གཉེན་སྟོན་གྱི་ཆོ་ག

༄༅། །གཉེན་སྟོན་གྱི་ཆོ་ག

པད་གོ། (ཟི་ལིང)

  སངས་ཀོས་མདང་དགོང་ནས་ནོར་ཁྱུ་ཁྱིམ་མཚེས་བདེ་སྐྱིད་མཚོ་མོ་ཚང་ལ་བཅོལ། བདེ་སྐྱིད་མཚོ་མོ་གདུང་གཏུན་
ཞིག་གི་སྟེང་ལ་བུད་ནས་ཤུགས་གང་ཡོད་ཀྱིས་གྱང་ངོས་ལ་ལྩི་བ་སྦྱོར་བཞིན་འདུག ཁོ་མོས་སངས་ཀོ་ཚང་ཕྱི་ལ་འགྲོ་བཞིན་
པ་མཐོང་ནས། ལག་ལ་ལྩི་བ་རློན་པ་བཟུང་ནས་གདོང་ལ་ཡིད་སྨོན་གྱི་མདངས་ཤིག་མངོན་བཞིན་ལ་ཕྱིར་འཁོར་ཏེ།
“ཨ་རོག སངས་ཀོ། ཁྱོད་ཀྱིས་ངའི་ཚབ་བྱས་ནས་བག་མ་ལ་རྟེན་འབྲེལ་ཞུ་རྒྱུ་མ་རྗེད་ཨ……འོ་ད་རུང་རྫོང་
ཐོག་ན་ཚི་ལེན་ཡག་པོ་རེ་བཙོང་རྒྱུ་ཡོད་མེད་ལ་གཅིག་ལྟོས། ཁྱོད་ཀྱིས་ངའི་ཚི་ལེན་འདི་ལ་གཅིག་ལྟོས་དང༌། ཐུང་སོང་བས་
ཕོ་བ་ཡང་ཕྱིར་བུད་འདུག་པས་དངོས་གནས་ངོ་རེ་ཚ”ཞེས་བཤད།
སངས་ཀོ་བཟའ་མི་གཉིས་ཀ་སྔ་མོ་ནས་ལམ་ལ་ཆས། ཁྱོ་བོ་བསོད་བྷོས་གསེར་མདོག་གི་མཐའ་ཤན་ཅན་གྱི་ཤེལ་
མིག་ཅིག་བཏགས་ཤིང་ལུས་ལ་འཕྱོར་གོས་གྱོན་འདུག ཁོ་ཚོས་རྟའི་རྨིག་སྒྲས་གཉིད་དུ་ཡུར་བའི་མི་རྣམས་དཀྲོག་པར་
དོགས་ཏེ་སེམས་ཆུང་གིས་རྟ་ཁྲིད་ནས་སྡེ་བའི་སྲང་བར་ནས་ཕྱིར་བུད།
སྡེ་འདབས་ནས་བསོད་བྷོས་རང་གི་བཟའ་ཟླ་བསྐྱོར་ནས་རྟ་ཐོག་ཏུ་བསྐྱོན། ཁོ་མོས་མགོ་བོ་དགྱེ་སྟེ་གཡའ་དག་
པའི་ནམ་མཁར་བལྟས་ཚེ། ནམ་མཁའི་དགུ་ཚིགས་རིམ་བཞིན་མི་གསལ་བར་གྱུར་ཅིང༌། སྐྱ་རེངས་མ་ཤར་གོང་གི་མུན་
པའི་སེང་རས་ཀྱིས་ཁོ་མོའི་དགའ་སྤྲོས་མྱོས་པའི་གདོང་མདོག་ཡོངས་སུ་བསྒྲིབས་འདུག
“བསོད་བྷོ། དེ་རིང་ཉི་མ་ཧ་ཅང་དྲོ་རྒྱུ་རེད།”ཁོ་མོས་དེ་ལྟར་བཤད།
“དེ་ལོས་ཡིན། ཨ་ལགས་རིན་ཆེན་ཚང་གིས་ཕྱག་མོ་གཟིགས་ནས་བདམས་པའི་ཉི་མ་རེད་ཡ།鉋བསོད་བྷོས་རྟ་
ཁ་འཁྲིད་བཞིན་དེ་ལྟར་ལན་བཏབ།
“ཨ་ལགས་རིན་ཆེན་ཟེར་རམ།”ཁོ་མོས་ཡུད་ཙམ་ལ་བསམ་བློ་ཞིག་བཏང་སྟེ་མུ་མཐུད་ནས་“ཁྱོད་ཀྱིས་
དངོས་གནས་ཁོ་རང་ལྷ་ཞིག་རེད་བསམས་ཡོད་དམ། ད་ལོ་བདེ་སྐྱིད་མཚོ་མོའི་མིང་པོར་ན་ཚ་བྱུང་དུས། ཁོས་རྟ་བཟང་
པོ་འབྲུག་འདྲ་བ་ཞིག་འབུལ་བར་བླངས་ཏེ་རིམ་གྲོ་བསྒྲུབས་ཤིང་སྨན་ཡང་བྱིན། ཡིན་ན་ཡང་ཟླ་ཕྱེད་ཙམ་མ་འགོར་བར་
ནད་པ་ཤི་སོང༌། གང་ལྟར་ངས་བལྟས་ན་ཐར་སྐྱིད་ཀྱི་ལས་བཟང་གི།”
ཁོ་གཉིས་རིམ་བཞིན་གྲོང་སྡེ་དང་རྒྱང་ཐག་ཇེ་རིང་དུ་སོང༌། ཐོག་མར་རྒྱབ་ཕྱོགས་ཀྱི་རྡོ་མཁར་གྲུ་བཞིའི་གྱང་ཟུར་
ཡང་གསལ་བོར་མཐོང་མོད། རིམ་བཞིན་གྲོང་སྡེ་དེ་མག་མོག་གི་སྐྱ་ཐིག་ཙམ་ལས་མི་མཐོང་ཞིང༌། དེ་ལས་ཀྱང་ངོ་མཚར་བ་
ནི་རི་སྒང་བརྒྱུད་ནས་འགྲོ་སྐབས་རྡོ་མཁར་རྣམས་ནི་འདམ་དུ་ལྷུང་བའི་གྲོག་མའི་ཁྱུ་དང་འདྲ་ཞིང༌། ཐག་ཉེ་རིང་ན་ཡོད་
པའི་སྲོག་ཆགས་ཀྱི་གཟུགས་དབྱིབས་དང་མཚུངས་པའི་ས་འཛིན་ལྷུན་པོའི་ཚོགས་ཀྱང་གཞི་གཅིག་ཏུ་འདྲེས་ཤིང༌། མཐར་
ཐམས་ཅད་མིག་ལམ་ནས་ཡལ་བར་གྱུར།
སངས་ཀོ་དང་བསོད་བྷོ་གཉིས་ཀྱིས་སེམས་ཆུང་གིས་རྟ་ཁྲིད་དེ་གདུང་མའི་ཟམ་ཆུང་ཞིག་བརྒལ། ཟམ་པ་འདིའི་
