱེས་པར་མ་ཟད། ས་ཆ་འདིའི་སྐྱ་སེར་ཕོ་མོ་ཡོད་དོ་ཅོག་གིས་ཀྱང་ཁོ་རང་མགོ་ཡི་ཏོག་ལྟར་བཀུར་ཞིང༌། ལོ་རེའི་ཁྲལ་
སྣ་ཚོགས་ཀྱང་དུས་ལྟར་སྤྲོད་པ་ཡིན་པས། རྒྱུ་ལོངས་སྤྱོད་ཀྱི་ཐད་ནས་མེས་པོ་གོང་མ་རྣམས་ཀྱང་ཟིལ་གྱིས་གནོན་པ་ཙམ་
བྱུང༌།ཡིན་ན་ཡང༌། ལོ་ངོ་བཅོ་ལྔ་ཙམ་འགོར་རྗེས་གནམ་ས་བླ་འོག་བརྗེས་ཏེ། དཔོན་པོ་འདིའི་ནང་རྡིག་ཕྱི་ཟོག་ཐམས་ཅད་
གཞུང་བཞེས་གནང་ཞིང༌། ཁོ་རང་ཡང་ཁྱད་དབང་དང་རྒྱུ་ནོར་ཅི་ཡང་མེད་པའི་མི་དཀྱུས་མ་ཞིག་ཏུ་གྱུར། དགོན་པ་གྲྭ་
ཚང་དང་ལྷ་རྟེན་ཆོས་གསུམ་རྩ་མེད་དུ་གཏོང་བའི་ལོ་ཟླའི་ནང་དུ་ཡང་ཁོས་བཙོན་ཁང་ནས་ཕྱིར་སླེབས་རྒྱུ་མ་བྱུང་བའི་རྩ་
བའི་བླ་མ་གྲུབ་ཆེན་འཇིགས་མེད་རིག་འཛིན་སྙིང་ཁོང་དུ་བསྒོམས་པར་མ་ཟད། དབུགས་ཁོག་ལ་བཅུག་ནས་ཁ་ཏོན་དགེ་
སྦྱོར་སྣ་ཚོགས་བྱས་པས། འཆི་ཁར་ད་དུང་ཐུགས་དམ་ལ་བཞུགས་པའིངག་རྒྱུན་ཡང་ཡོད།
སྤྱིར་ཨ་ཁུ་དགེ་བོ་གྲྭ་པ་ཞིག་ཡིན་ན་ཡང༌། དེ་ནི་ཨ་ཕས་བཙན་གྱིས་དགོན་པར་བསྐྱལ་བ་ཡིན་པས་ལྷ་དཀོན་མཆོག་ལ་
དད་པ་སྤུ་ཙམ་ཡང་སྐྱེས་མ་མྱོང༌། ཁོ་རང་གིས་སྔོན་ཆད་ནས་དཔོན་ཚང་གི་ལོ་རྒྱུས་གོ་མྱོང་ཡང་ཡིད་ཆེས་སྐྱེས་མ་མྱོང་ལ།
ཆུང་མ་ལས་ལོག་མའི་དགེ་རྩའི་དོན་དུ་ལྷ་སར་སོང་སྟེ་ཕྱིར་སླེབས་པ་ནས་བཟུང༌། ཁོ་རང་ནམ་རྒྱུན་ཐེ་ཚོམ་གྱི་དྲ་བར་ཚུད་
པར་གྱུར་ཅིང༌། ལྷག་པར་ཚ་བོ་ནོར་བཟང་གི་ཚིག་ལན་དེ་དག་གོ་བས་སྨྲ་མི་ཤེས་པའི་དད་པ་ཞིག་གིས་དབང་རྩ་ཧྲིལ་པོ་
ཁྱབ་ལ། དཔོན་ཚང་གི་ལོ་རྒྱུས་དེའང་བདེན་པ་ཡིན་རྒྱུ་རེད་སྙམ།
“ཨ་ཕ། ཇ་ཐུངས་ལ་ངལ་གསོ་ཏོག་ཙམ་བྱོས་དང༌། ང་རང་འགྲོ་ལ་ཚོང་རྫས་དེ་དག་ནང་དུ་ལེན། ”
བུ་མོ་ཚེ་སྒྲོན་གྱིས་སྔ་མོ་ནས། ཨ་ཕའི་མདུན་དུ་བཟའ་བ་ཟས་ཀྱི་སྡེར་ཁ་བསྒྲིགས་ཤིང༌། འོ་ཇ་དཀར་ཡོལ་གང་འདྲེན་
བཞིན་དེ་སྐད་ལབ་རྗེས། རྒྱལ་སྒོའི་ཕྱི་རོལ་ཏུ་སོང༌།
གཉིས།
“གྱོད་ཡ་འགྲིག་དཀའ། འགྲིག་ན་འདྲིས་ཆེ”ཟེར་བའི་དཔེ་བཞིན་ཨ་ཁུ་དགེ་བོས་རང་གི་སྙིང་དང་འདྲ་བའི་ཆུང་
མའི་རྣམ་ཤེས་དེ་བུ་མོ་ཚེ་སྒྲོན་གྱི་གམ་དུ་སྐྱེས་ཡོད་པ་བདེན་དཔང་བྱས་པ་ནས་བཟུང༌། ཁོ་རང་གིས་ཚ་བོར་ཉིན་སྐོར་རྒྱག་
མི་ཐུབ་རུང་ཟླ་སྐོར་རྒྱག་ཐུབ་ངེས་ཞེས་དམ་བཅས་པ་ལྟར་ཁོམ་པ་ཏོག་ཙམ་ཡོད་ཚེ་ལམ་གྱི་དཀའ་ཚེགས་ལ་མི་འཛེམ་པར་
ནོར་བཟང་ལ་ལྟ་རུ་ཡོང་སྲིད་ཅིང༌། ཡོང་ཐེངས་རེ་རེར་གྱོན་ཆས་དང་རྩེད་ཆས་སྣ་ཚོགས་ཉོ་བར་མ་ཟད། ཀ་ར་སིལ་ཏོག་
ནི་དེ་བས་ཀྱང་འཆད་མི་སྲིད། དེ་རིང་ཡང་ཁོས་རྫོང་མཁར་ནས་ཉོས་མ་ཐག་པའིརྩེད་ཆས་དང་ཀ་རས་ཁེངས་པའི་འཁུར་
ཁུག་དེ་རྒྱབ་ཏུ་ཁུར་ཞིང༌། ཆུང་མ་བླ་གསང་མའིཧྲུ(2)སྲུང་འཁོར་ནུས་མཐུ་ཅན་དེ་བཟུང་རྗེས། དྲོས་ཇ་མ་ཡོལ་ཙམ་ལ་བུ་
མོ་ཚེ་སྒྲོན་ཚང་དུ་སླེབས་ཐུབ་པ་བྱུང༌།
དངོས་གནས། འཇིག་རྟེན་གྱི་བྱ་བ་ཡོད་དོ་ཅོག་ནི་མིའི་སེམས་ལའང་མི་དྲན་པ་ཤ་སྟག་ཅིག་རེད་ཨང༌། ཨ་ཁུ་དགེ་བོ་
མག་པ་རབ་རྒྱས་ཚང་གི་ཁྱམས་རའི་བལ་གདན་སྟེང་དུ་ཉི་མར་ལྡེ་ཞིང་མིག་མདུན་ན་འཇིམ་འབག་གི་རྟ་བོང་སྣ་ཚོགས་
ལས་བཞིན་པའི་ཚ་བོར་ལྟ་བཞིན་ཡིད་ལ་དེ་ལྟར་དྲན་པ་དང༌། བློ་ཡུལ་ལས་འགོངས་པའི་འདས་དོན་ཐོར་རེ་བ་ནི་དྲན་
པའི་ཡོལ་བའི་ངོས་སུ་ཡང་ཡང་འཆར་བར་གྱུར།
ལོ་ངོ་བདུན་བརྒྱད་ཙམ་འདས་པའི་སྔོན་གྱི་དབྱར་གཞུང་གི་ཉིན་གུང་ཞིག་ལ། ཨ་ནེ་དཔའ་མཚོ་འཛུམ་བཞིན་ཁོ་ཚང་
ལ་སླེབས་ཤིང༌། ཁྱིམ་ཚང་འདིའི་ལོ་རྒྱུས་ཕྱི་དྲོ་ཞིག་ལ་གླེང་ཞིང་རང་ཉིད་ཀྱི་བུ་དེ་བཟང་ཚུལ་རྒྱན་ཚུལ་གྱི་བསྟོད་པ་ལུང་བ་
གང་བྱས་རྗེས། བུ་མོ་ཚེ་སྒྲོན་ནི་ལོ་རིས་སྤར་ཁ་ཇི་ལྟར་དེད་ཀྱང་ཁོ་ཚང་གི་མནའ་མར་ཡོང་དགོས་པའི་གནས་ལུགས་རིམ་
པ་ཅན་ཞིག་བཤད་བྱུང༌། ཨ་ཁུ་དགེ་བོ་ནི་ཨ་ནེ་དཔའ་མཚོ་ཚང་ནས་མཆེད་པ་སྟེ། ཁོ་མོས་ཁྱིམ་དེའི་ཤུལ་བསྐྱངས་མེད་ཚེ།
ཁོ་རང་མར་ལོག་བྱས་རྗེས་ཀྱང་ཕོ་གསར་རྣམས་ཀྱི་ཁ་ན་རླུང་ལྟར་གྲགས་འདུག་པའི་ཨ་མ་རི་མོའི་སྟེང་དུ་མག་པ་འདུག་ག་
ལ་ཐུབ། དེ་བས། ཨ་ནེ་དཔའ་མཆོ་ནི་གཞན་ལ་བཤད་དབང་མི་སྟེར་བའི་ཁ་རྒོད་མ་ཞིག་ཡིན་པར་བརྟེན། ན་མཉམ་རྣམས་
སྨོས་ཅི་བྱིས་པ་ཚང་མས་ཀྱང་ལྐོག་ནས་སྡིགས་མོ་ཁོ་ན་བྱེད་པའི་བུད་མེད་ཅིག་ཡིན་ན་ཡང༌། ཁོ་རང་གི་སེམས་ནས་རང་
