གཡུལ་བཅག་པའི་གཏམ་རྒྱུད།

༄༅།། གཡུལ་བཅག་པའི་གཏམ་རྒྱུད།

བཀྲ་ཤིས་དོན་གྲུབ།

གཅིག
ཉིན་འགའི་རིང་ལ་གྲོག་ཚང་དུ་ཆུ་བླུགས་པ་ལྟར་འདུ་འཛིས་ཁེངས་པའི་མཁར་ནག་གྲོང་ཚོ་དེ་ད་ནངས་གཉིད་
དུ་ཡུར་བ་ཇི་བཞིན་ལྷིང་འཇགས་སེ་འདུག་ན་ཡང༌། ཨ་ཁུ་འབྲུག་རྒྱལ་ཚང་གི་གཡུལ་ཁ་ན་ནམ་གསལ་ལ་མ་གསལ་བའི་
དུས་ནས་ཁྱིམ་མི་ཚང་མ་འཚུབ་ལོང་ལོང་བྱེད་པར་འདུག རྒྱ་ཞྭ་ཁམ་ནག་རྙིང་བ་རེ་གྱོན་པའི་ཡི་དམ་དང་གཅུང་ཀུན་
དགའ་གཉིས་རི་ལྟར་བརྩིགས་པའི་གྲོ་ཤོག་གི་སྟེང་དུ་འགོས་ཏེ་གྲོ་ཤོག་རེ་རེ་བཞིན་མར་གཡུགས་ཤིང༌། ཨ་ཅེ་ཡུམ་སྐྱིད་
ཀྱིས་ཀྱང་མཆན་དུ་གང་ཆུད་དང་ལག་ལ་ཅི་འཐོབ་ཀྱིས་གྲོ་ཤོག་མང་པོ་ཕ་རྒན་འབྲུག་རྒྱལ་གྱི་ཕྱོགས་སུ་སྐྱེལ་ཅི་ཐུབ་བྱེད།
གོ་རིམ་ལྡན་པའི་ལས་ཀ་འདི་ད་ནངས་ནམ་ཚོད་ནས་མགོ་བཟུང་བ་རྟོགས་དཀའ་ཡང༌། ད་ལྟ་གཡུལ་སྒོའི་ཕྱོགས་ཀྱི་གྲུ་
ཟུར་ཙམ་ལས་ཕལ་ཆེར་གྲོ་ཤོག་བཏིངས་ཟིན་པས་ནངས་ལས་ཀྱི་མཇུག་མྱུར་ཏུ་རྫོགས་ལ་ཉེ།
“ཡི་དམ། ཨ་འགོང་ཕྲུག ཁྱོད་ལ་ངལ་གསོ་བའི་དུས་ཚོད་སུས་བྱིན། མ་སེམས་ཅན་གྱིས(མི་གཞན་ཚང་མ་ཞེས་
པའི་དོན)ཁ་སང་ནས་གཡུལ་བཅགས་ཚར་བ་མ་མཐོང་ངམ། སོང༌། ལས་ཀ་མི་འདོད་ན་ཕྱིར་སློབ་གྲྭར་སོང་ཡང་ཆོག ང་
རྒད་པོ་མ་ཤི་བར་དུ་སྟོན་སྡུད་ཐུབ་པ་ཁོ་ཐག་ཡིན། ” ཨ་ཁུ་འབྲུག་རྒྱལ་དུད་ཁྱིམ་གཞན་དག་གི་རྗེས་སུ་ལུས་པར་
སེམས་འཚབ་པ་ལོས་ཡིན། བུ་ཡི་དམ་གྱིས་གྲོ་ཤོག་གཅིག་རྐུབ་སྟེགས་བྱས་ནས་ངལ་གསོས་འདུག་པ་མཐོང་འཕྲལ། ཁོས་
དམར་པོར་གྱུར་པའི་མིག་ཟུང་ཀེམ་ཀེམ་རྡེབ་བཞིན་ཐོལ་བྱུང་དུ་སྡིགས་གང་ཐུབ་བྱས།
“ཁེ་ཉིན་ནས་འབྲུ་བགྲུད་འཕྲུལ་འཁོར་བཀོལ་ཡོད་ན་རྗེས་སུ་ལུས་མི་སྲིད།སྒོར་རྡོག་ཆ་བོ་བྱ་སྒོང་རུམ་རུམ་
བྱོས་དང༌། གནམ་རྒན་མས་ཁྱོད་ལ་ཀ་ར་བྲོ་བའི་ཟས་སྟེར་འདོད་རེད། ”
ནམ་རྒྱུན་ཡི་དམ་ནི་སྐྱིད་སྡུག་གི་གཏམ་གང་ཡོད་ཀྱང་ཁོག་ཏུ་སྦ་བའི“སྒོམ་ཆུང་བ”ཞིག་ཡིན་ཀྱང༌། མདང་
དགོང་སྒྲ་སྡུད་འཁོར་ལོ་ལས་ཉིན་རེ་གཉིས་ལ་ཆར་འབབ་རྒྱུ་ཡིན་ཚུལ་ཐོས་པའི་ཁར། ཐབས་ཇུས་ཡོད་དོ་ཅོག་རང་གི་
འདོད་ཐོག་ཏུ་ཡོང་མ་ཐུབ་པས་ཡུལ་མི་ཀུན་གྱི་བློ་ཡུལ་ལས་འཀོངས་པའི་གཏམ་ལན་འདི་སྤྲད་སོང༌།
ཨ་ཁུ་འབྲུག་རྒྱལ་གྱིས་གཏམ་ལན་དེ་ཐོས་མ་ཐག་མིག་རྩ་སྔར་ལས་དམར་པོར་གྱུར་ཅིང༌། གཉིར་རིས་ཤར་ཤུར་
དུ་བཀྲ་བའི་དཔྲལ་བར་ཡང་སྔ་ན་མེད་པའི་ཁྲོ་མདུད་འགའ་བརྒྱབ་སྟེ།“འཕྲུལ་འཁོར། སྐྱག་འཁོར་ཁྲིད་ལ་ཤོག འུ་
