གཙུག་གཡུ།

གཙུག་གཡུ། (ཚན་བཤུས)༡

གླང་མདུན་དཔལ་འབྱོར།

ལེའུ་དགུ་པ། གདོན་འདྲེས་གནང་བའི་དངོས་གྲུབ།
སྐབས་དེར་སྐུ་ངོ་མི་དཔོན་ནི་ཨ་ཅག་གསལ་སྒྲོན་ལགས་ཀྱིས་ཕྱག་འདྲེན་ཞུས་ཏེ་གཟིམ་ཆུང་ནས་ཕྱིར་ཐོན་ཡོང་གི་ཡོད་ཅིང༌།ངོ་གདོང་ལ་དམར་
མདངས་ཕྲན་ཙམ་འཁོར་བ་དང༌། བར་མ་ཆད་ པར་དོན་མེད་གད་མོ་སིག་སིག་ཏུ་དགོད་པའི་གནས་ཚུལ་ལ་བལྟས་ན་ར་ཅུང་ཟད་བཟི་ཡོད་པ་སྨོས་
མེད་རེད། ཨ་ཅག་གསལ་སྒྲོན་ལགས་ཀྱིས་མི་དཔོན་གྱི་ལག་པ་དཔལ་ལྡན་ལ་སྤྲད་དེ་ཚོང་ དཔོན་དང་ལྷན་དུ་རྒྱལ་སྒོ་བར་སྐྱེལ་མ་བྱས་ཏེ་ཕྱིར་ལོག དེ་
ནས་དཔལ་ལྡན་དང་མི་དཔོན་གྱི་ གཡོག་པོ་ཞིག་གིས་གཡས་གཡོན་ནས་ལག་འདྲེན་གྱིས་བར་སྐོར་བརྒྱུད་དེ་འགྲོ་སྐབས་མི་དཔོན་ནི་གོམ་སྟབས་ཕྲན་
བུ་འཁྱོར་ཞིང་རང་གི་ཆུང་མར་ཁ་གཏད་དེ་“ལྕམ་ཆུང་ལགས། དེ་རིང་ང་ཆང་གིས་ཏོག་ཙམ་བཟི་བ་ཡིན་པ་འདྲ། གོམ་པ་སྤྲིན་པའི་སྒང་ལ་བརྒྱབ་
པ་དང་གཅིག་པ་ རེད”ཅེས་ཡང་ཡང་ཤོད་པའི་བར་མཚམས་སུ་དོན་མེད་གད་མོ་སིག་སིག་དགོད་བཞིན་དུ་ སོང་སྟེ་གཟིམ་ཤག་གི་རྒྱལ་སྒོར་འཛུལ།
དེ་ནས་མི་དཔོན་གྱིས་དཔལ་ལྡན་ལ་ཚོང་དཔོན་དང་ གསལ་སྒྲོན་ལགས་སུ་སྐྱིད་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུའི་ཁ་ལན་བསྐུར་ཏེ་ཕྱིར་བསློགས་པའི་
རྗེས་སུ་སྐད་གདངས་ཆུང་ངུས“ཡ་གིའི་རྒྱ་དང་མོན་གྱི་ས་མཚམས་ན། ཁང་ཆུང་དཀར་ལ་དུ་བའི་གཡའ་ཞག་འཁྱིལ།དེ་ན……”ཞེས་པའི་ཀ་
ལ་དབང་པོའི་རྣམ་ཐར་དུམ་བུ་དེ་ལྷང་ ལྷང་གཏོང་བཞིན་དུ་རིམ་བཞིན་སྐས་ཀར་འཛེག སྐས་གདང་མཐའ་མཇུག་དེའི་ཐོག་ཏུ་རྐང་བ་ བཞག་སྟེ་
མགོ་ཡར་བཀྱགས་པས་ས་རུབ་གྲབས་ཡོད་སྟབས་ཁོར་ཡུག་གི་དངོས་པོ་རྣམས་ཇི་མ་ཇི་བཞིན་མི་མངོན་ཡང༌། མིའི་གཟུགས་སྣང་གི་གྲིབ་གཟུགས་མཐོ་
ལ་ཆེ་བ་ཞིག་སྐས་འགོར་ལངས་ནས་ཡོད་པ་མཐོང༌། མི་དཔོན་ནི་རྣམ་ཐར་ཡང་གཏོང་མཚམས་ཆད་དེ་ཞིབ་ཏུ་བལྟས་པས་གྲིབ་ གཟུགས་དེ་ནི་ཧ་ལམ་
ཁང་པའི་སྟེང་ཐོག་ལ་ཐུག་གྲབས་ཡོད་པ་མ་ཟད། ད་དུང་རང་གི་ཕྱོགས་སུ་ཡོང་གི་ཡོད་པ་མཐོང་བས་ད་གཟོད་ཀྱི་སྐྱིད་སྣང་ཡོངས་རྫོགས་འཐོར་ནས་
ཞེད་སྣང་ཆེན་པོ་སྐྱེས་ཏེ“གདོན་འདྲེ་འདུག གདོན་འདྲེ་འདུག”ཅེས་སྐད་ལོག་རྒྱག་བཞིན་གོམ་པ་ཕྱིར་ཤིག་ བརྒྱབ་སྟེ་གན་རྐྱལ་དུ་འགྱེལ། རྒྱབ་
ནས་ཡོང་མཁན་ལྕམ་ཆུང་དང་ཁོལ་པོ་གཉིས་གྱིས་བཀག་པ་མ་ གཏོགས་ཁ་ཆག་སྣ་རལ་ཞིག་ཡོང་རྒྱུ་གོར་མ་ཆག སྐབས་དེར་མ་བྱན་གྱིས་སྐས་འགོར་
བཞུ་མར་ཁྱེར་ཏེ་བསུ་བར་ཡོང་ནས་མི་དཔོན་གྱི་དངངས་སེམས་ཅུང་འཇགས་པའི་མཚམས་སུ་ད་གཟོད་ཀྱི་གྲིབ་གཟུགས་ཆེན་པོ་དེ་ན་གདོན་འདྲེ་
མ་ཡིན་པར་དབང་རྒྱལ་ལགས་ཡིན་པ་དང༌། ཁོང་གིས་དེ་རིང་ངེས་པར་དུ་སྐུ་ངོ་མཇལ་དགོས་ཡོད་ཅེས་ཡུན་རིང་ཕེབས་སྒུག་ཞུས་ལུགས་བརྡ་སྦྱར་བའི་
རྗེས་སུ་མི་དཔོན་གཞི་ནས་བློ་བདེ་སེམས་བདེ་བྱུང་ངོ༌།
གཟིམ་ཆུང་ནང་དུ་སླེབས་པ་དང་མི་དཔོན་གྱིས་ཟླ་གམ་གོན་ནས་གདན་ཐོག་ཏུ་བསྡད་དེ་གློ་གསང་ཞིག་བརྒྱབ་པ་དང་སྦྲགས་བཙོན་པར་
བཀོད་པ་གཏོང་བའི་སྐབས་ཀྱི་འགྱིང་ཉམས་དེ་བསྟན་ནས“སུ་རེད་དམ། ཡར་ཤོག་གྱིས་དང་” ཞེས་བརྡ་བཏང་མ་ཐག་ཏུ་ཐེར་མ་རྫ་མདོག་གི་
ཕྱུ་པ་གྱོན་ཞིང༌། ལྷམ་འཇུར་ཏ་ཡུ་རིང་གྱོན་པའི་སྐྱེ་བོ་སྟོབས་ཆེན་ཞིག་ཡར་ཡོང་སྟེ་རྒྱ་གར་ཞྭ་མོ་ཕུད་དེ་ཕྱག་འབུལ་ཞུས། མི་དཔོན་གྱི་ཚོང་དཔོན་གྱི་
བཟོ་ལྟ་དང་ལྡན་པའི་མི་དེ་ནི་ཧ་ཅང་མཐོང་མྱོང་ཡོད་པའི་སྣང་བ་ཞིག་བྱུང་ ནས་ཞིབ་ཏུ་ལྟ་སྐབས། ས་དབང་ཆེན་མོའི་གསོལ་ཚིགས་ཀྱི་སྐབས་སུ་སྐུ་
མགྲོན་གྱི་གྲས་སུ་འཁོད་པའི་སྐུ་ངོ་མདའ་དཔོན་གྱི་གྲོགས་པོ་དབངརྒྱལ་ ཞེས་པ་དེ་ཡིན་པ་ཤེས་ཏེ“དབང་རྒྱལ་ལགས། བཞུགས་གདན་འཇགས”ཞེས་བཤད།
དབང་རྒྱལ་གྱིས་ཁ་བཏགས་ཨ་ཤེ་གཅིག་དང་ཤོག་ཆག་ཆེན་པོ་ཞིག་ལྕོག་ཙེའི་སྟེང་དུ་བཞག་སྟེ་“དེ་རིང་སྐུ་ངོ་མི་དཔོན་ལ་སྐྱབས་འཇུག
་ཅིག་ཞུ་བར་བཅར་བ་ཡིན་”ཟེར་རིང་དུ་མི་དཔོན་གྱིས་ཤོག་ཆག་དེ་ལ་ཟུར་མིག་ཅིག་བལྟས་པས་དེའི་ཐོག་ཏུ་“བསྐྱབས་རྟེན་དངུལ་སྲང”
ཞེས་ཡི་གེ་ཆེ་ཐག་ཆོད་ཅིག་བྲིས་ཡོད་པ་མཐོང་འཕྲལ་“བཞུགས་གདན་འཇགས་བཞུགས་ གདན་འཇགས”ཟེར་བས་དབང་རྒྱལ་གྱིས་གདན་ཐོག་
ཏུ་བསྡད་ནས་འདི་སྐད་གསོལ་ལོ། “ངའི་ཚོང་རོགས་དབང་འདུས་ཟེར་མཁན་ཞིག་ཡོད། ཁོ་དང་ང་ཚོ་དུས་ཡུན་རིང་པོ་ནས་རྒྱ་གར་དང་བྱང་སོགས་
ལ་རྒྱ་ཚོང་དང་བལ་ཚོང་རྒྱག་པར་མཉམ་དུ་འགྲོ་མྱོང་བ་དང༌། གང་ཅིའི་ ཐད་ལ་གཅིག་ཕན་གཅིག་རོགས་བྱེད་པའི་ཧ་ཅངའབྲེལ་འདྲིས་ཆེ་བའི་གྲོགས་
པོ་ཡིན།ཉེ་ལམ་ དབང་འདུས་ཀྱི་ངོ་ཤེས་བདུད་འདུལ་ཟེར་བ་ཞིག་ཡོད་པ་དེ་ལས་ཁུངས་ཀྱི་སྐོར་བྱ་བས་འཛིན་ བཟུང་བྱས་ཏེ་སྣང་རྩེ་ཤག་ཏུ་བཙོན་
འཇུག་བྱས་འདུག ཚོང་རོགས་ཀྱིས་ང་ལ་ཞུ་ངོ་བྱེད་རོགས་ཟེར་གྱི་འདུག དེ་ལྟར་སྐུ་ངོ་མཆོག་ལ་ཞུ་ཡུས་གང་ཡང་མ་མཆིས་ཀྱང༌། སྐུ་ངོ་མི་དཔོན་གྱིས་
བྱམས་སྙིང་རྗེ་ལ་གཟིགས་ནས་གང་མགྱོགས་བཙོན་གྲོལ་བཀའ་དྲིན་ཆེ་བ་ཞེས་ཞུ་རྒྱུ་དང༌། ད་རེས་ཞུ་རྟེན་ཆེ་བ་གང་ཡང་བྱུང་མ་སོང་ཡང་སྐུ་ངོ་མི་
དཔོན་ལ་ཐུགས་མཁོ་གང་དགོས་རྗེས་སུ་འབུལ་ལམ་ཞུས་ཆོག་པ་ཞུ་”ཞེས་ལྕེ་ཡང་སྣར་ཙམ་སྣར་ཙམ་བྱེད་བཞིན་དུ་གུས་ཞབས་ཀྱི་སྒོ་ནས་ཞུ་བ་ཕུལ།
སྐབས་དེར་མི་དཔོན་གྱི་བསམ་པར་ཁྱོད་ནི་གནས་གོ་ས་གང་ཡང་མེད་ལ་མི་དྲག་ཙམ་ཞིག་ཀྱང་མིན་ནའང༌། ས་དབང་ཆེན་མོའི་གསོལ་ཚིགས་སྐབས་སུ་
སྐུ་ངོ་མདའ་དཔོན་གྱི་གྲོགས་པོ་ཡིན་པའི་སྤོབས་པས་འཕེར་ཤ་ག་ཚོདབྱས་པ་མིན་ནམ། དེ་རིང་ང་ལ་རེ་རྒྱུའི་ཉི་མ་ཞིག་ཤར་བ་རེད། ཁྱོད་ཀྱིས་མི་དཔོན་
ཞེས་པ་དེ་གང་འདྲ་ཞིག་ཡིན་པ་ཧ་གོ་བ་བཟོས་ཆོག་བསམས་ནས་ཅུང་ཟད་ར་བཟི་བའི་སྙིང་སྟོབས་ཀྱིས་བསྐུལ་ཏེ་འདི་ལྟར་སྨྲས། “དབང་རྒྱལ་
ལགས། ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་་ཀྱི་སྐྱབས་མགོན་མཚུངས་ཟླ་བྲལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་བླ་ན་མེད་པའི་ཐུགས་
རྗེའི་བཀའ་དྲིན་གྱིས་བདག་ནི་རིམ་པ་ལྔ་པའི་མི་དཔོན་གྱི་ལས་གནས་འཁུར་དུ་བཟོད་དེ་ད་བར་ལོ་ཇི་སྙེད་ཅིག་་རིང་དུ་བློ་དང༌། ནུས་པ། ཤེད་ཤུགས་
གང་ཐོན་གྱི་སྒོ་ནས་གཞུང་ས་དགའ་ལྡན་ཕོ་བྲང་ལ་ཞབས་འདེགས་ལྷག་བསམ་རྣམ་དག་ཁོ་ན་བསྒྲུབས་པ་ལས། རང་ཁེ་ཕུགས་སུ་ཞེན་ནས་གཉེན་
འཁོར་ལྟོས་བཅས་རྣམས་མགོ་འདོན་རྒྱབ་སྐྱོར་དང༌། ཡིད་ལ་གནག་པ་གང་ཡིན་པར་ལྐོག་ཏུ་ཤུགས་ཀྱིས་རྨ་འབྱིན་པ་འམ་ཡང་ན་གནོད་འཚེ་བྱས་པ་
སོགས་མེད་པར་དྲང་ཚུགས་ཁོ་ན་བགྱིས་ཤིང༌། ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང༌། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཆེན་པོར་འཚེ་བར་བྱེད་
པའི་ཚིག་ཙམ་ཞིག་དང༌། དེའི་ཐུགས་རྗེའི་གྲིབ་མར་འཚོ་བའི་ཆབ་རོལ་གྱི་འབངས་རྣམས་བདེ་བར་འཁོད་པ་ལ་ གནོད་བྱེད་ཁྲིམས་འགལ་གྱི་ངན་སྤྱོད་
མཐའ་དག་ལ་ནི་ཁྲིམས་ཀྱི་རལ་གྲིས་ཚར་གཅོད་པར་བྱས་ལགས༌། ཕྱིས་འབྱུང་ཡང་བསྟན་འགྲོ་ལ་འཚེ་བྱེད་ཁྲིམས་འགལ་ནག་ཅན་ངན་རེངས་པ་
རྣམས་རྒྱ་ཡན་དུ་བཏང་ན། བདག་ནི་ཁྲིམས་ཀྱི་ཁ་ལོ་པ་ཞིག་ཡིན་པས་གོང་ས་སྐྱབས་མགོན་ཆེན་པོའི་བཀའ་སྲུང་མཐུ་རྩལ་ཅན་རྣམས་ཀྱིས་བཀའ་ཆད་
དྲག་པོས་ཚར་གཅོད་པར་གདོན་མི་ཟ་ཞིང༌། གཞུང་ས་ཆེན་པོའི་བཀའ་ཁྲིམས་ཉམས་ཉེས་པར་གྱུར་ཏེ་བཟང་པོར་སྐྱེས་དང་ངན་པར་ཆད་པ་གཅོད་
དགོས་པའི་ཤན་འབྱེད་ཙམ་ཡང་མི་འབྱུང་བའི་མཚམས་སུ་རྐུན་མ་དང༌། ཇག་པ། ཁྲམ་པ་ལ་སོགས་པའི་སྐྱེ་བོ་ངན་པའི་ཚོགས་རྣམས་དུག་རྩྭ་བཞིན་
དུ་འཕེལ་ཏེ་འབངས་ཀྱི་ལེགས་ཚོགས་ཐམས་ཅད་གཞོམ་པར་བྱེད། བརླག་པར་བྱེད། དེ་ལྟར་ན་ངེད་ཁྲིམས་ཀྱི་བྱེད་པོ་ཞིག་ཡིན་པས་ངན་སོང་དུ་མི་ལྷུང་
བ་ག་ལ་སྲིད། ལྷག་དོན་དུ་བདུད་འདུལ་ནི་ད་ལན་ཐེངས་གཅིག་མ་ཡིན་པར་རྐུན་མ་ལང་ཤོར་གྱི་ནག་ཅན་ངན་རེངས་ཤིག་ཡིན་པརབརྟེན་བཙོན་གྲོལ་
གཏོང་རྒྱུ་ལྟ་ཅི་སྨོས། ཀོ་བཏུམས་བརྒྱབ་སྟེ་ཆུ་ལ་དབྱུགས་ཀྱང་ཆད་པ་ཆུང་དྲགས་པའི་ཉེས་ཅན་ཞིག་ཡིན་ལ། དོ་བདག་བདུད་འདུལ་རང་ཉིད་ཙམ་དུ་
མ་ཟད། ཁོ་པ་དང་ལེ་ཐོགས་ཡོདམཁན་མང་པོ་ཞིག་ལའང་ཁྲིམས་ཀྱི་ཆད་པ་གཅོད་དགོས་པ་གོར་མ་ཆག དེས་ན་དབང་རྒྱལ་ལགས་ཁྱེད་ཀྱིས་གྱོད་གཞི་
འདི་ལ་ཐེ་གཏོགས་མ་གནང་ན་ལེགས་ཆ་ཆེ་”ཞེས་ཅུང་ཟད་འཇིགས་སྐུལ་གྱི་རྣམ་པའི་སྒོ་ནས་བཤད་ཐོག་མིག་གཉིས་འབུར་ཚུགས་སུ་དབང་རྒྱལ་
གྱིགདོང་ལ་བལྟས། དང་ཐོག་གུས་གུས་ཞུམ་ཞུམ་གྱི་ཚུལ་དང་ལྡན་པའི་དབང་རྒྱལ་ནི་མི་དཔོན་གྱི་གཏམ་གླེང་དེ་རྣམས་ཐོས་ཟིན་པའི་རྗེས་སུ་འཇིགས་
སྣང་གི་རྣམ་པ་སྤུ་ཙམ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་མགོ་བོ་གཟེངས་སུ་བཏེགས་ཤིང་གདོང་པར་ཁྲོ་བའི་དམར་མདངས་རྒྱས་ཏེ་འདི་སྐད་དོ།