ཉིད་ཀྱི་དྲིན་ཅན་ཡིན་པར་འདོད་ཅིང༌། གོ་སྐབས་ཤིག་ཡོད་ཆེ་དྲིན་ལན་ངེས་པར་དུ་འཇལ་དགོས་སྙམ་བཞིན་ཡོད་ཙ་ན།
ཁོ་མོ་གློ་བུར་དུ་འདི་ལྟར་སླེབས་ཤིང༌། དོན་དག་ཀྱང་རང་ཉིད་ཀྱིས་སྒྲུབ་སླ་བ་ཞིག་ཡིན་པས་དེ་མ་ཐག་བྲང་ཁ་ལག་པས་
རྡུང་བཞིན་ཁས་བླངས། ཡིན་ན་ཡང༌། གནས་ཚུལ་དེ་ནི་ཁྱིམ་འདི་ཟང་ཟིང་ལང་ལོང་དུ་གཏོང་བའི་མེ་རྟར་གྱུར་ཏེ་བུ་མོ་ཚེ་
སྒྲོན་གྱིས་ངོ་རྒོལ་བྱས་པའི་ཁར། ཆུང་མ་རི་མོས་ཀྱང་རྒྱབ་རྩ་མནན་ཏེ། སློབ་འབྲིང་དུ་ཞུགས་མ་ཐག་པའི་བུ་བཀྲ་གོ་དང་ཁོ་
གཉིས་ནི་ཁེར་རྐྱང་དུ་གྱུར། དེར་བརྟེན་རང་ཉིད་ཀྱིས་ཚེ་འདིར་ཆུང་མ་རི་མོར་ཆེས་ཐོག་མར་གཞུ་འདོད་མེད་པའི་འགྲམ་
ལྕག་ཅིག་གཞུས་པར་མ་ཟད། བུ་མོ་ཚེ་སྒྲོན་གྱི་ཅོ་ཏོ་ནས་བཟུང་སྟེ་སྒོ་ཕྱིར་དྲུད་པའང་བགྲང་གིས་མི་ལང༌། ཚེ་སྒྲོན་གྱིས་
མནར་སྡུག་དེ་མ་ཐེག་པ་ལོས་ཡིན། སྔར་ནས་འདྲིས་པའི་ཕོ་གསར་རབ་རྒྱས་ཀྱིས་བསུས་པ་ལྟར་ཁོ་ཚང་ལ་བྲོས་སོང་བ་
དང༌། དཔོན་ཚང་གིས་ཀྱང་བར་བ་ཐེངས་འགར་མངགས་འོངས་མོད། རྒྱལ་སྒོའི་མ་ཐེམ་ལའང་སྤོ་རུ་མ་བཅུག་པར་ཕྱིར་
བདས་པའི་ཁར། ཕྱི་ལོའི་ལོ་གསར་སྐབས་སུ་བཟའ་ཟླ་གཉིས་ཀ་བུ་མོའི་ཡུལ་དུ་སླེབས་དུས་ཀྱང་ཁ་ཡ་བྱེད་རྒྱུ་ལྟ་ཅི་གཅར་
རྡུང་བྱས་ཏེ་མི་ཚེ་ལ་གཏམ་ཚེ་བཞག་རེབ་དེར་ཁོས་ད་དུང་ཚེ་སྒྲོན་ལ་རང་ཁྱིམ་ཟེར་ནས་ཡོང་ས་དང༌། ཨ་ཕ་ཟེར་ནས་
འབོད་རྒྱུ་མེད་ཚུལ་གྱི་མནའ་ཚིག་ཀྱང་བསྒགས་མྱོང་ལ། ཚེ་སྒྲོན་ཡང་རང་ཉིད་དང་འདྲ་བའི་ཨུ་ཚུགས་ཅན་ཞིག་ཡིན་པས།
རྫོང་མཁར་སོགས་སུ་ཨ་མར་ཐུག་ཐབས་རེ་བྱེད་པ་ལས། རང་ཁྱིམ་དུ་ཐེངས་གཅིག་ལའང་ཡོང་མ་མྱོང་ཞིང༌། བདེ་སྡུག་གི་
གནས་ཚུལ་ཡང་གོ་དཀའ། ལྷག་པར་ཆུང་མ་རི་མོས་གཉིད་གུང་ནས་བུ་མོའི་བིང་ནས་འབོད་ཐེངས་རེར། རང་ཉིད་ཀྱི་སྙིང་
ལ་ཁབ་ཀྱིས་གཙགས་པ་ལྟར་བཟོད་བསྲན་བྱེད་དཀའ་ན་ཡང༌། མིས་མི་ཟ་བ་མནའ་དང་ཁྱིས་མི་ཟ་བ་ལྕགས་ཟེར་བའི་དཔེ་
བཞིན་རང་ཉིད་ཀྱི་ལ་རྒྱ་བཟུང་ནས་ལོ་ཟླའི༌། ཕྲེང་བ་རིམ་གྱིས་བསྐྱལ། སྙིང་རྗེ་བ་ཞིག་ལ་ཆུང་མ་རི་མོ་ཉིན་རེ་ལས་ཉིན་
རེར་ཇེ་རིད་དུ་གྱུར་ཏེ་སྔ་ཕྱི་ལོ་ངོ་གཉིས་ཙམ་ཡང་མ་འགོར་བར་བློ་ཡུལ་ལས་འགོངས་པའི་དོན་རྐྱེན་དེ་བྱུང་སོང༌།
ཉི་མ་དེ་ནི་སྡེ་བའི་སྙུང་གནས་ཡིན་པས། དད་ལྡན་མང་པོ་ཞིག་ནམ་མ་ལངས་གོང་ནས་གསར་དུ་བཞེངས་མ་ཐག་པའི་
མ་ཎི་ཁང་དུ་སོང༌། ཆུང་མ་རི་མོ་ནི་ཁོ་རང་ཉིད་དང་བསྡུར་ཚེ་མཆོག་གསུམ་ལ་ལྡབ་འགྱུར་གྱི་དད་པ་ཡོད་མཁན་ཞིག་ཡིན་
པས། ཁོས་ཇི་ལྟར་བཀག་ཀྱང་མ་ཁོགས་པར་མ་ཎི་ཁང་དུ་སོང༌། ཕྱི་ཉིན་སྔ་མོ། སྡེ་བའི་བྱིས་པ་ཞིག་བརྒྱུགས་ཡོང་སྟེ་ཨ་མ་རི་
མོས་སྙུང་གནས་མ་ཐུབ་པར་ཐང་ལ་འགྱེལ་སོང་ཟེར། གཏམ་ངན་དེ་ཐོས་མ་ཐག་ཏུ་ཁོ་རང་རྐང་རྗེན་དུ་མ་ཎི་ཁང་ནང་ལ་
བརྒྱུགས་པས། ངོ་ཐུག་ཐུབ་པ་ཙམ་བྱུང་མོད། ཁ་ནས་བར་མེད་དུ་བུ་མོ་ཚེ་སྒྲོན་གྱི་མིང་ཟློ་བར་བྱེད་པས་ཁོ་མོར་གདུང་
སེམས་ཚད་མེད་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོངས། ད་ནི་སྐྱོབ་པའི་རེ་བ་བྲལ་བས་རྒན་པོ་འགའ་རེས་རྣམ་ཤེས་
འཚོལ་འདོད་ན་དབུགས་ཀྱི་རྒྱུ་བ་ཆད་སྐབས་ལུས་སྟེང་དུ་རྟགས་རྒྱག་དགོས་ཟེར་བའི་ངག་སྒྲོས་ལྟར་ཕྱི་སྲོག་ཆད་མ་ཐག་
པའི་བེམ་པོའི་སྟེང་དུ་སོལ་ནག་གི་མཛུབ་མཐིལ་ཞིག་བརྒྱབ་རྗེས། གཟའ་སྐར་བཟང་པོ་ཞིག་ལ་དུར་ཁྲོད་དུ་བསྐྱལ་བར་མ་
ཟད། རང་གི་ནུས་ཚོད་ཀྱིས་འདས་མཆོད་རྒྱ་ཆེན་པོ་ཞིག་བྱེད་མགོ་བརྩམས།
སྐབས་དེར་བུ་མོ་ཚེ་སྒྲོན་བཟའ་མི་གཉིས་ཀ་ནང་ལོགས་སུ་ཚོང་ལ་སོང་བས། འདས་མཆོད་ཀྱི་བྱ་བ་ཡོད་ཚད་སློབ་གྲྭར་
འགྲིམ་བཞིན་པའི་བུ་བཀྲ་གོ་དང་ཁོ་གཉིས་ཀྱི་སྟེང་དུ་ལྷུང༌། ཨ་ཁུ་དགེ་བོར་མཚོན་ན་ཆུང་མ་གློ་བུར་དུ་འདས་པའི་སྐྱོ་
གདུང་དང༌། ལུས་སེམས་ཚེགས་པའི་ངལ་དུབ་ཀྱིས་སྔར་ལས་ལྡབ་འགྱུར་གྱིས་ཇེ་སྐམ་ལ་སོང་སྟེ། ཐོད་པའི་གཉེར་མའང་གློ་
བུར་དུ་ཇེ་མང་ལ་སོང་འདྲའི་སྣང་བ་ཞིག་སྟེར་བས། སྡེ་བའི་རྒན་གཞོན་ཚང་མའི་ཁྲོད་དུ་ཁོ་རང་སྙིང་རྗེ་མི་ཟེར་མཁན་
གཅིག་ཀྱང་མེད།
བུ་བཀྲ་གོ་སློབ་གྲྭར་སོང་བ་དང༌། ཁོ་རང་གཅིག་པུ་ཁྱིམ་དུ་སྡོད་པའི་ཉིན་དེ་དག་ལ། རང་གི་ཡོད་ཚད་ཤོར་བའི་སྣང་