རིགས་ཕྱོགས་ཀུན་ཏུ་མཐོང་ཐུབ། ཉེ་འགྲམ་གྱི་རི་བོའི་ཉིན་སྲིབ་ཀུན་ཏུ་གསོམ་པ་དང་ཤུག་པས་ཁྱབ་ཡོད་པས། གལ་སྲིད་
སྡོང་ཆེན་ཞིག་བཅད་དེ་འཕྲེད་དུ་འཕངས་ཚེ་ཟམ་པ་ཞིག་གྲུབ་པ་རེད། འོན་ཀྱང་གདུང་མའི་ཟམ་སྟེང་དུ་བགྲོད་རྒྱུ་ནི་ཤིན་
ཏུ་དཀའ་མོ་རེད། སངས་ཀོ་བསོད་བྷོའི་རྒྱབ་ལ་དམ་པོར་འཇུས་ཤིང་སེམས་ཆུང་གིས་གོམ་པ་རེ་རེ་བཞིན་སྤོ་བཞིན་སོང༌།
སྐབས་དེར་ཁོ་གཉིས་ལ་སྐྲག་སྣང་དང་དགའ་སྣང་འདྲེས་མའི་སྣང་བ་ཞིག་སྐྱེས།
ལོ་དྲུག་གི་སྔོན་ལ། ཕ་མ་གཉིས་སྔ་མོ་ནས་འདས་པའི་བསོད་བྷོ་ནི་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་གསར་རྩོམ་པ་
ཡིན། སྐབས་དེར་ཁོས་བྲིས་པའི་བོད་ཀྱི་སྲོལ་རྒྱུན་རི་མོ“མཐུན་པ་སྤུན་བཞི”ལ་དགའ་བསུ་ཆེན་པོ་ཐོབ་ཅིང༌། ས་དེའི་
མི་རྣམས་ཀྱིས་འཕྲོག་རྩོད་དང་བསྡུ་ཉར་བྱ་ཡུལ་དུ་གྱུར། རི་མོའི་ངོས་སུ་ཞི་ཞིང་དུལ་བའི་གླང་ཆེན་ཞིག་དང་དེའི་སྟེང་དུ་
བདེ་ཅག་འཁྱུག་པའི་སྤྲེའུ་ཞིག སྤྲེའུའི་ཕྲག་སྟེང་དུ་རྣམ་རིག་བཀྲ་བའི་རི་བོང་ཞིག་དང༌། རི་བོང་གི་མགོ་ན་འཇམ་མཉེན་
གཤོག་ཟུང་ལྡན་པའི་བྱ་ཞིག་བབས་འདུག བསོད་བྷོ་ཡང་མཐུན་པ་སྤུན་བཞི་དང་འདྲ་བར་ཚུལ་ལྡན་ཡ་རབས་ཤིག་དང་
གཞན་ལ་ཕན་འདོགས་པར་དགའ་བའི་མི་གཞུངས་བཟང་ཞིག་ཡིན་པས། ཁོའི་གྲོགས་པོ་ཚོས་རྒྱུན་དུ་ཁོ་རང་ཁོའི་མཐུན་
པ་སྤུན་བཞི་དང་ལྷན་དུ་སྦྱར་ནས “མཐུན་པ་སྤུན་ལྔ” ཞེས་འབོད། ཁོས་རི་མོ་འབྲི་རྒྱུ་ལས་གཞན་རྟག་ཏུ་གསོ་སྒྱེ་
ཞིག་ཁྱེར་ཉེ་རི་ལུང་ཉུལ་ནས་ལྩི་བ་བཏུས་ཤིང༌། གཞུང་ལས་ཁང་གི་ལྕགས་ཐབ་ནི་དུས་ནམ་ཡང་དམར་པོ་དམར་རྐྱང་དུ་
གཏོང༌། གྲང་ངར་ལ་སྐྲག་ཅིང་གློ་ཡུའི་ཚ་ནད་ཅུང་ཚབས་ཆེན་ཡིན་པའི་ཁོ་ཚོའི་མགོ་ཁྲིད་ཀྱིས་རྒྱུན་པར་མི་གཞན་གྱི་
མདུན་ནས“བསོད་བྷོ་ནི་མི་གཞུངས་བཟང་རེད། ཨ་ལ་ལ། ཁོ་ནི་དངོས་གནས་བྱིས་པ་ཡ་རབས་ཤིག་རེད”ཅེས་
བསྟོད་བསྔགས་བྱས་ན་བསོད་བྷོའི་ངོ་མདངས་དམར་པོ་ཁྲག་བཞིན་དུ་འགྱུར།
རྗེས་སུ་གླང་ཆེན་གྱི་རྨིག་པས་རི་མོ་དབྲལ་བར་བྱས། སྤྲེའུས་སོ་སྒྲ་འཁྱིག་ཅིང་མཆེ་བ་གཙིགས། རི་བོང་གི་སྤུ་རྣམས་
གྱེན་དུ་གཟེངས། བྱ་ཁྲོས་ནས་བྱ་རྟུག་བཏང༌། དེ་ནི་བསོད་བྷོའི་ཆེས་མཐའ་མཇུག་གི་རི་མོ་རེད། དེ་ཅིའི་ཕྱིར་ཞེ་ན། ཉིན་
ཞིག་སངས་ཀོས་ངག་འཕྲིན་བསྐུར་ནས་ཞང་གཙོས་ཁོ་མོའི་ཆང་ལ་དགའ་བའི་ཨ་ཕར་ཆང་མང་པོ་བླུད་ཅིང༌། ཨ་ཕས་ཁོ་
མོ་ཞང་གཙོ་ལ་མནའ་མར་སྟེར་རྒྱུ་ཁས་བླངས་ཟེར། དེའི་རྐྱེན་གྱིས་བསོད་བྷོས་ཞང་གཙོ་བཙལ། ཞང་གཙོས་སྐེད་ནས་
དབྱིབས་གསར་གྱི་དཀྲུམ་མདའ་ཞིག་ཕྱུང་སྟེ་ལག་མགོ་ནས་སྐོར་སྐོར་འགའ་བྱས་རྗེས་མདུན་ཅོག་སྟེང་དུ་བཞག་སྟེ། སྲིད་
གཞུང་དུ་འོངས་ནས་ཁྲིམས་མེད་ལུགས་མེད་མ་བྱེད། གལ་ཏེ་དེ་ལྟར་བྱེད་ན་མཇུག་འབྲས་རང་གི་འཁུར་དགོས་ཟེར།
