༄༅།། ཆག་སྒོ།
ཆབ་བྲག་རྡོ་རྗེ་ཚེ་རིང༌།
རྫོང་སྤྱི་བདེ་ཅུའུ་ཡི་འདྲི་གཅོད་གཞུང་ལས་ཁང་ཟུར་གྱི་ཅོག་ཙེའི་འགྲམ་དུ། ལང་ཚོ་དར་ལ་བབ་ཅིང༌། ལུས་ལ་
གཞོན་ཤ་ཆགས་པའི་གསར་བུ་ཞིག་བསྡད་ཡོད་དེ། ཕར་བལྟས་ཚོད་ཀྱིས་ལོ་ཉེར་ལྔ་ཡས་མས་སུ་སླེབས་ཡོད་པ་ཤེས་ཐུབ་
ཅིང༌། ཁོའི་ཐུར་དུ་ཅུང་རིང་བའི་བཞིན་རས་སུ། ཚུར་ཏོག་ཙམ་འབུར་ཡོད་པའི་ཐོད་པ་དང༌། གཟེངས་མཐོ་བའི་སྣ་གདོང་
ནི་ཧ་ཅང་ཆ་འགྲིག་པོར་ཡོད་ལ། སྨིན་མ་ནག་པོའི་འོག་གི་གཏིང་དུ་ལྷུང་བའི་མིག་ཟུང་ལས་འོད་མདངས་མཚར་པོ་ཞིག་
སྤྲོས་ཡོད་པ་དེས། ཁོས་དོན་མེད་ཀྱི་ཉེས་པ་ཞིག་ཁུར་ཡོད་པ་མཚོན་བཞིན་པ་འདྲ། མདུན་གྱི་ཅོག་ཙེའི་སྟེང་དུ་ཤོག་དུ་བག་
ཆ་ཞིག་དང༌། འབྲི་དེབ་ཅིག སྣག་ཚ་དམ་བི་གང་ལས་གཞན་ས་རྡུལ་ཞིག་ཀྱང་མེད་པར་བཀྲག་རྩི་འོད་ཁྱུག་གེ་འདུག ཁོས་
མདུན་གྱི་འབྲི་དེབ་སྟེང་དུ“ངོས་ལེན་ཡི་གེ”དང་“ཉེས་འདོན་ཡི་གེ”ཞེས་སོགས་འབྲི་བཞིན་ཡོད་ཀྱང༌། ཐིག་
ཤར་གཉིས་གསུམ་རེ་བྲིས་རྫེས་བསུབས་ཤིང༌། ཡང་ཐིག་ཤར་འགར་རེ་བྲིས་རྗེས་ཤོག་བུ་གཤགས་ཏེ་སྙིགས་སྒྲོམ་ལ་
འཕངས་ནས། དེ་ལྟར་དུས་ཚོད་སྐར་མ་གཅིག་ཙམ་ལ་ཤོག་བུ་ལྔ་དྲུག་ཅིག་བརླགས། ཁོའི་ལག་པར་ཚ་རེག་སེ་སོང་བ་
དང་མཛུབ་བར་གྱི་དུ་སྣེ་དེ་མེས་ཟིན་ཚར་བ་ད་གཟོད་ཚོར། ཁོས་དུ་སྣེ་འཕྲལ་དུ་སར་གཡུག་སྟེ། ཡང་དུ་བ་རྐང་གཅིག་
ལ་མེ་བསྒྲོན་ཅིང་ཁ་སྣ་གཉིས་ནས་དུ་བ་ལྷོག་ལྷོག་ཏུ་ཕྱིར་བཏང་བ་དང༌། རྒྱབ་གཞུང་རྐུབ་སྟེགས་ལ་ག་ལེར་བསྙེས་
ཤིང༌། འདས་དོན་ཕྱིར་དྲན་གྱི་མཚོ་མོར་ལྷུང……
“དོན་གྲུབ”
རྒྱབ་ཕྱོགས་ནས་གྲག་འོངས་པའི་འབོད་སྒྲ་ཞིག་གིས། དོན་གྲུབ་མདུན་ཕྱོགས་སུ་འགྲོ་བཞིན་པའི་གོམ་མཚམས་
དབང་མེད་དུ་འཇོག་ཏུ་བཅུག དོན་གྲུབ་དེ་འཕྲལ་ཁ་ཕྱིར་འཁོར་འོས་རྒྱབ་ཕྱོགས་ཀྱི་ཁང་བ་གྲལ་ཤད་དེར་བལྟས་ཚེ།
ཞན་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཧན་གྱིས་སྟོད་གོས་གཡང་ཤམ་བྱས་ཤིང༌། ལག་པས་ཕྱིར་ཤད་ཡོད་པའི་མགོ་སྐྲར་རེག་
བཞིན་དུ་རང་གི་ཁང་བ་ལས་འཛུམ་དམུལ་དམུལ་ངང་ཚུར་འོངས་ཤིང༌། སྐད་ཆ་མ་བཤད་སྔོན་ནས་དངུལ་གྱིས་ཤན་
པའི་སོ་ཕྲེང་ཕྱིར་མངོན་འདུག་པ་མཐོང༌།
ཁོ་དོན་གྲུབ་ཀྱི་ལོགས་སུ་དལ་གྱིས་ཡོང་ནས་དགོད་མ་འཛུམ་གྱིས།“དོན་གྲུབ། ཁྱོད་སོང་ནས་གྲ་སྒྲིག་ཅིག་བྱོས་
དང༌། དེ་རིང་གསེར་གཞུང་ལ་གཅིག་བརྒྱུག་དགོས།鉋ཞེས་བཤད་ཚར་རྗེས། ལག་གདུབ་ཆུ་ཚོད་ལ་ཐེངས་ཤིག་བལྟས་ནས་