“སྐུ་ངོ་མི་དཔོན་གྱིས་ད་ལྟ་གསུངས་པ་འདི་རྣམས་སྐུ་ངོ་ཁྱེད་ཉིད་སྣང་རྩེ་ཤག་ལས་ཁུངས་ཆ་རྒྱུས་མེད་མཁན་གྲོང་གསེབ་པའི་ཨ་ཕ་ཞིག་གིས་ཐོས་ན་
ཕལ་ཆེར་འཇིགས་སྣང་སྐྱེ་མདོག་ཁ་པོ་རེད། འོན་ཀྱང་ང་ནི་བོད་ཁྲི་སྐོར་བཅུ་གསུམ་བསྐོར་ཟིན་པའི་མི་ཞིག་ཡིན་ལ། སྐུ་དྲག་ལ་ཆ་མཚོན་ན་མཐོ་ས་
དབང་ནས་དམའ་དྲུང་དཀྱུས་བར་ཧ་ལམ་མང་ཆེ་བ་ཆ་རྒྱུས་ཡོད། ལྷག་དོན་དུ་སྐུ་ངོ་མི་དཔོན་ཁྱེད་ཀྱི་ཕྱག་ལས་གནང་ཕྱོགས་དང༌། སྣང་རྩེ་ཤག་གི་
བཙོན་པ་མི་རེ་ངོ་རེ་ཅིའི་ཕྱིར་བཙོན་དུ་ཚུད་པ། ལ་ལའི་ཆད་པ་ཆག་ཡང་ཡོང་བའི་རྒྱུ་མཚན། ཡང་འགའ་རེ་བཙོན་གྲོལ་ཇི་ལྟར་ཐོབ་མིན་བཅས་ཞིབ་
ཅིང་ཕྲ་བ་རྒྱུས་མངའ་ཡིན་མུས་ལ་བརྟེན་ད་ལན་བདུད་འདུལ་ཡང་བཙོན་གྲོལ་ཡོང་རྒྱུར་ཡིད་ཆེས་བརྟན་པོ་བཅངས་ཏེ་སྐྱབས་འཇུག་ཞུ་བར་ཡོང་བ་
ལ་སྐུ་ངོ་མི་དཔོན་གྱིས་དོན་གྱི་འབྲས་བུ་དབེན་པའི་སྟོང་གླེང་དེ་ལྟ་བུ་གནང་བའི་དགོས་པ་ཡེ་ནས་མ་མཆིས། གོ་ཐོས་ལ་སྐུ་ངོ་མི་དཔོན་གྱིས་སྐྱིད་གྲོང་
གཞིས་ཀ་དང་བདེ་ལྡན་་གླིང་གཞིས་ཀ་གཉིས་སྒོས་གཞིས་ཀྱི་ཁ་སྣོན་དུ་གསོལ་སྩལ་ཞུ་བའི་སྙན་ཞུ་ཞིག་ཕུལ་གནང་བ་ཡིན་པ་འདྲ། སྐུ་ངོ་ཁྱེད་ཀྱིས་
དགོས་དོན་མེད་པའི་བཀའ་མོལ་སྟོང་པ་ཤ་སྟག་མ་གསུངས་པར་ང་གཉིས་གཅིག་བློ་གཅིག་བསྟན་གྱིས་གྲོས་མོལ་ཡག་པོ་གནང་ན། ངས་སྐུ་ངོ་ཁྱེད་ལ་
གཞིས་ཀ་དེ་གཉིས་ཕྱག་ཏུ་སོན་པར་ཕན་ཐོགས་ཆེ་བའི་ཕྱག་རྟགས་ཤིག་འབུལ་རྒྱུ་ཡོད་”ཅེས་ཚོང་པ་གཉིས་ཕན་ཚུན་ཚོང་སྒྲིག་པའི་སྐབས་དང་འདྲ་
བར་དབང་རྒྱལ་་གྱིས་མི་དཔོན་འགྲམ་དུ་ཚུར་བཅར་ཙམ་བྱས་ནས་མིག་གཉིས་ཧྲིག་ཧྲིག་ཏུ་མི་དཔོན་གྱི་གདོང་ལ་ལྟ་བཞིན་དུ་བཤད། མི་དཔོན་གྱིས་
དང་ཐོག་དབང་རྒྱལ་ཟིལ་གྱིས་གནོན་དགོས་བསམས་ཏེ་གཏམ་ཆེན་བཏང་བ་ཡིན་མོད། འོན་ཀྱང་བསམ་བརྗོད་ལས་འདས་པའི་གཏམ་ལན་དེ་རྣམས་
ཐོས་རྗེས་རང་ཉིད་ཀྱིས་གཞན་གྱི་རྒྱུདངོས་གསུག་ཏུ་བཟས་པའི་གནས་ཚུལ་་རྣམས་དབང་རྒྱལ་གྱིས་ཤེས་པ་མིན་ནམ་སྙམ་སྟེ་ཞེད་སྣང་གིས་ཐོག་མའི་
གཟི་རྔམཡོངས་རྫོགས་ཤོར་ཏེ་གདོང་པའང་དམར་པོར་གྱུར་པ་དང༌།མཇུག་ཏུ་ཕ་གཞིས་ཀྱི་སྐོར་ཐོས་སྐབས་ཡ་མཚན་དང་རེ་བ་གཉིསདུས་གཅིག་ཏུ་
སྐྱེས་ཏེ་འཛུམ་འཚེར་འཚེར་གྱི་སྒོ་་ནས་“དབང་རྒྱལ་ལགས། ངས་སྙན་ཞུ་ཕུལ་བ་ ཁྱེད་ཀྱིས་ཇི་ལྟར་མཁྱེན་བྱུང་ངམ་”ཞེས་དྲིས་པར་དབང་རྒྱལ་
གྱིས་གད་མོ་ཞིག་བགད་དེ་“སྐུ་ངོ་མི་དཔོན། དེའི་སྐོར་ལ་བཀའ་འདྲི་མང་པོ་གནང་དགོས་དོན་མེད། དེ་ལས་འདི་ལ་གཟིགས་དང༌། ཏན་ཏན་ཐུགས་
ཕན་གསོས་ཀྱི་རེད་”ཟེར་བཞིན་དུ་ཨམ་ཕྲག་ནས་དྲུའུ་ཙེ་དམར་པོ་སྒྲིལ་སྒྲིལ་ཞིག་བཏོན་ཏེ་མི་དཔོན་ལ་སྤྲད།མི་དཔོན་ནི་རང་ཉིད་ལ་ཕ་གཞིས་ཁ་
སྣོན་ཡོང་རྒྱུར་ཕན་ཐོགས་ཡོད་པའི་དངོས་པོ་དེ་ཅི་ཞིག་ཡིན་ནམ་བསམས་ཏེ་མགྱོགས་མྱུར་ལྟ་རྒྱུའི་དངངས་སྐྲག་གིས་་བྲེལ་བ་འཚུབ་འཚུབ་ངང་དྲུའུ་
ཙེ་སྒྲིལ་སྒྲིལ་དེ་ཁ་བསྔོགས་པས། སི་ཤན་གྱི་སྐུད་པ་དུམ་ཙམ་ཞིག་ལ་བརྒྱུས་པའི་གཡུ་ཞིག་ཡོད་པ་མཐོང༌། གཡུ་དེ་ནི་དམར་མདངས་དང་ལྡན་པའི་བོད་
གཡུ་གྲུ་དམར་ཤིན་ཏུ་མཚར་བ་ཞིག་འདུག་ལ་ཧ་ཅང་མཐོང་མྱོང་མྱོང་ཞིག་ཀྱང་སྣང་བས། ཡང་ནས་ཡང་དུ་ཨ་ལོག་བརྒྱབ་སྟེ་བལྟས་པ་དང་བསམ་བློ་
བཏང་ཡང་གང་དུ་མཐོང་མིན་ཡེ་ནས་མ་དྲན། ཡིན་ཀྱང་དེའི་མཚར་མདངས་ལ་ཡིད་དབང་རབ་ཏུ་སོང་ཏུ་སྡོད་སྐབས་གློ་བུར་དུ་སྐུ་ངོ་ས་དབང་ཆེན་
མོའི་བཞིན་རས་ལྷང་ངེད་ཡིད་ལ་འཆར་ཞིང༌། ས་དབང་ཆེན་མོའི་གཏམ་སྒྲོས་ཏེ་“མི་དཔོན། ངའི་བུ་འཇིགས་མེད་གྲགས་པའི་བླ་གཡུ་བྱེད་འོས་
པའི་གཡུ་རྩེ་གྲ་ཞིག་ལག་ཏུ་སོན་པ་གནང་ཨང༌། ཁྱེད་ཀྱི་སྙན་ཞུ་དེའི་སྐོར་ལ་ངས་ཤུགས་བརྒྱབ་ཆོག་”ཅེས་པའི་སྐད་སྒྲ་ལྷང་ལྷང་རྣ་བར་སྒྲོག་པ་དེ་
ཡིད་ལ་འཆར་བས་གཡུ་དེ་ནི་ཇི་ལྟར་བྱས་ཀྱང་ལག་པ་ནས་གློད་འདོད་མ་བྱུང་ཞིང༌། སྨིན་མ་ཡང་བསྡུས་ཏེ་ཡུད་ཙམ་ཞིག་བསམ་བློ་བཏང་རྗེས་འཛུམ་
དམུལ་དམུལ་གྱིས་“དབང་རྒྱལ་ལགས། བདུད་འདུལ་ནི་ཧ་ཅང་ངན་རེངསཀྱི་རྐུན་མ་ཞིག་ཡིན་པ་སྨོས་མེད་རེད། འོན་ཀྱང་ཁྱེད་ཀྱིས་ལན་གཅིག་
གསུངས་པ་ལ་མིན་ཞུས་ན་ག་ནས་ཡོང༌། བདུད་འདུལ་ནས་སྔ་འགྱོད་ཕྱི་འདོམས་བྱས་ཏེ་ཕྱིན་ཆད་རྐུན་མ་མི་བརྐུ་བའི་ཁག་ཐེག་ཅིག་འཛུགས་སུ་བཅུག
་སྟེ་ཁོ་པ་བཙོན་གྲོལ་དུ་གཏོང་རྒྱུའི་བསམ་གཞིགས་ཞུས་ཆོག་”ཅེས་སྨྲས་ཏེ་ལག་པའི་ནང་གི་གཡུ་དེ་མིག་གི་མདུན་དུ་ཁུར་ཏེ་ཨ་ལོག་རྒྱག་གིན་དུ་ལྟ་
བཞིན་བསྡད། མི་དཔོན་གྱི་གཏམ་དེ་རྣམས་ཐོས་པ་དང་གཡུ་དེས་ཡིད་དབང་རབ་ཏུ་འཕྲོག་པའི་ཚུལ་རྣམས་དབང་རྒྱལ་གྱིས་མཐོང་བའི་རྗེས་སུ་དགའ་
སྣང་ཆེན་པོ་བྱུང་སྟེ་གདན་ཐོག་ནས་ཡར་ལངས་ཏེ་“ཧེ་ཧེ་ཧེ་”ཞེས་གད་མོ་དགོད་བཞིན་པར་“སྐུ་ངོ་མི་དཔོན་དངོས་འབྲེལ་སྐུ་ཡོན་ཆེན་པོ་
རེད། དངོས་པོ་ཐུགས་ཉམས་ཆོད་ལོད་ཁོ་ནའི་ཐོག་ནས་ཀྱང་ང་ཧ་ལས་སོང༌། ལུང་པར་མཐོང་རྒྱུ་མེད་པའི་མགུལ་གཡུ་འདི་ངའི་ཚོང་རོགས་དབང་
འདུས་ཀྱིས་སྐུ་ངོ་ཁྱེད་ལ་ཐུགས་རྗེ་ལེགས་འབུལ་དུ་འབུལ་རྒྱུར་བསྐུར་བྱུང་བས་རྩིས་བཞེས་གནང་རོགས་གནང༌། གཏམ་བརྒྱ་བཤད་ཀྱི་སྙིང་པོ་དོན་
དང༌། ཞོ་བརྒྱ་དཀྲོགས་ཀྱི་སྙིང་པོ་མར་ཟེར་བ་ལྟར། ད་ལྟ་བཀའ་གནང་བ་རྣམས་འགྱུར་བ་མེད་པ་ཞིག་ཅི་ནས་ཀྱང་ཡོད་པ་ཞུ།……ད་སྐུ་ངོ་མི་དཔོན་
ཞུགས་གདན་འཇགས་དགོས་”ཟེར་བཞིན་ཕྱག་འབུལ་ཞུས་ཏེ་འགྲོ་རྩིས་བྱས་ཀྱང༌། མི་དཔོན་གྱིས་དབང་རྒྱལ་ལ་མིག་ལྟ་ཙམ་ཡང་མ་བྱས་པར་
“ལགས་སོ་ལགས་སོ༌། ཐུགས་ཁྲལ་མ་གནང༌། ད་འོ་ན་དབང་རྒྱལ་ལགས་ཕེབས་ཨང་”ཟེར་བ་ལས་དེ་ཙམ་གྱིས་དོ་སྣང་མ་བྱས་པར་མུ་མཐུད་ངོ་
མཚར་ཅན་གྱི་གཡུ་དེ་དྲུའུ་ཚི་དམར་པོ་དེས་ཕྱིས་ཙམ་ཕྱིས་ཙམ་བྱེད་བཞིན་ཡར་ལངས།མཆོད་གཤོམ་མདུན་དུ་ཡོང་ནས་མཆོད་མེའི་དཀར་གསལ་གྱི་
མདངས་ལ་སྐབས་རེ་གཡུ་འདི་རྒྱང་དུ་བཟུང་ནས་ལྟ་བ་དང༌། ཡང་སྐབས་རེ་མིག་གི་མདུན་དུ་ཁུར་ནས་ལྟ་བ་སོགས་བྱེད་ཅིང༌། གཡུའ་མཚར་མདངས་
ལ་ཧ་ལས་ནས་“ཨ་ཙི་ཙི། འདི་འདྲའི་གཡུ་མཚར་བ་ལ། འདི་འདྲའི་གཡུ་འཚར་བ་ལ། ” ཞེས་གཅིག་ལབ་རྒྱག་བཞིན་པའི་སྐབས་སུ་ལྕམ་ཆུང་གིས་
འཛུམ་མདངས་སྟོན་བཞིན་བྲེལ་འཚུབ་ངང་གོམ་སྟབས་ཀྱང་སིག་སིག་ཅིག་བརྒྱབ་ནས་འགྲམ་དུ་ཡོང་སྟེ“དེ་རིང་སྐུ་ངོས་ཀྱི་ཞལ་མདངས་ལ་བལྟས་
ན་ཕལ་ཆེར་ནོར་བུ་ཞིག་འབུལ་མཁན་བྱུང་བ་འདྲ། ང་ལ་སྟོན་པ་གནང་དང་”ཞེས་བཤད་པར་མི་དཔོན་གྱིས“ལྕམ་ཆུང་ལགས་གཟིགས་དང༌།དེ་
རིང་ང་ལ་གདོན་འདྲེས་དངོས་གྲུབ་གནང་བྱུང༌། གཡུ་འདི་འདྲ་ཁྱེད་ཀྱིས་གཟིགས་མྱོང་ཡོད་ཀྱི་མ་རེད”ཅེས་སྨྲས། ལྕམ་ཆུང་གིས་གཡུ་དེ་ལག་པར་
བླངས་ནས་མི་དཔོནདང་འདྲ་བར་ཨ་ལོག་རྒྱག་བཞིན་པར་ཉེ་རྒྱང་འདྲ་མིན་ནས་ལྟ་ཞིབ་ལེགས་པར་བྱས་པའི་རྗེས་སུ་“གཡུ་དེ་དངོས་འབྲེལ་ཧ་ཅང་
མཚར་ པོ་འདུག དབང་རྒྱལ་ལགས་ཀྱིས་བདུད་འདུལ་བཙོན་གྲོལ་ཞུས་པ་དེ་མགྱོགས་ཙམ་ཐག་གཅོད་གནང་ཨང་”ཞེས་འདུན་པ་ཟབ་མོའི་རྣམ་
འགྱུར་གྱིས་བཤད་པས་མི་དཔོན་ཡ་མཚན་སྐྱེས་ཏེ་“ལྕམ་ཆུང་ལགས། ཁྱེད་ཀྱིས་དབང་རྒྱལ་ལགས་ངོ་མཁྱེན་གྱི་ཡོད་དམ་”ཞེས་དྲིས། ལྕམ་ཆུང་
གིས་“དབང་རྒྱལ་ལགས་ངོ་ཤེས་ཀྱི་མེད་ཀྱང༌། ངའི་མུ་ཏིག་ སྤ་ཕྲུགས་མདུན་གྱི་བྱུ་རུའི་དབར་ལ་བོད་གཡུ་ འདི་ལྟ་བུ་ཞིག་བསྒར་ན་ལྷ་ལྕམ་ཚོ་ཡང་
ཡིད་སྨོན་དགོས་པ་ཞིག་ཡོང་ངེས་རེད”ཅེས་གཡུ་དེ་འཕྱིད་བཞིན་དུབཤད། གཡུ་དེའི་མཚར་སྡུག་ལ་ཧ་ལས་པའི་་བསྔགས་བརྗོད་ཀྱི་གཏམ་སྒྲོས་ཤིག་
ཐོས་རེས་ལྕམ་ཆུང་གི་གདོང་ལ་བལྟས་ཏེ་འཛུམ་འཚེར་འཚེར་ངང་སྒུག་བཞིན་ཡོད་པའི་མི་དཔོན་གྱིས་གཏམ་དེ་ཐོས་མ་ཐག་ཏུ་ལྕམ་ཆུང་གིས་གཡུ་དེ་
བདག་ཏུ་འཛིན་པར་དོགས་ཏེ། གདོང་གི་འཛུམ་མདངས་ནི་སྨུག་པ་ཡལ་པ་ལྟར་ཡལ་ཐོག་རི་མོར་བཀོད་པའི་མི་བཞིན་དུ་ཡུད་ཙམ་རིང་ཁ་ཡང་ཅུང་
གདངས་ནས་ཧོན་ཐོར་ཏེ་ལུས། གང་མཚམས་སོང་ནས་སླར་ཡང་འཛུམ་འཚེར་འཚེར་གྱིས་ཚུར་ཡོང་སྟེ་ལག་པ་གཡོན་མས་ལྕམ་ཆུང་གི་དཔུང་པ་གཡས་
གཡོན་ནས་མཇིང་སྐོར་བཏང་སྟེ་“ལྕམ་ཆུང་ལགས། རྣམ་ཀུན་ང་ལ་དངོས་པོ་ལེགས་པ་གང་བྱུང་ཡང་ཁྱེད་ལ་འབུལ་གྱི་ཡོད། ད་རེས་གཡུ་འདི་སྐུ་ངོ་
ས་དབངཆེན་མོར་མ་འབུལ་ཐབས་མེད་ཡིན། རྗེས་སུ་ངས་གཡུ་འདི་ལས་ཡག་པ་ཞིག་ཁྱེད་ལ་ཕུལ་ཆོག་”ཅེས་ཧ་ལམ་གདོང་མ་སྦྱར་ཙམ་བྱས་ཏེ་སྤྲེལ་
ལད་བཤད། འོན་ཀྱང་ལྕམ་ཆུང་གིས་དཔུང་པ་གཉིས་སྤྲུག་ཙམ་བྱས་པ་དང་སྦྲགས་ལྡེམ་འགྱུར་ཞིག་ བྱས་ཏེ་“ཧ་ཧ……ཀ་བ་ལ་འཇག་མའི་ལྷན་
པ་བརྒྱབ་ནས་ཁྱེད་རང་ ལ་བརྩེ་དུང་ཆེ་བའི་ལྕམ་ཆུང་གི་སེམས་པ་ཕམ་དུ་འཇུག་གནང་གི་ཡིན་ནམ། ལྷ་ལྕམ་སྐུ་ཞབས་ལ་ས་དབང་ཆེན་མོས་སེམས་
ཁུར་གནང་གི་རེད།ཁྱེད་རང་སེམས་ཁྲལ་གནང་དགོས་མ་རེད་”ཅེས་གླགས་ཡུས་འདྲ་ལ་མིག་གཟེར་དང་འདྲ་བའི་ལན་ཞིག་བརྒྱབ་པས།མི་དཔོན་ནི་