བསོད་བྷོས་མདུན་ཅོག་སྟེང་གི་འཁྱག་སྣང་སྟེར་བའི་དཀྲུམ་མདའ་དེ་མཐོང་བ་དང་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནས།
དེ་མ་ཐག་དཀྲུམ་མདའ་སྦར་འཛིན་བྱས་ཏེ་ཕ་རོལ་པོའི་གདོང་ལ་གཟས། རྗེས་སུ་གོ་ཐོས་ལྟར་ན་ཞང་གཙོའི་སྣའི་ཕྲུམ་
རུས་བསྣད་སོང་ཟེར། དེ་ལྟར་བསོད་བྷོ་བཙོན་ཁང་དུ་ཟླ་གཉིས་ལ་བསྡད། བཙོན་ཁང་ནས་ཕྱིར་བུད་རྗེས་ཁོའི་ལག་གི་
པིར་སྨྱུག་ནི་ལྕག་ཚན་གྱི་ཡུ་བ་ལྟར་སྲ་ཞིང་མཁྲེགས་པར་གྱུར།
ཁོ་གཉིས་ཀྱི་གཉེན་སྒྲིག་ལ་སྔར་བྱུང་མ་མྱོང་བའི་གནས་ཚུལ་སྡུག་པོ་ཞིག་བྱུང༌། སངས་ཀོའི་ཕ་མ་གཉིས་ཀྱིས་ཁོ་
གཉིས་ཁྱིམ་ལས་ཕྱིར་ཕུད། སྡེ་བའི་མི་རྣམས་ཀྱང་རྒྱལ་ཁབ་ལ་ཕྱུགས་ཟོག་སྤྲོད་པའི་འགན་ལྩི་མོ་ལ་སྐྲག་ནས་ཞང་གཙོ་ལ་
ཕོག་ཐུག་གཏོང་མ་ཕོད། དེ་བས་གཉེན་སྒྲིག་གི་ཉིན་མོ་དེར་ཁོ་གཉིས་ཀྱིས་ཟམ་ཆུང་འགྲམ་གྱི་སྤང་ཐེང་དུ་སྦྲ་གུར་ཞིག་
ཕུབ་ཅིང༌། བསོད་བྷོ་ལ་གསོག་འཇོག་ཅུང་ཟད་ཡོད་པས་ཆེད་དུ་རྫོང་མཁར་ལ་སོང་ནས་ཆང་དང་ཀ་ར། སིལ་ཏོག་སོགས་
ཉོས་ཏེ་རྫི་བོ་དང་ལམ་འགྲོ་པ་རྣམས་ལ་མགྲོན་ལེགས་པོ་ཞིག་བྱེད་བསམས་མོད། ཡིན་ན་ཡང་ཉིན་གང་པོར་བསྒུགས་ཀྱང་
མི་གཅིག་ཀྱང་མ་ཡོང་བས། སངས་ཀོས་སྙིང་རྗེ་མེད་པའི་ཕ་མ་གཉིས་དང་རྒྱུ་འབྲས་མེད་པའི་ལས་དབང་ལ་འཁང་ར་བྱས་
ཤིང་མཚན་ཕྱེད་བར་དུ་ངུས་ནས་བསྡད། སྐབས་དེར་བསོད་བྷོས་རི་མོ་དེ་ཁོ་མོར་བསྟན། རི་མོའི་སྟེང་གི་གཤིས་བཟང་རྒྱུད་
འཇམ་གྱི་མཐུན་པ་སྤུན་བཞིས་ལྟན་དུ་སྐད་ཅོར་བརྒྱབ་ཅིང་ངར་སྐད་སྒྲོགས། དེ་འདྲའི་དགོད་བྲོ་ཞིང་ཁྲོ་ཉམས་ལྡན་པའི་
རྣམ་པ་དེ་མཐོང་མ་ཐག་ཁོ་མོའི་རུ་སྐད་དེ་འཕྲལ་དུ་དགོད་སྒྲར་གྱུར། ཨ་ཡ་བསོད་བྷོ……ཁྱོད……དོན་དངོས་
སུ……མི་དྲང་མོ་ཞིག་མ་རེད། ཁོ་མོས་ངུ་སྡངས་དང་བཅས་ཏེ་དེ་སྐད་སྨྲས། དུས་དེ་ནས་བཟུང་ཁོ་གཉིས་ཀྱི་བཟའ་ཚང་
གི་འཚོ་བ་རོལ་མགོ་བརྩམས། སངས་ཀོས་རི་མོ་དེ་ཡིད་ལ་དྲན་ཐེངས་རེར་རང་དབང་མེད་པར་གད་མོ་དགོད་ཅིང་དོན་དེ་
གླེང་འདོད་པར་མ་ཟད། སྐད་གསང་མཐོན་པོས་གླུ་ཡང་ལེན་པར་འདོད།ལྷ་བསང་གཏོང་མཁན་ཚོས་སྔ་མོ་ནས་བསང་མེ་བསྒྲོན་ཏེ་མེ་ལྕེ་དམར་འཚུབ་འཚུབ་བྱེད། སངས་ཀོ་རྟ་ལས་མ་
བབས་གོང་ནས་བསུང་ཞིམ་ཤུག་པའི་དྲི་ངད་སྣ་ལམ་དུ་ཐུལ་ཞིང་ཁོ་མོ་ཕྱོགས་གཅིག་ནས་དགའ་སྤྲོ་སྐྱེས་ཤིང་ཕྱོགས་གཞན་
ཞིག་ནས་ཅི་ཞིག་བོར་བ་ལྟ་བུའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། རྟ་བཏགས་རྗེས་ཁོ་གཉིས་ཁོད་ཡངས་ཤིང་གཙང་
བའི་ར་བར་འཛུལ། ཕྱོགས་བཞིའི་གྱང་ངོས་སུ་ས་རྩི་དཀར་པོ་བྱུགས་ནས་མིག་དབང་འཕྲོག་པར་བྱེད་ཅིང༌། ར་དཀྱིལ་གྱི་
དར་ཤིང་རྩེ་ན་གསར་དུ་བརྗེས་པའི་ཁ་ཏོག་སྣ་ལྔའི་དར་ལྕེ་མང་པོ་ལྷབ་ལྷུབ་ཏུ་སྐྱོད་པས་ཧ་ཅང་ལྟ་ན་སྡུག ནམ་མཁའ་ནི་
གཡའ་དག་པའི་གཡུ་ཡི་མེ་ལོང་ཇི་བཞིན་ཡིད་དུ་འོང་ཞིང༌། ཡོད་ཚད་ཤིན་ཏུ་ལེགས་ནའང་བག་མ་ད་རུང་མཐོང་མ་བྱུང༌།