ཚང་གིས་ན་ནིང་ཡང་རྡོ་རིལ་བཀོལ་ནས་སྟོན་བླངས་པ་མ་ཡིན་ནམ། ངས་སྒོར་མོ་བྱ་སྒོང་རུམ་རུམ་བྱས་པ་མིན་ན། མ་ཎི་
ཁང་གི་རྟེན་བཞེངས་ལ་འབུལ་རྒྱུའི་སྒོར་ཉིས་བརྒྱ་བདུན་བཅུ་བོ་ཁྱོད་ཀྱིས་སྟེར་ཐུབ་བམ། ཨ། བུ་ངན། ཁྱོད་ལ་ཕར་འགྲོ་
སྒོ་མ་གཏོགས་ཚུར་ཡོང་སྒོ་མེད་པ། ཁྱོད་རང་ཉིད་ལ་མི་གསལ་རྒྱུ་ཅི་ཡོད” རྒན་པོའི་སྡིགས་མོ་བགྱི་བའམ་ངོ་མཚང་
འབྲུ་བ་གང་ཡིན་དབྱེ་དཀའ་བའི་གཏམ་དེས་ཡི་དམ་གྱི་སྙིང་ཁོང་སྲེག་པར་མི་བྱེད་པ་ག་ལ་སྲིད། རྟག་ཏུ་འཛུམ་གྱིས་
ཁེངས་པའི་གདོང་དེ་ནག་རོག་གེར་གྱུར་ཅིང༌། ཧར་གྱིས་ལངས་མ་ཐག་ཁོང་ཁྲོ་བརྒྱ་དང་བརྒྱད་པོ་ལས་ཀའི་སྟེང་ཕུད་དེ་
གྲོ་ཤོག་ཇི་སྙེད་ཅིག་གཡུལ་ཁ་ལ་འཕེན་གང་ཐུབ་བྱས། ལས་ཀ་ཚར་མ་ཐག་ཨ་མ་སྒྲོལ་མས་ཀྱང་ཞོགས་ཟས་ཟ་བའི་བརྡ་
བརྒྱབ། ཡུམ་སྐྱིད་དང་ཀུན་དགའ་གཉིས་ཀྱི་བཞིན་ལ་སྒྱིད་ལུག་གི་རྣམ་པ་ཞིག་ཤར་ནས་སྔ་ཕྱི་ལྟར་རང་ཁྱིམ་དུ་འཛུལ།
ཨ་ཁུ་འབྲུག་རྒྱལ་གྱིས་རྒྱབ་ལག་བྱས་ཏེ་ཐོ་ཡོར་ཞིག་དང་འདྲ་བར་གཡུལ་ཁ་ན་ཧད་དེ་འདུག ཡུད་ཙམ་ནས་ད་
གཟོད་གྱོལ་མ་ལྡིང་གི་གོམ་པ་ལེན་བཞིན་གཡུལ་སྒོའི་ཕྱོགས་སུ་བགྲོད་ཀྱང༌། སེམས་ནི་ད་སོ་མ་བསལ་ཟིན་པའི་གྲོ་ཤོག་ཇི་
བཞིན་སཔ་སོབ་ཏུ་གྱུར་ཡོད་པས། ཡིད་ལ“བུ་ཡི་དམ་འདི་ད་ཐེངས་ཀྱི་སྟོན་ལས་ལྩི་མོས་སྤ་བཀོང་བར་བྱས་འདུག
ལན་པ་ནི་བུ་འདི་ཆུང་དུས་ནས་སློབགྲྭར་བཅུག་པ་དེས་ལན་སོང”སྙམ་བཞིན་ནངས་ཇ་འཐུང་དུ་སོང༌།

             གཉིས།
འོད་ཟེར་སྟོང་ཕྲག་གིས་འཁྱུད་པའི་ཉི་གཞོན་བཞུ་ཐབ་ལས་བཏོན་མ་ཐག་པའི་ལྕགས་གོང་ཞིག་དང་འདྲ་བར་
དབང་ཕྱོགས་ས་འཛིན་ལྷུན་པོའི་ཕྲག་པ་ནས་དལ་བུར་འཕགས། ཨ་སྔོན་དབྱིངས་ནི་ལན་བརྒྱར་ཕྱིས་པའི་གཡུ་ཡི་མེ་
ལོང་ཇི་བཞིན་གཡའ་དག་ཅིང་སྔོ་བསངས་ངེར་འདུག མཁར་ནག་གྲོང་ཚོའི་ལྟ་ན་སྡུག་པའི་ཁོར་ཡུག་གིས་ཉི་ཟེར་གྱི་
བདེ་དྲོད་མྱངས་ཏེ་ར་བཟི་བ་ལྟར་དབེན་ཞིང་ཁུ་སིམ་མེར་མཆིས་ཏེ། ད་ནངས་ལྷོག་ལྷོག་ཏུ་འཕྱུར་བའི་ཁྱིམ་ཚང་རེ་རེའི་
དུད་ཁུང་ནང་གི་དུ་བའང་ད་ལྟ་མཚམས་ཆད་པར་མ་ཟད། སྤྲིན་དཀར་ལེབ་མོ་ལྟ་བུའི་དུ་ཞགས་ཀོར་མོར་འཁྱིལ་བ་ཡང་
མཁའ་རུ་ཡལ་ནས་མི་མཐོང་བར་གྱུར། སྐབས་དེར་ཁྱིམ་མཚེས་གཞན་དག་གི་གཡུལ་ཁར་ཡང་སོས་དལ་བག་ཕེབས་ཀྱི་
ངང་ནས་འབྲུ་རིགས་སྐེམ་མཁན་གྱི་མི་འགའ་རེ་ཐོན་འོངས།