ཡང་ན་རེ།“ཉིན་གུང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྔོན་ལ་རླངས་འཁོར་བསྐོར་ཏེ་འདིར་ངེད་ཚང་གི་སྒོ་ཁར་ཤོག་
དང༌། འུ་གཉིས་མཉམ་དུ་འགྲོ་ཡ།鉋 ཞེས་ཟེར།
དེ་ནས་དོན་གྲུབ་ཀྱི་བསམ་པར། ནམ་རྒྱུན་ཡིན་ན། ངས་རང་གི་ཐུབ་ཚོད་ནུས་ཚོད་ཀྱིས་གྲོགས་པོ་དང་ངོ་ཤེས་སུ་
ཞིག་གི་རེ་བ་ཡང་མ་བསྐངས་པ་མེད་ལ། ཁྱད་པར་དུ་རླངས་འཁོར་བསྐོར་བའི་ཐད་ནས་འགོ་ཁྲིད་བློ་མཐུན་སུ་ཞིག་གི་
“བཀའ”ཡང་བཟློག་མ་མྱངས་མོད། འོན་ཀྱང༌། དེ་རིང་གཟའ་ཉི་མ་ཡིན་ལ་ང་རང་གྲོགས་པོ་ངག་དབང་བསྟན་པ་
ཚང་གི་གཉེན་སྟོན་ལ་ཡང་འགྲོ་དགོས་པས་ཁོ་ལ་གསལ་བཤད་ཅིག་བྱེད་དགོས་སྙམ་ཏེ།“དེ་རིང……དེ་རིང་ང་
ངག་དབང་བསྟན་པའི་གཉེན་སྟོན་ལ་འགྲོ་དགོས་པས། ཁྱེད་ཀྱིས་ཁ་ལོ་བ་གཞན་པ……”ཀྲང་ཧྲུའུ་ཅིས་དོན་གྲུབ་
ཀྱི་ཚིག་མཚམས་བཅད་ནས།“ཧེ། ངག་དབང་བསྟན་པས་ང་ཡང་བོས་མོད།鉋ཁོའི་གདོང་མདོག་སྐད་ཅིག་ལ་གཟབ་
ནན་དུ་གྱུར་ཅིང༌། དེར་མཐུད་ནས།“འོན་ཀྱང་བྱ་བ་གལ་ཆེའམ་སྟོན་མོར་འགྲོ་བ་གལ་ཆེ།鉋 ཁོའི་གདོང་མདོག་འགྱུར་
བ་དེ་ནི་བཅོས་མ་ཡིན་པས། བཤད་ཚར་རྗེས་སླར་ཡང་འཛུམ་དམུལ།
དོན་གྲུབ་ཡིད་འཐད་མ་བྱུང་སྔོན་ནས། ཀྲང་ཧྲུའུ་ཅིས།“ད་སོང༌། དུས་ཚོད་བཅུ་གཉིས་ཀྱི་སྔོན་ལ་ཤོག”ཅེས་
ཟེར་ཞིང༌། རྒྱགས་ཤིང་སྨུག་པའི་གདོང་གི་གཉེར་མ་འགའ་བསྡུས་པ་དང་ཧེ་ཧེའི་སྐད་སྒྲ་ཕྱིར་བཏོན་པ་དེ་ནི་ཁོ་རང་
བགད་པའི་མཚོན་རྟགས་རེད།
སྤྲིན་ནག་པོ་ཕྱོགས་དང་ཕྱོགས་སུ་ཐོར་བའི་ཚེ། དགུང་ཨ་སྔོན་རིམ་གྱིས་དྭངས་ཤིང་སྔོ་བའི་དཀྱིལ་དུ་དགུང་
གསེར་མདོག་ཉི་མ་སེར་པོ་དེ་ཡང༌། འདྲེན་མ་དགོས་རང་ཉིད་ག་ལེར་རྒྱུ་ཞིང༌། མདོག་མི་གཅིག་དམར་སེར་སྔོ་ལྗང་གི་
འཇའ་ཚོན་སྣ་ལྔ་དེས་ནི། བཟང་རྟེན་འབྲེལ་ལེགས་པའི་གུར་ཁང་ཕུབས་ཤིང༌། ཁྲ་ཆིལ་ལེར་བཞད་པའི་མེ་ཏོག་སྣ་ཚོགས་
ཀྱིས་ནི་མཛེས་མུ་ཏིག་འདྲ་བའི་ཟིལ་བའི་རྒྱན་ཆ་སྤྲས་ཡོད་དེ། དེ་ནི་སྤང་ལྗོངས་སུ་ཆར་བ་བབས་རྗེས་ཀྱི་རྣམ་པ་རེད་
ཨང༌། དོན་གྲུབ་ཀྱི་སེམས་ལ་དེ་ནི་རྩྭ་ཐང་སྟེང་གི་ཆེས་མཛེས་པའི་རྣམ་པ་དང༌། ཆེས་སྐྱིད་པའི་དུས་སྐབས་ཡིན་ལ། སྔོན་
ཆད་ཡིན་ན། ཁོས་རླངས་འཁོར་སྐོར་མཚམས་ཀྱང་བཞག་ནས་དུས་ཚོད་འདིའི་སྦྲང་ཆང་ལ་རོལ་བ་ཡིན། ཡིན་ན་ཡང༌།
དེ་རིང་ཁོ་ལ་ཆར་རྗེས་ཀྱི་གནམ་ངོ་དྭངས་པའི་མཛེས་ལྗོངས་ལ་ལྟ་འདོད་མེད་པས། སེམས་བསམ་པ་གཡེང་བ་མེད་པར་