སངས་ཀོས་མགྲོན་དུ་ཕེབས་པའི་མི་རྣམས་ལ་འཚམས་འདྲི་བྱེད་བཞིན་པའི་བསོད་ བྷོ ་ལ་ཅི་ཡང་མི་འཛེམ་པར། ཁོའི་
ལག་གི་སྣ་རུ་ཕྲོགས་ནས་ལག་གཡོན་པའི་མཐེབ་ཆེན་སྟེང་དུ་སྣ་ཐ་གང་བླུགས་ཏེ་སྣ་ཁུང་གཡས་གཡོན་གཉིས་ལ་གཏུགས་
ཏེ་རྔམ་འཐེན་འགའ་བྱས་རྗེས་བག་མར་བལྟ་རུ་སོང༌།
ཅང་མ་འགོར་བར་གཉེན་སྟོན་གྱི་ཆོ་ག་མགོ་བརྩམས། བག་མ་ནི་བསོད་བྷོའི་ཚ་མོ་ཐར་སྐྱིད་རེད། མག་པ་ནི་ཁོ་མོ་
ཁུལ་དགེ་ཐོན་སློབ་གྲྭ་ན་ཡོད་དུས་ཀྱི་སློབ་གྲོགས་ཡིན་པ་དང་མིང་ལ་ནོར་བུ་ཟེར། ད་ལྟ་རྫོང་མཁར་ན་བྱ་བ་སྒྲུབ་བཞིན་
ཡོད། བསོད་བྷོའི་ལོ་ན་མཐོ་བའི་ཨ་ཅེ་ལ་བུ་མོ་འདི་གཅིག་པུ་ལས་མེད་པས། རྒན་རྒོན་གཉིས་ཀྱིས་ཚེ་མཇུག་ཏུ་དགའ་
དགའ་སྐྱིད་སྐྱིད་ཐེངས་ཤིག་བྱེད་ཁོ་ཐག་རེད། དེ་ནི་ཕྱོགས་གཅིག་ནས་མེང་བསམས་པ་དང༌། ཕྱོགས་གཞན་ཞིག་ནས་བུ་མོ་
དང་མག་པ་གཉིས་ལ་ཁོང་རྒན་རྒོན་གཉིས་ཀྱི་ཚེ་འདིའི་བསམ་དོན་ཡོངས་སུ་རྫོགས་པའི་བརྡ་བསྟན་པ་ཞིག་རེད།
ར་བའི་ནང་དུ་མི་ཚོགས་ཀྱིས་ཁེངས་ཤིང་ཁོ་ཚོ་ཚང་མས་ལུས་ལ་སློག་པ་འཁོབས་ཆེན་རེ་གྱོན་འདུག་པས། དངོས་
གནས་དགུན་ཁའི་ཉི་འོད་འོག་ཏུ་འགུལ་བཞིན་པའི་འཇིམ་སྐུ་རེ་རེ་དང་མཚུངས། ཐང་ལ་གདན་དཀར་ཞིག་བཏིང་བའི་
སྟེང་དུ་ནས་འབྲུ་གཏོར་ནས་གཡུང་དྲུང་ཞིག་བསྒྲིགས་ཡོད་པ་ནི་བཀྲ་ཤིས་པའི་མཚོན་རྟགས་རེད། བག་མ་དང་མག་པ་
གཉིས་གདན་དཀར་གྱི་དཀྱིལ་དུ་ལངས་ཤིང༌། ལོ་ན་ཅུང་བགྲེས་པའི་མི་ཞིག་གིས་ལག་གཡོན་པས་ཆང་དཀར་བཏེགས།
གཡས་པས་དྲི་མ་མེད་པའི་ཁ་བཏགས་ཤིག་བཟུང་སྟེ། ཁ་ཆུ་འཐོར་བཞིན་སྐད་གསང་མཐོན་པོས་ཁ་གཡང་འདི་ལྟར་
སྒྲོགས།
“ཡ—
དེ་རིང་བཀྲ་ཤིས་པའི་ཉི་མ།
དོན་འགྲུབ་པའི་ཉི་མ།
བདེ་ལེགས་འབྱུང་བའི་ཉི་མ་འདི་ལ།
ཡ—
ད་གནམ་ལ་བལྟས་ན་སྐར་མ་ཡག་གི།
ས་ལ་བལྟས་ན་དུས་ཚོད་བཟང་གི།
བར་ན་གཟའ་སྐར་གྱི་སྦྱོར་བ་ལེགས་གི།
ཡ—
ད་འཛོམ་གསུམ་འཛོམ་པའི་ཉི་མ་འདི་ལ།
ངས་བག་གསར་དང་མག་གསར་གཉིས་ལ་ཁ་གཡང་ཞིག་བོས་ན།
གླིང་སེང་ཆེན་འདྲ་གི་མག་པ་ལ།
ལུས་རྩལ་དྲུག་འཛོམ་པའི་ཁ་གཡང་འབོད།
སྨན་འབྲུག་མོ་འདྲ་གི་བག་མ་ལ།
གཡུག་ཤེས་བརྒྱ་འཛོམ་པའི་ཁ་གཡང་འབོད།……鉋
རྒན་པ་འགས་རྟེན་འབྲེལ་གྱི་ཚིག་རྗོད་བཞིན་མག་པ་ལ་སྐ་རགས་བཅིངས། དེ་ནས་ཞང་པོ་བསོད་བྷོ་དང༌། རིམ་
བཞིན་ལོ་ན་བགྲེས་གཞོན་ལྟར་ཚང་མས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་སྐ་རགས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་
བཅིངས་པ་ན། མག་པ་ནི་སྐད་ཅིག་དེ་ཉིད་ལ་ཁ་ཏོག་སྣ་ཚོགས་ཀྱིས་སྤྲས་པའི་དབུགས་ལྒང་ཞིག་དང་མཚུངས་པར་མཁའ་
དབྱིངས་སུ་འཕུར་ལ་ཁད་དུ་གྱུར། འདི་ལྟར་ཁོ་རང་དབུགས་ཀྱང་རྔུབ་དཀའ་བར་གྱུར་ནས་མགོ་བོ་དར་ལིང་གི་ནང་ནས་
ཕྱིར་བུད་ཅིང༌། ལག་པ་གཉིས་ཀྱིས་ཆར་འབབ་པ་ལྟ་བུའི་སྐ་རགས་རྣམས་ལེན་ཅི་ཐུབ་བྱེད་པའི་ངང་ཚུལ་ནི་དངོས་གནས་
དགོད་བྲོ་བ་ཞིག་རེད།