ཨ་ཁུ་འབྲུག་རྒྱལ་གྱོལ་མ་ལྡིང་གིས་སྒོ་ཆེན་ནས་ཕྱིར་ཐོན་ཏེ། རྒྱབ་ལག་བྱས་པའི་ལག་ཡས་ནམ་རྒྱུན་དང་འདྲ་
བར་ཡ་ཐོད་བསྒྲིབས་ནས་ནམ་མཁའ་ལ་ལྟ་ཙམ་བྱས་རྗེས། གཉེར་རིས་ཤིག་ཤིག་བཀྲ་བའི་གདོང་ལ་འཛུམ་ཞིག་རྒྱས་ནས
“དེ་རིང་གཡུལ་གཅོག་གི་ཉི་མ་རེད། ” ཅེས་ཆིག་ལབ་རྒྱག་བཞིན་གཡུལ་སྒོའི་ཕྱོགས་སུ་བསྐྱོད།
རྒད་པོས་དུད་ཁྱིམ་གཞན་དག་གི་ལས་ཀ་པ་རྣམས་རང་རང་གི་གཡུལ་ཁར་འོངས་ཡོད་པ་ཤེས་པ་འདྲ་སྟེ། གཡུལ་
སྒོའི་ནང་ལོགས་སུའང་མ་སླེབས་པར་ཁ་ཕྱིར་ཕྱོགས་ནས“ཀུན་དགའ། བོང་བུ་མྱུར་མོར་ཁྲིད་ཤོག”ཅེས་སྐད་བརྒྱབ།
དུས་ཚོད་སྐར་ཆ་ཙམ་ཡང་མ་འགོར་བར་ཡི་དམ་གྱིས་གཡུལ་གཅོག་བྱེད་ཀྱི་ཡོ་ཆས་ཁ་ཚང་ཞིག་ལག་ཏུ་བཟུང་
ཞིང༌། གཟུགས་བོངས་མཉམ་པའི་བོང་རྒན་གཉིས་དེད་ནས་གཡུལ་ཁར་སླེབས་བྱུང༌།
ཨ་ཁུ་འབྲུག་རྒྱལ་གྱི་གདོང་གི་ཁྲོ་མདུད་ད་ལྟ་ཡལ་འདུག་ལ། མིག་རྩའང་ད་ནངས་ལྟ་བུའི་དམར་པོ་དམར་རྐྱང་
དུ་གྱུར་མི་འདུག ཁོས་བོས་པ་ནི་ཀུན་དགའ་ཡིན་ཀྱང༌། མིག་མདུན་དུ་སླེབས་འོངས་པ་ཡི་དམ་ཡིན་པས་གདོང་ལ་དེ་མ་
ཐག་སུན་སྣང་གི་རྣམ་པ་ཞིག་ཤར་ཞིང༌། ཤུགས་རིང་ཞིག་འཐེན་རྗེས། སྒལ་གཞུང་ལ་ཁུ་ཚུར་གྱིས་ཡང་མོར་རྡེག་བཞིན་
ཐད་ཀར་ཡི་དམ་གྱི་གམ་དུ་སོང༌།
ཨ་ཅེ་ཡུམ་སྐྱིད་ཀྱིས་ངོ་གནོང་བའི་ཕ་བུ་ཟུང་གི་ཁ་འཐབ་དེ་ཡང་བསྐྱར་རོ་ལང་རྒྱག་པར་དོགས་པ་ལོས་ཡིན།
ཕྲག་ཏུ་ཁུར་ཡོད་པའི་འདེད་མ་དང་ཚེབ་གཉིས་པོ་བྲེལ་མ་དངངས་ཀྱིས་སྒོ་རའི་གྱང་རྟིང་དུ་གཡུགས་ཏེ། མྱུར་མོར་ཕར་
སོང་ནས་ཡི་དམ་ལ་བོང་གཉའ་བཅའ་རོགས་བྱས།
“ཡི་དམ། རྫོང་ཐོག་ལ་ཁྲུས་བྱེད་དུ་འགྲོ”
སྐབས་དེར་ལྷ་མགོན་སོགས་ཡི་དམ་གྱི་སློབ་གྲོགས་བཞི་ལྔ་ཙམ་གྱིས་ལྕགས་རྟ་རེ་རེ་བཟུང་ནས་རྒྱ་ལམ་དུ་
བསྒུགས་འདུག ཁོ་དང་གྲིབ་མ་ལྟར་འགྲོགས་པའི་གྲོགས་མཆོག་ནོར་བུ་གཡུལ་སྒོ་ཁར་ཡོང་ནས་བོས།
“ལོ་ལོ་ཆ་བོ། ངེད་ཚང་གི་ཡི་དམ་འགྲོ་ཁོམ་མེད། ཁྱོད་ཚོ་རྒྱུགས་ཤིག”ཅེས་ཡི་དམ་ཁ་མ་གྲགས་གོང་ཕ་རྒན་
འབྲུག་རྒྱལ་གྱིས་གདོང་ལ་ཟོལ་གྱིས་བཅོས་པའི་འཛུམ་མདངས་ཤིག་ཕྱུངས་ནས་གཏམ་ལན་བྱིན།ཡི་དམ་གྱིས་ཨ་ཕའི་བཞིན་ལ་ལྟ་ཙམ་བྱས་རྗེས། རྣམ་རིག་བཀྲ་བའི་མིག་འོད་གཡུལ་སྒོའི་ཕྱོགས་སུ་འཕངས། ནོར་
བུས་ཁ་གྱེས་པའི་ལག་བརྡ་ཞིག་བྱས་ཤིང༌། ནམ་རྒྱུན་ལེན་པར་དགའ་བའི鉄མཚོ་སྔོན་པོ鉅ཞེས་པའི་གླུ་དབྱངས་དེ་ལེན་