བ་ཞིག་དབང་མེད་དུ་སྐྱེས་ཤིང༌། ཁྱིམ་ཆས་གང་ལ་བལྟས་ཀྱང་བླ་གསང་མའི་གཟུགས་བརྙན་ཡིད་ལ་ཝ་ལེར་ཤར་འོངས།
ཁོ་མོ་ལྷ་སའི་ཇོ་བོ་རིན་པོ་ཆེར་མཇལ་འདོད་ཀྱི་རེ་བ་མང་དུ་གླེང་ཡང་རེ་བ་སྐོང་མ་ནུས་པའི་ཚུལ་རྣམས་དྲན་པས་ཡིད་
ཤིན་ཏུ་གདུང་བཞིན་སྒོ་ཟོག་ཕྱེད་ཀ་བཙོང་སྟེ། ཇོ་བོ་རིན་པོ་ཆེའི་མདུན་དུ་བསྔོ་སྨོན་སྐྱབས་འཇུག་ཞུ་རུ་ལིན་ཅིང་ཇོ་བོའི་
མདུན་ནས་རྣམ་ཤེས་ཟེར་བ་ཞིག་ཡོད་ན་རང་གི་གཉེན་ཚན་ཞིག་ཏུ་སྐྱེ་བའི་སྨོན་ལམ་ཡང་ལན་མང་བཏབ། ཁོ་རང་ཕྱིར་
རང་ཡུལ་དུ་ལོག་རྗེས་བུ་མོ་ཚེ་སྒྲོན་ལ་མངལ་སྦྲུམ་འདུག་ཟེར་བའི་གཏམ་ཡན་ཞིག་རྣ་ལམ་དུ་འཁོར་འོངས་ལེ། དུས་
མཚུངས་སུ་ལོ་ལོན་མང་པོ་ཞིག་གིས་ཨ་ཡེ་རི་མོའི་རྣམ་ཤེས་ཡིན་རྒྱུ་རེད་ཟེར་བའི་ཚོད་དཔག་ཀྱང་བྱེད་ཀྱིན་འདུག ཟླ་
དགུའི་རྗེས་སུ་ཚེ་སྒྲོན་ལ་བུ་ཞིག་སྐྱེས་པ་ཐོས་རྗེས་བུ་ཆུང་དེ་མྱུར་དུ་ནར་སོན་ནས་སྐད་ཆ་ཞིག་ཨེ་བཤད་ཀྱི་རེ་བ་བྱས།
མིག་རྡེབ་དབང་ཙམ་གྱི་ཡུན་ལ་ལོ་ཡི་འཁོར་མོ་གསུམ་བཞི་ཙམ་ཕར་འདས་ཤིང༌། ཚེ་སྒྲོན་གྱི་བུ་ཆུང་ནོར་བཟང་ཡང་
ཆེར་སྐྱེས་ཏེ་སྐད་ཆ་བཤད་ཤེས་པ་ནས་བཟུང༌། “ང་ཨ་མ་རི་མོ་ཡིན”ཟེར་ཞིང་ད་དུང་གྲེ་བའི་མཚམས་ན་མཛུབ་ཐེལ་
མནན་འདྲའི་རྟགས་ནག་པོ་ཞིག་ཀྱང་ཡོད་པས་ཚང་མས་བུ་དེ་བླ་གསང་མའི་རྣམ་ཤེས་འཕྲུལ་མེད་རེད་ཟེར་བ་ཐོས་པས།
ཁོ་རང་ཉིན་དཀར་འདུག་མི་བཟོད་པ་དང་དགོང་མོ་གཉིད་མི་ཁུགས་པར་གྱུར། ཁོའི་སེམས་སུ་ཨ་ཕས་དང་ཐོག་བསྟན་
པའི་སྒོར་བཅུག་པ་ནི་ཕྱི་མ་བདེ་བའི་ཆེད་དུ་ཡིན་ལ། ཆུང་མ་རི་མོས་མཆོག་གསུམ་སྙིང་ལ་སྒོམ་པའི་བྱིན་རླབས་ཀྱིས་གར་
འགྲོ་གར་སྐྱེས་ལ་རང་དབང་འདུག་པ་འདི་མ་ཡིན་ནམ། ཆོས་ལུགས་བཅོས་བསྒྱུར་བྱེད་སྐབས་གྲྭ་བཙུན་མང་པོ་ཞིག་
དགོན་པ་དང་མ་བྲལ་བར་ཨུ་ཚུགས་བྱས་ཀྱང༌། རང་ཉིད་ལ་ཆ་མཚོན་ན་འདོད་ཐོག་ཏུ་རྟ་རྒྱུགས་པ་ཡིན་པས། མར་ལོག་
བྱེད་མཁན་གྱི་ཨང་དང་པོ་བླངས་པར་མ་ཟད། ལྷ་རྟེན་ཆོས་གསུམ་ཡང་བཅོམ་མྱོང་སྟེ། སྐབས་དེར་བླ་གསང་མས་རྒྱུ་འབྲས་
མེད་པའི་བྱ་བ་དེ་འདྲ་ལས་མི་རུང་བའི་གནས་ལུགས་ཡང་ཡང་བཤད་ཀྱང་རང་ཉིད་ཀྱིས་དེ་ལ་སྣང་དོཊ་ཙམ་ཡང་མ་བྱས་
པའི་ཁར། ལབ་རྒྱུ་མང་ན་ཁྱོད་ཀྱིས་ལྐོག་ནས་ཁ་ཏོན་འདོན་པ་དང་ཚ་གསུར་འབུལ་བའི་གནས་ཚུལ་རྣམས་ཀྱང་ཡར་ཞུ་
བྱེད་རྒྱུ་ཡིན་ཞེས་སྐྲག་བསླངས་དུས། ཁོ་མོ་འཇིགས་ཤིང་སྐྲག་སྟེ་རང་ཉིད་ཀྱི་སྒྱིད་པར་འཐམས་ནས་ཞུ་བ་བྱས་པའི་དུས་
སྐབས་ཀྱང་ཡོད། ད་ལྟ་བསམས་ན་ཇི་འདྲའི་བླུན་རྟགས་ཁ་ཚ་བོ་ཞིག་རེད་ཨང༌།
鉊ཨ་ཞང༌། ད་ནང་ལ་འགྲོ་ཨེ། ཉི་མ་ནུབ་ལ་ཉེ་བས། འདིར་འཁྱག་རྒྱུ་རེད། ”
མག་པ་རབ་རྒྱས་ཀྱིས་གདན་འདྲེན་ཞུ་བའི་ཚིག“དེས་ཁོ་རང་དྲན་པའི་ཀློང་ནས་ཕྱིར་དྲངས་ཏེ“ཡ་ཡ་ཡ”ཟེར་
བཞིན་ཡར་ལངས་རྗེས“དགུན་ཁའི་ཉི་མ་འདི་ཇི་འདྲའི་ཐུང་བ་ལ”ཞེས་བཤད་བཞིན་ཚ་བོ་པང་ནས་ཁྱིམ་དུ་འཛུལ།
ཉིན་དེ་དག་གི་རིང་ལ་བུ་མོ་ཚེ་སྒྲོན་རྫོང་མཁར་དུ་ཚན་རྩལ་སྦྱོང་བརྡར་འཛིན་གྲྭར་སོང་བས། ཁྱིམ་འདིར་མག་པ་རབ་རྒྱས་
ཕ་བུ་གཉིས་ལས་སུ་ཡང་མི་འདུག དགུང་ཇ་འཐུང་སྐབས། ཚ་བོ་ནོར་བཟང་ལ་གློ་བུར་དུ་ཚ་བརྒྱབ་ནས་ཟས་ཁམ་གང་
ཡང་མི་ཟ་བར་མ་ཟད། ཚ་འཕྲུལ་གྱི་གཏམ་ཡང་མང་དུ་བཤད་པས་མག་པ་རབ་རྒྱས་ནི་འདུག་བཟོད་མེད་པར་གྱུར་ཏེ།
“མྱུར་ཏུ་སྨན་ཁང་ལ་འཁྱེར་དགོས་རྒྱུ་རེད”ཟེར།
“ཁྱོད་ཀྱིས་དེ་སྔོན་ངས་བྱིན་པའི་ཀ་ར་དེ་དག་མེ་མགོར་ཨེ་གཡུགས། ”
ཨ་ཁུ་དགེ་བོས་མག་པ་རབ་རྒྱས་ལ་གཟབ་ནན་གྱི་སྒོ་ནས་དེ་ལྟར་དྲིས།
“མ་གཡུགས། ”
“ངས་ནམ་རྒྱུན་ཁྱོད་གཉིས་ལ་གསལ་འདེབས་བྱས་པ་མིན་ནམ། ”
“ན་ཚ་འདི་དོན་དག་དེ་དང་འབྲེལ་བ་ཡོད་པ་ཨེ་རེད། ”
“རེད་ཡ། ”
“ད་ཇི་ལྟར་བྱས་ན་ལེགས། ”
“ཨ་ཁུ་སྨན་པ་ཨེ་ཡོད། ”
“ཨ་ཁུ་སྨན་པ་ཟླ་སྔོན་མའི་ནང་དུ་འབྲོག་ཕྱོགས་སུ་སོང་ནས་ད་རུང་ཕྱིར་སླེབས་མེད། ”
“ཡ། ད་ནི་ཐལ་བཀྲུས་བྱེད་པ་ལས་ཐབས་མི་འདུག”ཨ་ཁུ་དགེ་བོས་དེ་སྐད་སྨྲ་བཞིན་བསམ་བློ་ཞིག་བཏང་རྗེས
“ཁྱོད་ཀྱིས་པུ་ཙེ་བྲེ་གང་དང་དཀར་ཡོལ་སྟོང་བ་གཅིག གྲི་གཅིག་ཐལ་བ་ལྕགས་གཞོང་གང༌། ད་དུང་ལག་ཕྱིས་སོ་མ་
གཅིག་བཅས་ཁྱེར་ཤོག”ཟེར།
དུས་ཚོད་སྐར་ཆ་ལྔ་དྲུག་ཙམ་ཡང་མ་འགོར་བར་མག་པ་རབ་རྒྱས་ཀྱིས་རྫས་དེ་དག་གྲ་སྒྲིག་བྱས་པར་མ་ཟད། སྙིང་རྗེ་