རླངས་འཁོར་ཁ་ལོ་བསྒྱུར།
ཅི་ཕུའུ་རླངས་འཁོར་གྱིས་རྩེ་ཆུའི་འགྲམ་གྱི་ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་བརྒྱུད་ནས། སྤང་ཨ་ལོང་མེ་
ལོང་ཞིག་གི་དཀྱིལ་ཞེང་བཅད་དེ། གཞུ་མཆོག་དཀར་གྱི་རྒྱུད་ལས་འཕོས་པའི་མདའ་མོ་བཞིན་དུ་དྲང་ཤད་ལེ་བརྒྱུགས་
ཤིང༌། ཉི་འོད་ཕོག་པའི་རྐྱེན་གྱིས། རླངས་འཁོར་མདུན་ངོས་ཀྱི་ཤེལ་སྒོའི་སྟེང་དུ་འོད་ཟེར་ཞིག་འཁྱུག་བཞིན་འདུག
གཞུང་ལམ་འགྲམ་གྱི་སྤང་ཁུག་ཅིག་ལ་ཁྱབ་པའི་ལུག་ཁྱུ་ཞིག་རླངས་འཁོར་གྱི་དུང་བརྡ་བརྒྱབ་པར་འདྲོགས་ནས་
རྩེད་ལྡིང་བྱེད་བཞིན་ག་ས་ཀུན་ཏུ་་ཕྱོགས་ཤིང༌། དེའུ་འབུར་ཞིག་གི་རྩེ་རུ་བསྡད་ཡོད་པའི་རྫི་བོ་ཞིག་གིས་ཀྱང་ལ་
གཞས་ལེན་མཚམས་བཞག་ནས། པུས་བཙུག་ཏུ་བསྡད་དེ་ཕར་རླངས་འཁོར་གྱི་ཕྱོགས་སུ་ལག་བརྡ་ཞིག་བཏང་བས།
གཞུང་རྒྱུད་དྲང་བའི་དོན་གྲུབ་ཀྱིས་སྤྲོ་སྣང་དང་བཅས་ཏེ་རྫི་བོ་དེརབརྡ་ལན་སྟེར་བའི་ཆེད་དུ་ཡང་དུང་བརྡ་ཐེངས་
ཤིག་བརྒྱབ་ལ། དུང་བརྡས་བརྡ་ལན་སྟེར་བ་ནི་དོན་གྲུབ་ཀྱི་གོམས་སྲོལ་ཡིན།སྐབས་དེར། དོན་གྲུབ་ཀྱིས་རང་གི་ལོགས་སུ་བསྡད་ཡོད་པའི་ཀྲང་ཧྲུའུ་ཅིར་མིག་ཟུར་གྱིས་གཅིག་བལྟས་ཚེ། ཀྲང་
ཧྲུའུ་ཅིས་འདུག་སྟེགས་ཕྱི་མར་བསྡད་ཡོད་པའི་བུ་ཧྲན་ཧྲན་གྱི་ཕྱོགས་སུ་འཁོར་ནས། ཕར་ཕྱོགས་ལ་མཛུབ་མོས་སྟོན་གྱིན་
ཡོད་ལ། ཧྲན་ཧྲན་གྱིས་ཀྱང་ཕས་བསྟན་པའི་ཕྱོགས་སུ་བལྟས་ཡོད་པས། ཁོ་ཕ་བུ་གཉིས་ཀྱིས་དོན་གྲུབ་ཀྱི鉊ལྟ་རྟོག”
དེ་གཏན་ནས་མ་ཚོར་ལ། རླངས་འཁོར་ནང་གི་མི་གསུམ་པོ་ལ་ནི་རང་རང་གི་ལྟ་ཕྱོགས་གཉིས་གྲུབ་འདུག
རླངས་འཁོར་དེ་ལམ་འགྲམ་གྱི་ཁྱིམ་ཚང་ཞིག་གི་ཉེ་སར་བསྡད་ཅིང༌། དོན་གྲུབ་རླངས་འཁོར་ལས་མར་བབས་ཏེ་
ཧ་ཅང་བརྩི་བཀུར་ལྡན་པའི་ངང་ནས། སྒོ་ཁར་བལ་གསེད་བཞིན་ཡོད་པའི་གཞོན་ནུ་མ་ཞིག་ལ།“ཨ་རོགས་བློ་མཐུན་
ལགས། གསེར་གཞུང་ཏོས་ཆེན་གྱི་ཐོན་སྐྱེད་ཏོས་གསུམ་པའི་རུ་གང་ལ་བབས་ཡོད། ཏོས་ཀྲང་མགོན་སྐྱབས་ཡུལ་ན་ཨེ་
ཡོད།鉋 ཅེས་དྲིས་པར།
གཞོན་ནུ་མ་དེས་ཚིལ་ལེན་གྱི་འདབས་ཀ་རུམ་ལ་འཇུག་བཞིན་ཡར་ལངས་ནས་ཚུར་གོམ་པ་འགར་འོངས་ཏེ།
“ཏོས་གསུམ་པའི་རུ་ཕ་གི་ན་མཐོང་བ་དེ་རེད། ཨ་ཁུ་མགོན་སྐྱབས་ཚང་ནི་སྦྲ་ནག་པོ་འགྲམ་དུ་རས་གུར་ཁྲ་ཁྲ་ཕུབས་
ཡོད་པ་ཞིག་ཞོལ་ན་རིག་པ་དེ་ཡིན། ནོར་ས་མེད། ཁོ་ཡུལ་ན་ཡོད་མེད་ང་ལའང་གསལ་ཆ་མེད” ཅེས་ཟེར་ཞོར་དུ། གོང་