དེ་བས་བྲེལ་འཚུབ་ངང་ལག་པ་གཉིས་ཀྱིས་ལྕམ་ཆུང་གི་ལག་པ་ཡ་གཅིག་ནས་བཟུང་སྟེ་“ལྕམ་ཆུང་ལགས། གཡུ་འདི་ལྷ་སྲས་ཀྱིས་བླ་གཡུ་བྱ་རྒྱུ་ཡིན་
པ་ལས་ལྷ་ལྕམ་ལ་འབུལ་བྱེད་མ་ཡིན། སྐུ་ངོ་ས་དབངཆེན་པོ་མཉེས་པོ་བྱུང་ན་ང་ཚོའི་དོན་ཆེན་འགྲུབ་ཀྱི་རེད། སྐྱིད་གྲོང་གཞིས་ཀ་དང་བདེ་ལྡན་གླིང་
གཞིས་ཀ་གཉིས་ང་ཚོར་བྱུང་ན་ལོ་རེ་འབྲུ་ཁལ་ཆིག་སྟོང་ལྷག་ཙམ་དང༌། མར་ཁལ་ལྔ་བརྒྱ་ལྷག་ཙམ་འབབ་ཀྱི་རེད། ལོ་གཅིག་གི་ཡོང་འབབ་ཁོ་ནས་ཀྱང་
ཁྱེད་རང་ལ་རྒྱན་ཆ་མང་པོ་ཉོ་ཐུབ་པར་བརྟེན་ད་རེས་ལྕམ་ཆུང་ལགས་ངའི་ཁ་ལ་གསོན་ཨང”ཞེས་འཛུམ་དམུལ་གྱིས་བཤད།སྐབས་དེར་ལྕམ་ཆུང་
གིས་བསམ་བློ་ཞིག་བཏང་སྟེ་“འོ་ན་སང་ཕོད་གཞིས་ཀའི་ཡོང་འབབ་ནས་ང་ལ་གསེར་གྱི་གའུ་ཆེ་བ་ཞིག་བཟོས་གནང་ཨང”ཞེས་གད་མོ་ཞིག་
བགད་དེ་སྨྲས་པས། མི་དཔོན་དགའ་སྣང་ཆེན་པོས་“ཡིན་དང་ཡིན།ཡིན་དང་ཡིན། སང་ཕོད་ངའི་ལྕམ་ཆུང་ལགས་ཀྱི་རྒྱན་ཆ་ལྷ་ལྕམ་སྐུ་ཞབས་ལས་
རྫིག་པ་བཟོ་ཏན་ཡིན། ཧེ་ཧེ་ཧེ་……”ཞེས་གད་མོ་དགོད་བཞིན་དུ་གཡུ་དེ་ལྕམ་ཆུང་གི་ལག་པ་ནས་མགྱོགས་མྱུར་བླངས་ཏེ་ཨམ་ཕྲག་ཏུ་
བླུགས་སོ། །

ལེའུ་བཅུ་བ། སྙིང་གཏམ་ཤོད་པ།
དུས་ཀྱི་འཁོར་ལོ་ནི་འགོག་ཏུ་མེད་པར་མདུན་སྐྱོད་བྱེད་པས་ན་གོ་མེད་ཚོར་མེད་ངང་ལ་ལོ་ཕྱེད་ཀྱི་དུས་ཚོད་ནི་རྨི་ལམ་བཞིན་དུ་འདས།སླར་ཡང་ཧོར་
ཟླ་དང་པོའི་ཟླ་མཇུག་ཏུ་སླེབས་ཏེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གྲོལ་གྲབས་ཡོད་པས་ལོ་གཅིག་ཐེངས་གཅིག་གི་རྫོང་རྒྱབ་ཞར་འཕེན་ཏེ་ཕོ་རྩལ་རྣམ་པ་
དགུ་འགྲན་པ་དང༌། ལོ་གཅིག་གི་གླིང་གའི་སྤྲོ་སྐྱིད་ཀྱི་ འགོ་མར་གྱུར་པའི་དུས་ཚིགས་དེ་ཉེ་བར་བཅར།ལྷ་སའི་གྲོང་མི་རྣམས་ནི་རང་རང་སོ་སོའི་
འཁོས་བབ་ལ་གཞིགས་པའི་ཟ་བཅའ་ཆང་དང་ལ་སོགས་པ་སྟ་གོན་བྱེད་པའི་ཉིན་མོ་དེར་ཨ་ཅག་གསལ་སྒྲོན་ལགས་ཀྱིས་ཟས་སྦྱོར་གྲབས་གཤོམ་བྱེད་
པ་དང་དུས་མཚུངས་སུ་བུ་མོ་ཡེ་ཤེས་མཁའ་འགྲོ་ཡང་ཀ་ཕིབས་སུ་སྐྲ་བཀྲུ་རྩིས་བྱེད་བཞིན་ཡོད། ཁོང་གིས་ལུས་སྟོད་ཀྱི་ཆས་གོས་རྣམས་ཕུད་དེ་ཁྲིའུ་
ཤིང་ཞིག་གི་ཐོག་ཏུ་བཞག རང་ལུས་ཀྱི་ཁོ་ལག་གཅེར་བུར་ལུས་ཀྱང་འདོད་པའི་མྱོས་བུམ་རབ་ཏུ་རྒྱས་ཤིང༌། དཔྱད་དབྱིབས་ལེགས་ལ་དཀརཞིང་
འཇམ་པའི་དཔལ་གྱིས་ལྟ་བས་ངོམས་པ་མེད་པའི་དགེ་མཚན་མངོན་པར་བྱེད། མཇིང་པ་ནས་འཕྱང་འཕྲུལ་་དུ་དཔྱངས་ཤིང་ཉི་འོད་ཀྱི་འོག་ཏུ་མཚར་
མདངས་རབ་ཏུ་བཀྲ་བའི་བོད་གཡུ་གྲུ་དམར་ཡིད་དུ་འོང་བ་ཞིག་སྒེག་པའི་མཛེས་འཆོས་ཀྱིས་སྤ་བའི་བྲང་ཁར་ལེགས་པར་བརྒྱན་ནས་ཡོད་པ་དེ་ཡང་
ཕུད་དེ་སྟོད་གོས་རྣམས་ཀྱི་སྟེང་དུ་བཞག་སྐབས་དེར་དཔལ་ལྡན་གྱིས་སྟེགས་བུ་ཞིག་གི་ཐོག་ཏུ་རག་གི་ཁྲུས་གཞོང་སེར་པོ་ཆུ་དྲོད་འཇམ་གྱིས་བཀང་
བ་ཞིག་དང་དག་རྫས་བཅས་ཁྲུས་ཀྱི་ཡོ་བྱད་མ་ལུས་པ་གྲ་སྒྲིག་བྱས་ཟིན། ཡེ་ཤེས་མཁའ་འགྲོ་ཁྲུས་ཀྱི་བྱ་བ་ལ་ཞུགས་པ་ན་དཔལ་ལྡན་གྱིས་སྒལ་པ་ཕུར་
བ་དང༌། ཟངས་དམར་ལས་གྲུབ་པའི་ཆུ་སྣོད་མཆུ་ཏོ་ཕྲ་ལ་རིང་བ་ཞིག་ནས་གཙང་བཤལ་གྱི་ཆུ་བླུགས་པ་སོགས་ཞབས་ཞུ་ལེགས་པར་བྱས། དེ་ནས་ཡེ་
ཤེས་མཁའ་འགྲོས་ཨ་ཅོར་གྱིས་སྐྲ་ཕྱིས་པ་སོགས་ཁྲུས་ཀྱི་བྱ་བ་ཟིན་པའི་མཚམས་སུ་སྟོད་གོས་ཀྱི་ཐོག་ཏུ་བཞག་པའི་ངོ་མཚར་ཅན་གྱི་གཡུ་དེ་ཡུད་ཙམ་
ཞིག་དཔལ་ལྡན་ལ་འཇུ་རུ་བཅུག་སྟེ་ལུས་སྟོད་་ཀྱི་ཆས་གོས་རྣམས་རིམ་པ་བཞིན་ལེགས་པར་གྱོན། དེ་རྗེས་དཔལ་ལྡན་གྱིས་ལག་ནས་གཡུ་དེ་ལེན་པར་
བརྩམསཔའི་ཚེ་བསམ་ཡུལ་ལས་འདས་པ་ཞིག་ལ་དཔལ་ལྡན་ནི་སིག་སིག་འདར་བཞིན་པའི་སྙིམ་པའི་ནང་དུ་གཡུ་དེ་ཉར་ཏེ་མིག་ གཉིས་ཅེ་རེར་ལྟ་
ཞིང༌། ངོ་གདོང་ནས་དེ་སྔ་མཐོང་མི་མྱོང་བའི་ཡིད་སྐྱོ་སེམས་སྡུག་གི་རྣམ་འགྱུར་ཞིག་འགོག་མེད་དུ་ཐོན་བཞིན་ཡོད།ཚུལ་དེར་ཡེ་ཤེས་མཁའ་འགྲོ་ཡ་
མཚན་ཆེན་པོ་སྐྱེས་ཏེ་འཁྲིས་སུ་བཅར་ནས་སེམས་ཁུར་ཆེན་པོས་“དཔལ་ལྡན། རང་ནི་བློ་སྟོབས་དང་ལྡན་པའི་གཞོན་ནུ་ཞིག་ཡིན་པས་ད་བར་འདི་
ལྟ་བུའི་སེམས་སྡུག་བྱེད་པ་ངས་མཐོང་མ་མྱོང༌།དེ་རིང་ངའི་གཡུ་འདི་མཐོང་བ་དང་འདི་འདྲ་བྱེད་དགོས་དོན་གང་ཡིན་ནམ། ག་རེ་བྱས་སོང་ངམ་”
ཞེས་དྲིས་པར།དཔལ་ལྡན་ནི་དུས་ཡུན་གང་མཚམས་སོང་རྗེས་གཞི་ནས་མགོ་ཡར་བཀྱགས་ཏེ་མཆི་མས་ཁེངས་པའི་མིག་གཉིས་ཡེ་ཤེས་མཁའ་འགྲོའི་
གདོང་ལ་བལྟས་ཏེ་སྐྱོ་སྣང་ཆེན་པོས་མགྲིན་པ་རྣོང་བཞིན་པར་“ཡེ་ཤེས་མཁའ་འགྲོ་ལགས། གཡུ་འདི་དེ་རིང་ཁྱེད་ཀྱི་ཕྱག་ལ་ཡོད་པ་མཐོང་དུས་ང་
ལ་ཡ་མཚན་གྱི་འཆར་སྒོ་ཙམ་ལས་འགྱོད་པ་ཏིལ་འབྲུ་ཙམ་མི་འདུག འོན་ཀྱང་དེ་རིང་གཡུ་འདི་མཐོང་བ་དང་དེ་སྔའི་སྡུག་བསྔལ་མང་པོ་ཞིག་ཡིད་ལ་
ལྷང་ལྷང་དུ་ཤར་ནས་མིག་ཆུ་དབང་མེད་དུ་ཤོར་གྱི་འདུག་ ”ཅེས་ལྡབ་ལྡིབ་ཀྱིས་ངུད་མོ་འདེབས་པར་བྱས་པ་ན། ཡེ་ཤེས་མཁའ་འགྲོ་ནི་གཅིག་ནས་
དོགས་གནད་མ་བསངས་པ་དང༌། གཉིས་ནས་དཔལ་ལྡན་གྱིས་ཡིད་གདུངས་པའི་སྨྲེ་སྔགས་དིར་དིར་འདོན་པ་ལ་སྙིང་རྗེའི་ཀློང་དུ་ཚུད་དེ་འདི་སྐད་དོ།
“དཔལ་ལྡན་སེམས་སྡུག་མ་བྱེད། ངའི་གཡུ་འདིས་རང་ལ་སྡུག་བསྔལ་གྱི་དྲན་སྐུལ་་ཡོང་དགོས་དོན་གང་ཡིན་པ་ང་ལ་ཤོད་དང༌།གཡུ་འདི་ཁྱོད་ཀྱིས་
མཐོང་མྱོང་ངམ་”ཞེས་ཟེར། དེར་དཔལ་ལྡན་གྱིས་“ཡེ་ཤེས་མཁའ་འགྲོ་ལགས། ཁྱེད་ནི་སེམས་བཟང་ལ་གཡོ་ལྷད་མེད་པ་ཞིག་ཡིན་པས་འདི་རྣམས་
ཐམས་ཅདཁྱེད་ཀྱི་བསམ་པའི་ཡུལ་དུའང་འཆར་མི་སྲིད། གཡུ་འདི་དང་ངའི་ཉམ་ང་བའི་ཁྱིམ་ཚང་ཧྲིལ་པོའི་སྡུག་བསྔལ་གཉིས་ཟུང་དུ་འབྲེལ་ནས་
གནས་ཡོད། གཡུ་འདི་ནི་དང་ཐོག་ངའི་མེས་པོའི་དུས་སུ་སྟོད་མ་ཕམ་ཀྱི་གཡུ་མཚོ་ནས་དངོས་གྲུབ་ཏུ་བྱུང་བ་ཞིག་རེད། མི་ཐོག་ཁ་ཤས་རིང་ལ་མེས་པོ་
རིམ་བྱུང་གིས་གཡུ་འདི་རང་གི་ལྷག་པར་བརྩེ་བའི་ཆུང་མརསྤྲད་པ་དང༌། ཕ་རྒས་ཏེ་བུ་འཚར་བའི་དུས་སུ་གཡུ་འདི་བུ་ལ་སྦྱིན། སླར་ཡང་བུ་ཡིས་འདི་
དག་རང་གི་བརྩེ་བའི་མཉེས་གཤིན་ལ་སེམས་རྟེན་དུ་སྤྲད་པ་བཅས་མི་ཐོག་ནས་མི་ཐོག་བརྒྱུད་དེ་ངའི་ ཕ་ཡི་དུས་སུ་སླེབས་སྐབས། ལྷོ་ཁ་བྲག་དཀར་
རྫོང་དུ་སྐུ་ངོ་རྗོང་ཞེས་ཞེས་པའི་དཔོན་ངན་བརྣབ་སེམས་ཅན་ཞིག་སླེབས་པ་དེས་གཡུ་འདི་བཙན་འཕྲོག་བྱེད་ཆེད་དུ་ངའི་ཕ་མ་གཉིས་ལ་ཉེས་རྡུང་
དང་མནར་གཅོད་ཚད་མེད་བཏང་བར་བརྟེན་ཡུལ་གྱར་དུ་མི་འགྲོ་ཀ་མེད་བྱུང༌། སྐུ་ངོ་རྫོང་གིས་ཁོ་ཚོའི་རྗེས་འདེད་དུ་བཏང་བའི་གཡོག་པོས་ང་ཡི་སྲུ་
མོ་ཞིག་ཡོད་པ་དེ་བཟུང་ནས་བཙན་ཁྲིད་བྱས་ཏེ་དུས་ད་ལྟ་བར་གོ་རྒྱུ་ཐོས་རྒྱུ་མེད་པར་གྱུར་པ་དང༌། ཕ་མ་གཉིས་སྡེ་དགེར་གཞིས་ཆགས་པའི་རྗེས་
གཡུ་འདི་ཨ་མ་དམ་པ་དེའི་སྐྲ་གཙུག་ཏུ་སྤུད་ནས་ཡོད་མུས་ལ། ཨ་མ་ནད་གཞི་དྲག་པོས་མནར་ནས་མཐར་གཤིན་རྗེའི་འཆིང་ཞགས་ཀྱིས་དམ་པོར་
བཅིངས་པའི་མཚམས་སུ་གཙུག་གཡུ་འདི་ཨ་ཕ་ཕུན་ཚོགས་འདས་པོ་དེའི་ལག་པར་བླུགས་ཏེ་‘ང་གཉིས་ཀྱི་བུ་གཅིག་པོ་དཔལ་ལྡན་འདི་ཚེ་གང་སྐྱིད་
པོ་ཡོང་བའི་ཆེད་དུ།ཁྱེད་ཀྱིས་བུ་འདི་ཁྲིད་དེ་ལྷ་སའི་ཇོ་བོ་མཇལ་བ་བྱས་ནས་གཙུག་གཡུ་འདི་ཇོ་བོར་འབུལ་རོགས་གྱིས་’ཞེས་ཁ་ཆེམས་སུ་བཞག་
ནས་གྲོངས།བདག་གི་ཨ་ཕ་འདས་པོ་དེས་ལུས་ལ་གློ་བུར་དོད་དྲག་གི་སྙིང་ནད་ཡོད་བཞིན་དུ་དཀའ་བ་བརྒྱ་ཕྲག་སྤྱད་དེ་ང་རང་ཁྲིད་ནས་ལྷ་སར་འབྱོར།
གཙུག་གཡུ་འདི་ཇོ་བོ་ཡིད་བཞིན་ནོར་བུར་འབུལ་ཐུབ་ཙམ་བྱུང་ཡང༌།ལམ་བུར་འགྲང་ཕྱེད་ལྟོགས་ཕྱེད་ངང་ལ་དཀའ་སྡུག་ཚད་མེད་ཀྱིས་མནར་བར་
བརྟེན་མི་རིང་བར་ཚེ་ལས་འདས་པ་ཁྱེད་ཀྱིས་མཁྱེན་གསལ་ལྟར་རེད།ཡེ་ཤེས་མཁའ་འགྲོ་ལགས།ཁྱེད་ཀྱིས་དགོངས་པ་ཞིག་བཞེས་དང༌།གཡུ་འདི་མཐོང་
དུས་ང་སེམས་པ་མི་སྐྱོ་བ་ག་ལ་སྲིད།གཡུ་འདི་ནི་ང་དང་ངའི་ཉམ་ང་བའི་ཁྱིམ་ཚང་གི་ལས་དབང་གཉིས་ཟུང་དུ་འབྲེལ་ནས་ཡོད་པ་ཞིག་ཡིན་པས་ཁྱེད་
ཀྱིས་གཡུ་འདི་ལ་བདག་གཅེས་དང་སྲུང་སྐྱོབ་ཡག་པོ་གནང་རོགས་གནང་”ཞེས་བཤད་ནས་གཡུ་དེ་ཡེ་ཤེས་མཁའ་འགྲོའི་ལག་ཏུ་སྤྲད། དཔལ་ལྡན་
གྱི་ཁྱིམ་ཚང་དེའི་ཡ་ང་བའི་ལོ་རྒྱུས་རྣམས་ཐོས་རྗེས་སུ་ཡེ་ཤེས་མཁའ་འགྲོ་སེམས་པ་རབ་ཏུ་སྐྱོ་ཞིང༌། ལག་པར་ཡོད་པའི་གཡུ་ནི་ཁྲག་དང་མིག་ཆུས་
འཚོས་པའི་གཡུ་ཁྱད་པར་ཅན་ཞིག་ཡིན་པ་རྟོགས་ཏེ། མིག་གཉིས་མཆི་མས་ཁེངས་ཏེ་ཡིད་སྐྱོ་ཞིང་ཧོན་ཐོར་ནས་དཔལ་ལྡན་ལ་ལྟ་ཙམ་དང་གཡུ་དེ་ལ་
ལྟ་ཙམ་བྱས་ནས་བསྡད།སླར་ཡང་དཔལ་ལྡན་གྱིས་“ཡེ་ཤེས་མཁའ་འགྲོ་ལགས། གཡུ་འདི་ཁྱེད་ཀྱི་ཕྱག་ནས་མཐོང་ཡོང་བསམཔ་ཉལ་བའི་གཉིད་ལམ་
ལའང་མེད་ལ། འདི་ཁྱེད་ཀྱི་ཕྱག་ཏུ་སླེབས་པ་དེའང་ཤིན་ཏུ་ནས་ཡ་མཚན་བྱེད་དགོས་པའི་དོན་ཞིག་ཡིན་པས། གཡུ་འདི་ཁྱེད་ལ་ཇི་ལྟར་བྱུང་ཚུལ་ང་
ལ་གསུང་རོགས་གནང་ ”ཞེས་ནན་གྱི་ཞུ་བ་འཐེན་པས་ཡེ་ཤེས་མཁའ་འགྲོས“གཡུ་འདི་ངའི་མ་རེད། འདི་……”ཞེས་གནས་ཚུལ་རྣམས་
ཇི་མ་ཇི་བཞིན་དུ་ཤོད་ཁར་གློ་བུར་དུ་སྐད་ཆའི་ཚིག་མཇུག་བཅད་དེ། དལ་བུར་མགོ་སྒུར་སྒུར་བྱས་ཏེ་བསམ་བློ་ཞིག་བཏང་ནས་“དཔལ་ལྡན༌།རང་