མག་ལྕུག་བཅིངས་པའི་ཆོ་ག་མཇུག་བསྒྲིལ་བ་དང་ཁོ་གཉིས་སྟན་ལས་བབས་ཏེ་ཁང་པའི་ནང་དུ་སོང༌། སློབ་གྲྭ་
འགྲིམས་མྱོང་བའི་ཐར་སྐྱིད་ཀྱིས་རང་གི་མག་པ་ལ“འདི་ཏྲེ་ཤིས་སྡེ་བའི་ཞང་པོ་བསོད་བྷོ་དང་ཞང་མོ་སངས་ཀོ་གཉིས་
ཀ་རེད” ཅེས་མཚམས་སྦྱོར་བྱས། མག་པས་ཁོང་གཉིས་ཀྱི་ལོ་ཚོད་རང་དང་མཉམ་པ་མཐོང་ནས་འཛེམ་དོགས་མེད་
པར“ཞང་མོ་སངས་ཀོ། གོ་ཐོས་ལྟར་ན་ཁྱེད་ཚོའི་ཏྲེ་ཤིས་ཆུ་ནང་ན་གསེར་ཡོད་ཟེར། ཕལ་ཆེར་ཁྱེད་ཚང་ཡང་ཕྱུག་པོ་
ཡིན་རྒྱུ་རེད། ཚགས་པར་སྟེང་དུ་ཡུལ་གཞན་གྱི་ཧོས་ཧོས་འགའ་འོངས་ནས་གསེར་བརྐོས་ཏེ་ཕྱུག་པོར་གྱུར་ཚུལ་ཡང་
འཁོད་འདུག”
“ཧོས་ཧོས་ཀྱི་གསེར་ཆུ་ནང་ན་ཡོད། ང་ཚོའི་གསེར་ཁ་ནང་ན་ཡོད།”ཅེས་སངས་ཀོའི་མིག་གཉིས་ལས་སྤྱང་
གྲུང་གི་མདངས་ཤིག་མངོན་ཞིང༌། མཛུབ་མོས་ཁ་ནང་གི་འོད་འཚེར་བའི་གསེར་སོ་སྟོན་བཞིན་དེ་སྐད་བཤད།
ཅུང་ཙམ་ན་སངས་ཀོའི་ཁ་ནང་གི་གསེར་སོ་ཡོངས་སུ་ཕྱིར་མངོན་སོང༌། མག་པས་ཆང་དཀར་བཟུང་སྟེ་འགྲུལ་
བ་རྣམས་ལ་ཆང་འདྲེན་བཞིན་པའི་སྐབས་སུ། སྒོའི་ནང་རོལ་གྱི་གཡོན་འགྲམ་ན་ཚོགས་ཡོད་པའི་བུད་མེད་ཚོའི་ཁྲོད་
ནས་གཅིག་བདམས་ཐོན་བྱུང༌། དེ་ནི་སངས་ཀོ་རེད། ཁོ་མོ་སླར་ཡང་བུད་མེད་ཚོའི་རྒྱབ་ཕྱོགས་སུ་ཡིབས་ཤིང་ངོ་དམར་
པོར་འགྱུར་བཞིན་བུད་མེད་གཉིས་ཀྱི་རྒྱབ་ལ་བསྙེས། ཇི་ལྟར་བྱས་ནའང་ཁོ་མོ་མི་མང་གི་མིག་ཞགས་ལས་གཡོལ་མ་ཐུབ།
དེར་བརྟེན་ཁོ་མོས་སླར་ཡང་འགྲམ་པ་ལག་པས་བསྐྱོར་བ་ན། དཀར་ཞིང་གསལ་བའི་དུང་ཟླ་ཞིག་ལག་པས་བཀབ་པ་
དང་ཀུན་ནས་མཚུངས།
“འོ་ཡེ—”ཞེས་ཕྲ་ཞིང་རིང་ལ་འགྱུར་ཁུགས་ལྡན་པའི་གདངས་ཤིག་གིས་མི་རྣམས་ཀྱི་སེམས་ཀྱི་རྟ་རྒོད་
ཡོངས་སུ་གཅུན་པར་བྱས། མག་པས་ཀྱང་ལག་གི་ཆང་དཀར་བཞག་སྟེ། གདོང་ཚ་བེར་བེར་དང་སྙིང་ལྷོག་ལྷོག་ཏུ་ལྡང་
བཞིན་ཉན།
“རྟ་འདོ་བ་གསེར་གྱི་སྒ་སྲབ་ཅན།
ཕ་བླ་མ་བསྐྱལ་ནས་དབུས་ལ་སོང༌།
སྟོད་བྱང་ལམ་མཚམས་ནས་ཕྱིར་ལ་འཁོར།
སྤང་སེར་པོ་རིག་ནས་ཞེ་རེ་འཁྲེང༌།
ཞེ་མ་འཁྲེང་གཡང་ལ་གོམ་འགྲོས་ཅན།
རྟ་ཁྱོད་ཀྱི་བསམ་དོན་དབུས་ནས་འགྲུབ།
འདི་འདོ་རིག་རྟ་བོའི་རྒས་ཚུལ་ཡིན།
གླུ་བར་མ་བཀྲ་ཤིས་གཡང་ནས་འཇོག
སྨན་བུ་མོ་བྱུ་རུའི་རྣ་ཆ་ཅན།
ཕ་ཨོ་ཁུས་བསྐྱལ་ནས་གནས་ལ་སོང༌།
སྒོ་ཕྱི་ནང་མཚམས་ནས་ཕྱིར་ལ་འཁོར།
ཡུལ་ཕ་མ་རིག་ནས་ཞེ་རེ་ཤོར།
ཞེ་མ་ཤོར་བུ་མོ་དུང་ར་ཅན།
སྨན་བུ་མོའི་བསམ་དོན་གནས་ནས་འགྲུབ།
འདི་སྨན་ཤར་ཀུན་གྱི་འགྲོ་ལུགས་ཡིན།
ཞེས་གླུ་དེ་ལྟར་བླངས་པ་དང་སྐྱེས་པ་ཚོས་སྐད་གསང་མཐོན་པོས་གླུ་འགྱོག་བྱེད་ཅིང་སྐད་སྒྲ་སྒྲོགས། འོན་ཀྱང་
བུད་མེད་རྣམས་ནི་ཕན་ཚུན་ལ་བལྟས་ཏེ་ཡུད་ཙམ་ལ་དལ་ཅག་གེར་ལུས། གླུ་ཚིག་དེས་ཁོ་མོ་ཚོའི་སེམས་ཀྱི་སྐྱོ་ཤས་མ་
ལུས་པ་མཚོན་པར་བྱས་པས། ཚང་མའི་མིག་ཟུང་མཆི་མས་གཤེར་ཞིང་མཆིན་པའི་རྟིང་འོག་བརྗེས། སངས་ཀོས་གླུ་བླངས་
ཚར་བ་དང་ངོ་ལག་ཟུང་གིས་བཀབ་ནས་སྒོའི་ཕྱི་ལ་བརྒྱུགས། ཁོ་མོ་ཡང་བུད་མེད་གཞན་རྣམས་དང་མཚུངས་པར་ཕྱི་ཚུལ་