བཞིན་རྒྱ་ལམ་དུ་ཕྱིན། ཡུད་ཙམ་ན་ལྷ་མགོན་སོགས་སློབ་གྲོགས་རྣམས་ཀྱིས་ལྕགས་རྟའི་དྲིལ་བུ་སིང་སིང་དཀྲོལ་བཞིན་
རྒྱང་རིང་དུ་ཡལ། དྭངས་ཤིང་གསལ་བའི་དྲིལ་ཆུང་གི་གདངས་དབྱངས་དེས་ཡི་དམ་གྱི་སེམས་ལ་སྔར་མེད་ཀྱི་ཚོར་སྣང་
ཞིག་སྦྱིན། ཁོས་མ་ཁར་སོས་བཅངས་ཙམ་བྱས་པ་དང་མཉམ་དུ་ཕྲ་ལ་རིང་བའི་མཐུར་མདས་བོང་རྒན་གཉིས་ཀྱི་དྲུག་མདོ་
ལ་རེ་རེ་གཞུས། དུད་འགྲོའི་རིགས་ནི་ངོ་མ་སྙིང་རྗེ་བ་ཞིག་སྟེ། དེ་མ་ཐག་ལྗིད་ལ་གླིང་མཐོ་བའི་རྡོ་རིལ་དེ་དྲུད་ནས་རྒྱུགས་
འདུར་གང་ཐུབ་བྱས། ཨ་ཁུ་འབྲུག་རྒྱལ་གཡུལ་ཁའི་ཟུར་ལ་འབུད་ཞོར་དུ“སེམས་ཆུང་བྱོས། ངའི་རྐང་པའང…
…”ཞེས་ཡི་དམ་ལ་གསལ་འདེབས་མཛད།
རྡོ་རིལ་གྱི‘ ལྡིག’སྒྲས་རུ་སྡེ་འདིའི་ཁུ་སིམ་པའི་རྣམ་པ་བཅོམ་འདོད་པའམ། ཡང་ན་དུད་ཚང་འདི་བ་
སེམས་ཅན་གྱི་རྗེས་སུ་ལུས་པར་ཁྲེལ་དགོད་བགྱི་འདོད་པ་གང་ཡིན་རྟོགས་དཀའ་མོད། རྣ་བར་གཟན་པའི་འུར་སྒྲ་ཞིག་
གིས་ཕྱོཊ་མཚམས་ཀུན་ཏུ་ཁྱབ་པར་གྱུར།

གསུམ།
ཉིན་གུང་སྔ་མོ་ནས་ཡོལ་ཟིན་ཡང༌། ཨ་ཁུ་འབྲུག་རྒྱལ་ཚང་གི་གཡུལ་ཁའི་‘ལྡིག’སྒྲ་ད་དུང་ཆད་མི་འདུག
འུར་རྒྱག་པར་དགའ་བའི་བྱིའུ་སྐོར་ཞིག་རྒྱང་རིང་ནས་འཕུར་འོངས་ཏེ། གཡུལ་ཁའི་རྒྱབ་ཀྱི་ལྕང་སྡོང་ཐར་ཐོར་ཁ་ཤས་
ཡོད་པ་དེའི་སྟེང་དུ་བབས་ཤིང༌། “ཀྱུར་ཀྱུར”གྱི་མགྲིན་སྒྲ་སྣ་ཚོགས་སྒྲོག་པར་བྱེད། ད་ལྟ་སྔ་དྲོ་དང་འདྲ་བའི་ཚ་
གདུག་དེ་མེད་པར་བསེར་བུ་ཞིག་གཡུག་འོངས་ཏེ། མཉེན་ལྕུག་ལྡན་པའི་ལྕང་སྡོང་གི་ཡལ་ག་དག་གཡོ་བར་བྱེད། བྱིའུ་
རྣམས་ཀྱིས་མཚམས་རེར་གཤོག་འགྱུར་བྱེད་ཅིང༌། ལན་རེར་གལ་བ་གཞན་དག་གི་སྟེང་དུ་འཕུར་ནས་ཡི་གར་འོང་བའི་
འཁྱུག་རྩལ་ངོམ། ཨ་མ་སྒྲོལ་མས་མཆན་ཁུང་དུ་སྒྱེ་མོ་འགའ་བཙིར་ནས་ཁ་མུར་མུར་གྱིས་ཡིག་དྲུག་ཟློ་བཞིན་གཡུལ་ཁར་
འོངས་ཏེ།
“གཡུལ་ད་རུང་བུད་མེད་དམ། ”ཞེས་ཐག་ཁྲ་ཞིག་སྒྲི་མ་བཞིན་པའི་ཁྱོ་བོ་ལ་བརྩེ་བའི་ངག་གིས་དྲིས།
“ད་དུང་མ་མཐའ་ཡང་དུས་ཚོད་ཕྱེད་ཙམ་དགོས། ”
“གྲོ་ཤོག་རློན་པ་ཨེ་རེད། ”
“ཨིན། ”
ཨ་ཁུ་འབྲུག་རྒྱལ་གྱིས་གཤིས་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པའི་བཟའ་ཟླར་ལྟ་ཙམ་ཡང་མི་བྱེད་པར་ལག་མཐིལ་
ལ་ཁ་ཕྲུ་འདེབས་བཞིན་ཐག་པ་སྒྲིམ་པར་རྣམ་ཤེས་གཏད་འདུག ཨ་མ་སྒྲོལ་མའི་སེམས་ལ‘འདྲི་རྒྱུ་མང་ན་ཁ་ལོག་རྡོ་
འདྲ་ཉོ’ སྙམ་ནས་སྒོ་རའི་འགྲམ་གྱི་ཚེབ་ལེན་དུ་སོང༌།