མཛུབ་ཀྱིས་སྤང་གཞོངས་ཀྱི་ཕ་མཐའ་སྟེ། གནམ་ས་གཉིས་འདྲེས་སམ་སྙམ་པའི་མཚམས་དེ་ན། སྦྲ་གུར་འགའ་རིག་པ་དེ་
བསྟན་པས། དོན་གྲུབ་ཀྱིས་མགོ་གུག་གུག་ངང“ཡ་ཡ”ཞེས་ཟེར་ཞོར་རླངས་འཁོར་དུ་བསྡད།
ཏོས་ཀྲང་མགོན་སྐྱབས་ཚང་གི་སྦྲ་གུར་དང་ཉེ་བའི་སར་རླངས་འཁོར་ཆུང་ཆུང་དེ་བསྡད་ཡོད་པས། རུ་སྐོར་ནང་
གི་བྱིས་པ་ཚང་མ—བེའུ་འཚོ་མཁན་བྱིས་པ་འགའ་ཆུ་འགྲམ་དུ་རྩེད་བཞིན་པ་དེ་ཡང་གར་འོང་མ་ཤེས་པར་འདིར་ཐོན་
འདུག—རླངས་འཁོར་གྱི་མཐའ་འཁོར་དུ་འཚོགས་ནས། འཚང་ཀ་ཤིག་ཤིག་གིས་ལྟད་མོར་ལྟ་བཞིན་ཡོད་ལ། དགའ་
མཚར་གཉིས་ལྡན་གྱིས་རླངས་འཁོར་གྱི་ཕྱི་ངོས་སུ་རེག་བཞིན་པ་དང༌། ཧྲན་ཧྲན(ད་སོ་མ་མགོན་སྐྱབས་ཚང་ནས་ཇ་བཏུང་
རྗེས་རླངས་འཁོར་ལ་བསྡད།)གྱིས་རླངས་འཁོར་གྱི་དུང་བརྡ་རེ་བརྒྱབ་ཚེ། ཁོ་ཚོ་དགོད་ཁ་འཆོར་གྱིན་ཡོད་ལ་སྐྲག་སྣང་
ཡང་སྐྱེ་བཞིན་ཡོད་དེ། ཁོ་ཚོར་མཚོན་ན། རླངས་འཁོར་ཆུང་ཆུང་དེ་ནི་ཧ་ཅང་ཡ་མཚན་པའི་དངོས་པོ་སྟེ། གསར་བ་ཟེར་
ན་དར་བ་སྔ་ཞིང༌། རྙིང་བ་ཟེར་ན་རེག་སྐབས་མ་བྱུང་བ་ཞིག་ཡིན་ཏེ། ཁོ་ཚོའི་ཁྲོད་དུ་འདིའི་ནང་དུ་བསྡད་མྱོང་བ་ནི་
གཅིག་ཀྱང་མེད་ལ་ཕར་ཆེར་ནི་དེ་རིང་གི་དུས་ལ་ད་གཟོད་རེག་ཐུབ་ཙམ་བྱུང་བ་ཡིན་ཞེས་བཤད་པའི་སྤོབས་པ་ནི་སུ་
ལའང་ཤིན་ཏུ་མཐོའོ། །
སྐབས་དེར། ཁོ་ཚོའི་གྲས་ཀྱི་བྱིས་པ་པྲ་ཚག་ཁ་ཁེར་གྱིས་ཧྲན་ཧྲན་ལ་ཁུ་ཚུར་བསྟན་ནས། རྡུང་རེས་བྱེད་ཟེར་
བའི་བརྡ་སྟོན་གྱིན་ཡོད་ལ། དེ་ནི་ཧྲན་ཧྲན་རླངས་འཁོར་འདི་རིགས་ནང་བསྡད་པར་ཕྲག་དོག་སྐྱེས་པ་དང་འདྲ།
སྦྲ་ནང་གི་ཀྲང་ཧྲུའུ་ཅི་དང་མགོན་སྐྱབས་གཉིས་ཀྱི་དགོད་སྒྲ་དེས། བྱིས་པ་དེ་ཚོར་དབང་མེད་དུ་ཕྱིར་ལྟ་ཞིག་
བྱེད་དུ་བཅུག་ཅིང༌། ཁོ་ཚོས་དོན་གྲུབ་སྒོ་ཕྱིར་འོངས་པ་མཐོང་ནས། རེ་རེ་བཞིན་གོམ་པ་འགའི་བར་དུ་བྲོས།
དོན་གྲུབ་ཀྱིས་ལག་པ་དཔྱི་མགོར་བརྟེན་ཞིང་མགོ་བོ་བཏེགས་ཏེ། ཕ་གིའི་ཞོལ་ཆུའི་འགྲམ་དུ་ཕན་ཚུན་ལ་ཀུ་རེ་རྩེ་
བ་དང༌། ཧབ་ཆ་བྱེད་ཞོར་བྱིང་བ་གནོན་བཞིན་པའི་གཞོན་ནུ་ཕོ་མོ་འགའ་ཡི་ཕྱོགས་སུ་ཡུད་ཙམ་ལ་བལྟས་རྗེས། བློ་སེམས་
ཤིག་གཡེང་བའི་ཕྱིར་ཆུ་འགྲམ་དེར་འགྲོ་འདོད་ན་ཡང༌། གོམ་པ་གཉིས་གསུམ་ཙམ་སྤོས་མ་ཐག་ཏུ། ཁྱིམ་ཚང་གཉིས་ཀྱི་ཁ་
རུའི་བར་དུ་ཉལ་ཡོད་པའི་ཁྱི་རྒན་རྒྱ་བོ་དེས། མདངས་སྔོ་སེར་གྱི་མིག་འབྲས་གཉིས་ཐད་ཀར་ཁོ་ལ་གཏད་ཡོད་ཅིང༌། ཁོ་ད་
དུང་སྔོན་དུ་གོམ་པ་ཕྱེད་ཙམ་སྤོས་ན་ཁྱི་དེ་དམར་ཡག་སྟག་མོ་བཞིན་དུ་མཆོང་ཡོང་རྒྱུ་ཡིན་པ་འདྲ་བ་དེ་མཐོང་ནས་རིམ་