གི་ཁྱིམ་ཚང་གི་ཡ་ང་བའི་ལོ་རྒྱུས་རྣམས་གོ་དུས་ཁོ་མོའང་སེམས་པ་ཧ་ཅང་སྐྱོ་བ་མ་ཟད། དཔལ་ལྡན་རང་ལ་སྙིང་རྗེ་དང་གདུང་སེམས་ཆེན་པོ་སྐྱེ་བར་
གྱུར་ལ། རྣམ་ཀུན་བྱ་བ་གང་ཡིན་རུང་དཔལ་ལྡན་རང་ལ་གསང་བའི་རིགས་མེད་ཀྱང༌། ད་ལན་འདིའི་འབྱུང་ཁུངས་སུ་ལའང་མི་ཤོད་རྒྱུའི་དམ་བཅའ་
བཞག་ཟིན་པ་ཡིན་པས། དཔལ་ལྡན་རང་ང་ལ་བརྩེ་དུང་ཡོད་ན་ཁ་དན་ཚིག་ལ་མི་གནས་པ་སྟེ་དམ་པའི་སྤྱོད་ཚུལ་ལས་འགལ་བའི་ལོག་པའི་ལམ་དུ་
ང་གཏོང་བར་མི་རིགས། འོན་ཀྱང་ཁྱོད་ཀྱིས་ཡིད་ཆེས་བྱེད་དགོས་པ་ཞིག་ལ་ཡིད་དུ་འོང་བའི་གཙུག་གཡུ་འདི་ནི། གཙུག་གཡུ་འདི་དང་ལས་དབང་
ཡོངས་སུ་འབྲེལ་བའི་བདག་པོ་དེ་རང་ལ་དབང་དགོས་ངེས་ཤིག་ཡིན་ལ།ངེས་པར་དུ་དབང་གི་རེད། རང་གིས་ང་ལ་ཡིད་ཆེས་གྱིས་ཨང༌།སྐད་ཆ་མང་
པོ་བཤད་ན་ང་སེམས་པ་སྐྱིད་པོ་མི་འདུག་”ཅེས་བློ་ཐག་ཆོད་པོས་བཤད་དེ་གཟིམ་ཆུང་དུ་ལོག
གནས་ཚུལ་དེ་དག་ཐོས་རྗེས་དཔལ་ལྡན་གྱི་བསམ་པར་ཡེ་ཤེས་མཁའ་འགྲོ་ལགས་ཀྱི་གཙུག་གཡུ་འདི་དངོས་འབྲེལ་གྱི་བདག་པོ་རང་ལ་དབང་
གི་རེད་ཅེས་བཤད་པ་དེ་ནི་ང་ལ་སེམས་གསོ་བཏང་བ་ཞིག་རང་རེད།གཙུག་གཡུ་དེ་ཡེ་ཤེས་མཁའ་འགྲོ་ལགས་ཀྱི་ཕྱག་ལ་གནས་ན་ང་ལ་འགྱོད་པ་སྤུ་
ཙམ་མི་འདུག་ཀྱང༌།ད་ལྟ་ཁོང་གིས་“གཡུ་འདི་ངའི་མ་རེད་”གསུང་གི་འདུག་པས་ཁོང་གི་མིན་ན་སུ་ཡི་ཡིན་ནམ།ངའི་ཨ་ཕ་འདས་པོས་དཀའ་སྡུག་
ཚད་ལས་འདས་པ་སྤྱད་ནས་ཇོ་བོ་ཡིད་བཞིན་ནོར་བུར་ཕུལ་བའི་གཙུག་གཡུ་འདི་མི་གཞན་གྱི་ལག་ཏུ་ཇི་ལྟར་སླེབས་མིན་ངེས་པར་དུ་རྩད་གཅོད་བྱ་
དགོས་པ་མ་ཟད།གཙུག་གཡུ་འདིའི་དོན་དུ་ངའི་ནང་མི་ཚང་མ་དམྱལ་བ་མི་ཡུལ་དུ་མྱོང་དགོས་བྱུང་བས་ཕ་མ་གཉིས་དང་སྲུ་མོའི་དགྲ་ཤ་ངེས་པར་དུ་
ལེན་དགོས་ཀྱི་རེད།འོན་ཀྱང་ད་བར་སྐུ་ངོ་རྫོང་རྙེད་རྒྱུ་ཕར་བཞག གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག་པས་དགྲ་ངན་དེ་ཇི་ལྟར་བྱས་ནས་བཙལ་ན་
དགའ་འམ།ད་བར་ངས་མཐོང་བའི་མི་དྲག་དེ་ཚོའི་ནང་ནས་ཤེས་བྱ་ཆེ་ཤོས་དང༌།ཡ་རབས་ཀྱི་སྤྱོད་ཚུལ་ལྡན་ལ་ཡིད་རྟོན་རུང་བ་ནི་སྐུ་ངོ་མདའ་དཔོན་
ཁོ་ན་རེད་འདུག སྐུ་དྲག་མང་ཆེ་བ་ཁོང་གིས་ངོ་ཤེས་པར་བརྟེན་ངའི་དགྲ་ནག་དེའང་ད་ལྟ་གང་དུ་ཡོད་པ་ཁོང་གིས་ཤེས་ངེས་རེད།ཨོའོ།ཏག་ཏག་རེད།
ངས་སྐུ་ངོ་མདའ་དཔོན་ལ་སྔ་རྒྱུས་ད་རྒྱུས་དང་ཡིད་རྟོན་པའི་སྐད་ཆ་ཚང་མ་བཤད་དེ་སྐུ་ངོ་རྫོང་ཞེས་པ་དེ་རྩད་གཅོད་བྱས་ན།མདའ་དཔོན་གྱིས་ང་ལ་
སྙིང་རྗེ་བྱེད་པ་དང་སྦྲགས་མི་ངན་དེའི་ཉེས་སྤྱོད་ལ་རབ་ཏུ་ཁྲོས་ཏེ།ཁོ་པ་ཚར་གཅོད་བྱ་རྒྱུའི་དགོངས་པ་འཁོར་སྲིད།དེ་ལྟར་བྱུང་ན་ངས་དགྲ་ཤ་ལེན་
རྒྱུར་རམ་འདེགས་ཡོང་ངེས་རེད་བསམས་པའི་གདེང་ཚོད་དང་རེ་བ་ཆེན་པོ་བྱུང་སྟེ་འཛུམ་མདངས་དང་བཅས་དབུགས་རིང་ཞིག་བཏང་ངོ༌། དེའི་
གནངས་ཉིན་ཏེ་ཧོར་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོ་ཨིནྡྲ་ནཱི་ལའི་མདོག་ལྟར་སྔོ་ཞིང༌།སྤྲིན་པའི་གཡའ་ཙམ་ཡང་མེད་པར་མེ་ལོང་ལྟར་དྭངས་
བའི་ནམ་མཁའི་ཤར་ཕྱོགས་ནས་ཉི་མས་འཛུམ་ཞལ་ངོམ་བཞིན་ཤར་རིའི་རྩེ་མོར་འཕགས་མ་ཐག་ཏུ་ཚོང་དཔོན་དགྲ་ལྷ་དང༌།ཨ་ཅག་གསལ་སྒྲོན་ལགས།
བུ་མོ་ཡེ་ཤེས་མཁའ་འགྲོ་གསུམ་གཟབ་མཆོར་ལེགས་པར་སྤུད་དེ་སྔོན་དུ་འགྲོ་བ་དང༌།དཔལ་སྡན་གྱི་སྒལ་བར་འབོག་སྔོན་པོ་ཞིག་གི་ནང་དུ་ཞལ་ཏོག་
དང་མར་ཟན་སོགས་འཁུར་ཞིང༌།ལག་པ་གཉིས་ཀར་ཁ་ལག་གི་སྣོད་ཀུའུ་ཙེ་ལྔ་རྩེགས་རེ་ཁུར་ནས་ཁོ་ཚོའི་རྗེས་སུ་སྙེག་བཞིན་དུ།ལྷ་ཀླུ་དགའ་ཚལ་དུ་
ཁ་གཏད་དེ་འགྲོ་མཁན་རྒྱན་གོས་གཟབ་མཆོར་སྤྲས་པའི་སྐྱེ་བོ་ཕོ་མོ་རྒན་གཞོན་སྣ་ཚོགས་ཆུ་བོའི་རྒྱུན་ལྟར་བར་མ་ཆད་པར་མདུན་དུ་སྐྱོད་བཞིན་ཡོད་
པའི་མི་ཚོགས་ཀྱི་ཁྲོད་དུ་འདྲེས་ཏེ་སོང་བ་ན།གཡས་གཡོན་དུ་དཔུང་པ་མཉམ་གཤིབས་ཀྱིས་མདུན་དུ་མཉམ་སྐྱོད་བྱེད་མཁན་མང་ཆེ་བ་ནི་སྤྱི་ཚོགས་
ཀྱི་གནས་བབ་དང༌། ནང་གི་འཁོས་བབ་འདྲ་མིན་སྣ་ཚོགས་ཀྱི་ལྷ་སའི་གྲོང་མི་རྣམས་ཡིན་ཅིང༌། ཁོང་ཚོ་ནི་དབྱར་དུས་སུ་འཛམ་གླིང་སྤྱི་བསང་དང༌།
ཞོ་སྟོན། གླིང་ཁ་སོགས་ལ་སྤྲོ་སྐྱིད་གཏོང་བར་འགྲོ་རྒྱུ་ལ་རྣམ་ཀུན་ནས་དགའ་སྣང་ཤིན་ཏུ་ཆེ། དེ་རིང་ནི་གནའ་རབས་ཀྱི་ཆས་སུ་ཞུགས་པའི་ཡ་སོར་ཀྱི་
རྟ་དམག་བཞི་བརྒྱ་ཙམ་ཞིག་གིས་རྟ་ཐོག་ནས་འཕོང་རྩལ་འགྲན་པའི་རྫོང་རྒྱབ་ཞར་འཕེན་ལ་འགྲོ་བ་ཡིན་པས། མི་རྣམས་ནི་སྤྲོ་སྣང་ཆེན་པོའི་ངང་མྱུར་
སྟབས་ཀྱི་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པར་བྱེད། ཉིན་མ་གཅིག་གཉིས་ཀྱི་སྔོན་དུ་ལྷ་ས་ཁུལ་ལ་ཁ་བ་ཕྲན་བུ་བབས་པའི་རྐྱེན་གྱིས་ཞོགས་པ་ནས་
ཧ་ཅང་ཁ་བསིལ་བའི་བྱང་ལྷགས་རྒྱུན་ཆད་མེད་པར་ལྡང་སྟབས་ལྟད་མོ་བ་རྣམས་ནི་པགས་ཚག་དང་པགས་ཞྭ་གྱོན་ཡོད་པ་དང༌། ལ་ལས་ནི་ཁ་དཀྲིས་
ཀྱིས་ཡོངས་སུ་བཏུམས་པར་བྱས་འདུག འོན་ཀྱང་དེ་ཉིད་ནི་ལྟད་མོར་དགའ་བའི་མི་རྣམས་ཀྱི་འདོད་བློ་སྐོངཆེད་དུ་གནམ་གཤིས་ཀྱིས་ཆེད་མངགས་
སེམས་ཁུར་བྱས་པ་བཞིན་དུ་སྔོ་བསང་གི་ནམ་མཁའ་ནི་མེ་ལོང་བཞིན་དུ་དྭངས་བ་དང༌། མཁའ་རླུང་ནི་མར་ཁུ་འཁྱེངས་ནས་གོང་བུར་གྱུར་བ་བཞིན་
དུ་གཡོ་འགུལ་སྤུ་ཙམ་མེད་པར་གནས། ཁྲི་གདུགས་ཉི་མ་ནི་རབ་ཏུ་འབར་བའི་མེ་བོ་ཆེའི་གྲུ་གུ་ལྟར་བར་མ་ཆད་པར་ཚ་ངད་འབྱིན་པར་བྱེད། དེའི་ཐོག་
མི་ཚོགས་ཆེ་ཞིང་གོམ་བགྲོད་ཀྱི་རྩོལ་བས་ཚ་དྲོད་རྒྱས་སྟབས་སྐྱེ་བོ་རྣམས་ཚ་དུབ་སེལ་ཆེད་དུ་པགས་ཚག་གི་ཕུ་ཐུང་ཡ་གཅིག་མ་འབུད་ཀ་མེད་བྱུང་བ་
དང༌། བུད་མེད་རྣམས་དམ་པོར་བཀྲིས་པའི་ཁ་དཀྲིས་ཀྱང་ལྷུག་ཏུ་གཏོང་དགོས་བྱུང༌། མི་རིང་པར་བྱེ་རགས་ཀྱི་འགྲམ་དུ་འབྱོར་ཞིང༌། དགུན་དུས་སུ་
བྱེ་རགས་ནང་དུ་ཆུ་མེད་པར་བརྟེན་མི་རྣམས་དེ་མ་ཐག་ཏུ་བྱེ་རགས་ཀྱི་རྩེ་མཐོར་སླེབས།རྣམ་ཀུན་དུས་ཚོད་མང་ཆེ་བ་གྲོང་ཁྱེར་ནང་དུ་ཁང་པ་ནས་
ཁང་པའི་དབར་ལ་ཕར་འགྲོ་ཚུར་འགྲོ་ཁོ་ནས་དུས་འདའ་བར་བྱེད་པའི་གྲོང་མི་རྣམས་ནི་བྱེ་རགས་ཐོག་ཏུ་འཛེགས་མ་ཐག་ཏུ་རླུང་བསིལ་ཞིག་བརྒྱབ་
ཡོང་བ་དང་ཆབས་གཅིག་ཡངས་ཤིང་རྒྱ་ཆེ་བའི་ལྕང་གླིང་དང་ཁྱོན་ཡངས་ཀྱི་འདམ་རྭ་མཐོང་བའི་སྐབས་སུ་སྣང་བ་བསིལ་སང་སང་དུ་གྱུར་པ་མ་ཟད།
དབུགས་ཀྱི་རྔུབ་གཏོང་བདེ་ཞིང་ཡིད་ལ་སྤྲོ་སྣང་འཕེལ། མདུན་ཕྱོགས་སུ་བལྟས་པས་ཅུང་རིང་ཙམ་གྱི་ས་ལ་ལྗོན་ཤིང་གིས་བཏུམས་པའི་ལྷ་ཀླུའི་དགའ་
ཚལ་ན་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ཕོ་བྲང་དང༌། དེའི་ཤར་ངོས་ན་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡབ་གཞིས་ལྷ་ཀླུའི་
མ་ཁང་བཅས་ནི་ནག་རྩི་དང་དཀར་རག་གསོལནས་ཡུན་རིང་མ་སོང་བར་བརྟེན་རབ་ཏུ་འཕྲོས་པའི་ཉི་འོད་ཀྱི་འོག་ཏུ་ཁྲ་ལྷེམ་མེར་སྣང༌། དེའི་མདུན་
དུ་རྫོང་རྒྱབས་ཤུར་གཡས་གཡོན་ལ་དོག་རྣམ་རབ་བཀྲ་བའི་རས་གུར་མང་པོ་སྐྱ་ཆ་གེར་ཕུབ་ཡོད་པ་དང༌། སྔོན་ནས་འབྱོར་ཟིན་པའི་ལྟད་མོ་བའི་ཁྱུ་
ཚོགས་ནི་སྲོག་ཆགས་གྲོག་མ་ཚང་སྤོ་བ་དང་འདྲ་བར་ཟངཟིང་འདུ་ལོང་གི་ངང་དུ་གནས། ལོ་གཅིག་ཐེངས་གཅིག་གི་ཕོ་རྩལ་འགྲན་པའི་ལྟད་མོ་ལྟ་རྒྱུར་
རིངས་པའི་མི་རྣམས་ཀྱིས་སྣང་ཚུལ་དེ་མཐོང་བའི་སྐབས་སུ་སེམས་པར་བྲེལ་འཚབ་ལངས་ཏེ་ད་ལྟ་ཉིད་དུ་ས་དེར་འབྱོར་ན་ཅི་མ་རུང་སྙམ་པའི་བསམ་
ཚུལ་དང་བཅས་མྱུར་བར་མདུན་དུ་བསྐྱོད་དོ། དེ་ནས་རིམ་བཞིན་རྫོང་རྒྱབ་ས་ཤུར་གྱི་འགྲམ་དུ་སླེབས་པ་ན་གསལ་སྒྲོན་ལགས་ཀྱིས་ཁོང་གི་སྤུན་མཆེད་
ཡབ་གཞིས་ལྷ་ཀླུའི་ཕྱག་མཛོད་ལགས་ཀྱི་སར་དཔལ་ལྡན་ལན་སྐྱེལ་བར་བཏང་བས།
དེ་ནས་ཐབ་གཡོག་ཅིག་བཏང་བ་དེས་ཚོང་དཔོན་དགྲ་ལྷ་དང་བཅས་པའི་སྦྱིན་བདག་གསུམ་པོ་ས་ཤུར་དང་ཅུང་ཐག་ཉེ་བའི་ལྕང་གླིང་ཞིག་
ནང་དུ་གསེང་རས་ཀྱི་ཡོལ་བ་ཡིད་དུ་འོང་བ་བཏང་བའི་ནང་དུ་གདན་ལྕོག་དང༌། ཁོག་ལྡིར། མེ་ཕོར་སོགས་གྲ་སྒྲིག་ལེགས་པར་བྱས་འདུགཔ་དེར་
གདན་དྲངས་ཏེ་གསོལ་ཇ་ཞལ་ཏོག་སོགས་ཕུལ་ནས་ཅུང་ངལ་གསོ་བར་བྱས།

གཙུག་གཡུ།(ཚན་བཤུས)༣
________________________________________
གླང་མདུན་དཔལ་འབྱོར།
ཡུད་ཙམ་ཞིག་ནས་ལྟད་མོ་བ་རྣམས་ཟིང་ཟིང་ལོང་ལོང་བྱེད་ཅིང༌།ཤར་ནས་ནུབ་ཏུ་བརྐྱངས་པའི་རྟ་བའི་རྒྱུག་ལམ་སྟེ་ཆུ་ཡུར་དང་འདྲ་བའི་
ས་ཤུར་གྱི་ལྷོ་ངོས་ལ་སྟར་ཆགས་སུ་བརྒྱབ་པའི་བཀའ་ཤག་གི་གུར་གྱིསགཙོས་པའི་གུར་ཁང་ཁག་གི་ནང་དུ་འཚང་ཁ་ཤིག་ཤིག་གིས་ལྟ་བར་བྱེད།
དེས་ན་ཚོང་དཔོན་དགྲ་ལྷ་དང་བཅས་པའང་གདན་ལས་ལངས་ཏེ་ལྟད་མོར་སོང༌། སྐབས་དེར་བཀའ་ཤག་དང་གཞུང་ཞབས་རྣམས་ཀྱང་གདན་གྲལ་
དུ་འཁོད་ཟིན་འདུག སྒོ་སྣམ་ཚོན་ཁྲས་བརྒྱན་པའི་ནོར་བུ་མེ་འབར་ཁྱི་སྣ་སོགས་བཀྲ་ཤིས་པའི་རི་མོའི་སྦབ་ལེ་སྣ་ཚོགས་ལྡན་ཞིང༌།དཔངས་མཐོ་བའི་