ཨ་ཙི། ནུབ་ཕྱོགས་ཀྱི་མཁའ་མཐའ་ན་འགད་རྫས་ཤིག་བཀད་པ་དང་མཚུངས་པར་སྤྲིན་ནག་མང་པོ་འཁྲིགས་
བྱུང༌། བསེར་བུ་ཡང་ད་ཅི་ལས་ལྡབ་འགྱུར་གྱིས་ཇེ་དྲག་ཏུ་སོང་ནས་རྒན་མོའི་ལྭའི་ཐུ་བའང་ལྷབ་ལྟུབ་ཏུ་སྐྱོད་པར་བྱེད།
གློ་བུར་བའི་གནམ་གཤིས་ཀྱི་འགྱུར་ལྡོག་དེས་ཁོ་མོའི་མ་ཎི་འདོན་རྒྱུའང་རྦད་དེ་བཅད། ཁོ་མོ་བརྒྱུགས་འོངས་ནས་
འདེད་མ་ལ་འཇུ་ཙམ་བྱས་ཤིང༌། དེ་ནས་ཚེབ་ཐུང་དེ་བཟུང་ནས་གཡུལ་མཐའ་སེལ་དུ་འགྲོ་བཞིན་དུ “འབྲུག་རྒྱལ།
སྨད་ན་སྤྲིན་ནག་ཅིག་ལངས་འདུག་པ་དེའི་ཚུགས་ཀ་བཟང་པོ་མི་འདུག ཁྱོད་ཀྱིས་ལྟོས་དང༌། ཐག་པ་སྒྲིམ་བཞིན་འདུག་
ཁོམ་ཞིག་ག་ལ་ཡོད། ” ཅེས་རང་གི་ཁྱོ་བོར་བྲེལ་བ་བསླངས། ཨ་ཁུ་འབྲུག་རྒྱལ་གྱིས་སྐད་ཆ་དེ་ཐོས་མ་ཐག་རྔོན་པ་
མཐོང་བའི་རི་སྐྱེས་བཞིན་མགོ་ཀྲོག་ཀྲོག་ཏུ་གྱུར་ཅིང༌། བྲེལ་མྱུར་གྱིས་བསྒྲིམས་མ་ཚར་བའི་ཐག་པ་དེ་སྤོ་ལོ་ཆུང་ཆུང་
ཞིག་གི་ཆེ་ཆུང་ཙམ་དུ་དཀྲིས་རྗེས། ལག་པ་ཟུང་གི་རམ་འདེགས་ལ་བརྟེན་ནས་མྱུར་མོར་ཡར་ལངས་ཤིང་འཐེང་བཞིན་
གཡུལ་སྒོའི་ཕྱོགས་སུ་བསྐྱོད། སོ་ནམ་གྱི་ལས་ལ་བརྟེན་པའི་ཞིང་པ་ཞིག་ལ་མཚོན་ན། སྟོན་འབྲུ་སྤར་མོ་གང་ཡང་ཆར་
ནང་དུ་ལུས་ན་ནི་ཇི་འདྲའི་སེམས་ཀྱིས་མི་བཟོད་པ་ཞིག་རེད་ཨང༌། ཨ་ཁུ་འབྲུག་རྒྱལ་གྱི་སེམས་ལ་ཡང“མ་གིའི་ཆར་
སྤྲིན་ནག་པོ་འདིས་དེ་རིང་གི་འབྲུ་རིགས་བདེ་བླག་ངང་ལེན་དུ་མི་འཇུག་ཁོ་ཐག་རེད”སྙམ་པས་སེམས་ཁོང་དུ་ཆུད་
ཅིང་བཞིན་མདངས་ཡོངས་སུ་ཤོར་ལ། འགྲོ་སྡོད་ཀྱང་མི་ཤེས་པར་གྱུར།
“ཨ། བུ་རུལ། ཨ་མ་ལ་གཡུལ་སེལ་རོགས་བྱས་ན་མི་ཆོག་གམ། སྨད་ན་གནམ་ངོ་འཐིབས་འོང་བ་མི་རིག་གམ།
དཔེ་ཧྲུལ་དེའི་སྟེང་ནས་ཅི་ཞིག་མ་ལོན་པར་ཡོད་དམ། དཀོན་མཆོག་གསུམ། ལས་ཀ་ལས་སར་ཤོག་ཧྲུལ་དེ་དག་ཁྱེར་ཤོག་
དང་མེ་ནང་ལ་འཕེན་མ་ཐུབ་ན་ང་ཡི་མིན། ” སེམས་འཚུབ་པའི་ཚེ་ན་དོན་མེད་དུ་གཤེ་གཤེ་གཏོང་བ་ནི་རྒད་པོ་
འདིའི་གཞན་ལ་མེད་པའི་རང་གཤིས་ཤིག་སྟེ། ད་ཐེངས་ཡང་བུ་ཡི་དམ་གྱིས་བློ་རིག་བསྒྲིམས་ནས་དཔེ་ཆ་ཞིག་ལ་ལྟ་
བཞིན་པ་མཐོང་འཕྲལ། ཁོས་ཁ་ཆུ་འཛར་བཞིན་དེ་ལྟར་གཤེ་གཤེ་བཏང༌།
སྟོན་གསུམ་གྱི་ནམ་མཁའ་ནི་སྒྱུ་མ་མཁན་གྱིས་འཕྲུལ་བསྟན་པ་དང་གཉིས་སུ་མི་འདུག ད་ནངས་སྔོ་བསངས་
གཡའ་དག་པའི་མཁའ་དབྱིངས་དེ་ད་ལྟ་སྤྲིན་ནག་གི་ཡོལ་བ་ཆེན་པོས་བཀབ་བྱུང་ལ། ཉི་ཟེར་གྱིས་གཞོབ་ལ་ཉེ་བའི་