གྱིས་ཕྱིར་ནུར་ནས་རླངས་འཁོར་གྱི་འགྲམ་དུ་སོང་བ་དང༌། སྦྲ་ནང་ནས་ཡང་རྣ་བ་གཟེརབའི་དགོད་སྒྲ་ཐེངས་ཤིག་
གྲགས་པ་དེས་ཁོ་ལ་ལྷག་ཏུ་སུན་སྣང་སྐྱེ་རུ་བཅུག
ཅང་མ་འགོར་བར། གསར་བུ་ཞིག་གིས། གཟུགས་ཆེ་ཞིང་ཤེད་རྒྱས་པའི་ཤ་བཟན་དཔེ་མེད་ཅིག་ཐག་པས་
བཀྱིགས་ནས་རིལ་རིལ་ཞིག་བྱས་ཏེ། རོགས་པ་གཞན་གཉིས་ཀྱིས་རོགས་བྱས་ནས་རླངས་འཁོར་གྱི་འདུག་སྟེགས་རྗེས་
མར་བཞག་པའི་དུས་དེར། མཐའ་འཁོར་གྱི་བྱིས་པ་ཚོའི་ཁྲོད་ནས། ད་ཅི་ཧྲན་ཧྲན་ལ་འགྲན་འཚོལ་མཁན་ཞིག་གིས“ང་
ཤ་བཟན་གན་ཡིན་ན། རླངས་འཁོར་འདིའི་ནང་ལ་འདུག་ཐུབ་པ་ལ་ཨང་”ཞེས་སྐད་ཆེན་པོས་བརྗོད་པ་དང་དེར་ཡོད་
པའི་མི་ཚང་མས་མགྲིན་གཅིག་ཏུ་གད་མོ་ཤོར་ཞིང༌། གསར་བུ་དེ་ཚོའི་ཁྲོད་ཀྱི་དཔུང་རྩ་རྒྱས་ཤིང་གདོང་ཤ་རྒྱགས་ལ། མགོ་
སྐྲ་འཁྱིལ་བ། སྣ་གདོང་ཤིན་ཏུ་ཉག་ལ་ཁ་ཤ་ཕྱིར་ལོག་ཅིང་མཐུག་པའི་གསར་བུ་ཕྲུག་ལྭ་གྱོན་པ་ཞིག་གིས་བྱིས་པ་དེར་མིག་
ལོག་ཅིག་བལྟས་རྗེས་སྐེད་པ་སྒུར་ནས་སྦྲ་ནང་དུ་འཛུལ་ཅིང༌། ཁོའི་གཟུགས་བྱད་དང་གདོང་དབྱིབས་ཚང་མ་ནི་མགོན་
སྐྱབས་དང་ཨ་ན་མ་ན་ཡིན་པས། མཐོང་མ་ཐག་ཏུ་མགོན་སྐྱབས་ཀྱི་བུ་ཡིན་པ་ཤེས་ཐུབ་ལ། གོ་ཚོད་ལ་ཁོའི་མིང་ལ
“གསར་བརྗེ་སྐྱབས”ཟེར་བ་ཡིན། ཁོས་རྒྱབ་ཀྱི་ཕྲུག་ལྭའི་ཐུ་ཐོག་ཏུ་འབྱར་བའི་ལྩི་བ་དེ་མཐེ་བོང་གཡས་པའི་སེན་
མོས་འདྲད་ཞོར་དུ་བང་ཤིང་གི་རྩར་འོངས་ཤིང༌། འོ་ཇ་འཐུང་བཞིན་པའི་ཀྲང་ཧྲུའུ་ཅིར་གཅིག་བལྟས་ནས་འཛུམ་
མདངས་ཤིག་བསྟན་རྗེས། མགོན་སྐྱབས་ལ།“ཨ་ཕ། ཤ་བཟན་གཡག་སྐམ་འདྲ་འདྲ་ཞིག་རླངས་འཁོར་ནང་ལ་བཅུག་
ཡོད། མེས་ཚེ་དཔལ་གྱི་ལུག་ཁྱུ་ནས་བཟུང་བ་ཡིན།鉋ཞེས་བཤད་ཚར་རྗེས་བང་ཤིང་གི་ཁར་ཁེན་ཏེ་ཕ་རྒན་གྱི་བཀར་སྒུག་
འདུག
དེ་ནས་མགོན་སྐྱབས་ཀྱིས་འཛུམ་དམུལ་དམུལ་གྱིས་ཀྲང་ཧྲུའུ་ཅིར་བཤད་རྒྱུར།“དེས་ན་ལུག་དེ་བཟང་ངེས་
ཡིན། ཚེ་དཔལ་ཁྱེད་ཀྱིས་ཀྱང་ལོས་ཤེས། ང་ཚོའི་ཏོས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་རྒན་པོ་དེ་རེད།鉋 ཅེས་མཚམས་སྦྱོར་
བྱས་པར། ཀྲང་ཧྲུའུ་ཅིས་འཕྲལ་དུ་མགོ་གུག་གུག་འགའ་བྱས་ཏེ།“འོ། དེ་ད་ལོས་ཤེས། ལོས་ཤེས།鉋 ཞེས་ལན་བཏབ་
མོད། དོན་དངོས་ལ་ཁོའི་མིག་སྔུན་དུ་རྒན་པོ་མང་པོ་ཞིག་ཤར་བས། གང་ཡིན་ཤེས་ཀྱིན་མེད་ལ། དེར་བསམ་བློའང་
གཏོང་གི་མེད།