བབ་བརླིང་ལྡན་པ་འདྲ་ཞིག་ཡིན་ན་ཡང་སེམས་རྒྱ་ཤིན་ཏུ་ཆུང་བར་བརྟེན། བུད་མེད་ཚོའི་ལས་སྐལ་མཚོན་པའི་གླུ་ཚིག་
དེས་ཁོ་མོའི་སེམས་ཀྱི་མཚོ་མོའི་ངོས་སུ་སྐྱོ་བའི་རླབས་ཕྲེང་སློང་བར་བྱས།
ཞང་པོ་བསོད་བྷོ་ནི་མི་ཚོགས་ཀྱི་ཁྲོད་ན་སྐྱིལ་ཀྲུང་དུ་བསྡད་འདུག ཁོ་རང་འཛེམ་དོཊ་ཀྱི་སྣང་བ་ཙམ་ཡང་མེད་
པའི་འབྲོག་པ་དེ་དག་གི་ཁྲོད་ན་ཤིན་ཏུ་མི་མཛའ་བར་འདུག ཁོས་ཁུལ་སྒྱུ་རྩལ་ཁང་ནས་རི་མོ་འབྲི་སྐབས་གྱོན་པའི་གསེར་
མདོག་གི་མཐའ་ཤན་ཅན་གྱི་མིག་ཤེལ་དེ་ད་རུང་བཏགས་འདུག་ཅིང༌། ཚི་ལེན་ཅུང་ཟད་རྙིང་ཡོད་ནའང་བཀྲུས་ནས་
གཙང་མར་བྱས་ཡོད་ལ། མགོའི་སྐྲ་ལོ་རྣམས་ཤད་དེ་གྲལ་དག་ཅིང་འོད་ཀྲིག་གེར་འདུག རྐང་མགོའི་ལྷམ་ནི་འོད་འཁྱུག་
འཁྱུག་བྱེད། ཁོ་རང་ཆང་གིས་ཅུང་བཟི་སྟེ་མཁུར་ཚོས་གཉིས་ཚ་ལམ་ལམ་བྱེད་ནའང་ད་རུང་རིག་པ་ཧ་ཅང་གསལ།
བག་མ་སྐྱེལ་བའི་བྱེད་སྒོ་སྤེལ་བདང༌། ཞང་པོ་བསོད་བྷོ་གཅིག་པུ་རྟ་ལ་ཞོན། བག་མ་བསུ་བྱེད་ནི་གྲོང་ཁྱེར་གྱི་ཧྥུན་
ཐེན༨༠རྟགས་ཅནགྱི་རླངས་འཁོར་སྔོན་པོ་གཉིས་རེད། བསོད་བྷོར་ཇི་ལྟར་བཤད་ཀྱང་རླངས་འཁོར་དུ་མི་སྡོད་པར་རྩྭ་
ཐང་གི་ལུགས་སྲོལ་བཞིན་བྱེད་སྒོ་དེ་སྤེལ། བག་མ་བསུ་མཁན་ཚོས་ཞུ་བ་ཇི་ལྟར་བྱས་ཀྱང་ཁོས་བཟའ་ཟླ་སངས་ཀོ་ཐར་
སྐྱིད་ཀྱི་གྲོགས་སུ་སྦྲན་པ་ལས་རང་ཉིད་རླངས་འཁོར་ལ་གཏན་ནས་མི་སྡོད། མིག་གི་དཔྱིད་དུ་སྣང་བ་ནི། འཇར་པན་ནས་
ཐོན་པའི་ལྟ་ན་སྡུག་པའི་ཧྥུན་ཐེན་རླང་འཁོར་སྔོན་པོ་གཉིས་དང་གྱི་ལིང་རྟ་མཆོག་ཅིག་ཕན་ཚུན་འགྲོས་མཉམ་གྱི་ངང་
ནས། དགུན་ཁའི་ལྷགས་རླུང་གི་ཁྲོད་ན་དལ་བུར་བགྲོད་བཞིན་པ་དེ་རེད། ཡུད་ཙམ་ན་བསོད་བྷོས་རུས་རྐང་གཟེར་བའི་
གྲང་རླུང་ཁྱད་དུ་བསད་དེ་ལོངས་འཁོར་གྱི་མདུན་ཕྱོགས་སུ་ཐལ། བག་མ་སྐྱེལ་མཁན་གྱི་གྲས་ནས་ཞང་པོ་ཆེས་ཐོག་མ་
དང་ཆེས་གོང་མར་འཇོག་པ་ཡིན་པས། ཧྥུན་ཐེན་རླངས་འཁོར་གཉིས་ཀྱང་རྟའི་འགྲོས་དང་བསྟུན་ནས་སྐྱོད་པ་ལས་དེའི་
སྔོན་དུ་འབུད་མ་ཕོད། ཁ་ལོ་པས་ཀྱང་མིག་ཟུང་གིས་རྟའི་དྲུག་གཞུང་ཟླུམ་པོ་དང་རྨིག་བཞི་ཁོ་ནར་ལྟ། རླངས་འཁོར་ནང་
གི་མི་རྣམས་ཀྱིས་ཤེལ་སྒོ་ལས་རྟ་ཐོག་གི་ཞང་པོ་བསོད་བྷོའི་རྒྱབ་གཞུང་མཐོང་སྐབས། ཁོའི་ཁ་རླངས་ཐོལ་ལེ་བེར་འཕྱུར་
ཏེ་རྒྱབ་ཕྱོགས་སུ་ཡལ་ཞིང་གསེར་མདོག་གི་མཐའ་ཤན་ཅན་གྱི་མིག་ཤེལ་དེ་རླངས་པས་བསྒྲིབས་ནའང་འབྱིད་འདོད་
ཀྱང་མེད་པ་ལྟར་སྣང༌། རླངས་འཁོར་ནི་ངོས་མི་སྙོས་པའི་ནེའུ་གསིང་གི་གཞིར་ཡོམ་ཡོམ་དུ་བགྲོད་ཅིང༌། མི་རྣམས་ཀྱིས་
བསོད་བྷོའི་རྒྱབ་ཕྱོགས་ལ་ཅེ་རེར་ལྟ་བ་ལས་ཅི་ཡང་མི་སྨྲ། སྐབས་དེའི་བསོད་བྷོའི་གཟུགས་བརྙན་ནི་རྩྭ་ཐང་གི་གཟི་བྱིན་
འབར་བའི་འདྲ་སྐུ་ཞིག་རྟའི་ཁྲི་འཕང་ལ་བཞུགས་སུ་གསོལ་བ་དང་གཉིས་སུ་མ་མཆིས་ལ། ཁོས་རྟ་ཁ་གློད་དེ་རྟའི་འདོད་