རྗེའི་ངང་ནས་ནོར་བཟང་པང་དུ་བཟུང་ནས་ཨ་ཞང་གི་འཕྲུལ་རྩལ་འདིས་ཕན་ཞིག་ཨེ་ཐོགས་ཀྱི་རེ་བ་བྱེད་ཀྱིན་འདུག། ཨ་
ཁུ་དགེ་བོས་ཆུང་མ་བླ་གསང་མའི་སྲུང་འཁོར་དེ་ནོར་བཟང་གི་སྐེ་ལ་བཏགས་རྗེས། དལ་བྲེལ་མེད་པར་བྲེ་ཆུང་ལས་པུ་ཙེ་
བཅུས་ཏེ་དཀར་ཡོལ་དུ་ཕྱུར་བུར་སྤུངས་ཤིང༌། དེ་ནས་གྲི་ཆུང་གིས་ཁ་མཉམ་ཞིག་བཅད་ནས་ལྕགས་གཞོང་ནང་གི་ཐལ་
བའི་སྟེང་དུ་ཕོ་བར་པྱེད་པའི་དུས་མཚུངས་སུ། ཁ་ནས“ནད་བགེགས་བར་ཆད་ཡོད་ཚད་མཐར་སྐྲོད་ཅིག”ཅེས་
བརྗོད་ཅིང༌། ལག་ཕྱིས་ཀྱིས་དཀར་ཡོལ་ཁ་བཅད་ནས་ལྟག་ཞབས་ནས་སྤར་མོས་དམ་པོར་བསྡམས་ཤིང༌། སླར་ཡང་མར་
བསྐོར་ནས་ནོར་བཟང་གི་མགོ་ལ་ལན་གསུམ་གཡུགས་རྗེས། ཅུང་ཙམ་མར་བབས་པའི་དཀར་ཡོལ་ཁར་པུ་ཙེ་སླར་ཡང་
བསྣན་ཞིང་སྔར་གྱི་ཆོ་ག་དག་ཡང་བསྐྱར་ལན་མང་བྱས། དེ་ལྟར་པུ་ཙེ་རིམ་གྱིས་ཆགས་ནས་དཀར་ཡོལ་ཁ་དང་མཉམ་པ་
བྱུང་ཚེ། ཚ་བོ་ནོར་བཟང་གི་རྐང་རྗེས་གཞི་ནས་ཐལ་གཞོང་ནང་དུ་གསལ་ཐག་ཆོད་པ་ཞིག་དཔར།
སྐབས་དེར། ནོར་བཟང་གི་ངོ་མདངས་རིམ་བཞིན་རྒྱུན་ལྡན་དུ་གྱུར་ཅིང༌། སྡུར་བ་ཡང་མོ་ཞིག་ཀྱང་འཐེན་བཞིན་རྨི་
ལམ་གྱི་ཞིང་ཁམས་འགྲིམས་པས། མག་པ་རབ་རྒྱས་ཀྱི་སྡུག་གཉེལ་དེའང་ཡུན་གྱིས་འཛུམ་བག་ཏུ་གྱུར་ནས་རང་དབང་
མེད་པར་དབུགས་རིང་ནར་ནར་བ་ཞིག་འཐེན།
ཨ་ཁུ་དགེ་བོས་ལྕགས་གཞོང་ནང་གི་ཐལ་བ་དེ་སྟོན་བཞིན་དུ“འདི། མྱུར་མོར་སོང་ལ་སྒོའི་ཕྱི་རོལ་ཏུ་ཕོས་ཤིག”
ཟེར།
“ལགས་སོ། ”
རབ་རྒྱས་ཀྱིས་རྐང་མྱུར་ལག་མྱུར་གྱིས་ཐལ་བ་དང་པུ་ཙེ་འདྲེས་མ་སྤུངས་པའི་ལྕགས་གཞོང་དེ་བཟུང་ནས་སྒོའི་ཕྱི་རོལ་
ཏུ་བརྒྱུགས་སོང༌། གསུམ།
ཉིན་འདི་དག་གི་རིང་ལ། ཨ་ཁུ་དགེ་བོ་ནི་སྡེ་བའི་ལོ་ལོན་ཀུན་ལས་མ་ཎི་ཁང་ལ་སྐོར་བ་རྒྱག་པ་དང་ཕྱག་འཚལ་བའི་
གྲས་ཀྱི་གྲངས་ཀ་ཆེས་ཉུང་བ་ལས་ཆེས་མང་བའི་གྲས་སུ་འཕར་ཏེ་དད་ལྡན་མང་པོའི་མིག་དཔེར་འཇོག་ས་དང་ཡིད་སྨོན་
བྱེད་སར་གྱུར། དེ་བས། ཁོས་ཀྱང་སྔོན་ཆད་འཕྲོ་བརླག་ཏུ་སོང་བའི་དུས་ཚོད་རྣམས་ཁ་གསབ་བྱེད་ཆེད་དགོང་མོ་ནམ་གུང་
བར་དུ་འདུག་པར་མ་ཟད། ནངས་དུས་ཀྱང་སྐྱ་མདའ་མ་བཏང་སྔོན་ནས་ཡར་ལངས་ཏེ་ཁ་ཏོན་འདོན། ཁོའི་ཁ་ཏོན་དེ་
མིག་བཙུམས་ནས་གཉིད་པའི་དུས་སྐབས་མ་གཏོགས་གཙང་ཆབ་སྔོན་མོའི་རྒྱུན་ལྟར་འཆད་རྒྱུ་མི་འདུག་པས། རང་སེམས་
ལ་གཤོག་པ་ཐོགས་ནས་བྱུང་འདས་ཀྱི་མཁའ་དབྱིངས་སུ་འཕུར་ན་ཡང༌། ཁོའི་ཁ་ཏོན་གྱི་རྒྱུན་ལ་གནོད་པ་བྱེད་མི་སྲིད།
དེ་རིང་ཡང་ཁོ་རང་ནམ་རྒྱུན་དང་འདྲ་བར་སྡེ་བའི་ལོ་ལོན་རྣམས་ལས་སྔ་མ་གསུམ་གྱི་སྔོན་མ་བྱས་ནས་སྡེ་བའི་མ་ཎི་
ཁང་དུ་སོང་བ་དང༌། ཕྱག་སྟོང་ཕྲག་གཅིག་པོ་འཚལ་རྗེས། སྐོར་བ་བརྒྱ་ཕྲག་ཙམ་བྱས་ནས་ཕྱིར་རང་ཁྱིམ་དུ་སླེབས། དྲོས་
ཇ་འཐུངས་རྗེས། ཁོ་རང་གཡུལ་སྒོའི་ཟུར་གྱི་སྡོང་འོག་ཏུ་འཛུལ་ནས་ཁ་ཏོན་འདོན་མགོ་བརྩམས། ཐོག་མར་ཁོའི་སྐད་
གསང་ཤིན་ཏུ་མཐོ་ན་ཡང༌། རིམ་བཞིན་མར་བབས་པ་དང་སྔོན་ཆད་ཀྱི་འཆར་བཀོད་སྣ་ཚོགས་སེམས་ཁོང་གི་མེ་ལོང་དུ་
ཡང་ཡང་ཤར་འོངས།
ཆུང་མ་རི་མོ་འཇིག་རྟེན་འདི་དང་གཏན་དུ་བྲལ་ནས་རང་ཉིད་ཁེར་རྐྱང་དང་སྐྱོ་གདུང་གི་རྒྱ་མཚོའི་ཀློང་དུ་བྱིངས་
པའི་ཉིན་དེ་དག་གི་རིང་ལ། ཁོའི་སེམས་སུ་ཕྱིའི་སྒོ་ཟོག་མཐའ་དག་བཙོང་ནས་ཁོ་མོར་འདས་མཆོད་རྒྱ་ཆེན་པོ་ཞིག་ངེས་
པར་བྱེད་དགོས་པ་དང༌། དེའི་རྗེས་སུ་ལོ་ངོ་གསུམ་བཞི་ཙམ་ལ་བསྒུགས་ཚེ། བུ་བཀྲ་གོའང་སློབ་གྲྭ་ཆེན་མོ་ནས་ཐོན་པར་
ངེས་ལ། སྐབས་དེར་ཁང་ཁྱིམ་ཡོད་ཚད་བཙོང་སྟེ་ཁོ་རང་གང་དུ་བགོས་པའི་གྲོང་ཁྱེར་དེར་གཞི་སྡོད་བྱེད་དུ་འགྲོ་ཆོག་
སྙམ། ལྷ་ས་ནས་ཕྱིར་ཡོང་ཁར་ད་དུང་རང་ཁྱིམ་གྱི་མ་འོངས་པའི་མནའ་མར་ལྷ་སའི་ཆུ་ཕྲུག་ཅིག་ཀྱང་ཉོས་ཡོང་མོད། ད་
ལྟ་བསམ་བློ་རེ་བཏང་ཚེ་འཇིག་རྟེན་ཟང་ཟིང་གི་བྱ་བ་ལ་སྙིང་བོ་ཏིལ་འབྲུ་ཙམ་ཡང་མི་འདུག་སྟེ། མི་ཞིག་ལ་ཆ་མཚོན་ན་
སྐྱེ་བ་འདིའི་མཐའ་ནི་ཕྱི་མར་ཐུག་ཡོད་པ་ནོར་བཟང་གི་ངག་སྒྲོས་ལས་བདེན་དཔང་བྱས་འདུག་པ་མ་ཡིན་ནམ། ཡང་
གཅིག་བཤད་ན། སྐྱེ་བ་ཕྱི་མའི་བདེ་སྡུག་ཡོད་ཚད་ནི་སྐྱེ་བ་འདི་ལ་རག་ལས(ད་ལྟའི་ནོར་བཟང་འདི་ལྟར་སྐྱིད་པ་ཆུང་མ་རི་
མོས་ཚོགས་བསགས་དགེ་སྦྱོར་སྣ་ཚོགས་བྱས་པའི་འབྲས་བུ་ཡིན་པར་འདོད)པས་རང་སེམས་འདི་ད་ལྟའི་བར་དུ་འདྲེ་