ཀྲང་ཧྲུའུ་ཅིས་ལོབས་ཕྱོགས་ཀྱིས་ལག་གདུབ་ཆུ་ཚོད་ལ་ཐེངས་ཤིག་བལྟས་རྗེས་རང་གི་མགོ་ལ་ལག་པས་བྱུག་
བྱུག་ཅིག་བྱས་ནས་ན་རེ།“ད་ང་ཚོ་འགྲོ། ས་རུབ་པར་ཡང་དུས་ཚོད་མང་པོ་མེད། རེམ་མ་མ་སླེབས་ན་ལུག་དེ་བཤའ་
ཁོམ་ཡོད་རྒྱུ་མ་རེད།鉋ཅེས་བཤད་ཞོར་དུ། སྔུན་གྱི་ལུག་ཤ་སྡེར་མ་དེ་གོ་ར་དང་ཅུང་ཐག་རིང་སར་བསྣུར་ཅིང༌། དཀར་
ཡོལ་ནང་གི་ཇ་རོ་དེ་ཡང་གོ་དོང་ལ་འཕོས་རྗེས། བྱིང་དཀར་སྟན་ལས་ག་ལེར་ལངས་ཤིང་ལག་པས་ལྭ་བ་ཐེངས་འགར་སྤྲུགས།
མགོ་སྐྱབས་ཀྱིས་རྒྱ་མ་ལྔ་དྲུག་ཙམ་ཡོད་པའི་མར་གྲོད་ཐུམ་ཞིག་བླངས་ཏེ། ད་ཅི་ཀྲང་ཧྲུའུ་ཅིས་ཀ་ར་དང་སིལ་
ཏོག་བཅུག་ནས་ཁྱེར་འོངས་པའི་ཀོ་ཁུག་ནག་པོ་དེའི་ནང་དུ་བཅུག་རྗེས། ཀྲང་ཧྲུའུ་ཅིར་སྟེར་ཞོར་དུ་ན་རེ།“མར་འདི་
ཙམ་པོ་ཁྱེད་ཀྱིས་ཁྱེར་ལ་སོང་ལགས”ཞེས་བཤད་ཅིང༌། ཀོ་ཁུག་ཕར་ཕྱིན་རྗེས་ཡང་བཤད་རྒྱུར། “ཁྱེད་ཀྱིས་བཤད་
པ་དག་མྱུར་དུ་བསྒྲུབ་ངེས་ཡིན། པགས་པ་ནི་སྟོན་མཇུག་བར་དུ་སྒུགས་དང༌། དེ་དུས་ཁྱེད་ཀྱི་བློར་གང་འབབ་ཅིག་ཁྱེར་
ཡོང་ངེས་ཡིན།鉋 ཟེར།
ཀྲང་ཧྲུའུ་ཅི་རླངས་འཁོར་དུ་འབུད་པའི་ཞོར་དུ་ཤ་བཟན་དེར་ཐེངས་ཤིག་བལྟས་རྗེས། ཡིད་ཚིམས་པའི་རྐྱེན་གྱིས་
བདེ་མྱུར་ངང་འདུག་སྟེགས་ལ་བསྡད་ཅིང༌། བྲང་ཁུག་ལས་དུ་བ་རྐང་གཉིས་བླངས་ཏེ་མགོན་སྐྱབས་ལ་རྐང་གཅིག་སྟེར་
ཞོར་ཁ་ཚུར་འཁོར་ཏེ།“ལུག་འདིའི་རིན་གོང་ནི……”ཁོའི་ཚིག་རྔ་མ་ལྡོག་གོང༌། མགོན་སྐྱབས་ཀྱིས་དུ་བ་ཚུར་
བླངས་ནས་མྱུར་དུ་བཤད་རྒྱུར། 鉊ཨ་ཧེ། ཁྱེད་ཧྲུའུ་ཅི་ཞིག་ལ་ལུག་གཅིག་གི་རིན་གོང་ཡང་གཏམ་ནས་བཙོང་དགོས་ནི་ཨེ་
རེད། ང་ཚོའི་ཏོས་ཀྱིས་ཁྱེད་ལ་ལུག་གཅིག་ཀྱང་འབུལ་མ་ཐུབ་ན་ངོ་མ……”རླངས་འཁོར་འཁོར་སྒྲ་གྲགས་པར་
བརྩམས་པས། དོན་གྲུབ་ཀྱིས་མགོན་སྐྱབས་ཀྱི་ཚིག་རྗེས་མ་གོ་མ་བྱུང་ངོ༌། །ཀྲང་ཧྲུའུ་ཅིས་དུ་བ་རྐང་གཞན་གཅིག་པོར་མེ་
སྒྲོན་རྗེས་དོན་གྲུབ་ལ་བྱིན་ཡང༌། ལས་བྱ་བ་ཁབ་ཀྱི་རྩེ་མོ་ཙམ་ལའང་སེམས་གཟབ་གཟབ་ནམ་ཡང་ལྷོད་པ་མེད་པའི་དོན་
གྲུབ་ལ། རླངས་འཁོར་སྐོར་དུས་དུ་བ་འཐེན་པའི་གཤིས་ལོབས་མེད་སྟབས། ཁོས་ལག་པ་འཕྲེད་དུ་གཡུག་ནས་དུ་བ་མི་
ལེན་པའི་བརྡ་བསྟན།
རླངས་འཁོར་བསྐོར་བར་བརྩམས་པ་ནས་བཟུང༌། དོན་གྲུབ་ཀྱི་བསམ་པར། ད་ནངས་ཀྲང་ཧྲུའུ་ཅིས་བྱ་བ་གལ་
ཆེན་ཞིག་ཡོད་ཟེར་བ་མ་ཡིན་ནམ། དུས་ཚོད་འགའི་རིང་ལ་ཇ་ཟས་ལ་རོལ་བ་དང༌། ཤ་བཟན་ཞིག་རླངས་འཁོར་གྱི་རྐུབ་