གཡུལ་ཁའང་ནག་ཡོར་ཡོར་གྱི་གྲིབ་མས་ཡོངས་སུ་བཟུང༌། ཁུ་སིམ་པའི་མཁར་ནག་གྲོང་ཚོའི་སྲང་བར་དུ་སྐྱ་ཀྲང་ཀྲང་
རྒྱུ་བའི་རླུང་འཚུབ་ལངས། ཁང་ཐོག་གི་དར་ལྕོག་ཀྱང་ལྷབ་ལྟུབ་ཏུ་བསྐྱོད་དེ་གྲགས་འགུལ་ཙམ་ཡང་མེད་པའི་གྲོང་སྡེ་
འདི་ཟང་ཟིང་ལང་ལོང་དུ་བཏང༌། གློ་བུར་དུ་ཨ་ཁུ་འབྲུག་རྒྱལ་ཚང་གི་གཡུལ་ཁའི‘ལྡིག’སྒྲའང་མཚམས་ཆད། མ་
གཞི་བོང་རྒན་དེས་རྡོ་རིལ་འདྲུད་མ་ཐུབ་པར་ཉལ་བ་རེད། ཀུན་དགའི་གདོང་ལ་འུ་ཐུག་པའི་རྣམ་པ་ཞིག་ཤར་ཞིང་རྣ་
རྩར་བཞུར་འདུག་པའི་རྔུལ་ཆུ་འབྱིད་བཞིན“ཨ་ཕ། བོང་རྒན་ལ་ལྟོས་དང༌། ”ཞེས་སྐད་བརྒྱབ། རྒད་པོའི་རེ་བ་
ཉག་གཅིག་བཅོལ་སའི་བོང་རྒན་གྱིས་ཀྱང་ད་ཐེངས་ཡི་དམ་ལ་རྒྱབ་སྐྱོར་བྱེད་འདོད་པ་ལྟར་རྣ་བ་གཉིས་འགུལ་ཙམ་
འགུལ་ཙམ་བྱས་ནས་ཉལ་འདུག
“བོང་ཀོ་བཤུ་རྒྱུ་དེ། མི་ལང་ན་སྐེ་ཆ་ཁྲོལ་ལ་མར་དེད། ”
ཨ་ཁུ་འབྲུག་རྒྱལ་གྱི་དཔྲལ་བའི་ཁྲོ་མདུད་ཡང་སྔ་དྲོ་དང་འདྲ་བར་མངོན་ལ། མིག་རྩའང་མཚལ་གྱིས་བྱུགས་པ་
ལྟར་དམར་པོར་གྱུར།
‘ མི་མང་ལག་པ་གསེར’ཞེས་པ་ཅིས་མ་བདེན། སོས་དལ་དུ་སྡོད་པའི་མི་བཅུ་ཕྲག་ལྷག་ཙམ་ཨ་ཁུ་འབྲུག་
རྒྱལ་ཚང་གི་གཡུལ་ཁར་འོངས། དུས་ཚོད་ཕྱེད་ཙམ་ཡང་མ་དགོས་པར་རྩྭ་རྩྭ་ཁང་དུ་བསྐྱལ་བར་མ་ཟད། ནས་མའང་
ཕྱོགས་གཅིག་ཏུ་སྤུངས།
རྔམས་མཐུག་པའི་སྤྲིན་ཕུང་གི་གསེབ་ནས་གློག་ལྕེ་དམར་པོ་འཁྱུག་འཁྱུག་ཏུ་སྒྱུར་བའི་མོད་ལ། ནོར་འཛིན་བུ་
མོའི་བྱིན་ཤའང་འདར་བར་བྱེད་པའི་འབྲུག་སྒྲ་འུར་འུར་དུ་གྲག་པར་བྱེད། དེ་ནི་དྲག་ཆར་ལ་བཀོད་འདོམས་བྱེད་པའི་
དམག་སྤྱི་ཆེན་མོ་ཞིག་དང་འདྲ་བར། མི་རྒན་གྱི་མཆིལ་མ་འཕངས་འདྲའི་ཆར་ཐིགས་ཤག་ཤག་ཏུ་ཕབ་འོངས། ཡི་དམ་
གྱིས་གདན་ཧྲུལ་རྙ་རྙིང་འགའ་ཁྱེར་འོངས་ཏེ་ནས་མ་སྲུབས་ཀ་མེད་པ་ཞིག་བཏུམས་རྗེས་ལས་གྲོགས་རྣམས་ཁྲིད་ནས་
རང་ཁྱིམ་དུ་ལོག
ཨ་ཁུ་འབྲུག་རྒྱལ་ད་ནངས་དང་འདྲ་བར་གཡུལ་ཁ་ན་ཧད་འདུག ཡུད་ཙམ་འགོར་རྗེས་ད་གཟོད་མགོ་བོ་དགྱེ་
ནས་སྤྲིན་ནག་གཟའ་རྒོད་ལྟར་རྒྱུག་པའི་གསེབ་ལས་འོངས་པའི་དྲག་ཆར་ལ་ལྟ་ཙམ་བྱས་ཤིང༌། རྫོབ་ལ་ཞིག་ཞིག་ཏུ་སོང་
བའི་ལག་པས་བརླ་ལ་རེག་བཞིན་གཡུལ་སྒོའི་ཕྱོགས་སུ་བསྐྱོད།             བཞེ།
ཁ་སང་ཕྱི་དྲོའི་ཆར་བ་དེ་ནི་ནམ་རྒྱུན་དང་འདྲ་བར་སྐད་ཅིག་ལ་བབས་ཤིང་གློ་བུར་དུ་མཚམས་འཇོག་པ་ཞིག་
གཏན་ནས་མིན་པར་ཉིན་ཞག་གཉིས་ལ་འབབ་མཚམས་མ་བཞག དཀར་ཤིག་ཤིག་ཏུ་རྒྱུ་བའི་སྨུག་པའི་སེང་རས་ཀྱིས་