པ་ལྟར་འགྲོ་བ་ནི་ཆེས་མཐའ་མའི་གནས་མཇལ་བྱེད་པ་དང་མཚུངས། རྒྱབ་ཕྱོགས་ཀྱི་ཧྥུན་ཐེན་ཀུང་ཟིའི་གློག་གི་ཀླད་པ་
དང་མིའི་ལག་རྩལ་ལས་གྲུབཔའི་འཕྲུལ་འཁོར་ཕུལ་ཏུ་བྱུང་བ་དེ་གཉིས་ནི་ཁོའི་སྔོན་ལ་འབུད་མི་ཕོད་ཅིང༌། རླངས་འཁོར་
སྐོར་ལོབས་སུ་སོང་བའི་ཁ་ལོ་པ་ཁོ་ལས་འདའ་མི་སྤོབས་ལ། བག་མ་སྐྱེལ་བའི་དཔུང་ཁག་ཀྱང་ཁོ་ལས་འདའ་མི་བཏུབ།
རྟའི་རྨིག་བཞིའི་འགྲོས་ཀྱིས་བག་མ་སྐྱེལ་བའི་རུ་དཔུང་ལ་དབང་བསྒྱུར་ཅིང༌། རྨིག་བཞི་ས་ལ་བརྡེབས་པའི་སྒྲ་ནི་
རླངས་འཁོར་གྱི་སྒྲ་ལས་གསལ་ཞིང་སྙན་པ་དང༌། རྟའི་མགྲིན་པའི་གཡེར་དྲིལ་སྐྱི་བསེར་རླུང་གི་ཁྲོད་ནས་ལྷང་ལྷང་དུ་
གྲགས་པ་ན། དེ་ནི་སྙན་དབང་གསོ་བའི་བདུད་རྩི་ཞིག་དང་བག་མ་སྐྱེལ་བའི་གནའ་བོའི་ཉམས་དང་ལྡན་པའི་རུ་དཔུང་
དེ་ལ་ལམ་སྟོན་པའི་དུང་བརྡ་ཞིག་མཐའ་ཡས་པའི་རྩྭ་ཐང་དུ་ཁྱབ་པའི་རྨོངས་མུན་མཐའ་དག་མཐར་སྐྲོད་པའི་ངང་ཚུལ་
དང་ཀུན་ནས་འདྲ། རྟ་མཆོག་དེས་ཧར་འདྲོག་དང་མཆོང་ལྡིང་གང་ཡང་མི་བྱེད་པར་ཤར་མར་བགྲོད་པ་ནི་རང་བྱུང་གི་
ལམ་སྟོན་དམ་པ་ཞིག་དང་མཚུངས། རྟ་དེས་རང་གི་རྒྱབ་ཕྱོགས་ན་སྐད་ཅིག་མའི་ཡུན་ལ་ལེ་བར་བཅུ་ཕྲག་མང་པོར་བགྲོད་
ཐུབ་པའི་དེང་རབས་ཅན་གྱི་འཕྲུལ་ཆས་གཉིས་རུས་སྦལ་ལྟར་གོག་བགྲོད་བྱེད་བཞིན་པ་མ་ཚོར་ལ། ཁ་ལོ་པ་བྲེལ་བ་ལངས་
ནས་དུང་བརྡ་ལྷང་ལྷང་དུ་གཏོང་བཞིན་པའང་མ་ཐོས་པ་ལྟར་གོམ་འགྲོས་བབ་བརླིང་གི་ངང་ནས་སྔར་མུས་བཞིན་མདུན་
དུ་སྐྱོད་པ་དང༌། རྟའི་བདག་པོས་ཀྱང་སྲབ་སྐྱོགས་འཛིན་པ་ཙམ་ལས་ལྕག་གིས་མི་སྐུལ་བར་རྟའི་འདོད་པ་ལྟར་སྔོན་དུ་
བསྐྱོད།
ཞང་མོ་སངས་ཀོས་ཤ་བསྒྲིམས་ནས་ལག་པ་གཉིས་ཀྱིས་རྐུབ་སྟེགས་སྔོན་མའི་རྒྱབ་བརྙེས་ལ་དམ་པོར་འཐམས་པ་
ནི། རྟ་མཆོག་བང་གིས་རྒྱུགས་སྐབས་ཞོན་མཁན་རྟ་ལས་ལྷུང་བར་སྐྲག་ནས་བརྒྱ་འགྱུར་གྱིས་བློ་རིག་བསྒྲིམས་པ་དང་འདྲ།
སྐབས་དེར་ཐར་སྐྱིད་ཀྱིས་ད་གཟོད་ཞང་མོ་སངས་ཀོས་སེམས་ཁུར་གྱི་མིག་ཟུང་གི་མདའ་མོ་ཡོལ་བ་མེད་པར་རླངས་
འཁོར་སྔོན་གྱི་རྐྱ་མི་དེར་ཕུར་ཚུགས་སུ་ལྟ་ཞིང༌། གལ་སྲིད་མི་དེ་རྟ་ཐོག་ནས་ཅུང་ཟད་ཡོ་ཚེ་ཁོ་མོ་སྐྲག་དངངས་དང་
བཅས་ཏེ་མིག་འོད་རྣོན་པོའི་སྟོབས་ལ་བརྟེན་ནས་རྟ་ཐོག་གི་མི་དེ་བསྲུང་ཅི་ཐུབ་བྱེད། སྟབས་ལེགས་པ་ནི། རྟའི་བང་
འགྲོས་ཤིན་ཏུ་དལ་ཞིང་ཐེངས་དུ་མར་ཆབ་རོམ་དང་འཕྱི་ཁུང་མང་པོ་བསྐོར་ནས་སོང་བས། དངོས་གནས་ཆང་གིས་
བཟི་བའི་བསོད་བྷོ་རྟ་ལས་ལྷུང་མ་སོང༌། འོན་ཀྱང་ཁོའི་རྐང་ལག་རྣམས་ལྷགས་རླུང་གིས་ཡུན་རིང་གཟིར་བར་བརྟེན།
འཁྱགས་ནས་ཅུང་ཟད་རེངས་པོར་གྱུར་ཡོད་པ་ཤེས་ཐུབ། རྫོང་ཐོག་ཏུ་འབྱོར་དུས་ཁོའི་ཁ་ངོ་ཐམས་ཅད་ན་ཁྲག་ཐིག་
ཙམ་ཡང་མཐོང་རྒྱུ་མེར་པར་སྐྱ་ཐལ་བེར་འདུག་ལ། ལུས་ཧྲིལ་བོ་བེམ་རོ་ལྟར་གྱུར་ཏེ་གཞན་གྱིས་རོགས་མ་བྱས་ན་རྟ་ལས་
ཀྱང་འབབ་མི་ཐུབ་པར་གྱུར་འདུག
བག་མ་བསྐྱལ་ཟིན་ནས་ཕྱིར་ལོག་སྐབས། རྟས་སྣ་ཕུ་འདེབས་བཞིན་མདུན་ནས་མདུན་དུ་བསྐྱོད་པ་དང༌། གྲང་