སྟེགས་ལ་སྡོད་པར་བཅུག་པ་དེ་ནི་བྱ་བ་གལ་ཆེན་ཟེར་བ་ཡིན་ནམ། ང་ཁོ་དང་མ་བྲལ་བས་ཁོས་བྱ་བ་གལ་ཆེན་གང་ཞིག་
བསྒྲུབས་སམ་སྙམ་ཞིང༌། ཡང༌། འོ། ད་ཅི་ང་སྒོ་ཕྱིར་སོང་དུས་ཁོས་བྱ་བ་གལ་ཆེན་དེ་མགོན་སྐྱབས་ལ་བཤད་པ་དང༌། ཡང་
ན་ཁོ་གཉིས་ཀས་གྲོས་མོལ་བྱས་པ་ཨེ་ཡིན། དེ་ཡང་ཡིན་སྲིད་རྒྱུ་མ་རེད། ང་ཁོ་ཚོ་དང་ཨེན་ཙམ་ལ་མ་གཏོགས་བྲལ་མེད་ལ།
དེ་དུས་སྦྲ་ནང་དུ་གྲག་བཞིན་པ་ནི་ཧབ་ཆ་འབའ་ཞིག་ལས། བྱ་བ་གལ་ཆེན་ཞིག་གླེང་བའི་རྟགས་ཤིག་ནི་གང་ན་ཡོད། གལ་
ཏེ་ལུག་འདི་ཁོ་ནའི་དོན་དུ་ཡོང་བ་ཡིན་ན……
རླངས་འཁོར་ཁ་ལོ་བའི་ཚོགས་འདུའི་སྟེང་དུ། ཁོས“རླངས་འཁོར་དོ་དམ་དང་རླངས་སྣུམ་གྲོན་ཆུང་གི་ཐད་
ནས། དོན་མེད་དུ་རྒྱུག་པ་དང་སྒེར་དོན་དུ་རྒྱུག་པ་སོགས་བྱ་སྤྱོད་མི་ལེགས་པའི་རིགས། སྔོན་འགོག་བྱེད་པ་དང་རྩ་ནས་
སེལ་བའི་ལས་འགན་དེ་ཁ་ལོ་བ་བློ་མཐུན་ཚོའི་ཕྲག་ལ་བབས་ཡོད་ལ། ང་ཚོས་ཀྱང་ཅི་ནུས་ཀྱིས་རྒྱབ་སྐྱོར་བྱེད་ངེས་ཡིན”
ཞེས་བཤད་པ་མ་ཡིན་ནམ་སོགས་སྙམ་ཞིང༌། ཁ་བཤད་དོན་ལ་མི་གནས་པའི་འདྲི་ཚིག་ཧ་ཅང་མང་པོ་ཞིག་དོན་གྲུབ་ཀྱི་
ཡིད་ན་འཁོར་སྐྱོད་བྱེད་བཞིན་ཡོད་པས། ཁོས་མནོ་བསམ་གཏོང་བའི་སྐབས་སུ། རླངས་འཁོར་བྱ་རྒོད་ཐང་ལ་ཇི་ལྟར་
སླེབས་པའང་མ་ཤེས།
དུས་དེར། རྒན་ཉིན་བྱེད་དབང་པོའི་དཀྱིལ་འཁོར་དེ་ནུབ་རིའི་ཕག་ལ་ཤོར་བར་ཉེ་ཞིང༌། ལུས་གྱེན་དུ་འགྲེང་
བའི་དངོས་པོ་ཐམས་ཅད་ཀྱིས་ནི་ནག་ཤར་སེ་གྲིབ་རིང་འཐེན་ཡོད། ཐང་དེ་ནས་རྫོང་མཁར་བར་དུ་མ་མཐའ་ཡང་ལེ་
དབར་བཞི་བཅུ་ཙམ་ཡོད་པས། ས་རུབ་རྗེས་མ་གཏོགས་བསླེབ་སྲིད་ཀྱི་མ་རེད།
ཀྲང་ཧྲུའུ་ཅིས་དོན་གྲུབ་ལ་རླངས་འཁོར་སྐོར་བའི་ལག་རྩལ་མཐོ་བར་རློམ་ཞིང༌། སེམས་ལའང་བྲེལ་བ་ཆེན་པོ་
སྐྱེས་ནས།“མགྱོགས་ཚད་མཐོན་པོས་སྐོར་དང༌། དེ་མིན་ན་ང་ཚོ་སྔ་མོར་བསླེབ་ཐུབ་རྒྱུ་མ་རེད鉋ཟེར་བར། དོན་གྲུབ་
ཀྱིས་སྣུམ་སྒོ་ཆེས་ཆེར་ཕྱེས་ནས་མགྱོགས་ཚད་ཅུང་མཐོ་རུ་བཏང་ཞིང༌།“དོན་དག་ཨེ་འབྱུང་ངམ།鉋ཞེས་དོགས་པས་སྔར་
གྱི་མགྱོགས་ཚད་རྒྱུན་འཁྱོངས་བྱས། འོན་ཀྱང་ཀྲང་ཧྲུའུ་ཅིར་བྲེལ་བ་སྔར་ལས་ལངས་པ་དང་འདྲ་བར། ལུས་པོ་འགུལ་
འགུལ་ཙམ་བྱས་ནས།“ད་རུང་ཇེ་མགྱོགས་སུ་ཐོངས། དོན་དག་འབྱུང་མི་སྲིད།鉋ཅེས་ཡང་བསྐྱར་བཤད་ ཀྱང༌། དོན་
གྲུབ་ཀྱིས་སྔར་བཞིན་བསྐོར།“སྐྲག་དགོས་དོན་ཅི་ཡོད། དོན་དག་མི་འབྱུང་བ་ངས་ཐག་གཅོད་ཐུབ།鉋 ཅེས་ཀྲང་ཧྲུའུ་