མཁར་ནག་སྡེ་བའི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཡོངས་སུ་བསྒྲིབས་ཏེ་ཆར་ཆུས་བརླན་པའི་ལྗོན་ཤིང་དང༌།
ཐར་ཐོར་དུ་ཆཊ་པའི་དུད་ཚང་ཐམས་ཅད་རིམ་པ་དུ་མའི་ས་འོག་ཏུ་མནན་པ་ཇི་བཞིན་མིག་ལམ་དུ་མངོན་དཀའ་བར་
འདུག འོན་ཀྱང་ཨ་ཁུ་འབྲུག་རྒྱལ་གྱི་འཐེང་མ་ལྡིང་གི་གཟུགས་བརྙན་དེ་སླར་ཡང་གཡུལ་ཁའི་ནང་དུ་མངོན་བྱུང༌། ཁོས་
རྙིང་ཧྲུལ་དུ་སོང་བའི་ནས་མའི་སྟེང་གི་གདན་གཅིག་སེམས་ཆུང་གིས་ཚུར་བླངས་ཤིང༌། ཕུ་ཐུང་གཡས་པ་ཡར་བརྫས་ཏེ་
ནས་མའི་ཁོག་ལ་ལག་སྙོབ་བྱེད་བཞིན་ནས་མ་སྤར་བ་གང་བླངས་ནས་ཕུ་བཏབ་སྟེ་ཕུབ་མ་རྣམས་སྤུར་རྗེས་ཁ་ནང་ལ་
འཕངས། ཨ་ཁུ་འབྲུག་རྒྱལ་གྱི་སེམས་ལ་ཆུ་འཁྱག་ཁྱོར་བ་གང་བླུགས་པ་ལྟར་ལུས་ཧྲིལ་བོ་འཁྱག་སིབ་སིབ་ཏུ་གྱུར་ཅིང༌།
རེ་ཐག་ཆད་པའི་མིག་གིས་ནམ་མཁའ་ལ་ལྟ་ཙམ་བྱས་རྗེས། ད་ཅིའི་གདན་ཧྲུལ་དེས་ནས་མ་སླར་ཡང་བཏུམས་ཤིང༌།
རྐང་པ་སྐྱོར་བཞིན་རང་ཁྱིམ་དུ་ལོག
དགུང་ཇ་འཐུངས་རྗེས། ཨ་ཁུ་འབྲུག་རྒྱལ་གྱིས་དབུ་དྲངས་ཏེ་ཁྱིམ་མི་ཚང་མས་སྒྲོལ་མ་འདོན་མགོ་ཚུགས། འོད་
མོག་པའི་དཀར་མེ་དུས་རྒྱུན་དང་འདྲ་བར་དམར་ལམ་ལམ་དུ་མཆིས། འབུ་མེ་ལྕེབ་ཅིག་གིས་རང་སྲོག་བློས་བཏང་གིས་
མེ་འོད་ལ་དྲག་རྒོལ་བྱེད། ཡི་དམ་ཁོམ་སོང་བ་ལོས་ཡིན་དཔེ་ཆ་ཞིག་བཟུང་ནས་ཁང་ཆུང་ནང་ཉལ་དུ་ཕྱིན།
དུས་ཚོད་ག་འདྲ་ཞིག་འདས་པ་རྟོགས་དཀའ་ཡང༌། འདེད་སྒོ་ཕྱེ་བའི་ཙིར་སྒྲ་གློ་བུར་བ་ཞིག་གིས་ཡི་དམ་གཉིད་
ལས་བསླངས། ཁོས་མིག་ཟུང་ཕྱེ་མ་བཙུམ་གྱིས་ལྟ་དུས་དེ་ནི་ཕ་རྒན་འབྲུག་རྒྱལ་རེད། ཨ་ཕའི་གདོང་གི་རྣམ་འགྱུར་ཁ་
སང་དང་མི་འདྲ་བར་སྔར་མེད་ཀྱི་འཛུམ་ཞིག་མངོན་བཞིན“ཡི་དམ། ཁེ་ཉིན་ཨ་ཕས་སྡིགས་མོ་བཏང་བ་སེམས་ལ་
གནོད་མི་ཉན། ཁྱོད་ཀྱིས་བཤད་པ་ངོ་མ་རེད། ད་ཅིའི་ང་གཡུལ་ཁར་ལྟ་རུ་སོང་དུས། ནས་མ་ལ་ངར་ལང་གྲབས་འདུག”
བཤད་མཚམས་འདིར་སླེབས་ཚེ་ཨ་ཁུ་འབྲུག་རྒྱལ་གྱིས་སྐད་མགོ་ཇེ་མཐོར་བཏེགས་ཤིང་མུ་ཡཐུད་དུ“ནངས་ཀ་གནམ་
ངོ་ཐང་རྒྱུ་ཡིན་པ་འདྲ། དེ་བས་ཁྱོད་རྒྱ་ཤག་ཚང་ལ་སོང་ནས་འབྲུ་བགྲུད་འཕྲུལ་འཁོར་གླ་ཐབས་བྱོས། སྒོར་མོ་ཅི་ཙམ་
ཤོར་ལ་ཤོར། ”
ཡི་དམ་གྱི་སེམས་ནི་བདུད་རྩིས་བྲན་པ་བཞིན་དགའ་སྤྲོ་འབུམ་གྱིས་བརྟས་ཤིང༌། གནོན་པར་དཀའ་བའི་
དུང་བ་བླ་ལྷག་ཞིག་ཀྱང་འཕེལ་བས་མིག་མཐར་མཆི་མ་འཁོར་བཞིན་མགོ་བོ་གུག་གུག་བྱས།