གདོན་ག་འདྲ་ཞིག་གིས་བསླུས་པ་ཡིན་ནམ་སྙམ་བཞིན་སྔོན་ཆད་རང་ཉིད་ཀྱིས་ཆོས་མགོ་མ་འཁྱོངས་པ་དང༌། བླ་མ་དམ་
པར་དགག་པ་བརྒྱབ་སྟེ་མནར་གཅོད་བཏང་བའི་ཚུལ་ལ་ནོངས་འགྱོད་དྲག་ཏུ་སྐྱེས་ནས་བརྒྱབ་ལ་ཁད་ཙམ་བྱས། ནོངས་
འགྱོད་དེས་རང་ཉིད་དགོན་པར་བསྐྱལ་བའི་ཕ་མ་གཉིས་ཀ་དྲན་གསོ་རུ་བཅུག་སྟེ་བུ་བཀྲ་པོ་ཆོས་སྒོར་མ་བཅུག་པའང་
རང་གི་ནོར་འཁྲུལ་ཆེས་ཆེ་བ་ཞིག་རེད་སྙམ་པར་མ་ཟད། རང་ཉིད་ཆུང་དུས་ནས་རབ་ཏུ་བྱུང་སའི་ལྷ་ལྡན་དགོན་པའང་
དྲན་འཛིན་གྱི་མེ་ལོང་དུ་ཤར། སྤྱིར་ཡིན་ན་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་མ་ཐག ཁོ་རང་
ཡང་ཆོས་གྲོགས་ཕལ་མོ་ཆེ་དང་ཆ་འདྲ་བར་ཡར་ལོག་(3)བྱས་ན་འགྲིག་མོད། དེ་དུས་གནས་ལུགས་འདི་མ་ཤེས་པས་ཡར་
ལོག་བྱེད་མ་འདོད། ད་ལྟ་ཡར་ལོག་བྱེད་སྙམ་ཡང་མི་རྣམས་ཀྱིས“བསྟན་བཤིག་གན་ལ་ལྟོས་དང”ཞེས་འཕྱ་སྨོད་དང་
ཟུར་ཟ་བྱས་མི་ཡོང་ངམ་སྙམ།
ཨ་ཁུ་དགེ་བོས་མ་ཎི་འདོན་བཞིན་དེ་ལྟར་སྔ་འདང་དང་ཕྱི་འདང་མང་དུ་བརྒྱབ་ན་ཡང་དོན་དག་གང་ཞིག་གདམ་
གསེས་བྱེད་རྒྱུ་ནི་ཤིན་ཏུ་དཀའ་བར་གྱུར། སྐབས་དིར། ཁོའི་སེམས་སུ་ཨ་ཁུའི་ནམ་རྒྱུན་བསླབ་བྱ་གཏོང་བྱེད་ཀྱི་གཏམ་དཔེ་
སྟེ“ཁབ་རྩེ་གཉིས་ཀྱིས་འཚེམ་མི་ནུས། བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ”ཟེར་བ་དེ་དྲན་པས། ད་ནི་གཏམ་མི་ཁ་འདྲ་
འཁོར་ན་ཡང་འཁོར། རང་ཉིད་ལ་མཚོན་ན་དམ་པའི་ལྷ་ཆོས་བསྒྲུབ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་
པར་མ་ཟད། བུ་བཀྲ་གོ་འདིའང་སློབ་གྲྭར་བཅུག་པ་དེ་རྩ་བ་ནས་འཆུགས་འདུག ད་ལྟའི་དུས་འདིར་ཁོའི་སྣང་བ་དགུང་
དུ་ཡོད་ན་ཡང༌། རྒ་བའི་ཁུར་གྱིས་མནན་འོངས་ཚེ་རང་ཉིད་དང་ཆ་འདྲ་བར་ཆོས་མགོ་མ་འཁྱོངས་པར་བློ་འགྱོད་གཏིང་
ནས་སྐྱེ་ངེས་པ་ཁོ་ཐག་ཡིན། དེ་དུས་རང་ཉིད་ལ་ལེ་བདའ་བྱས་ཚེ་ཇེ་ལྟར་བྱ། ཚུལ་དེ་བསམས་སྐབས་རང་ཉིད་ཀྱི་ཚེ་མཇུག་
གི་རྐང་སྟེགས་འཆའ་ས་ནི་ཚེ་སྟོད་ལ་རབ་བྱུང་སྐྲུབ་སའི་ལྷ་ལྡན་དགོན་པ་ལས་གྲོར་ཁྱེར་ཡིན་ན་རྩ་བ་ནས་འགྲིག་རྒྱུ་མ་
རེད་སྙམ།
ཁོས་དེ་ལྟར་སེམས་ཐག་བཅད་རྗེས། དེ་སྔོན་ཆེས་དམའ་བའི་འདོན་སྐད་དེའང་གློ་བུར་དུ་ཇེ་མཐོར་སོང༌།
“ཅག་ཅག ཅག་ཅག་ཅག”
མཚམས་ཤིག་ལ་སྐྱ་ཀ་ཁྲ་མོ་ཞིག་རྒྱང་རིང་ནས་འཕུར་འོངས་ཏེ་ཁོ་ཚང་གི་དར་ཤིང་རྩེར་བབས་ནས་གྲག་པས། ཨ་ཁུ་
དགེ་བོའི་གདོང་ལ་དེ་མ་ཐག་སྔ་ན་མེད་པའི་འཛུམ་མདངས་ཤིག་རྒྱས་པ་དང༌། སེམས་ལ་དྲོས་ཇ་འཐུངས་དུས་དཀར་ཡོལ་
ནང་གི་ཇ་སྡོང་ལངས་ཚུལ་ལ་བརྟགས་ན་ཡང་མགྲོན་པོ་ཞིག་ཡོང་རྒྱུ་ཡིན་པ་ཐག་གིས་ཆོད་སྙམ་ཞིང༌། མགྲོན་པོ་དེ་ནི་ཆ་
མེད་ཅིག་མ་ཡིན་པར་རང་གི་བུ་མོ་ཚེ་སྒྲོན་དང་ཚ་བོ་ནོར་བཟང་གཉིས་ཀ་ཡིན་ན་ཅི་མ་རུང་སྙམ་བཞིན་ཡར་ལངས་ཏེ་སྡེ་
འདབས་ཀྱི་རྐང་ལམ་ཕྲ་མོའི་གཞི་ནས་མི་ཞིག་ཨེ་ཡོང་གི་རེ་བ་བྱས།
དུས་ཚོད་ཕྱེད་ཙམ་ཡང་མ་འགོར་བར་སྦག་སྦག་འཁོར་ལོར་ཞོན་མཁན་ཞིག་ཐད་ཀར་ཁོ་ཚང་གི་སྒོ་ལམ་དུ་སླེབས་ཤིང་
འཕོངས་ལ་ད་དུང་བྱིས་པ་ཞིག་ཀྱང་ཞོན་འདུག
“ཨ་ཕ། ཁྱོད་ཀྱིས་སུ་ཞིག་ལ་ལྟ་བཞིན་ཡོད། ”
བུ་མོ་ཚེ་སྒྲོན་གྱིས་ལྕགས་ཞྭ་དམར་པོ་མདུན་ངོས་ཤེལ་གྱིས་བཅད་པ་དེ་ཕུད་ཞོར་དུ་ཡ་ཐོད་ལག་པས་འགེབས་བཞིན་
རང་ཉིད་ལ་ཞིབ་ལྟ་བྱེད་པའི་ཨ་ཕ་ལ་དེ་སྐད་དྲིས་བྱུང༌།
ཨ་ཁུ་དགེ་བོས“ཨ་ཙི། ཁྱོད་གཉིས་ཀ་ཡིན་ནམ།‘སྐྱ་ཀ་ཁྲ་མོ་གླིང་གི་བྱ’ཟེར་བ་དེ་ངོ་མ་རེད། བརྡ་རྒྱག་ཐེངས་
རེ་རེར་ནོར་བ་གཅིག་མི་འདུག”ཟེར་བཞིན་ཚུར་ཡོང་སྟེ་ཚ་བོ་ནོར་བཟང་སྦག་སྦག་འཁོར་ལོའི་འཕོངས་ནས་བླངས་
རྗེས“ངའི་ནོར་བཟང་ལ་ན་བ་འདྲ་མ་བྱུང་ངམ”ཞེས་དྲིས།
“མ་བྱུང༌། ”
བུ་མོ་ཚེ་སྒྲོན་ལ་ལན་འདེབས་དབང་མ་བྱིན་པར་ནོར་བཟང་གིས་དེ་སྐད་ལབ་རྗེས“ཨ་མྱེས། འདི། འདི་ནི་ཨ་མས་
ང་ལ་ཉོས་པའི་རྩེད་ཆས་རེད”ཟེར་བཞིན་ཆུང་ལ་རྒྱུ་སྤུས་ལེགས་པའི་དཀྲུམ་མདའ་ཞིག་བླངས་ནས་མདའ་ཁག་གནོན་
ཙམ་བྱས་ཚེ“ཐག”སྒྲ་རིམ་པ་ཅན་ཞིག་བར་མེད་དུ་གྲགས།
“དངོས་གནས་ཡག་པོ་རེད། ང་ནམ་ཡིན་ཡང་ཁྱོད་ཀྱི་ཨ་མའི་རྗེས་ཆོད་རྒྱུ་མ་རེད། ”
ཨ་ཁུ་དགེ་བོས་དེ་ལྟར་སྨྲ་བཞིན་ཚེ་སྒྲོན་མ་བུ་གཉིས་དང་མཉམ་དུ་ཁྱིམ་ལ་ཕྱིན།