རླུང་གི་ང་རོ་ནི་སྤྱང་ལྟོགས་ཀྱིས་ངུ་ཟུག་འབྱིན་པ་ལྟར་སྐྱི་གཡའ་བར་འདུག བསོད་བྷོས་རྟ་ཐོག་ནས་སངས་ཀོ་པང་དུ་
དམ་པོར་བཟུང་ཡོད་པས། ཁོ་མོའི་སེམས་སུ་མེ་འབར་བ་ལྟར་དྲོད་ལམ་ལམ་བྱེད་པ་དང་ལུས་ཧྲིལ་བོ་མེ་ཕུང་གི་གཟུགས་
སུ་གྱུར་ནས་སྐད་ཅིག་ལ་མཁའ་དབྱིངས་སུ་འཕུར་འགྲོ་བ་ལྟ་བུའི་སྐྱིད་སྣང་ཞིག་སྐྱེས། རྟའི་སྣ་ཁུང་གཉིས་ལས་རླངས་པ་
ལྷོག་ལྷོག་ཏུ་འཕྱུར་ནའང་ད་དུང་ཐང་ཆད་པའི་སྣང་བ་སྤུ་ཙམ་ཡང་མི་འདུག བསོད་བྷོས་ད་རུང་མུ་མཐུད་ནས་རྟ་ལ་
ལྕག་གིས་བྲབས་ཏེ་མཚམས་མི་འཇོག
ཡང་ཁོ་གཉིས་སྔར་གྱི་གདུང་མའི་ཟམ་འགྲམ་དུ་སླེབས། རི་དེའི་ཕ་རོལ་ཏུ་བརྒལ་ཚེད་གཟོད་རང་ཡུལ་དུ་སླེབས་
ཐུབ་ལ། གྲོག་མའི་ཁྱུ་ཚོགས་ལྟ་བུའི་གྲོང་སྡེ་དེའང་མཐོང་ཐུབ། སྐབས་དེར་ལྷགས་རླུང་གིས་ཡང་བསྐྱར་དཔུང་འཇུག་བྱེད་
མགོ་བརྩམས་པ་དང་ཆུ་ངོས་སུ་ཡང་ཤོག་སྐྱ་བཏིང་འདྲའི་ཆབ་རོམ་སྲབ་མོ་ཞིག་ཆགས། བསོད་བྷོས་སེམས་ཆུང་གི་ངང་
ནས་རྟ་ཁྲིད་དེ་ཟམ་པ་བརྒལ། གློ་བུར་དུ་རྐང་འོག་གི་གདུང་མ་འགུལ་བས། ཁོ་རང“ཤག”སྒྲ་དང་བཅས་ཆུའི་ནང་
དུ་ལྷུང་བས་སངས་ཀོས་རྒྱབ་ཕྱོགས་ནས་ཧབ་ཆ་བརྒྱབ། ཁོས་ཁོ་མོར་སྡང་མིག་གིས་གཅིག་བལྟས་ཏེ་ཤུགས་གང་ཡོད་ཀྱིས་
བརྟན་པོ་མིན་པའི་གདུང་མ་བསྒུལ་བས་སངས་ཀོ་ཡང“ཤག”སྒྲ་དང་བཅས་ཆུའི་ནང་དུ་ལྷུང༌། བསོད་བྷོ་སྔོན་ལ་
ཆུའི་ཕ་རོལ་ཏུ་བུད་དེ་ཁོ་མོར་བལྟས་ནས་བགད། ཁོ་གཉིས་ཀྱི་ལྭ་བ་རློན་པ་བྱས། སངས་ཀོ་ཡང་མྱུར་མོར་ཆུ་འགྲམ་དུ་
བུད་དེ་ལུས་སྟེང་གི་དར་སོབ་རྣམས་སྤྲུག་སྤྲུག་བཏང༌། ཁོས་རྟ་ཁ་ཁྲིད་ནས་ཁོ་མོའི་ལག་མགོ་ནས་འཐེན་ཏེ“གླུ་ཞིག་
ལོངས་དང”ཟེར། ཁོ་གཉིས་ཀ་དཔུང་བ་མཉམ་གཤིབ་ཀྱིས་ལྷགས་རླུང་གི་ཁྲོད་ནས་བསྐྱོད། སྐྱི་གཡའ་བའི་དགོང་ཁའི་
གྲང་ངར་གྱིས་ཡོད་ཚད་གཞོམ་ཞིང་ཡོད་ཚད་འཇིགས་པར་བྱེད། འོན་ཀྱང་ཁ་བ་བུ་ཡུག་གི་ཁྲོད་ནས་གྲགས་འོངས་པའི་གླུ་
སྐད་སྙན་མོ་ཞིག་གིས་ཁུ་སིམ་པའི་ས་སྲོད་ཀྱི་དུས་འདི་ལ་ཁྱད་དུ་འཕགས་པའི་དཔལ་ཡོན་གསར་བ་ཞིག་བསྐྱལ་འོངས།
“གནའ་དང་མ་རྫ་ལུང་ཉིན་ནས།
འབྲོང་འབྲོང་མོས་རྫ་རི་བརྒྱུད་དེ།
རྡོ་གཡའ་མའི་མགོ་ཁུང་གཏིབས་དུས།
ནང་འབྲོང་བརྒྱའི་མིག་ལ་གཟན་ནས།
རྭ་རྣོན་པོས་རྭ་རྩེད་བྱེད་དུས།
རྩྭ་རམ་དཀར་ཟ་རྒྱུ་མེད་རུང་
ཆུ་རྫ་ཆུ་མཉམ་འཐུང་བྱས་ནོ།
འབྲོང་འུ་གཉིས་སེམས་ན་ལོས་གསལ།
གནའ་དང་མ་སྡེ་ལུང་ད་ནས།
རོགས་འུ་གཉིས་སྣང་བ་མཐུན་ནས།
ཁྱིམ་གཅིག་ལ་སྨོན་ལམ་འདེབས་དུས།
ཡུལ་ཕ་མའི་མིག་ལ་གཟན་ནས།
ཁྱིམ་གྲུ་བཞིའི་ནང་ནས་ཕུད་དུས།
སྐྱིད་རྟ་བོ་ཞོན་རྒྱུ་མེད་རུང༌།
སྡུག་ཁུར་པོ་མཉམ་ཁུར་བྱས་ནོ།
ཁྱོད་འུ་གཉིས་སེམས་ན་ལོས་གསལ།”
……
(འབལགཞུང་དང་ཡཱ་བུན་ཅུན་གཉིས་ཀྱིས鉄མི་རིགས་རྩོམ་རིག鉅ལས་བདམས་ཏེ་བསྒྱུར།)(རྩོམ་སྒྲིག་པ་ཚེ་རིང་མཁར་ཡིན)

བརྒྱུད་སྐུལ།

མཆན་སྤེལ།