ལྔ།
དབང་ཕྱོགས་རི་རྒྱལ་ལྷུན་པོའི་རྩེ་མོ་དཀར་ལ་ནག་ཤ་འདྲེས་པའི་ཆུ་འཛིན་གྱི་ཕུང་བོ་འགས་བདག་གིར་བཟུང་
ཡོད་པ་མ་གཏོགས། དགུང་སྔོན་ནི་རླབས་ཀྱི་ཕྲེང་བས་ཡོངས་སུ་བཏང་བའི་མཚོ་རྫིང་ཇི་བཞིན་སྔོ་བསངས་ངེར་འདུག
སྐྱ་རེངས་བུ་མོའི་འཛུམ་བག་གིས་མུན་པའི་འཇིག་རྟེན་མཐའ་ནས་མཐའ་རུ་བསྐྲད། ཨ་ཁུ་འབྲུག་རྒྱལ་ཚང་གི་དུ་ཁུང་
ལས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་འདུག
“ཡི་དམ། ཨ—ཡི་དམ། ” དེ་ནི་ཨ་ཁུ་འབྲུག་རྒྱལ་གྱི་སྐད་རེད།
“གཉིད་ལ་ཤོར་སོང་བ་མིན་ནམ། ”
“མི་སྲིད། ”
“་་་་་་”
བཟའ་མི་ཟུང་གི་ལབ་གླེང་འཇགས་མ་ཐག་ཁྱིམ་རའི་ཁོར་ཡུག་ཧྲིལ་བོ་ནི་འཇམ་ཐིང་ངེར་གནས།
ཅང་མ་འགོར་བར་ནང་སྒོ་ཕྱེ་བའི་སྒྲ་གྲགས་པ་དང་མཉམ་དུ་ཨ་ཁུ་འབྲུག་རྒྱལ་གྱིས་བར་ཕྱིང་ཐག་བབ་ཅིག་
གཡང་ཤམ་བྱས་ཏེ་འཐེང་བཞིན་ཕྱིར་ཐོན་ནས་ཡི་དམ་ཉལ་སའི་ཤིང་ཁང་གི་རྩར་སོང་ནས“ཙིར”སྒྲ་ཞིག་དང་
ལྷན་དུ་འདེད་སྒོ་ཕྱེ། ཨ་ཙི། བུ་ཡི་དམ་ནི་སྔ་མོ་ནས་ལངས་ཟིན། ཉལ་གོས་ཀྱང་གྲ་དག་ཅིག་བལྟབས་འདུག སྡིགས་འོས་
པ་ནི་དཀར་མེ་ད་དུང་བཀར་འདུག རྒད་པོའི་གདོང་ལ་ཡིད་ཚིམས་པའི་འཛུམ་ཞིག་ལངས་ཤིང༌། སྤྱོད་ཁང་དུ་སོང་ནས་
གཅིན་པ་ཤགས་སེ་བཏང་རྗེས། ཕྱིར་ཁྱིམ་ལ་འཛུལ།
ཉི་མ་ཐག་ཚད་ཙམ་ལ་སླེབས་འདུག དབང་ཕྱོགས་རི་རྒྱལ་ལྷུན་པོའི་ཐོར་ཚུགས་དམ་པོར་འཁྱུད་པའི་སྤྲིན་ཕུང་
དེ་དག་ཀྱང་ད་ནི་ཆར་ཆུ་བྱེ་ཚན་དུ་འཐིམ་པ་ཇི་བཞིན་རྗེས་ཤུལ་ཙམ་ཡང་མེད་པར་གྱུར། ཀུན་གསལ་ཡངས་པོའི་དཀྱིལ་
འཁོར་ནི་སྤྲིན་སྨུག་གི་གཡའ་དང་བྲལ་བས་སྔོ་ཞིང་སྟོང་བསངས་ངེར་འདུག ནོར་བུ་སོགས་ཡི་དམ་གྱི་སློབ་གྲོགས་དུ་མ་
དང་སྡེ་བའི་ཕོ་གཞོན་མོ་གཞོན་མང་པོ་ཞིག་གིས་རང་རང་གི་ཡོ་བྱད་བཟུང་ནས་ཨ་ཁུ་འབྲུག་རྒྱལ་ཚང་གི་གཡུལ་ཁར་
གཅིག་རྗེས་གཉིས་མཐུད་དུ་འོངས།
རྒྱང་རིང་ནས་ལག་སྐྱོར་འཁོར་ལོའི་སྒྲ་གསལ་ལ་མི་གསལ་བ་ཞིག་གྲགས་འོངས་པས་ཚང་མས་མགོ་བོ་གཡོན་
ནས་ཉན། བྲག་ཅ་ལ་འཁོར་བའི“ཐམ་ཐོམ”གྱི་སྒྲ་དེ་རྒྱང་རིང་ནས་ཇེ་ཉེ་ཇེ་ཉེར་ཕྱིན། ཅང་མ་འགོར་བར་ལག་སྐྱོར་
འཁོར་ལོས་དུ་ནག་ཕངས་མེད་གཏོང་བཞིན་ལམ་འགྲམ་གྱི་སྡོང་བར་ནས་ཤོར་འོངས། ཨ་ཁུ་འབྲུག་རྒྱལ་གྱི་བཞིན་ལ་སྔར་
མེད་ཀྱི་མདངས་ཤིག་ཤར་ནས་ཁ་ལོ་པ་དང་ཡི་དམ་གཉིས་ཀྱི་སྔོན་ལ་འཐེང་བཞིན་བརྒྱུགས… …

བརྒྱུད་སྐུལ།

མཆན་སྤེལ།