བཀའ་ཤག་གི་དབུ་གུར་ནང་དུ་གོས་ཆེན་ཚོན་ཁྲ་སེར་པོའི་གྱོན་གོས་དང་ཞྭ་མོ་ཝ་གིར་སོགས་གྱོན་ནས་བརྗིད་ཉམས་སྟོན་པའི་ས་དབང་རྒན་གཞོན་
ཚོ་ནི་བཞུགས་ཁྲིར་འཁོད། དེ་ནས་མི་རིང་བའི་ས་ན་དེ་ཉིན་ཞར་འཕེན་དུ་སྒྱུ་རྩལ་འགྲན་མཁན་དཔུང་ཚོགས་ཀྱི་གཙོ་བོར་གྱུར་པ་ཡ་སོར་ཁྲི་པ་རྒན་
གཞོན་གཉིས་ཀྱང་ཞྭ་མོ་ཝ་གིར་དང༌། སྟག་ཤུན་ཚོན་ཁྲའི་གྱོན་ཆས། ལྷམ་འཇའ་ཆེན་མཚལ་ཀ་བཅས་གཟབ་མཆོར་གྱི་ཆས་གོས་ས་དབང་ལས་མོད་མི་
དམའ་བ་སྤྲས་ཏེ་རྔམ་ཟིལ་འགྱིང་སྟབས་དང་བཅས་ཅུང་དམའ་བའི་གདན་ཁྲིར་འཁོད་ནས་འདུག བཀའ་ཤག་གི་གུར་དང་མུ་འབྲེལ་བའི་ཀ་ཕིབས་
གཟུགས་ཀྱི་གུར་ཁང་སྟར་པ་ཞིག་གི་ནང་དུ་ཛ་སག་ཐའི་ཇི་རྣམས་སློང་ཁྲ་དང༌། དེ་འོག་གཞུང་ཞབས་རྣམས་འབོལ་གདན་དང་སྐྱོང་གདན་བཅས་རང་
གི་གོ་བབ་གདན་ཐོབ་དང་བསླབ་པ་རྒནགཞོན་ལྟར་རང་རང་སོ་སོའི་ལས་ཞྭ་ལས་གོས་ཀྱིས་མཛེས་པར་བྱས་ཏེ་གྲལ་ལ་འཁོད་ཟིན་འདུག
ད་ནི་རྫོང་རྒྱབ་ཞར་འཕེན་གྱི་སྒྱུ་རྩལ་འགྲན་པའི་ངོ་མཚར་ཆེ་བའི་ལྟད་མོ་དེ་འགོ་འཛུགས་གྲབས་ཡོད་གཤིས། ལྟད་མོ་བ་རྣམས་ཀྱིས་མིག་ཧྲིལ་
ཧྲིལ་བྱས་ཏེ་མཛད་སྒོའི་བཀོད་འདོམས་པའི་གནས་ཡུལ་བཀའ་ཤག་དབུ་གུར་ནང་དུ་བལྟས། ཡ་སོར་ཁྲི་པ་ཡར་ལངས་ཏེ་གུས་ཞབས་དང་བཅས་ཏེ་
ས་དབང་རྒན་པའི་མདུན་དུ་སོང་སྟེ། དེ་རིང་རྩལ་འགྲན་དུ་ཞུགས་མཁན་རྟ་པ་རྣམས་ཀྱི་མིང་གཞུང་ཤོག་སྒྲིག་ཞིག་ཕུལ་ནས་རང་གནས་སུ་ལོག དེ་མ་
ཐག་ཏུ་ཞོལ་པའི་གཉེར་མགྲོན་ཞིག་གིས་ས་དབང་གི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་བཀའ་བསྒུགས་ནས་བསྡད་པ་ན། ས་དབང་གིས་འགྱིང་
ཉམས་ཀྱི་ངང་ཤོག་སྒྲིལ་དེ་ག་ལེར་ཁ་ཕྱེ་སྟེ། ཉམས་འགྱུར་དང་ལྡན་པའི་སྒོ་ནས་“གཡུལ་ལས་རྣམ་པར་རྒྱལ་བ་གཡས་རུ་དང་པོ་ཐུ་ཆི་འོ་ཆི་སྡེ་དཔོན་
དགའ་བཞི་བའི་རྟ་པ་ཉི་ཤུ་ཐམ་པ”ཞེས་སྒམ་བརླིང་གི་སྒོ་ནས་སྒྲོག་སྦྱང་བྱས། དེ་འཕྲལ་གཉེར་མགྲོན་དེར་ཡར་ལངས་ནས་གུར་གྱི་ཕྱིར་ཐོན་ཏེ། ཧ་
ལམ་ས་ཤུར་གྱི་ཕྱེད་ཆ་ཙམ་དུ་སོང་ནས་མགྲིན་པ་གཟེངས་སུ་བཏེགས་ཏེ་“གཡུལ་ལས་རྣམ་པར་རྒྱལ་བ་གཡས་རུ་དང་པོ་ཐུ་ཆི་འོ་ཆུ་སྡེ་དཔོན་དགའ་
བཞི་བའི་རྟ་པ་ཉི་ཤུ་ཐམ་པ”ཞེས་བརྒྱུད་བསྒྲགས་བྱས་པ་ན། ས་ཤུར་གྱི་ནུབ་སྣེར་སྔོན་ཚུད་ནས་ཨང་གསར་གྲ་སྒྲིག་གིས་གནས་པའི་སྡེ་དཔོན་དགའ་
བཞི་བའི་རྟ་པ་རྣམས་གསོལ་འགོ་ཞེས་པའི་འགོ་པས་སྣེ་ཁྲིད་དེ་སྟོང་རྒྱུག་འགོ་ཚུགས་སོ།
རྟ་པ་རྣམས་ནི་འོད་ཆེམ་ཆེམདུ་འཕྲོ་བའི་ལྕགས་གྱི་ཁྲབ་རྨོག་གྱོན་ཞིང༌། མཚོན་ཆའི་རིགས་མ་ཐོགས་པར་རྟ་མཆོག་ཀྱང་ཁྲབ་ཀྱིས་བགོས་པ་
དང༌། མཇུག་མར་དྲུའུ་ཙི་ཚོན་ཚོགས་ཀྱི་མཇུག་མཆིང་སོགས་ཀྱིས་མཛེས་པར་བརྒྱན་པ་རྣམས་ལ་བཞོན་ཏེ་རྟ་ལྕག་གིས་འབྲབ་བཞིན་དུ་རླུང་ལྟར་
གཡོ་བའི་སྟེང་ན། ལག་པར་བཟུང་བའི་སྲབ་མདའ་ཡང་གློད་དེ་རྒོད་པོའི་གཤོག་རྩལ་ངོམ་པ་དང་འདྲ་བའི་ལག་པའི་འཁྱེར་བཟོ་འདྲ་མིན་བྱེད་ཅིང༌།
སྐབས་རེ་སེང་གེ་གནམ་ལ་མཆོང་བ་ལྟར་གན་རྐྱལ་དུཉལ་བ་དང༌། སྐབས་རེ་རྨ་བྱས་ཆུ་འཐུང་བ་ལྟར་ཁ་སྦུབ་དུ་ཉལ་བར་བྱེད་པ། ཡང་གློ་བུར་དུ་རྟ་
ལས་ལྷུང་བ་ལྟར་རྟ་པ་མི་སྣང་བར་གྱུར་བས་མི་རྣམས་དངངས་ཏེ་ཞིབ་ཏུ་ལྟ་སྐབས་རྟ་པ་ནི་ལག་པ་ཡ་གཅིག་གིས་རྟ་སྒ་ནས་བཟུང་བལས། ལུས་པོ་
ཡོངས་རྫོགས་རྟའི་སྦོ་ལ་འབྱར་ཏེ་འཕྱང་འཕྲུལ་དུ་གློད་ནས་འདུག་ལ། ད་དུང་ལག་པ་ཡ་གཅིག་གིས་ས་ངོས་ལ་རེག་སྟེ་ཐལ་རྡུལ་འཚུབ་འཚུབ་བྱེད་
བཞིན་ཡོད། ཚུལ་དེ་དག་ལྟད་མོ་བས་མཐོང་བའི་སྐབས་སུ་སྐྱེས་པ་རྣམས་ནི་ཡིད་སྨོན་དང་ཧ་ལས་ཀྱིས་ཁ་མིག་གཉིས་ཀ་གདངས་ཏེ་རི་མོར་བཀོད་
པའི་གཟུགས་ཅན་བཞིན་དུ་ལུས་ཀྱི་ཆ་ཤས་ཡོངས་ལ་གཡོ་འགུལ་སྤུ་ཙམ་ཡང་མེད་པར་གནས་ཏེ་མགྱོགས་བགྲོད་རྟ་ཕོའི་རྗེས་བསྙེགས་ནས་ལྟ་བའི་ཆེད་
དུ་མགོ་བོ་འགུལ་བར་བྱེད་པ་མ་གཏོགས་ཧ་ལམ་འཇིམ་པའི་གཟུགས་བརྙན་དང་འཁྲུལ་བ་ལྟ་བུར་གྱུར། བུད་མེད་རྣམས་ནི་དངངས་སྐྲག་གིས་ལྟ་བར་
མ་བཟོད་པར་འདྲེན་བྱེད་གཉིས་ཀ་ལག་པས་འགེབས་པ་དང༌།ལ་ལས་དངངས་འཚབ་ཀྱིས་སྐད་སྒྲ་སྒྲོག་པར་བྱེད། ཐ་ན་བཀའ་ཤག་དབུ་གུར་དུ་ཁྲི་ལ་
འཁོད་དེ་འགྱིང་ཉམས་ཀྱི་ཚུལ་དུ་གནས་བའི་ས་དབང་རྣམས་ཀྱང་རང་གི་རྔམ་བརྗིད་ཀྱི་རྣམ་པ་དག་འབད་པས་སྲུང་བར་བྱེད་ཀྱང༌། ངོ་མཚར་གྱི་སྒྱུ་
རྩལ་དེ་ཚོས་ཡིད་དབང་ཡོངས་སུ་ཕྲོགས་ཏེ་དངངས་འཚབ་ཀྱིས་རང་ཚུགས་མ་ཟིན་པར་ལུས་ཀྱི་ལྕུག་ཕྲན་རླུང་གིས་བསྒུལ་བ་ལྟར་ཕྱོགས་ཤིན་ཏུ་ཡོན་
པོར་ཡོ་བར་གྱུར། སྟོང་རྒྱུག་ཚར་བའི་རྗེས་སུ་རྟ་པ་རྣམས་སླར་ཡང་ས་ཤུར་གྱི་སྣེ་མོར་སོང་སྟེ། རྟ་ཐོག་ནས་འཕོང་རྩལ་འགྲན་པའི་བྱེད་སྒོ་དངོས་སུ་
འགོ་ཚུགས་པ་ན། རྟ་པ་དང་པོ་སྟེ་ལུས་སྟོབས་རྣམ་པར་རྒྱས་ཤིང་ལང་ཚོའི་ དཔལ་འབར་བའི་གཞོན་ནུ་གོ་ཁྲབ་ཀྱི་ཆས་སུ་ཞུགས་པ་ཞིག་གིས་གཟི་
རྔམ་དང་ལྡན་པའི་འཁོར་གསུམ་ལེགས་པར་སྤྲས་ཏེ་གྱི་ལིང་རྟ་མཆོག་ལྕག་གིས་ལན་འགའ་བསྐུལ་ནས་སྐར་མདའ་ལྟར་རྒྱུག་པའི་རྟ་ཐོག་ལ་གསེར་
ཚགས་ཀྱིས་མཛེས་པར་བརྒྱནཔའི་བོད་མདའ་རུ་ཅན་རྫས་བརྫོང་ལེགས་པར་ཟིན་པ་ཞིག་ལག་གཉིས་ཀྱིས་བཟུང་སྟེ། ས་ཤུར་གྱི་བྱང་ངོས་སུ་བཙུགས་
པའི་ཟླ་བ་ཉ་གང་བ་དང་འདྲ་བའི་འབེན་དང་པོ་དེ་ཡི་ཉེ་སར་བཅར། དེ་ནས་མེ་མདའ་སྤྱི་བོའི་མཐོ་ཚད་ཙམ་བཏེགས་ཏེ་རིམ་བཞིན་མར་ཕབ་ནས་
འབེན་གྱི་ཕྱོགསསུ་ཁ་འཛུགས་ཙམ་བྱེད་པ་དང་དུས་མཚུངས་སུ་འབྲུག་སྐད་ལྡིར་བ་ལྟར་གྱི་མེ་མདའི་སྐད་སྒྲ་བསྒྲགས་པས། འབེན་གྱི་ཁོར་ཡུག་ཏུ་དུ་
ཞག་གིས་ཁེངས་པ་ལས་འབེན་ནི་རྩ་འཐོར་དུ་སོང༌། མེ་མདའི་སྒྲ་ཐོས་པ་དང་རྟ་མཆོག་ནི་དེ་བས་མྱུར་བར་རྒྱུག་པའི་མུ་ལ་རྟ་པ་རྩལ་པོ་ཆེ་དེ་ཡིས་ལག་
པ་གཡས་པས་མེ་མདའ་དེ་མགོ་བོའི་སྟེང་དུ་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་བརྒྱབ་ནས་སྒལ་པར་ཁུར་བའི་རྗེས་སུ་ལག་པ་གཡོན་མས་ཡིད་དུ་
འོང་བའི་གཞུ་ཞིག་སག་ཐག་ནས་བཏོན་པ་དང༌། ལག་པ་གཡས་པས་མདའ་དོང་ནས་མདའ་ཞིག་བཏོན་ཟིན་མཚམས་སུ་འབེན་གཉིས་པ་དེ་དང་ཉེ་
བར་བཅར་ཟིན། གཞུ་མོ་རྣ་བའི་བར་དུ་བཀང་སྟེ་མདའ་མོ་གནད་དུ་བསྣུན་ནས་འཕངས་པ་ན། འབེན་དེ་ཡི་སྙིང་དབུས་ཀྱི་དམར་ཐིག་དེ་རིང་ལ་ཕོག་
སྟེ་རིང་བར་ཐོར་ནས། འབེན་གྱི་ཕྱི་མཐའ་བལ་སྒོར་གྱི་དབྱིབས་ཅན་དེ་འབེན་སྒྲོམ་གི་ཐ་གུའི་དབུས་སུ་ཡོམ་ཡོམ་དུ་ལུས། དེ་མུར་རྟ་པ་གཞོན་ནུ་དེས་
ཧ་ཅང་མཛེས་པའི་ཉམས་འགྱུར་དང་བཅས་“ལྷ་རྒྱལ་ལོ་”ཞེས་པའི་ལྷ་གསོལ་གྱི་ཀིསྭ་ཡི་འབོད་སྒྲ་འདོན་བཞིན་པར་ས་ཤུར་གྱི་མཇུག་སྣེར་
བརྒྱུགས་སོ།
ལྟད་མོ་བ་རྣམས་ནི་དེ་ལྟ་བུའི་སྒྱུ་རྩལ་གྱི་ཉམས་འགྱུར་ལ་བལྟས་ནས་མིག་འཁྲུལ་ཏེ་བསྔགས་བརྗོད་ཀྱི་གཏམ་དེ་འདྲ་དང་འདི་འདྲ་ཕན་ཚུན་སྨྲ་
བཞིན་དུ་ཧ་ལས་ཐོར་ཏོན་བྱེད་པའི་སྐབས་སུ། དཔལ་ལྡན་ཡང་ཟུར་ཞིག་ནས་ལྟད་མོ་ལྟ་བཞིན་ཡོད་པས་རྟ་པའི་རྩལ་སྟོབས་ལ་ཡིད་ལྷག་པར་སྨོན་ཏེ་
འདི་སྙམ་དུ་བསམས་སོ། རྟ་པ་དེའི་རྩལ་ཤུགས་ཙམ་ཞིག་ང་ལ་ཡོད་ན་ཅི་མ་རུང༌། ངས་སྐུ་ངོ་རྫོང་ལ་མདའ་མོ་བསྣུན་ཏེ་ཁོ་པའི་སྙིང་ཁམས་དེ་ཕུག མེ་
མདའ་འཕངས་ཏེ་ཁོ་པའི་མགོ་བོའི་ཀླད་རྒྱ་གཏོར།བསམ་བློ་དེ་ལྟར་འཁོར་བའི་མཚམས་སུ་རྟ་པ་གཉིས་པ་དེ་རྒྱུག་འགོ་ཚུགས་ཀྱང་དཔལ་ལྡན་ནི་མུ་
མཐུད་ལྟད་མོལྟ་རྒྱུའི་བསམ་བློ་ཡོངས་སུ་ཐོར་དེ་རང་གི་ཕ་མས་ཡ་ང་བའི་སྡུག་བསྔལ་མྱོང་ལུགས་རྣམས་དང། རང་གིས་ཡུན་རིང་སྙིང་ཁར་བཅངས་
པའི་ཕུགས་འདུན་ཏེ་དགྲ་ཤ་ལེན་རྒྱུའི་ཆོད་སེམས་དེ་དུས་དེ་རིང་ངེས་པར་དུ་སྐུ་ངོ་མདའ་དཔོན་ལ་ཤོད་ཐུབ་པ་བྱས་ནས་རང་ལ་རོགས་སྐྱོར་འཐོབ་
པ་ཞིག་ངེས་པར་དུ་བྱེད་དགོས་སྙམ། གུར་ནང་དུ་གནས་པའི་དཔོན་རིགས་རིགས་བརྒྱ་ཕྲག་གི་དབུས་སུ་སྐུ་ངོ་མདའ་དཔོན་ཡུན་རིང་བཙལ་འཚོལ་
བྱས་པའི་མཐར་ལས་ཞྭ་ལས་གོས་འདྲ་མིན་གྱོན་པའི་རིམ་བཞིའི་རྒྱབ་གྲལ་ནང་དུ་སྐུ་ངོ་མདའ་དཔོན་ནི་དམག་ཆས་ཆ་ཚང་ཞིག་སྤྲས།མིག་གཉིས་འབུར་
ཚུགས་སུ་ཡུད་ཙམ་ཡངགཡེང་བ་མེད་པར་ཡ་སོར་གྱི་རྟ་པའི་ངོ་མཚར་ཅན་གྱི་འཕོང་རྩལ་ལ་ལྟ་བཞིན་ཡོད་པ་མཐོང༌། ཕྲན་ཙམ་ཞིག་ནས་གོ་སྐབས་
བཙལ་ཏེ་མདའ་དཔོན་ལ་བཀལ་མོལ་ཞུ་དགོས་སྙམ་སྟེ་མདའ་དཔོན་ལ་ལྟ་ཙམ་ལྟ་ཙམ་བྱས་ཏེ་སྡོད་པའི་མཚམས་སུ། སྡེ་དཔོན་དགའ་བཞི་བའི་རྟ་པ་
ཚང་མ་བརྒྱུགས་ཟིན་ཏེ་རྟ་པ་རྣམས་རྟ་ལས་བཤོལ་ནས་བཀའ་ཤག་གི་གུར་གྱི་མདུན་དུ་སླེབས་པ་ན། ཞྭ་མོ་འབོག་ཐོ་དང་གོས་ཆེན་རྒྱ་སྨུག་གི་ཕྱུ་ཆེན་
གྱོན་ཞིང༌། སྐེད་པར་གསེར་རིལ་སྨྱུག་ཁྲོག་ཐོགས་པའི་བཀའ་དྲུང་ཞིག་གིས་“མེ་ཞར་ཕོག་གྲས་རྟ་པ་དོན་གྲུབ་དང༌། དབང་འདུས། ལེགས་བཤད་
སོགསརྟ་པ་བཅུ་གཉིས་”ཞེས་མེ་མདའི་ཚ་ཁ་ལོན་པའི་མིང་ཐོ་བཀླགས་པས་རྟ་པ་བཅུ་གཉིས་མདུན་དུ་ཡོང༌། ཞྭ་མོ་འབོག་ཐོ་དང་སྒོ་སྣམ་མཚལ་ཀའི་