དགོང་ཚ་འཐུངས་རྗེས། ཚ་བོ་ནོར་བཟང་ལ་སྐྲག་ས་ཅི་ཡང་མེད་པས་མཚམས་རེར་ཨ་མར་ཐུབ་ཚོད་བྱེད་པ་དང༌།
ལན་རེར་ཨ་མྱེས་ཀྱི་པང་དུ་ལོག་པར་མ་ཟད། སྐབས་སྐབས་སུ་ཚ་ཐབ་སྟེང་ནས་ཡར་རྒྱུགས་མར་རྒྱུགས་བྱས་པར་བརྟེན།
ད་ལྟ་གཞི་ནས་ཐང་ཆད་པ་འདྲ། ཚེ་སྒྲོན་ལ་ཁེན་ནས་ཅང་མ་འགོར་བར་གཉིད་དུ་ཡུར་སོང༌།
ཨ་ཁུ་དགེ་བོས“སྙིང་རྗེ། རང་ཁྱིམ་དུ་སླེབས་པས་དགའ་སྤྲོ་སྐྱེས་ཚུལ་ལ་ལྟོས་དང”ཟེར། བཞིན་ནོར་བཟང་གི་
མགོར་བྱིལ་བྱིལ་ཙམ་བྱས་རྗེས།
“འདི་རུ་སྙོལ་དང༌། དེ་དགོང་ངས་རུམ” ཟེར།
བུ་མོ་ཚེ་སྒྲོན་གྱིས་ནོར་བཟང་པང་ནས་ཨ་ལའི་ཉལ་སའི་ནང་དུ་བསྙལ་རྗེས་ཡར་ལངས་ནས་“ཁྱོད་ཀྱིས་ཁ་ཏོན་
དགེ་སྦྱོར་ཡང་ཚད་དང་རན་པ་ཞིག་བྱོས། ཐལ་དྲགས་ན་ལུས་ཕུང་ལ་གནོད་པ་ཆེ་བས། ཨ་མའི་རྗེས་སུ་འགྲོ་” “དེ་སྐད་མ་ཟེར། ”
ཨ་ཁུ་དགེ་བོས་བུ་མོ་ཚེ་སྒྲོན་གྱི་ཚིག་མཚམས་བཅད་ཅིང་རང་ཉིད་ཀྱི་གམ་དུ་བོས་ནས། ཚ་བོ་ནོར་བཟང་གི་གཏམ་
ལན་དེ་དག་གོ་བ་ནས་བཟུང་རང་སེམས་ལ་གནམ་ས་ལྟ་བུའི་འགྱུར་ལྡོག་བྱུང་བ་དང༌། མི་ཞིག་གི་སྐྱེ་བ་བླངས་པ་ནས་
བཟུང་ཚེ་འདི་མི་གཙོ་བར་ཕྱི་མ་གཙོ་ལ། ཕྱི་མ་ག་འདྲ་ཞིག་ཏུ་སྐྱེ་རྒྱུ་ནི་རང་གི་སྐྱེ་བ་འདི་ལ་རག་ལས་པ་སྟེ། ཚེ་སྒྲོན་གྱི་ཨ་མ་
དཔེར་དྲངས་ནས་གནས་ལུགས་གང་མང་བཤད་པར་མ་ཟད། ད་དུང་ཁྱིམ་གཞི་འདི་གཞན་ལ་བཙོང་དགོས་ཤིང༌། བཀྲ་
གོའང་ངེས་པར་དུ་སློབ་གྲྭ་ནས་ཕྱིར་འཐེན་བྱས་ནས་རབ་བྱུང་སྒྲུབ་ཏུ་འཇུག་དགོས། དེ་ལྟར་མ་བྱས་ཚེ་རང་ཉིད་ཀྱིས་ཕ་
ཞིག་གི་འོས་འགན་མ་ཐེག་པ་མ་ཡིན་ནམ། བཀྲ་གོ་ཁྲིད་ནས་དགོན་པའི་ནང་དུ་ཞུགས་ཐུབ་ཚེ་རང་ཉིད་ནམ་ཤི་ཡང་འགྱོད་
པ་མེད་ཚུལ་སོགས་སྐད་ཆ་མང་པོ་ཞིག་ལབ་བྱུང༌།
“ཁྱོད་ཀྱིས་འུ་ཚང་གི་ཁྱིམ་ཤུལ་འདི་ལྟར་གཅོད་རྒྱུ་ཡིན་ནམ། ”
བུ་མོ་ཚེ་སྒྲོན་གྱིས་གློ་བུར་དུ་བཏོན་པའི་དྲི་བ་དེས། ཨ་ཁུ་དགེ་བོ་བློང་བློང་བོར་བཏང་ན་ཡང༌། མིག་བཙུམས་ནས་ཡུད་
ཙམ་ལ་བསྡད་རྗེས་鉊ད་གང་ལྟར་ཀྱང༌། ངས་སེམས་ཐག་བཅད་ཟིན鉋ཟེར། ཁྱོད་ཀྱིས་སེམས་ཐག་བཅད་ཟིན་ན་ཡང༌། ང་
རང་ཁྱོད་ཀྱི་བཤད་སྲོལ་ལས་སྲོལ་དེར་གཏན་ནས་མི་འཐད། ཨ་མ་དྲིན་ཅན་མ་དེ་གལ་སྲིད་ཡོད་རྒྱུ་ན་ཁྱོད་ལ་དེ་ལྟར་
གཏན་ནས་སྒྲུབ་ཏུ་མི་་འཇུག་ཁོ་ཐག་ཡིན། ཁྱོད་ཡིན་གཅིག་མིན་གཉིས་ལ་དགོན་པར་འགྲོ་རྒྱུ་ཟེར་ན་ཁྱོད་རང་གིས་ལྟོས།
ནུ་བོ་བཀྲ་གོ་གཏན་ནས་ཁྲིད་མི་ཆོག ཁྱོད་ཀྱིས་ཁོ་རང་བཙན་ཐབས་ཀྱིས་ཁྲིད་ན། ནོར་བཟང་དང་ངེད་གཉིས་ཡ་མི་ཞིག་
གི་ས་ནས་མ་བཞཔོ།་པ་ཡིན”ཞེས་ངུ་སྔངས་བྱེད་བཞིན་ཕྱི་རོལ་ཏུ་སོང༌།
བཞེ།
རྒྱབ་རི་གླང་ཆེན་ཉལ་འདྲའི་མདུན་ངོས་སུ་ཆགས་ཡོད་པའི་ལྷ་ལྡན་དགོན་པ་ནི་སྔོན་ཆད་དང་ཆ་འདྲ་བར་འདུ་ཁང་
སུམ་ཐོག་ཅན་དེའི་མཐའ་འཁོར་ཧྲིལ་པོར་གྲྭ་ཤག་སྐྱ་རིལ་བ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ལས་འགྱུར་ལྡོག་ཆེར་མི་
འདུག ན་ནིང་ནས་བཟུང་གྲྭ་ཤག་གསར་བ་གཅིག་ཁ་སྣོན་བྱས་ཡོད་ལ། དེ་ནི་ཨ་ཁུ་དགེ་བོས་རང་ཁྱིམ་གྱི་ཁང་པ་ཡོད་ཚད་
བཤིགས་ནས་སློབ་གྲྭ་ཆེན་མོར་ཞུགས་མ་ཐག་པའི་བུ་བཀྲ་ཀོར(གྲྭ་མིང་ལ་ཆོས་གྲགས་རྒྱ་མཆོ་ཟེར)ལས་པ་ཡིན་མོད། ལོ་
གཅིག་ཙམ་ཡང་མ་འགོར་བར་ཆོས་གྲགས་རྒྱ་མཚོ་གྲོང་ཆོག་ཁོ་ན་དམིགས་པའི་དགོན་པ་དེ་འདྲ་ཞིག་ཏུ་འདུག་འདོད་མ་
སྐྱེས་པས། ཨ་ཕའི་མཛོད་ཡས་སྒོར་མོ་སྟོང་ཕྲག་ལྔ་ཙམ་ཁྱེར་ནས་ཡུལ་གྲུ་གཞན་དུ་འཁྱམས། ཁོ་རང་གར་སོང་འདིར་སྡོད་
ཀྱི་ཆ་ལ་མི་རྣམས་ཀྱིས་གླེང་ཕྱོགས་མི་འདྲ་སྟེ། གྲྭ་པ་སྐོར་ཞིག་གིས་བླ་བྲང་དགོན་པ་ན་དཔེ་ཆ་བལྟས་འདུག་ཟེར། ཚོང་པ་
འགའ་རེས་ཨ་མདོ་དང་ཁམས་ཕྱོགས། དབུས་གཙང་བཅས་ཀྱི་བར་ན་ཚོང་བྱས་འདུག་ཟེར། གསར་བུ་རྣམས་ཀྱི་གྲས་སུ་ཁོ་
རང་རྒྱ་གར་དུ་བྲོས་སོང་ཞེས་སྒྲོགས་མཁན་ཡང་ཡོད། སྐད་ཆ་དེ་དག་གིས་ཨ་ཁུ་དགེ་བོའི་སྙིང་དམར་པོ་ལུ་གུ་ལྡིང་ལྡིང་
དང༌། ཤ་མཆིན་པ་སྟེང་འོག་བརྗེ་རུ་འཇུག་པས། དེ་སྔོན་རང་ཉིད་ཀྱིས་དགོན་པ་ནས་དམ་པའི་ལྷ་ཆོས་ཡང་དག་པ་ཞིག་
སྒྲུབ་སྙམ་པའང་ལྦུ་དཀར་གྱི་ཕྲེང་བའི་ཟླ་ལ་ཆས་སོང༌། ད་ལྟ་ཁོའི་སེམས་ཁུར་བྱེད་ས་གཙོ་བོ་ནི་ཆོས་གྲགས་རྒྱ་མཚོ་ས་