ཅིས་བཀའ་ཐེངས་གསུམ་པ་ཕབས་པས། དོན་གྲུབ་ཀྱིས་མགྱོཊ་ཚད་ཇེ་མཐོར་མི་གཏོང་ཀ་མེད་བྱུང་ལ། དེ་ལྟར་ཡངས་
ཤིང་བདེ་བའི་གཞུང་ལམ་སྟེང་དུ་ལེ་དབར་ལྔ་ཙམ་ལ་བསྐྱོད།
འོན་ཀྱང༌། བསམ་ཡུལ་ལས་འདས་པའི་དོན་རྐྱེན་འདི་ལྟ་བུ་ཞིག་བྱུང༌།
གཞུང་ལམ་སྟེང་གི་གཡས་འགྲམ་དུ་བྱིས་པ་འགའ་རྩེད་བཞིན་པ་དེ་རྒྱང་རིང་ནས་མཐོང་ཐུབ་པས། དོན་གྲུབ་ཀྱིས་
ཀྲང་ཧྲུའུ་ཅིར་རླངས་འཁོར་ཇེ་དལ་དུ་གཏོང་དགོས་པར་བཤད་འདོད་ན་ཡང༌། ཚིག་མིད་པར་འོངས་ཀྱང་མཆིལ་མས་
མནན་ནས་བཤད་མ་ཕོད་ཀྱང༌། རྒྱུག་ཚད་ཇེ་དལ་དུ་བཏང་མོད། འོན་ཀྱང་ཀྲང་ཧྲུའུ་ཅིས་བཀའ་བཀྱོན་གནང་འོང་བར་
སྐྲག་ནས་རྒྱུན་ལྡན་གྱི་ཚད་ལས་ད་དུང་མགྱོགས་པར་བྱས་ཡོད།
རླངས་འཁོར་བྱིས་པ་ཚོ་དང་བར་ཐག་འདོམ་པ་བདུན་བརྒྱད་ཙམ་ཡོད་པའི་སར་བསླེབས་སྐབས། བྱིས་པ་ཚོའི་
ཁྲོད་ཀྱི་བྱིས་པ་ཞིག་གློ་བུར་དུ་ལམ་དཀྱིལ་ལ་བྲོས་པས། དོན་གྲུབ་ཀྱིས་དངངས་འཚབ་དང་བཅས་པའི་ངང་ནས་རླངས་
འཁོར་ལམ་གྱི་གཡས་འགྲམ་དུ་བསྐོར་ཅིང་འཁོར་ལོའི་ཁ་བཀག་ན་ཡང༌། རླངས་འཁོར་ས་རློན་སྟེང་ནས་ཤུད་དེ། ལམ་
འགྲམ་གྱི་བྱིས་པ་གཞན་ཞིག་ལ་བརྒྱབ་ཅིང༌། དེ་དུས་རླངས་འཁོར་ཡང་གསིག་རྡེབ་ཅིག་བྱས་ཏེ་ཁ་མ་དེར་བསྡད། སྐབས་
དེར་ཀྲང་ཧྲུའུ་ཅི་ཧོན་ཐོར་ནས་རེ་ཞིག་ལ་སྨྲ་རྒྱུ་ཕར་ཞོག་འགུལ་རྒྱུ་ཡང་མེད་པར་གྱུར། དོན་གྲུབ་ཀྱིས་འཕྲལ་དུ་ཀྲང་ཧྲུའུ་
ཅིར་གཅིག་བལྟས་རྗེས་སྐྲག་མ་དངངས་ཀྱིས་མར་བབས་ཤིང༌། ཁོའི་བྲང་ཁོག་ནང་དུ་འཕར་འཚག་བྱེད་བཞིན་པའི་སྙིང་
ཁམས་སུ་གཟེར་ལངས་པ་དེས། ཡུན་རིང་ལ་སྟིག་སྟིག་གི་སྒྲ་ཆེན་པོ་མཚམས་མེད་དུ་སྒྲོག་གིན་ཡོད་པས། ཁོ་ལ་ཡང་ཤེས་
ཚོར་ཅི་ཡང་མེད་པའི་སྒོ་ནས་སར་བལྟས་ཚེ། ཆག་སྒོ་སྔར་ནས་བྱུང་ཚར། བྱིས་པ་དེ་རླངས་འཁོར་གྱི་མགོ་འོག་ཏུ་ཡོད་
ཅིང༌། མགོ་མཇུག་མེད་པར་ཁྲག་དམར་འཛར་གྱིན་ཡོད་པ་དང༌། མ་མགལ་ཡང་འཆོལ་བར་འདུག་ལ། ལུས་པོ་གཡོན་ཕྱེད་
འཁོར་ལོས་གཅུར་ནས་ཧྲུག་ཧྲུག་ཏུ་བཏང་ཡོད་ཅིང༌། དབུགས་འབྱིན་རྔུབ་ཀྱི་མཚམས་ནི་འཇོག་ལ་ཉེ……
གནམ་སྔོན་པོ། ཆག་སྒོ་འདི་མ་གཞིར་སུ་ཞིག་གིས་བཟོས་པ་ཡིན། རྒྱུ་མཚན་ཅི་ཡིན།
རྒྱབ་ཕྱོགས་ཀྱི་གློག་སྐད་ཡོ་ཆས་ལས་ཅོང་བརྡ་སིལ་ལི་ལི་གྲགས་པ་དེས། དོན་གྲུབ་ཕྱིར་དྲན་གྱི་རྨི་ལམ་ལས་བསླངས།
ཁོས་འགྲམ་པ་སྐྱོར་ཡོད་པའི་གཡོན་ལག་གི་གྲུ་མོ་ཅོག་ཙེར་བཙུགས་ཤིང༌། ལག་གཡས་པས་སྨྱུག་གུ་ཐོགས་པ་མེད་པར་ངོས་
འཇམ་ཤོག་དཀར་སྟེང་དུ་ཁ་ལོ་བསྒྱུར་ཏོ། །