ཁ་གོནགྱོན་པའི་བླ་བྲང་ཕྱག་མཛོད་གཅིག་གིས་ཚང་མར་ཚ་དར་ཟུབ་ཤེ་རེ་གཡོགས་རྗེས་སུ་རྟ་པ་རྣམས་རང་གི་གྲལ་མཚམས་སུ་ལོག དེ་ནས་སླར་ཡང་
བཀའ་དྲུང་གིས་“མདའ་ཞར་ཕོག་གྲས་རྟ་པ་ཕུན་ཚོགས་དང༌། དབང་འདུས་དང་ལེགས་བཤད་སོགས་རྟ་པ་བཅུ་གསུམ་”ཞེས་མདའ་རྩལ་གྱི་ཚ་
ཁ་ལོན་པའི་མིང་ཐོ་བཀླགས་མ་ཉིད་དུ་རྟ་པ་བཅུ་གསུམ་དེ་གྲལ་སྟར་ལས་ཚུར་ཐོན་ནས་མདུན་དུ་ཡོང༌། སླར་ཡང་བླ་བྲང་ཕྱག་མཛོད་ཀྱིས་ཚ་དར་ཟུབ་
ཤེ་རེ་གཡོགས། དེ་ལྟར་སྡེ་དཔོན་དགའ་བཞི་པའི་རྟ་པ་ཉི་ཤུའི་ནང་ནས་འཕོང་རྩལ་གྱི་གྲུབ་འབྲས་ལེགས་པ་རྣམས་ལ་ཚ་དར་གཡོགས་པའི་བྱ་རིམ་
རྫོགས་པའི་མཚམས་སུ་དཔལ་ལྡན་གྱིས་མདའ་དཔོན་མཐོང་རྒྱུ་མེད་པར་བརྟེན་སེམས་ལ་དངངས་འཚབ་ཆེན་པོ་སྐྱེས། གལ་ཏེ་སྐུ་ངོ་མདའ་དཔོན་ལྷ་
སར་ཕྱིར་ལོག་ཕེབས་ཟིན་པ་ཡིན་ན་དེ་རིང་སྙིང་གཏམ་ཤོད་ཐུབ་ཀྱི་མ་རེད། ཁོང་ག་པར་ཕེབས་པ་ཡིན་ནམ་བསམས་ནས་ཕྱོགས་གང་སར་ལྟ་ཞིབ་བྱས་
པས། སྟབས་ལེགས་པ་ཞིག་ལ་སྐུ་ངོ་མདའ་དཔོན་གྱི་བཞོན་རྟ་ངང་པ་དེ་ལྕང་མ་ཞིག་གི་འོག་ཏུ་བཏགས་ནས་ཡོད་པ་མཐོང་སྟེ་ཅུང་བློ་བདེ་བར་གྱུར།
དཔལ་ལྡན་གྱི་བསམ་པར་གལ་ཏེ་ཁོང་ལྷ་སར་ལོག་མ་ཕེབས་ཕྱིན་ཆད་ལ་སྔ་ཕྱིར་མ་བལྟོས་པར་དེ་རིང་ཏན་ཏན་ཨ་ཅག་གསལ་སྒྲོན་ལགས་ཀྱི་འགྲམ་
དུ་ཕེབས་རྒྱུ་གཏན་འཁེལ་བ་རེད། ངས་ལྕང་གླིང་གི་གསང་ཡོལ་ནང་དུ་བསྒུགས་ན་མཇལ་ངེས་རེད་བསམས་ཏེ་ལྕང་གླིང་དུ་ལོག
གསང་ཡོལ་ནང་དུ་ལྷ་ཀླུའི་ཕྱག་མཛོད་ཀྱིས་མངག་གཏོང་བྱས་པའི་ཐབ་གཡོག་དེ་གདན་ལྕོག་བསྲུངས་ནས་བསྡད་ཡོད་པས་དཔལ་ལྡན་གྱིས་
དེ་དང་མཉམ་དུ་ཡུན་རིང་བསྒུགས་ཏེ་ཉིན་དགུང་ཙམ་ལ་སླེབས་སྐབས་སུའང་སྐུ་ངོ་མདའ་དཔོན་མ་ཕེབས། སྐབས་དེར་གཡས་རུ་དང་པོའི་རྟ་པ་
རྣམས་བརྒྱུགས་ཟིན་ཏེ་ཚོང་དཔོན་དགྲ་ལྷ་དང་ཨ་ཅག་གསལ་སྒྲོན་ལགས་སོགས་ཉིན་དགུང་གི་ཁ་ལག་ཟ་བར་ཡོང་བས། དཔལ་ལྡན་དང་ཐབ་གཡོག་
གིས་ཇ་ཆང་བཏེགས་པ་དང་དགུང་ཟས་འབུལ་རྒྱུའི་གྲ་སྒྲིག་གི་ལས་བྲེལ་ཚུགས། དེ་མཚམས་སུ་ལྷ་ཀླུའི་ཕྱག་མཛོད་ཀྱིས་མངགས་པའི་གཟིམ་དཔོན་དགྲ་
ལྷ་དང་བཅས་པའི་སྦྱིན་བདག་གསུམ་མ་འགྲོ་ཀ་མེད་བྱུང་ནས་དཔལ་ལྡན་གདན་ལྕོག་སོགས་སྲུང་དུ་བཅུག
དཔལ་ལྡན་གྱིས་ཞལ་ཏོག་སོགས་བསྡུ་གསོག་རོབ་ཙམ་བརྒྱབ་ནས་གདན་གྱི་ཟུར་ཞིག་ཏུ་བསྡད་དེ་ཡུད་ཙམ་ཞིག་གི་རིང་ལ་གསང་ཡོལ་ཕྱི་རོལ་
དུ་ཕར་འགྲོ་ཚུར་འགྲོ་བྱེད་མཁན་རྒྱན་གོས་གཟབ་མཆོར་སྤྲས་པའི་མི་རྣམས་ལ་ལྟད་མོ་བལྟས་ནས་སྣང་བ་གཡེངས་ཏེ་སྡོད་པའི་སྐབས་སུ་གློ་བུར་དུ་
རྒྱབ་ཕྱོགས་ནས་“དཔལ་ལྡན་”ཞེས་འབོད་པ་ཐོས། དངངས་འདྲོགས་ཀྱིས་ཕྱི་མིག་ཅིག་ལྟ་སྐབས་སྐུ་ངོ་མདའ་དཔོན་རང་གི་རྒྱབ་ཏུ་ལངས་ནས་
ཡོད་པ་མཐོང༌། དཔལ་ལྡན་ནི་དགའ་ཚོར་ཆེན་པོས་མགྱོགས་མྱུར་ཡར་ལངས་ནས་གསོལ་ཇ་ཞལ་ཏོག་འབུལ་བཞིན་དུ། ཨ་ཅག་གསལ་སྒྲོན་ལགས་ལྷ་
ཀླུའི་ཕྱག་མཛོད་ཀྱིས་གདན་ཞུ་བྱས་པ་ལྟར་གསོལ་ཚིགས་སུ་ཕེབས་པའི་སྐོར་ཆ་ཚང་ཞུས། མདའ་དཔོན་གྱིས་བྱ་རྨྱང་ཞིག་བྱས་ཏེ་“ཏག་ཏག་བྱུང༌། ང་
ད་ལྟ་ཡ་སོར་གྱི་དབུ་གུར་དུ་གསོལ་ཚིགས་ལ་ཕྱིན་ནས་ཆང་ཕྲན་བུ་བཏུངས་བ་ཡིན་པས། ཏོག་ཙམ་འདིར་གཉིད་ཅིག་ཉལ་གྱི་ཡིན་”ཟེར། དཔལ་ལྡན་
གྱིས་མགྱོགས་མྱུར་ཞལ་ཏོག་སྒྲིལ་རྫས་དེ་སྔས་ལ་ཕུལ་་ནས་འདི་སྙམ་དུ་བསམས་སོ། སྐུ་ངོ་མདའ་དཔོན་ལ་རང་གི་ཁྱིམ་ཚང་གི་གནས་ཚུལ་་རྣམས་ཞུས་
ཏེ་རོགས་སྐྱོར་ཡོང་བའི་སྐྱབས་འཇུག་ཞུ་རྒྱུའི་གོ་སྐབས་འདི་ལས་བཟང་བ་མེད་ཀྱང༌། སྐད་ཆའི་འགོ་ཇི་ལྟར་བཙུགས་པ་དགའ་བ་ཡོད་དམ་སྙམ་སྟེ་སྐད་
ཆ་རྣམས་ཁོག་པའི་ནང་དུ་གྲལ་སྒྲིག་བྱེད་པའི་སྐབས་སུ། སྔུར་པའི་སྒྲ་ཞིག་ལྷང་ལྷང་དུ་ཐོས་པས་སྐུ་ངོ་མདའ་དཔོན་ལ་ལྟ་དུས་ཁོང་གཉིད་སྐྱིད་པོ་ཞིག་
ཁུག་ཟིན་འདུག དཔལ་ལྡན་གྱིས་མདའ་དཔོན་གྱི་མལ་གཞུག་ཏུ་ལངས་ནས་ཡུད་ཙམ་གྱི་རིང་ལ་སྐད་ཆ་ཤོད་སྟངས་རྣམས་ཆ་ཚང་བསམ་བློ་གཏོང་སྐྱོར་
ཞིག་བརྒྱབ་ཟིན་པའི་རྗེས་སུ། དངངས་འཚབ་དང་ཞེད་སྣང་ཚང་མ་འཇགས་ནས་བློ་སྟོབས་ཆེན་པོས་ཤོད་དགོས་བསམས་ཏེ་མདའ་དཔོན་ལ་བལྟས་
པས་ཁོང་ནི་ད་དུང་སྔུར་པ་རྒྱག་བཞིན་འདུག ད་ནི་མགྱོགས་ཙམ་མ་བཤད་ན་ཚོང་དཔོན་དགྲ་ལྷ་ཁོ་ཚོ་ཁ་ལག་བཟས་ཚར་ཏེ་ལོག་ཡོང་གྲབས་ཡོད་པས་
སྐུ་ངོ་མདའ་དཔོན་གཉིད་སད་ཐབས་མ་བྱས་ན་ཡོང་བ་མི་འདུག་བསམས་ཏེ་སྐད་ཤུགས་ཆེན་པོས་གློ་གསང་ཁ་ཤས་ཤིག་མུ་མཐུད་ནས་བརྒྱབ་ཀྱང༌།
མདའ་དཔོན་ནི་གཉིད་སད་རྒྱུ་ལྟ་ཅི། གཡོ་འགུལ་ཙམ་ཡང་མི་བྱེད་སྟབས་དཔལ་ལྡན་སེམས་པ་འཚབས་ཏེ་གཉིད་སད་ཐབས་གཞན་ཞིག་བསམ་བློ་
གཏོང་བཞིན་པའི་སྐབས་སུ་གློ་བུར་དུ་འཕོང་རྩལ་འགྲན་མཁན་རྟ་པ་ཞིག་གི་རྟ་ཁ་ཤོར་ཏེ་ས་ཤུར་ནས་ཁ་བྲལ་ཏེ་ཐད་ཀར་ལྕང་གླིང་ནང་དུ་ཤོར་ཡོང་
བ་དང༌། རྟ་པ་དེ་ནི་དངངས་འཚབ་ཀྱིས་རྐེན་པས་ལག་ཏུ་བཟུང་བའི་མེ་མདའ་དེའང་ཁ་ཤོར་ཏེ་གསང་ཡོལ་གྱི་རྭ་བ་དང་ཧ་ཅང་ཉེ་བའི་ས་ནས་འབར་
གས་ཀྱི་སྐད་སྒྲ་ཤུགས་དྲག་ཆེ་བ་ཞིག་བསྒྲགས་པས། སྐུ་ངོ་མདའ་དཔོན་ཧད་ཀྱིས་ལངས་ནས་ཡོལ་བའི་ཕྱི་རོལ་དུ་བལྟས་ཏེ་“ཟ་འདྲེ་འདི་ཚོས་མེ་
མདའ་འབེན་ལ་མ་བརྒྱབ་པར་ང་ཚོའི་མགོ་ལ་རྒྱག་པར་ཡོང་གི་འདུག་”ཅེས་གཤེ་གཤེ་གཏོང་བཞིན་དུ་གདན་གྱི་ཐོག་ཏུ་བསྡད། ཁོང་ད་དུང་ཉལ་
བར་དོགས་ནས་དཔལ་ལྡན་གྱིས་མགྱོགས་མྱུར་ཇ་ཆང་དང་ཞལ་ཏོག་སོགས་ཡང་ཡང་ཕུལ་ནས་གཉིད་ར་ཡོངས་སུ་དྭངས་པའི་དུས་སུ་དཔལ་ལྡན་གྱིས་
“སྐུ་ངོ་མཁྱེན། སྐུ་ངོ་མདའ་དཔོན་ཁྱེད་ཀྱིས་མཁྱེན་གསལ་ལྟར་ང་ནི་ཕ་མ་སོགས་རེ་ས་ལྟོས་ས་གང་ཡང་མེད་ལ། བློས་འགེལ་ས་དང་གྲོས་འདྲི་སའི་
སྤུན་ཉེ་ཙམ་ཞིག་ཀྱང་མེད་པའི་དྭ་ཕྲུག་ཞིག་ཡིན། ད་བར་ཨ་ཅག་གསལ་སྒྲོན་ལགས་ཀྱི་ཞབས་ཕྱིར་བསྡད་ནས་ལོ་བཅུ་ཡས་མས་ཤིག་གི་རིང་ལ་སྐུ་
དྲག་དང་ཚོང་པ་སོགས་་མི་སྣ་ཚོགས་མཐོང་ཡང༌། སྐུ་ཡོན་ཆེ་ལ་ཁྲེལ་གཞུང་ལྡན་པ་དང༌། ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་དབུལ་པོར་སྦྱིན་གཏོང་
སོགས་དཀར་ཕྱོགས་དགེ་རྩའི་ཆོ་གར་གཏོང་ཕོད་དང་སྤྲོ་བ་ཆེ་བའི་སྐྱེ་བོ་སྐུ་ངོ་ཁྱེད་དང་འདྲ་བ་ཞིག་ནི་ད་བར་མ་རིག ལྷག་དོན་དུ་ཁྱེད་ཉིད་ནི་ཚུལ་
དང་ཚུལ་མིན་གྱི་སྤོང་འཇུག་བྱ་བར་འཕྱུགས་པ་མེད་པའི་ཁར་ཡ་རབས་དམ་པའི་མཛད་སྤྱོད་དམ་པོར་སྲུང་བའི་ཕུལ་བྱུང་གི་ཐུགས་རྒྱུད་མངའ་ཞིང༌།
མཆོག་དམན་ཉེ་རིང་སྤངས་ཏེ་ཐ་ན་དྭ་ཕྲུག་བདག་ལྟ་བུ་ཞིག་ལའང་བྱམས་དང་སྙིང་རྗེས་སྐྱོང་བར་མཛད་པའི་བཅོས་མིན་བྱམས་སེམས་ཀྱིས་བརླན་
པའི་བླ་ན་མེད་པའི་ཐུགས་སེམས་ནི་རང་གཞན་ཀུན་ལ་དངོས་ཤུགས་གང་ནས་ཀྱང་མངོན་པར་གྱུར་བས་བདག་ནི་དུས་ཡུནརིང་མོ་ཞིག་ནས་ཁྱེད་ཉིད་
ལ་དད་དམ་དང་ཡིད་སྨོན་ཆེན་པོ་སྐྱེས། དེ་ལྟར་སྐྱེས་པའི་དབང་གིས་སྐུ་ཉིད་ནི་བདག་གི་སྙིང་དབུས་ནས་རྩ་བའི་བླ་མ་ལྟ་བུར་བྱེད་མུས་ལ་བརྟེན་དྲིན་
ཆེན་ཕ་མའི་དགྲ་ཤ་ལེན་རྒྱུའི་དོན་ཆེན་དང་འབྲེལ་བའི་སྙིང་གཏམ་ཞིག་ཞུ་རྒྱུ་ཡོད་པས། སྐུ་ངོ་མཆོག་གིས་ཐུགས་སུན་དུ་མ་དགོངས་པར་ཞིབ་ཕྲའི་
བཀའ་སློབ་དང་རྒྱབ་སྐྱོར་ཐུགས་རྗེ་གང་ཆེ་ཅི་ནས་ཀྱང་གནང་སྐྱོང་ཡོད་པ་ཞུ་”ཞེས་དད་གུས་ཆེ་ཞིང་བློ་ཐག་ཆོད་པོས་སྨྲས། མདའ་དཔོན་གྱིས་འདི་
རྣམས་ཐོས་རྗེས་སུ་རྣམ་ཀུན་དཔལ་ལྡན་ནི་སྨྲ་བ་ཉུང་ཞིང་སེམས་པ་ཆུང་བས་ཉམས་ཆུང་ནུས་མེད་ཅིག་ཏུ་མཐོང་ཡོང༌།

གཙུག་གཡུ།(ཚན་བཤུས)༤
________________________________________
གླང་མདུན་དཔལ་འབྱོར།
དེ་རིང་ནི་དོན་དང་ལྡན་པའི་གཏམ་འདི་ལྟ་བུ་གླེང་བ་མ་ཟད།སེམས་ཐག་ཆོད་པོས་ཕ་མའི་དགྲ་ཤ་ལེནརྒྱུའི་ ཆོད་སེམས་ཀྱང་བསྟན་པས་
མདའ་དཔོན་ལ་ ངོ་མཚར་ཆེན་པོ་སྐྱེས། མིག་གཉིས་ནས་ཧ་ལས་ཡིད་སྨོན་གྱི་ཟེར་ཕྲེང་བཞིན་དུ་དཔལ་ལྡན་གྱི་མགོ་ནས་རྐང་བའི་རྩེ་བར་ཞིབ་ཏུ་
བལྟས་པས། རྣམ་ཀུན་སྦྱིན་བདག་གི་རྐང་པའི་གཡས་གཡོན་དུ་མཇུག་མ་བརླ་ཡི་བར་དུ་བཅུག་ནས་ཕར་འགྲོ་ཚུར་འགྲོ་བྱེད་མཁན་སྒོ་ཁྱི་ཞིག་གི་གནས་
བབ་ལས་མི་མངོན་པའི་གཟུགས་སྣང་དེ་ནི། དེ་རིང་མདའ་དཔོན་གྱི་མིག་གི་ནང་ལ་གློ་བུར་དུ་གང་ཟག་གི་སྣང་བརྙན་ཞིག་ཏུ་འགྱུར་བ་མ་ཟད། གཞོན་
ནུ་འདི་ནི་ཆུང་དུས་རྣམ་རིག་ བཀྲ་བའི་ཐོག་ལ། ད་ནི་རྟོག་དཔྱོད་དང་ལྡན་ཞིང་བློ་སྟོབས་ཆེ་བ་ཞིག་ཆགས་འདུག གོ་ཐོས་སུ་ཁོ་པའི་ཨ་ཕ་ནི་སྙིང་ནད་
ཀྱིས་གྲོངས་པ་མ་གཏོགས་གཞན་གྱིས་བཀྲོངས་པའི་གནས་ཚུལ་ཐོས་རྒྱུ་མི་འདུག་པས། དགྲ་ཤ་ལེན་དགོས་དོན་གང་ཡིན་ནམ་བསམས་ཏེ་“དཔལ་
ལྡན། ང་ནི་སྐྱེ་་བོ་གང་འདྲ་ཞིག་ཡིན་པ་དང༌། ངའི་གཤིས་རྒྱུད་གང་འདྲ་ཡིན་མིན་ཁྱོད་ཀྱིས་ཤེས་གསལ་ལྟར་་རེད། ང་ལ་སྙིང་སྟོན་མཁན་མཐའ་དག་
ལ་ངས་ཀྱང་སྙིང་སྟོན་གྱི་ཡོད་ལ། ལྷག་དོན་དུ་ཁྱོད་ནི་ཆུང་དུས་ངའི་སློབ་མ་བྱེད་མྱོང་ཞིང༌། ཡུན་རིང་གཡོག་པོའང་རྒྱུག་མྱོང་ཡོད་པས་ཁྱོད་ལ་ག་རེ་