མཐར་འགྲིམས་ནས་མར་ལོག་བྱས་ཨེ་འགྲོ་སྙམ་པ་དང༌། མུག་ཕྲུག་དེའི་ཆེད་དུ་བུ་མོ་ཚེ་སྒྲོན་དང་འགལ་བ་ཡང་བསྐྱར་བྱུང་
ནས་ཚ་བོ་ནོར་བཟང་གི་འཛུམ་ཞལ་དེ་མཐོང་དཀའ་རྒྱུ་རེད་སྙམ་པ་གཉིས་རེད།
སྐྱ་རེངས་བུ་མོས་སྲིན་པོ་རྫ་རིའི་རྩེ་ནས་དཀར་གསལ་ལེར་སྐྱ་མདའ་བཏང་ཚེ། ཨ་ཁུ་དགེ་བོས་ཁ་ཏོན་བརྒྱ་ཚར་རེ་སྔ་
མོ་ནས་བཏོན་ཚར་བར་མ་ཟད། བསང་གསུར་མཆོད་པའི་ཆོ་ག་སྣ་ཚོགས་ཀྱང་བདེ་བླག་ངང་གྲུབ། མདང་དགོང་ཨ་ཁུ་དགེ་
བོས་ཆོས་གྲགས་རྒྱ་མཚོ་དང་ཚེ་སྒྲོན་མ་བུ་རྣམས་རང་ཤག་ཏུ་འདུ་བ་ཞིག་རྨིས་པར་བརྟེན། དགུང་ཉི་རྩེ་ཐང་ལ་ཕོག་ཏུ་མ་
བཅུག་པར་ཁ་བཏགས་འདོམ་ཚད་མ་ཞིག་ཁྱེར་ནས་མོ་བ་བསྟན་འཛིན་གྱི་གྲྭ་ཤག་ཏུ་སླེབས།
“ཨ་ཁུ། ཁྱོད་ལ་དོན་དག་ཅིག་ཡོད་དམ། ”
མོ་བ་བསྟན་འཛིན་གྱིས་ནམ་རྒྱུན་ཡོང་མི་སྲིད་པའི་ཨ་ཁུ་དགེ་བོས་ནང་སྒོ་ཕྱེ་འོངས་པ་མཐོང་འཕྲལ་ཁ་ཏོན་འདོན་
མཚམས་བཞག་ནས་དེ་ལྟར་དྲིས་བྱུང༌།
“ཁྱོད་ལ་འོ་བརྒྱལ་ཞིག་བཟོ་དགོས། ”
“ཅི་ཞིག་རེད། ”
“མདང་དགོང་ངས་རྨི་ལམ་ཡ་མཚན་ཞིག་རྨིས་སོང༌། དེ་བས། ཁྱོད་ཀྱིས་མོ་ཞིག་འདེབས་རོགས་གནོང༌། ”
“འོ། ཆོས་གྲགས་དང་ཚེ་སྒྲོན་མ་བུ་གཉིས་ཀ་རྨིས་པ་ཨེ་རེད། ”
“རེད་རེད་རེད། ཁྱེད་ཚང་གི་གསུང་ལ་ནོར་བ་མི་འདུག”
ཨ་ཁུ་དཀེ་བོར་དད་པ་དང་མཚར་སྣང་འགྲན་པ་བཞིན་དུ་འཕེལ་བས། ངག་འདར་བཞིན་དེ་སྐད་ལབ་ཅིང་ཁ་
བཏགས་འདོམ་ཚད་མ་དེ་ཨ་ཁུ་བསྟན་འཛིན་ལ་གུས་པའི་ཉམས་ཀྱིས་ཕུལ་རྗེས། སོར་བཅུའི་འདབ་མ་སྙིང་ཁར་སྦྱོར་
བཞིན་ཉེ་འདབས་སུ་གཉའ་ཞུམ་ཞུམ་བྱས་ནས་བསྡད།
“ཡ་ཆོག་གི ཆོག་གི”
ཨ་ཁུ་བསྟན་འཛིན་གྱི་གདོང་ལའང་གཟབ་ནན་གྱི་ཉམས་ཤིག་མངོན་བཞིན་མདུན་ཅོག་སྟེང་ནས་ཙན་དན་གྱི་ཕྲེང་བ་
དེ་བླངས་ཤིང༌། ཕྲེང་རྡོག་རེ་རེ་ཕར་འདེད་ཚུར་འདེད་ལན་འགའ་བྱས་རྗེས“ཁོ་ཚོ་ཚང་མས་རང་རང་ས་ན་ཁྱོད་ཉིད་
དྲན་འདུག་ན་ཡང༌། ཅི་ཞིག་གི་རྐྱེན་གྱིས་ཡོང་ཐབས་མ་བྱུང་བར་བསྡད་ཡོད་པས། བདུན་གཅིག་གི་ནང་ལ་མ་སླེབས་ཚེ།
ཁྱོད་ཚོ་རྗེས་སུ་ཐུག་ཐབས་དཀའ་བ་འདྲ”ཟེར།
མོ་ལུང་དེ་རྣམས་ནི་རྒྱུན་ལྡན་གྱི་སྐད་ཆ་དཀྱུས་མ་ཞིག་ཡིན་ན་ཡང༌། ནངས་སྔ་མོའི་ཉི་རྩེ་ཐང་ལ་ཕོག་དུས་དང་དགོང་
ཕྱི་དྲོའི་གྲིབ་སོ་ལྷས་ནས་ཡལ་ཐེངས་རེར་ཁོའི་མིག་གིས་བལྟ་ས་ནི་མ་གིའི་རི་ལམ་ཕྲ་མོ་དང༌། དྲན་པའི་གཞི་མ་ནི་ཚེ་སྒྲོན་
སྤུན་གཉིས་དང་ཚ་བོ་ནོར་བཟང་གསུམ་ཡིན་པས། ཁོས་ཉིན་རྒྱུན་ཆག་མེད་དུ་སྒྲུབ་བཞིན་པའི་ཆོས་ལུགས་ཀྱི་ཆོ་ག་དེ་
རྣམས་ཀྱང་རྒྱུན་ལྡན་མིན་པ་ཞིག་ཏུ་གྱུར་ཏེ། ཕྱག་མ་ལོངས་པ་དང་མཆོད་པ་ཆད་པ་སོགས་སྡེ་བའི་ལོ་ལོན་རྣམས་ཀྱིས་གོ་
ཚུལ་མེད་པའི་ལས་སྣ་ཚོགས་ཀྱང་བསྟུད་མར་བྱུང་སོང༌།
དེ་རིང་ནི་བདུན་གཅིག་ལས་ཆེས་མཐའ་མཇུག་གི་ཉི་མ་ཡིན་པས། ཁོ་རང་ཉིན་གང་བོར་གྲྭ་ཤག་མདུན་གྱི་དེའུ་འབུར་
དེའི་སྟེང་དུ་ཙོག་པུར་བསྡད་དེ་སྨད་ཕྱོགས་ན་རི་ཟུར་གསུམ་ཞིག་གི་གདོང་སྣར་འཐེན་ཡོད་པའི་རི་ལམ་ཕྲ་མོ་དེའི་གཞི་རུ་
རྒྱང་བལྟ་ཡུན་རིང་བྱས་ན་ཡང༌། ལམ་འགྲོ་ཞིག་ལྟ་ཅི་དུད་འགྲོ་ཞིག་གི་གཟུགས་བརྙན་ཡང་མཐོང་མ་ཐུབ།
ད་ལྟ། ཉི་མའི་དཀྱིལ་འཁོར་ནི་ནུབ་རིའི་ཕང་བར་ལྷུང་བའི་སྲབ་མཐུག་མི་མཉམ་པའི་མཚམས་སྤྲིན་རིམ་པ་ཞིག་གི་
ཀློང་དུ་ཡལ་ལ་ཉེ་བ་དང༌། རྐུད་པ་འཐེན་འདྲའི་འོད་དཀར་པོ་མང་པོ་དྲང་མོར་རྨ་གཡང་ཕྱུག་མོའི་ཀློང་དུ་ཟུག་འདུག་
པས། ཉི་མ་དམར་པོ་ཁ་སྐོམ་ནས་ཆུ་འཐུང་བཞིན་པ་དང་འདྲ། ངག་རྒྱུན་ལྟར་ན་ཉི་མས་ཆུ་འཐུད་བ་ནི་དྲག་ཆར་འབབ་
པའི་སྔ་ལྟས་ཡིན་ཟེར་བས། སང་ཉིན་ཆུ་ལོག་གིས་མ་གིའི་རྐང་ལམ་ཕྲ་མོ་ཁ་ཤོ་སྣ་ལོ་ཅན་དུ་བསྒྱུར་ཏེ་ངེད་ཕ་བུའི་བར་གྱི་
འབྲེལ་བ་དེ་ཐག་ནག་གྲིས་བཅད་འདྲའི་ཟླ་ལ་ཆས་འདྲའི་རྟེན་འབྲེལ་མི་ལེགས་པ་བྱུང་རྒྱུ་ཡིན་ཚོད་རེད་སྙམ་སྟེ་སེམས་
ཁོང་དུ་ཆུད་ཅིང༌། སྒོ་ལ་རྩིག་པ་བརྒྱབ་ནས་མཚམས་ལ་བསྡད་དེ་ཕྱི་རོལ་ཡུལ་དང་འབྲེལ་པ་ཡེ་ནས་གཅོད་དགོས་དགོངས་
ཏེ། སྨད་ཕྱོགས་ཀྱི་རི་ལམ་ཕྲ་མོའི་གཞི་རུ་མཐའ་མཇུག་གི་རྒྱང་བལྟ་དེ་བྱས་རྗེས། རེ་ཐག་ཆད་པའི་གདོང་ལ་སྐྱོ་ཉམས་ཤིག་
མངོན་བཞིན་ཕྱིར་གྲྭ་ཤག་ཏུ་འཛུལ།
ལྔ།
“……”
“ཨ་མེ་རི་ཀའི་གྲོས་ཁང་གོང་མས་ཟླ་བརྒྱད་པའི་ཚེས་དྲུག་ཉིན་གྱི་དགོང་མོ་འདེམ་ཤོག51དང་འདེམ་ཤོག50ཡི་བསྡུར་