ཤོད་རྒྱུ་ཡོད་ཀྱང་ཤོད་ཅིག་”ཅེས་ནན་ཏན་གྱིས་བཤད་དེ། ལོ་ན་ཕྲ་བའི་གཞོན་ནུ་འདིའི་ཁ་ནས་ཡ་མཚན་ཅན་གྱི་གསང་གཏམ་ཅི་འདྲ་ཞིག་ཐོས་ཡོང་
ངམ་སྙམ་མུར་ཡིད་གཟབ་ཀྱིས་གཏམ་ལན་བསྒུགས་ནས་བསྡད། དཔལ་ལྡན་གྱིས་“ངའི་ཕ་མ་གཉིས་ཀ་དཀོན་ཅོག་ལ་དད་གུས་ཆེ་ཞིང༌། མགོ་འདྲེན་
དཔོན་པོ་རྣམས་ལ་བརྩི་བཀུར་ཆེ་བ། ཀུན་ལ་སེམས་པ་བཟང་བ། ལས་རྒྱུ་འབྲས་ལ་བརྩི་འཇོག་ཆེ་བ། ཁྲེལ་གཞུང་དང་ལྡནཞིང༌། ཡ་རབས་ཚུལ་ལྡན་གྱི་
འཚོ་བ་སྐྱེལ་མཁན་ཞིག་ཡིན་ཀྱང༌། ལོ་ཉི་ཤུ་ལྷག་ཙམ་གྱི་སྔོན་དུ་སྐུ་ངོ་རྫོང་ཟེར་བའི་དཔོན་ངན་ཞིག་ང་ཚོའི་ཕ་ཡུལ་དུ་ཡོང་སྟེ་ཨ་མར་ངོ་མཚར་ཅན་གྱི་
གཙུག་གཡུ་ཞིག་ཡོད་པ་དེ་བཙན་འཕྲོག་བྱེད་པའི་ཆེད་དུ་ངའི་ཕ་མ་གཉིས་ལ་མནར་གཅོད་དྲག་པོ་བཏང་ནས་མ་ཤི་ཙམ་བཟོས༌། དམྱལ་བ་མི་ཡུལ་དུ་
མྱོང་བའི་སྡུག་བསྔལ་དེ་ལྟ་བུ་བཟོད་ཐབས་བྲལ་ཏེ་ཡུལ་བྱོལ་དུ་མ་འགྲོ་ཀ་མེད་བྱུང༌། ཁོ་རང་གཉིས་སྲོག་ཐར་ཙམ་བྱུང་ཡང་ངའི་སྲུ་མོ་ཞིག་ཡོད་པ་དེ་སྐུ་
ངོ་རྫོང་གིས་བཟུང་ནས་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་ཆ་རྟོགས་མེད་པ་མ་ཟད། ཕ་མ་གཉིས་ཀྱང་གཞན་ཡུལ་དུ་དཀའ་དུབ་ཚད་མེད་མྱངས་ཤིང་
། ལུས་ལ་ གཅོང་ནད་ཞུགས་པའི་རྐྱེན་གྱིས་མཐར་ཚེ་ལས་འདས། སྐུ་ངོ་རྫོང་ཟེར་བའི་དགྲ་ངན་དེ་ནི་ང་ཚོ་མི་ཤི་ཁྱིམ་སྟོངས་བཟོ་མཁན་གྱི་གཤེད་མ་
རང་ཡིན་པས། ངའི་ཨ་ཕ་འདས་པོ་དེ་ཚེ་མ་ཟིན་པའི་ཉིན་མོ་དེ་རང་ལ་ངས་ཇོ་ཁང་གི་སྒོ་འགྲམ་དུ་དགྲ་ཤ་ལེན་རྒྱུའི་ དམ་བཅའ་ཕུལ་ཚར་བ་ཡིན། ལོ་
བཅུ་ལྷག་ཙམ་གྱི་རིང་ལ་ངས་དུས་རྟག་ཏུ་འདྲི་རྩད་དང་དོ་སྣང་བྱས་ཀྱང༌། ད་བར་སྲུ་མོའི་དྲི་མ་ཙམ་ཡང་མ་རྙེད་ལ་སྐུ་ངོ་རྫོང་ཟེར་བ་དེ་སུ་ཡིན་རྩད་
ཀྱང་མ་ཆོད་པར་བརྟེན། སྐུ་ངོ་མདའ་དཔོན་ཁྱེད་ཀྱིས་ངེས་པར་དུ་བདག་གི་བསམ་འདུན་ཡོངས་སུ་འགྲུབ་པའི་ཆེད་དུ་བཀའ་སློབ་རྒྱབ་སྐྱོར་གང་ཆེ་
གནང་རོགས་ཞུ་རྒྱུ་ཡིན་”ཞེས་གུས་ཞབས་དང་ལྡན་ལ་སྐོམ་པ་ཆུ་འདོད་ཀྱི་རེ་བའི་མིག་འབྲས་ཟུང་མདའ་དཔོན་གྱི་གདོང་ལ་ལྟ་བཞིན་དུ་སྨྲས། དེའི་
ཚེ་དེའི་དུས་དཔལ་ལྡན་གྱི་བསམ་ཡུལ་ལས་འདས་པ་ཞིག་ལ། སྐུ་ངོ་མདའ་དཔོན་གྱིས་གཏམ་དེ་རྣམས་ཐོས་རྗེས་སུ་རང་ཉིད་ལ་གདུང་སེམས་མཉམ་
སྐྱེད་ཀྱིས་སྤྲོ་སེམས་འཁོལ་བའི་རྒྱབ་སྐྱོར་བྱ་རྒྱུ་ཕར་བཞག་ཐ་ན་ཡོང་དང་མི་ཡོང་གི་ཚིག་ལན་ཙམ་ཡང་མ་བཏབ་པར་འཇིམ་པའི་གཟུགས་བརྙན་བཞིན་
དུ་ཙོག་པུར་བསྡད། བསྡད་ནས་ཀྱང་འདི་སྙམ་དུ་བསམས་སོ། དཀོན་མཆོག་མཁྱེན། གཞོན་ནུ་འདིའི་གསང་གཏམ་གྱིས་ལོ་ཉི་ཤུའི་སྔོན་ལ་ང་ལྷོ་ཁ་བྲག་
དཀར་རྫོང་དུ་རྫོང་དཔོན་བྱས་ནས་སྡོད་སྐབས་ཀྱི་གནས་ཚུལ་ཞིག་དྲན་གསོ་བྱེད་དུ་བཅུག་སོང༌། ད་ལྟ་ཐོས་པའི་གནས་ཚུལ་འདི་ནི་སྐབས་དེར་ངས་
འཛོམས་པ་ཞེས་པའི་བྲན་གཡོག་སྐྱེ་དམན་ཞིག་ལ་གཙུག་གཡུ་ངོ་མཚར་ཅན་ཞིག་ཡོད་པ་དེ་འཕྲོག་རྩིས་བྱེད་པའི་གནས་ཚུལ་དང་འདི་འདྲའི་འདྲ་བ་
ལ། ཨ་ཙི། ངའི་མིག་གི་མདུན་གྱི་གཞོན་ནུ་འདི་རྗེས་སུ་འཛོམས་པར་སྐྱེས་པའི་བུ་ཞིག་ནི་ག་ནས་ཡིན་བསམས་ཏེ་དོགས་འཆར་གྱིས་གདོང་ཡང་དམར་
པོར་གྱུར་ནས་བྲེལ་འཚུབ་ངང་“ཁྱོད་ཚོའི་དང་ཐོག་གི་ཕ་ཡུལ་ག་པར་རེད་དམ་”ཞེས་དྲིས་པའི་ལན་དུ་“དང་ཐོག་གི་ཕ་ཡུལ་ནི་ལྷོ་ཁ་བྲག་
དཀར་རྫོང་རེད”“འོ་ན་ཁྱོད་ཀྱི་ཕ་མའདས་པོ་གཉིས་ཀྱི་མིང་ལ་ཅི་ཟེར་རམ་”“ངའི་དྲིན་ཅན་ཕ་མ་གཉིས་ཀྱི་མིང་ལ་ཨ་ཕ་ཕུན་ཚོགས་དང་ཨ་
མ་འཛོམས་པ་ཟེར”ཞེས་དྲི་བ་དང་དྲིས་ལན་ཚིག་ཉུང་ངུ་ཞིག་གིས་ཀྱང་མདའ་དཔོན་གྱི་སེམས་སུ་གནས་ཚུལ་རྣམས་མེ་ལོང་ལ་བལྟས་པ་བཞིན་དུ་
གསལ་པོར་རྟོགས་ཏེ། ད་ལྟ་དཔལ་ལྡན་གྱིས་“སྐུ་ངོ་རྫོང་ཞེས་པའི་དགྲ་ནག་”ཟེར་བ་དེ་ན་གཞན་པ་མ་ཡིན་པར་རང་ཉིད་ཡིན་པ་ཚོར་ཞིང༌། སྲུ་མོ་
ཟེར་བ་དེ་ནི་དེ་སྔ་ཨ་ཅག་གསལ་སྒྲོན་ལགས་སུ་གཡོག་མོར་ཕུལ་བའི་གཡུ་སྒྲོན་ཡིན་པ་གདོན་མི་ཟ། དེ་ལྟར་ན་དཔལ་ལྡན་གྱིས་སྐུ་ངོ་རྫོང་ཟེར་བ་དེ་ང་
ཡིན་པ་ཤེས་ན་ག་རེ་བྱེདརྩིས་ཡོད་དམ་སྙམ་ནས་ཞེད་སྣང་སྐྱེས་ཏེ་སྙིང་ཡང་“འདིག འདིག འདིག་”ཅེས་འཕར་བ་རང་གིས་ཐོས་རུང༌། ཕྱི་ཚུལ་དུ་
སྒམ་རླིང་གི་རྣམ་པའི་ཐོག་ནས་“དཔལ་ལྡན༌། ངས་ཁྱོད་ལ་རོགས་པ་བྱས་ནས་གལ་ཏེསྐུ་ངོ་རྫོང་རྙེད་པ་ཡིན་ན། དགྲ་ཤ་ཇི་ལྟར་ལེན་རྩིས་ཡོད་དམ་
”ཞེས་དྲིས་པར། དཔལ་ལྡན་གྱིས་ཐེ་ཚོམ་མེད་པའི་ངང་“སྔོན་ལ་ངའི་སྲུ་མོ་ག་པརཡོད་མེད་རྩད་གཅོད་བྱ་རྒྱུ་དང༌། དེ་ནས་ཁོ་པའི་སྙིང་ཚ་པོར་
བཏོན་ནས་དབུགས་ལེན་རྒྱུ་ཡིན་”ཞེས་སྐད་ཀྱི་ང་རོ་ཡང་ཇེ་དྲག་ཏུ་སོང་སྟེ་སེམས་ཐག་ཆོད་པོས་བཤད་པས་སྐུ་ངོ་རྫོང་ནི་འཇིགས་དངངས་ཀྱིས་ངོ་
གདོང་སྨུག་པོར་གྱུར་ཅིང༌། དཔྲལ་རྩ་འཕར་བ་དང་འགྲམ་ཤ་འདར་བ་སོགས་ཁྲོ་བའི་རྣམ་འགྱུར་འདྲ་མིན་མངོན་བཞིན་དུ་སེམས་པར་སྤྲང་ཕྲུག་ཧམ་
པ་ཚ་པོ། གལ་ཏེ་ངས་སྔོན་ལ་ལག་པ་མ་བཀྱགས་ཚེ། སྔ་ཕྱི་ལ་མ་བལྟོས་པར་སྤྲང་ཕྲུག་འདིས་གནས་ཚུལ་ཚང་མ་རྟོགས་ཏེ་ང་ལ་གནོད་པ་བྱེད་ངེས་རེད།
ད་ལྟ་བྱ་ཕྲུག་གཤོག་རྩལ་མ་རྒྱས་གོང་དུ་ཏག་ཏག་བཟོས་པ་ལས་ཡག་པ་མི་འདུག་སྙམ་ནས་མ་རུང་བའི་སེམས་པ་དྲག་ཏུ་སྐྱེས། སྐད་ཆ་ཚིག་གཅིག་ཀྱང་
མ་བཤད་པར་གློ་བུར་དུ་ཧད་ཀྱིས་ལངས་ཏེ་བྲེལ་འཚུབ་ཆེ་བའི་གོམ་བགྲོད་དང་བཅས་གསང་ཡོལ་གྱི་ཕྱི་རོལ་དུ་སོང༌། དེ་ནས་ཡང་གློ་བུར་དུ་“བློ་
ཆུང་སེམས་ལ་འཁོན་འཛིན་པ། གནོད་པ་ལས་ཀྱང་རྣམ་འགྱུར་སྔ་”ཞེས་པའི་ལེགས་བཤད་ཀྱི་ཚིག་རྐང་གཉིས་པོ་དེ་ལྷང་ངེར་དྲན་ཏེ། ད་ལྟ་ངའི་སྤྱོད་
ཚུལ་འདི་ནི་བློ་རྒྱ་ཆུང་བའི་སྐྱེ་བོ་ཕལ་པ་ཞིག་དང་འདྲ་བར་སེམས་ཀྱི་རི་མོ་མ་ལུས་འཕྲལ་མ་ཉིད་དུ་ཕྱི་རོལ་གྱི་རྣམ་འགྱུར་དུ་མངོན་པར་བྱེད་པ་ནི་
གནས་མ་ཡིན། དེ་ལྟར་ན་སྤྲང་ཕྲུག་འདིའི་སེམས་ལ་དོགས་པ་ཤར་ཏེ་སླད་ཁོ་པར་བཟོ་ལྟ་སྤྲོད་རྒྱུར་འགོག་རྐྱེན་ཡོང་ངེས་པས། དེ་ལས་ཐབས་ཀྱིས་
བཏུལ་ན་ཤིན་ཏུ་ནས་དགའ་འོ་བསམ་ཏེ་དེ་མ་ཐག་ཏུ་ཡར་འཛུལ་ཡོང༌། དཔལ་ལྡན་གྱི་འགྲམ་དུ་སླེབས་རྗེས་ལག་པ་གཡས་པས་དཔལ་ལྡན་གྱི་དཔུང་
པའི་ཐོག་ལྕག་ལྕག་བྱེད་བཞིན་དུ་གཟབ་ནན་གྱི་ཚུལ་ཞིག་བསྟན་ཏེ་“དཔལ་ལྡན། ད་ལྟ་ཁྱོད་ཀྱི་སྐད་ཆ་དེ་རྣམས་ཐོས་རྗེས་སུ། ང་ནི་ཁྱོད་ལ་ཡ་ང་སྙིང་
རྗེ་དང་གདུང་སེམས་ཆེན་པོ་སྐྱེས་པ་མ་ཟད། རྫོང་དཔོན་ངན་པ་དེའི་ཉེས་སྤྱོད་ལ་ཁོང་ཁྲོ་རབ་ཏུ་ཟ་ནས་ད་ལྟ་ལམ་སེང་རྩད་གཅོད་བྱེད་པར་འགྲོ་
དགོས་བསམས་ཀྱང༌། བསམ་བློ་ཞིབ་ཏུ་གཏོང་དུས་ལས་ཀ་འདི ་གཟབ་ནན་གྱིས་བྱེད་དགོས་པ་ལས་ཁོང་ཁྲོ་ཟ་ཐོག་ལ་འཚབ་འཚུབ་བྱས་ན་བྱ་བ་ལམ་
ལྷོངས་ཡོང་ཁག་པོ་རེད། དེར་བརྟེན་དཔལ་ལྡན་རང་དངངས་འཚབ་མ་བྱེད་ཅིག ངས་ཁྱོད་ལ་མཐར་ཕྱིན་པའི་རོགས་པ་བྱས་ཆོག འོན་ཀྱང་གནད་
འགག་ཆེ་ཤོས་ཤིག་ལ་གསང་བ་ཡེ་ནས་མ་གྱར་བ་བྱེད་དགོས། གལ་སྲིད་རང་གིས་ང་ལ་ བཤད་པའི་སྐད་ཆ་དེ་རྣམས་གཞན་གྱིས་ཐོས་པ་ཡིན་ན་དགྲ་
ཤ་ལོན་རྒྱུ་ཕར་བཞག ཁྱོད་ཀྱིས་སྐུ་ངོ་རྫོང་མ་མཐོང་གོང་ལ་སྐུ་ངོ་རྫོང་གིས་ཁྱོད་ལ་བཟོ་ལྟ་སྤྲོད་ངེས་ལ་བརྟེན་མི་གཞན་པ་སུ་ལའངདེའི་སྐོར་མ་ཤོད་
ཅིག ཁྱོད་ཀྱིས་ང་ལ་སྙིང་བསྟན་ནས་གསང་གཏམ་བཤད་པ་མ་ཟད།རེ་བ་ཡོངས་སུབཅོལ་བ་དེ་ངས་གཏན་ནས་སྟོང་ཟད་དུ་བཏང་མི་ཡོང༌།ཁྱོད་ཀྱིས་ང་
ལ་བློས་ཁོལ་ཅིག་”ཅེས་འཛུམ་དམུལ་དམུལ་གྱིས་བཤད། དཔལ་ལྡན་ནི་ད་གཟོད་སྙིང་གཏམ་རྣམས་མ་ལུས་པ་བཤད་ཟིན་མཚམས་སུ་མདའ་དཔོན་
གྱིས་དང་ཐོག་རྣམ་ཀུན་ཡེ་ནས་མཐོང་རྒྱུ་མེད་པའི་ཛ་དྲག་ཁྲོ་བོའི་རྣམ་འགྱུར་ཞིག་བསྟན་ཏེ་གཏམ་ལན་ཡང་མེད་པར་འགྲོ་རྩིས་བྱེད་པ་དང༌། བསམ་
ཡུལ་ལས་འདས་པའི་བྱ་སྤྱོད་དེ་ལ་ཧ་ལས་ཧོན་ཐོར་གྱིས་རང་ཉིད་རྟབ་རྟབ་པོར་གནསཔའི་སྐབས་སུ། ད་ཆ་ཤ་ཚ་དང་སྤྲོ་སེམས་ཀྱིས་ཁེངས་པའི་གཏམ་
དེ་རྣམས་བཤད་པ་ཐོས་རྗེས་སུ་དགའ་བ་རབ་ཏུ་འཁོལ་ཞིང༌། སྐུ་ངོ་མདའ་དཔོན་གྱིས་བློ་ཐག་ཆོད་པོའི་སྒོ་ནས་ཤ་ཚའི་རྒྱབ་སྐྱོར་གནང་བར་སེམས་པ་
གཏིང་ནས་གཡོས་ཏེ་མིག་གཉིས་མཆི་ཞག་འཁོར་བཞིན་དུ་“སྐུ་ངོ་ཐུགས་རྗེ་ཆེ། བདག་གིས་ཡུན་རིང་བརྟག་ཞིབ་བྱས་ནས་བྱུང་བའི་འབྲས་བུ་སྟེ་
བློས་འགེལ་བྱེད་ས་དང་སྙིང་གཏམ་ཤོད་ས་འཁྲུལ་འཛོལ་མ་བྱུང་བ་ར་སྤྲོད་་གསལ་པོ་བྱུང༌། ཁྱེད་ཀྱིས་ཤ་ཚའི་བཀའ་སློབ་དང་གཡོ་བ་མེད་པའི་རྒྱབ་
སྐྱོར་གནང་བ་དེས་བདག་གི་བློ་སྟོབས་ཆེས་ཆེར་འཕེལ་ཏེ།ལུས་པོ་ཡོངས་རྫོགས་ནུས་ཤུགས་དང་སེམས་ཤུགས་ཀྱིས་ཁེངས་སོང༌། བྱ་བ་ལམ་ལྷོངས་ཡོང་
རྒྱུར་ཡིད་ཆེས་བརྟན་པོ་རྙེད་དེ་དགའ་ཚོར་ཆེན་པོ་བྱུང་བས། སྐུ་ངོ་ཁྱེད་ཀྱི་བཀའ་དྲིན་ཇི་སྲིད་བར་མ་བརྗེད་པ་ཞུ་རྒྱུ་ཡིན་”ཞེས་དགའ་ཚོར་གྱི་མིག་
ཆུའི་ཐིགས་ཕྲེང་ལྷུང་བཞིན་དུ་གུས་ཞབས་ཆེན་པོས་ཕྱག་འབུལ་ཞུས་ཏེ་སྨྲས་པས། མདའ་དཔོན་གྱིས་དཔལ་ལྡན་ཡོངས་སུ་མགོ་སྐོར་ཐེབས་པ་མཐོང་
སྟེ་སེམས་པ་ལྷག་པར་མགུ་ཞིང་སླར་ཡང་ཁོའི་སེམས་སུ་སྤྲང་ཕྲུག་འདི་ནི་དགྲ་ཡ་ལམ་འཕྲང་དུ་འཕྲད་པ་རང་རེད།