ཚད་ལྟར་ཙུང་ཐུང་ཁི་ལིན་ཏུང་གིས་བཏོན་པའི་ནོར་སྲིད་མཚལ་ཡིག་ཉུང་འཕྲིར་གཏོང་བའི་གྲོས་གཞི་ལ་གྲོས་འཆམས་
བྱུང་བ་འདིས། ཨ་མེ་རི་ཀའི་དཔལ་འབྱོར་སྲིད་ཇུས་ལ་འགྱུར་ལྡོག་ཆེན་པོ་འབྱུང་རྒྱུ་མཚོན་འདུག”
“……”
ཚེ་སྒྲོན་གྱིས་ཆུ་ཚོད་བཅུ་བའི་སྟེང་སྒྲོགས་བཞིན་པའི་ཉིན་གཅིག་གི་ཆེས་མཐའ་མའི་བོད་སྐད་ཀྱི་གསར་འགྱུར་དེར་
ཉན་རྗེས། ནོར་བཟང་ཐང་ལ་བཞག་སྟེ་ཕར་སོང་ནས་བརྙན་འཕྲིན་གྱི་གློག་སྒོ་བརྒྱབ།
“ཨ་མ། ཨ་མེ་རི་ཀ་ཟེར་བ་དེ་ཅི་ཞིག་རེད། ”
“རྒྱལ་ཁབ་ཅིག་རེད། ”
ཁོ་མོའི་གདོང་ལ་ཐང་ཆད་པའི་ཉམས་ཤིག་མངོན་བཞིན་དེ་ལྟར་ལན་བྱིན།
“ང་ཚོའི་སྡེ་བ་འདི་དང་ཐག་ཉེ་འམ། ”
“ཐག་རིང༌། ཤིན་ཏུ་རིང༌། ”
“དེས་ན་ཨ་ཕ་རྒྱལ་ཁབ་དེར་ཚོང་ལ་སོང་བ་ཨེ་རེད། ”
“མ་རེད། ཨ་ཕ་ལྷ་སར་སོང་བ་རེད། ”
“ཨ་ཕས་ཚོང་བརྒྱབ་ནས་ཅི་ཞིག་བྱེད་རྩིས་ཡིན་ནམ། ”
“ང་ཚོའི་སློབ་ཆུང་དེ་རྒྱ་བསྐྱེད་རྩིས་རེད། ”
“དེས་ན་ང་ཡང་ནར་སོན་ན་སློབ་གྲྭ་དེར་འགྲོ་དགོས་པ་ཡིན་ནམ། ”
“རེད་ཡ། ཆུང་དུས་ནས་སློབ་གྲྭར་སོང་ནས་ཡོན་ཏན་མང་པོ་སྦྱངས་ན། ལྷ་ས་སྨོས་ཅི། ཨ་མེ་རི་ཀ་སོགས་འཛམ་གླིང་
གི་རྒྱལ་ཁབ་མང་པོར་འགྲོ་རྒྱུའང་ལས་སླ་མོ་རེད། ”
“ཨ་མ། དེ་འདྲ་ཡིན་ན། སང་ཉིན་ནས་བཟུང་ང་ཡང་སློབ་གྲྭར་འགྲོ་རྒྱུ། ”
“གླེན་ཕྲུག ཁྱོད་ད་རུང་ལོ་ན་ཆུང་དྲགས་པས། སློབ་གྲྭར་མི་དགོས། ”སྐད་ཆ་དེ་ནོར་བཟང་གིས་བདེན་པར་རློམ་
པ་འདྲ། མགོ་བོ་གུག་གུག་ཙམ་བྱས་རྗེས་སྟོད་ལྭ་ཕུད་དེ་ཉལ་གོས་ནང་དུ་འཛུལ། སྐེའི་སྲུང་འཁོར་དེ་དཀར་ལ་རློན་ཤ་ཆེ་
བའི་བྲང་ཁ་ན་ཕར་གཡུག་ཚུར་གཡུག་བྱེད་པ་མཐོང་བས“ཨ་མ། ཨ་མྱེས་འུ་གཉིས་ཀར་ལྟ་རུ་མི་ཡོང་བ་ཅི་རེད། ངས་ཨ་
མྱེས་དྲན་གི”ཟེར།
“ཨ་མྱེས་ད་ལྟ་མཚམས་ལ་བསྡད་འདུག”
“མཚམས་ཟེར་བ་དེ་ཅི་རེད། ”
“དེ་ཁྱོད་ལ་བཤད་ཀྱང་མི་གོ། ད་འདྲི་རྒྱུ་མ་མང༌། ཉོལ་ཨ། ”
ཚེ་སྒྲོན་གྱི་གདོང་ལ་སྐྱོ་སྣང་གི་རྣམ་པ་ཞིག་མངོན་བཞིན་དེ་སྐད་ལབ་ཅིང༌། ནོར་བཟང་གི་མཐའ་ཧྲིལ་བོ་ཉལ་གོས་ཀྱིས་
དམ་པོར་བསུམས།
དོ་ནུབ་གནམ་ངོ་ཡོངས་སུ་རུབ་འདུག་ལ། སྐར་ཚོགས་ཀྱི་ཕྲེང་བ་སྨོས་ཅི། ཟླ་བ་གཞོན་ནུའི་འོད་སྣང་ཙམ་ཡང་མཐོང་
རྒྱུ་མི་འདུག སྡེ་མི་ཕལ་ཆེ་བའང་སྔ་མོ་ནས་གཉིད་ཀྱི་ཞིང་ཁམས་སུ་འགྲིམས་སོང་བ་འདྲ། གསར་བུ་ཁ་ཤས་ཀྱིས་མཚམས་
རེར་རྒྱང་རིང་ནས་གླིང་བུ་རྒྱང་འབུད④བྱེད་པའི་སྒྲ་མ་གཏོགས། སྡེ་པའི་ཁོར་ཡུག་ཀུན་དབེན་ཞིང་ཁུ་སིམ་མེར་འདུག
མཚམས་ཤིག་ལ། ཚེ་སྒྲོན་མ་བུ་གཉིས་ཀྱི་ལབ་གླེང་གི་སྒྲ་ཞིག་སྒེའུ་ཁུང་གི་དྲ་མིག་བརྒྱུད་ནས་སླར་ཡང་གྲགས་བྱུང༌།
“ཨེ། ནོར་བཟང༌། ཁྱོད་སུ་ཡིན། ”
“ང་ཨ་མ་རི་མོ་ཡིན། ”
“གང་ནས་ཡོང་ངམ། ”
“མ་ཎི་ཁང་ནས། ”
“ཁྱོད་ཚང་ན་སུ་ཡོད། ”
“དགེ་བོ་དང་ཞི་ལུ་བཀྲ་གོ་གཉིས་ཡོད། ”
“དེས་ན་ཁྱོད་ས་འདིར་ཅི་བྱེད་དུ་ཡོང་བ་ཡིན] ”
“ངས་ཚེ་སྒྲོན་བསམས་པ་ཡིན།
“ཁྱོད་ནར་སོན་ན་སློབ་གྲྭར་འགྲོ་རྒྱུ་ཡིན་ནམ། དགོན་པར་འགྲོ་རྒྱུ་ཡིན། ”
“སློབ་གྲྭར་འགྲོ་རྒྱུ། ”
“ཁྱོད་ལ་ཨ་མྱེས་དགོས་སམ་ཨ་མ་དགོས། ”
“ཨ་མ་ཨ་མྱེས་གཉིས་ཀ་དགོས། ”
“བཟང་གི། ངའི་བུ་ཆུང་གིས་ཅི་ཡང་ཤེས་འདུག”
“དེ་ན་ཨ་མྱེས་ཁོང་ང་ལ་བལྟ་རུ་མི་ཡོང་བ་ཅི་རེད།鉋
“ཨ་མྱེས་ལོ་ཆེ་བས་ང་ཚོ་ཐོག་མལ་ཁོང་ལ་བལྟ་རུ་སོང་ན་འགྲིག ཨ་མ་ང་ཡང་ཨུ་ཚུགས་ཆེ་དྲགས་པས……”
“དེ་ན་ནམ་ཞིག་ལ་བལྟ་རུ་འགྲོ་རྒྱུ། ”
“ཨ་ཕ་ཕྱིར་སླེབས་ཚེ། ང་ཚོ་མཉམ་དུ་འགྲོ། ཨེ་ཆོག་གམ། ”
“ལོས་ཆོག ངས་ཨ་མའི་ཁ་ལེན། ”
“སྙིང་རྗེ།鉋
①དགེ་བོ་ནི་ཨ་མདོའི་ཁ་སྐད་དེ། རབ་ཏུ་བྱུང་བའི་བཙུན་པ་སྐྱ་སར་བབས་པའི་མིང་སྟེ་འདི་ལ་གྲྭ་ལོག་ཀྱང་ཟེར།
②བླ་གསང་མ་ནི་ཨ་མདོའི་དམངས་ཁྲོད་དུཤི་བོའི་མིང་ནས་མི་འཛིན་པའི་གོམས་སྲོལ་ཡོད་པས་ཚེ་ལས་འདས་པའི་
ཕོ་ལ་བླ་གསང་དང་མོ་ལ་བླ་གསང་མ་ཟེར།
③ཡར་ལོག་ནི་ཆུང་མ་བླངས་པའི་གྲྭ་པ་ཕྱིར་རབ་ཏུ་བྱུང་བའི་མི་ལ་ཟེར་ཞིང༌། མར་ལོག་ནི་གྲྭ་པ་ནས་ཕྱིར་སྐྱ་སར་
བབས་པ་ལ་ཟེར།
④ རྒྱང་འབུད་ནི་ཨ་མདོའི་ཡུལ་དུ་གསར་བུ་རྣམས་མཚན་མོའི་དུས་སུ་རང་ཉིད་ཀྱི་དགའ་མར་འཕྲད་དུ་འགྲོ་བའི་
ཚེ་ན་འབུད་པའི་གླིང་བུའི་དབྱངས་རྟ་ཞིག་གི་མིང་ངོ༌། །
(རྩོམ་སྒྲིག་པ་བསོད་ལོ་ཡིན།)