ཁོ་པ་མགྱོགས་མྱུར་མིང་གི་ལྷག་མ་ཙམ་དུ་མ་བཟོས་ན་རྙོག་དྲ་ལངས་ངེས་རེད། ལོ་ཉི་ཤུའི་སྔོན་དུ་ངས་ཨ་ཅག་གསལ་སྒྲོན་ལགས་ལ་འབུལ་རྒྱུའི་ཆེད་དུ་
སྤྲང་ཕྲུག་འདིའི་ཨ་མའི་གཙུག་གཡུ་ངོ་མཚར་ཅན་དེ་ལག་ཏུ་སོན་ཐབས་ནན་གྱིས་བྱས་ཀྱང་མ་ཐོབ། ད་ཆ་ཁོ་པའི་ཕ་མ་གཉིས་ཀ་ཕྱི་མའི་ལམ་དུ་སོང་
ཟིན་པས་མི་ཡུལ་དུ་མཐོང་དཀའ་བའི་ནོར་བུ་དེ་སྤྲང་ཕྲུག་འདིའི་ལག་ཏུ་ཡོད་ཤས་ཆེ།དེ་ལྟར་ན་ངས་ལོ་ཉི་ཤུའི་སྔོན་ལ་དོན་དུ་གཉེར་བའི་ནོར་བུ་དེ་
དུས་དེ་རིང་སྤྲང་ཕྲུག་འདིས་སྒོ་འགྲམ་དུ་སྐྱེལ་བར་ཡོང་བ་རེད་བསམས་ཏེ་ཁོག་འཛུམ་ཞིག་ཤོར་ནས་“དཔལ་ལྡན་རང་གིཕ་མ་གཉིས་དང་སྲུ་མོ་
བཅས་པ་ཡ་ང་བའི་་སྡུག་བསྔལ་གྱི་གཅོང་རོང་ཟབ་མོར་ལྷུང་བའི་རྒྱུ་རྐྱེན་དུ་་གྱུར་པའི་གཙུག་གཡུ་དེ་ད་ལྟ་ཁྱོད་གྱི་ལག་ཏུ་ཡོད་དམ་”ཞེས་བཅོས་
མའི་འཛུམ་མདངས་ཀྱིས་མིག་ཀྱང་ཟུམ་པོར་ལྟ་བཞིན་དྲིས་པ་ན།དཔལ་ལྡན་གྱིས་“ཨ་མའི་ཁ་ཆེམས་བཞིན་ཨ་ཕ་ཕུན་ཚོགས་དམ་པ་དེས་ཆེད་
མངགས་ང་ཁྲིད་དེ་ལྷ་སར་ཡོང༌། ང་ལ་བདེ་བ་འཐོབ་ཕྱིར་སྨོན་ལམ་ཟབ་མོ་བཏབ་སྟེ་གཙུག་གཡུ་དེ་ཇོ་བོ་ཡིད་བཞིན་ནོར་བུར་ཕུལ་བ་རེད། བསམ་
བརྗོད་ལས་འདས་པ་ཞིག་ལ་ཉིན་ཤས་སྔོན་དུ་ཨ་མའི་གཙུག་གཡུ་དེ་ཡེ་ཤེས་མཁའ་འགྲོ་ལགས་ཀྱི་སྐེ་ལ་བཏགས་ཡོད་པ་མཐོང་བྱུང༌།གཙུག་གཡུ་ནས་
བྱུང་མིན་ནི་ང་ལ་གསང་སྟེ་རྩ་བ་ནས་གསུང་གི་མི་འདུག་”ཅེས་རང་གིས་འགྲེལ་བཤད་བྱེད་མི་ཐུབ་པའི་གནས་ཚུལ་དེ་ལ་གསལ་བཤད་ཅིག་ཡོང་
རེས་འདྲེན་བྱེདཟུང་མདའ་དཔོན་གྱི་གདོང་ལ་ཅེ་རེར་བལྟས་ནས་སྨྲས་པས། མདའ་དཔོན་ཡ་མཚན་གྱིས་མིག་ཀྱང་ཆེ་བར་གདངས་ཏེ་“ ཨ། གཡུ་
དེ་ཡིན་གྱི་མ་རེད། ཁྱོད་ཀྱིས་ནོར་བ་ཡིན་འགྲོ།”“ནོར་མེད། རྩ་བ་ནས་ནོར་མེད། ངའི་ཨ་མའི་གཙུག་གཡུ་དེ་གཡུ་འབོ་གང་མཉམ་དུ་བསྲེས་ནས་
བཞག་ཀྱང༌། ངས་ལམ་སེང་ངོ་ཤེས་ཀྱི་རེད་”ཅེས་ཚིག་ཐག་ཆོད་པོས་ལན་བཏབ། མདའ་དཔོན་ཡུད་ཙམ་རིང་ལ་སྨིན་མ་ཡང་བསྡུས་ནས་བསམ་བློའི་
འཁོར་དུ་ཚུད་དེ་ཀྲོང་ངེར་བསྡད། རིམ་གྱིས་དབུགས་རིང་ཞིག་བཏང་སྟེ་མགོ་བོ་ལྕོག་ལྕོག་བྱེད་བཞིན་དུ་སྐད་ཤུགས་ཆུང་ངུས་“ཏན་ཏན་ཁོང་གིས་
སྤྲད་པ་རེད་”ཅེས་ཆིག་ལབ་ཚིག་ཁ་ཤས་བརྒྱབ་པའི་རྗེས་སུ་དཔལ་ལྡན་ལ་ཁ་གཏད་དེ་“དཔལ་ལྡན། ཁྱོད་འཚབ་འཚུབ་མ་བྱེད་ཅིག སླད་ཕྱིན་
སྐུ་ངོ་རྫོང་དང་གཙུག་གཡུའི་་སྐོར་ལ་མཐོང་ཐོས་བྱུང་རིགས་ཚང་མ་ང་ལ་ཤོད་པར་ཤོག་ཅིག་”ཅེས་ཟེར་ནས་སོང༌། དཔལ་ལྡན་ནི་མདའ་དཔོན་གྱི་
རྗེས་སུ་བལྟས་ཏེ་ཕ་མའི་དགྲ་ཤ་ལེན་རྒྱུའི་དོན་ཆེན་དེ་ཧ་ལམ་བསྒྲུབས་ཟིན་པ་ལྟ་བུའི་སྣང་བ་ཤར་ཏེ་སྤྲོ་བ་རབ་ཏུ་འཕེལ་ཞིང༌།སྐུ་ངོ་མདའ་དཔོན་གྱིས་
སེམས་ཐག་ཆོད་པའི་སྒོ་ནས་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་སྟབས་མདའ་དཔོན་ལ་སྔར་བས་ཀྱང་དད་གུས་
ཆེ་བར་གྱུར་ཏོ།
ཡུད་ཙམ་ཞིག་ནས་ཚོང་དཔོན་དགྲ་ལྷ་དང་བཅས་པ་གསོལ་ཚིགས་ནས་ཚུར་ལོག་སྟེ། དགོང་ དྲོ་བར་ལྕང་གླིང་གི་གསང་ཡོལ་ནང་དུ་གསོལ་
ཇ་ཞལ་ཏོག་དང༌། མཆོད་ཆང་ལ་སོགས་པ་ཟས་སྣེ་འདྲ་མིན་ལོངས་སུ་སྤྱད་དེ་སྤྲོ་སྐྱིད་ལ་རོལ། དགོང་དྲོ་ཉི་མ་ནུབ་རི་ནས་ཁྲུ་གང་ཙམ་གྱི་མཐོ་དམན་
དུ་སླེབས་སྐབས། དཔལ་ལྡན་གྱིས་ཞལ་ཏོག་གི་སྣོད་ཆས་ལ་སོགས་པའི་དངོས་པོ་རྣམས་འབོག་རས་ཀྱི་ནང་དུ་བསྒྲིལ་ཏེ་ཚོང་དཔོན་དགྲ་ལྷ་དང་བཅས་
པའི་རྗེས་བསྙེགས་ནས་ཕྱིར་ལྡོག་གོ
ལམ་བར་དུ་འཁར་རྔ་གདོང་གི་མདུན་དུ་སླེབས་པའི་སྐབས་སུ། ལམ་གྱི་གཡས་གཡོན་དུ་མི་མང་པོ་ཞིག་འདུས་ནས་ཡོད་པ་ལས་ལ་ལ་ནི་ལམ་
ཟུར་དུ་ལངས་ནས་ཡོད་པ་དང༌། ལ་ལ་ནི་ཅུང་ཟད་ཐག་རིང་ཙམ་གྱི་ས་སྟེང་དུ་ལྷོད་པོར་བསྡད་འདུག་ལ། ཅུང་ན་ཚོད་ཕྲ་བ་འགའ་རེ་ནི་དམར་པོ་རིའི་
རི་ཞབས་ཀྱི་ལམ་ཟུར་དུ་ཡོད་པའི་བྲག་རྡོའི་སྟེང་དུ་འཛེགས་ནས་འདུག མི་དེ་ཚོས་རྫོང་རྒྱབ་ཞར་འཕེན་གྱི་ལྟད་མོ་ནས་ ལོག་ཡོང་མཁན་རྒྱན་སྤྲོས་དང་
གཟབ་མཆོརགྱིས་མཛེས་པར་བྱས་པ་རྣམས་ལས་འགའ་རེར་བསྔགས་པ་བརྗོད་པ་དང༌། ལ་ལར་འཕྱ་སྨོད་བྱེད་པའི་སྒོ་ནས་མི་ལྟད་ལྟ་བཞིན་འདུག
ཚོང་དཔོན་དགྲ་ལྷ་དང་བཅས་པའང་འདི་ལོའི་ཡ་སོར་དང་རྒྱན་བཟང་ མར་ལྟ་དགོས་ཡོད་ཟེར་ནས་ས་འབུར་ཞིག་གི་ཐོག་ཏུ་བསྡད་དེ་དགོང་དྲོའི་
ཞལ་ལག་གྲ་སྒྲིག་བྱེད་པར་དཔལ་ལྡན་སྔོན་དུ་མངགས་སོ།
དཔལ་ལྡན་ཚོང་དཔོན་དགྲ་ལྷའི་ཚོང་ཁང་དུ་སླེབས་ནས་ཐབ་ཚང་དུ་འཛུལ་སྐབས་ས་ཐོག་ཏུ་གད་སྙིགས་ཕྲན་ཙམ་ཡང་མཐོང་རྒྱུ་མི་འདུག་
ལ། ཐབ་དང༌། ཆུ་ར་མ། ཇ་མདོང༌། ཁོག་ལྡིར། མེ་ཕོར་ལ་སོགས་པའི་ནང་ཆས་མཐའ་དག་ཕྱིས་ནས་འོད་ཐིང་ཐིང་དུ་གྱུར་འདུག ཐབ་ཀྱི་འགྲམ་དུ་སོང་
བས་ཐབ་ཁའི་ནང་དུ་མེ་འུར་འུར་འབར་བཞིན་འདུག་ལ། སྟེང་དུ་ཁོག་མ་ཞིག་བཙུགས་འདུག་པ་དེ་ནས་རླངས་པ་ཐུལ ་ལེ་བ་འཕྱུར་ཏེ་ཧར་སྒྲ་སྒྲོག་
བཞིན་འདུག མཚམས་འདིར་ལྩི་ཁང་གི་སྒོའི་ནང་ནས་བདེ་སྐྱིད་ཀྱིས་ལྩི་བ་ཐུ་བ་གང་ཁྱེར་ཏེ་འཛུམ་དམུལ་ངང་འགྲམ་དུ་ཡོང་ནས་“དཔལ་ལྡན། དེ་
རིང་ཁྱེད་ཚོལྟད་མོར་སོང་སྟབས་ཕྱི་པོ་བྱེད་ཀྱི་རེད་བསམས་ཏེ་ངས་……”ཟེར་ནས་སྐད་ཆའི་ཤོད་མཚམས་བཞག་སྟེ་ཅུང་ཚེར་སྣང་གི་རྣམ་པའི་
ཐོག་ནས་གད་མོ་སིག་སིག་ཏུ་བགད། དཔལ་ལྡན་གྱིས་“བདེ་སྐྱིད་ཡག་བྱུང༌། ད་ངས་བྱས་ཆོག་”ཟེར་བཞིན་འབོག་སྒྲིལ་སྒལ་པ་ནས་ཕབ་སྟེ་བྲེལ་
བ་འཚུབ་འཚུབ་ཀྱིས་ཇ་སྲུབ་པ་དང༌། རྒྱ་ཐུག་གི་སྡོར་དུ་འདེབས་བྱེད་ཀྱི་ཤ་བཏུབ་པ་སོགས་བྱས་པ་མ་ཟད། ལས་ཀ་དེ་རྣམས་བྱེད་པའི་རིང་ལ་གཟུགས་
པོ་ཡང་ཤ་དོད་ལ། ཁ་ནས་བར་མ་ཆད་པར་“ཆང་དེ་དང་པོས་མ་བཟི། ཆང་དེ་གཉིས་པས་མ་བཟི། ཆུང་འདྲིས་བྱམས་པས་ཞུས་པའི། ཞལ་དཀར་
གང་གིས་བཟི་སོང༌། ”ཞེས་ཆང་གཞས་ལྷང་ལྷང་དུ་བླངས། རྣམ་ཀུན་དང་མི་འདྲ་བའི་དཔལ་ལྡན་གྱི་བྱ་སྤྱོད་དེར་བདེ་སྐྱིད་གད་མོ་“ཧ་ཧ་ཧ་”
ཞེས་ཤོར་ཏེ་“དེ་རིང་དཔལ་ལྡན་ཧ་ཅང་སྐྱིད་པོ་བྱུང་བ་འདྲ། ལོ་ཤས་རིང་ལ་ཁྱེད་ཀྱིས་གཞས་བཏང་བ་ཐོས་མ་མྱོང༌། དེ་རིང་ག་རེ་བྱས་པ་ཡིན་ནམ།
ཨ་ལས། ཕལ་ཆེར་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་མཆོད་ཆང་ཞལ་དཀར་གང་གནང་སྟེ་ར་བཟི་བ་ཡིན་པ་ཐག་གིས་ཆོད་”ཅེས་གྲུང་ཤ་དོད་པོས་
བསྟན་བཤིག་གི་སྒོ་ནས་བཤད་ཐོག་མགོ་ཡང་ཀྱོག་ཙམ་བྱས་ཏེ་དཔལ་ལྡན་གྱི་གདོང་ལ་བལྟས། དཔལ་ལྡན་གྱིས་ལས་ཀ་བྱེད་བཞིན་པར་“བདེ་སྐྱིད་
རང་དངོས་གནས་བསྟན་བཤིག་ཚ་པོ་འདུག ངས་གཞན་ལ་ལད་ཟློས་བྱས་ཏེགཞས་དེ་ལྟར་བཏང་བ་མ་གཏོགས་ཆང་ཧུབ་གང་འཐུང་རྒྱུ་མ་བྱུང༌། འོན་
ཀྱང་ད་ལྟ་རང་གིས་བཤད་པ་ལྟར་དེ་རིང་ང་སེམས་པ་ཧ་ཅང་སྐྱིད་པོ་འདུག་རང་གིས་ཨ་ཕོ་བཀྲ་ཤིས་ལགས་ལ་ཞུས་ཨང༌། ངའི་ཕ་མ་དམ་པ་གཉིས་ཀྱི་
དགྲ་ཤ་ལེན་རྒྱུའི་སྐོར་དེ་དེརིང་སྐུ་ངོ་མདའ་དཔོན་ལ་རྒྱབ་སྐྱོར་རོགས་རམ་ཡོང་བའི་སྐྱབས་འཇུག་ཞུས་པ་ཡིན། སྐུ་ངོ་མདའ་དཔོན་གྱིས་……”
ཞེས་ཤོད་པའི་མུ་ལ། བདེ་སྐྱིད་ཀྱིས་འདི་ཙམ་ཐོས་མ་ཉིད་དུ་ད་ལྟའི་ དགའ་སྣང་ཡོངས་རྫོགས་སྨུག་པ་ཡལ་བ་ལྟར་འཐོར། འཛུམ་མདངས་དང་ལྡན་
པའི་བཞིན་རས་ནི་གློ་བུར་དུ་མོག་པོར་གྱུར། རྣམ་ཀུན་མིག་དཀྱུས་རིང་ལ་ཟུམ་པོར་ལྟ་བའི་ཡིད་འོང་གི་མིག་གཉིས་ཀྱང་ཆེས་ཆེར་གདངས་ཏེ་འཚབ་
འཚུབ་ཀྱི་སྒོ་ནས་ང་རོ་མཐོན་པོས་“ག་རེ། སྐུ་ངོ་མདའ་དཔོན་ལ་ཞུས་པ་ཡིན་ནམ་”ཞེས་དྲིས་པའི་ལན་དུ། དཔལ་ལྡན་གྱིས་སྣང་མེད་ངང་
“ཡིན། ངས་སྐུ་ངོ་མདའ་དཔོན་ལ་ངའི་ཁྱིམ་ཚང་གི་ཡ་ང་བའི་གནས་ཚུལ་རྣམས་ཞུས་ཏེ་དགྲ་ཤ་ལེན་རྒྱུར་རྒྱབ་སྐྱོར་རོགས་རམ་ཡོང་བའི་སྐྱབས་
འཇུག་ཞུས་པ་ཡིན”ཞེས་སྤྲོ་སྣང་ཆེན་པོས་བཤད་པ་དང་སྦྲགས་མགོ་ཡར་བཀྱགས་ནས་བདེ་སྐྱིད་ཀྱི་གདོང་ལ་བལྟས།བསམ་ཡུལ་ལས་འདས་པ་ཞིག་
ལ་བདེ་སྐྱིད་ནི་སྐྱོ་སྣང་ཆེན་པོས་སེམས་སྡུག་བྱེད་བཞིན་ཡོད་པ་མཐོང༌། དེས་ན་ཡ་མཚན་གྱིས་“བདེ་སྐྱིད་ག་རེ་བྱས་སོང་ངམ། སྐུ་ངོ་མདའ་དཔོན་
ནས་ང་ལ་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་བར་ཁྱོད་ཀྱིས་དགའ་ཚོར་མ་བྱས་པར་སེམས་སྡུག་བྱེད་དགོས་དོན་གང་ཡིན་ནམ་”ཞེས་ཧ་ལས་
པའི་ངང་དྲིས། སྐབས་དེར་བདེ་སྐྱིད་ཀྱིས་མགྲིན་པ་རྣོང་བཞིན་པར་ངུད་མོའི་སྒྲ་དང་བཅས་ཏེ་“ང་དཔལ་ལྡན་རང་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་
འདུག་”ཅེས་བཤད་དེ་རང་དབང་མེད་པར་མིག་གཉིས་ནས་མཆི་མ་ལྷུང་ལྷུང་དུ་བཏང་ཞིང༌།གློ་བུར་དུ་ཁ་རྒྱབ་ཏུ་བསྐོར་ནས་ཕྱི་རོལ་ལ་བརྒྱུགས་
པ་ན།དཔལ་ལྡན་ནི་ད་གཟོད་བདེ་སྐྱིད་ཀྱི་ཡ་མཚན་གྱི་བྱ་སྤྱོད་དེའི་དོན་མ་རྟོགས་པར་སོམ་ཉི་སྐྱེ་བཞིན་པའི་ངང་“བདེ་སྐྱིད། བདེ་སྐྱིད་”ཅེས་ཇི་
ལྟར་བོས་ཀྱང༌། སྐས་འཛེག་ནས་མར་བབ་པའི་བདེ་སྐྱིད་ཀྱི་རྡོག་སྒྲ་དེ་རིམ་བཞིན་མི་གསལ་བར་གྱུར་ཏོ།།

བརྒྱུད་སྐུལ།

མཆན་སྤེལ།