ཉིན་གཅིག་གི་ཆོ་འཕྲུལ།
སྟག་འབུམ་རྒྱལ།
གཅིག
ནམ་གསལ་ལ་ཉེ། གཡང་འབུམ་ཡང་སྡེ་བའི་ནང་གི་བྱིས་པ་རྣམས་དང་འདྲ་བར་མལ་སའི་ནང་གཅེར་བུར་ལངས་ཏེ་ཨ་མའི་སྔས་འོག་ཏུ་
བཞག་པའི་སློག་ཧྲུལ་དེ་དྲད་མ་དྲུད་ཀྱིས་གོ་ཁར་ཡོང་ནས་རྐང་བ་གཉིས་ཀ་གོ་ཁའི་ཐལ་འདབས་ལ་ བསྲིངས་ཤིང་སྒྱིད་ལུག་གིས་ཙོག ཨ་མ་སྔ་མོ་ནས་
ལངས་ཟིན། ཁོས་ལག་རྒྱབ་ཀྱིས་མིག་གཉིས་ཀ་ཕུར་ཕུར་ཙམ་བྱས་ཤིང་ཐབ་ཁེས་ན་ཤུགས་གླུ“ཀི—ཁུ—”གྱེར་བཞིན་པའི་ཟངས་དེམ་ལ་བལྟས་
ནས་སླར་ཡང་གཉིད་ལོས་འགྲོ་སྙམ་པའི་ལྡབ་ལྡིབ་ཀྱི་ཉམས་ཤིག་མངོན་འདུག ཟངས་དེམ་གྱི་ཤུགས་གླུ་དེ་རྒྱུན་ཆད་མེད་པར་གྱེར་འོང༌། ཐབ་ནང་གི་
མེ་ལྕེ་སྔར་བཞིན་ལྷེམ་ལྷེམ་འབར། གཡང་འབུམ་གྱིས་ཐབ་ཁེས་ཀྱི་ཟངས་དེམ་ལ་ཅེར་བཞིན་ཤུགས་གླུརད་ཉན། ད་སོ་མར་ཐབ་ཁེས་ཀྱི་ཟངས་དེམ་དེ་
དུད་དྲེག་མཐུག་པོས་ཁེབས་ཡོད་པ་མཐོང༌། ཨ་མས་ད་བར་དུ་ཟངས་དེམ་འདིའི་ནང་ལ་འོ་ཇ་བསྐོལ་ནས་བླུད་པ་རེད། གཡང་འབུམ་གྱི་ཨ་མས་འབྲི་
རྒན་ཚོ་བཞོས་ཚར་ནས་ལྩི་བ་འཕུད་ཀྱིན་འདུག“ཀི—ཁུ—” ཟངས་དེམ་གྱི་ཤུགས་གླུ་དེར་རྒྱུན་ཆད་མི་འདུག གཡང་འབུམ་ཟངས་དེམ་གྱིས་
ཤུགས་གླུ་གྱེར་བའི་གསང་བ་དེར་ཡ་མཚར་ཞིང་དེ་ལ་ཉན་འདོད་སྐྱེས། ཨ་མ་ཁྱིམ་དུ་འཛུལ་ཞིང་ཡང་ཆུ་སྐྱོགས་གང་ཁྱེར་ནས་ཕྱི་སྒོ་རུ་ལག་པ་བཀྲུས་
ཤིང་ཐོམ་བུ་ཕྱིར་ཆུ་ཟོའི་ནང་དུ་འཇོག་དུས་ཟངས་དེམ་གྱི “ཀི—ཁུ—” ཤུགས་གླུ་དེའང་གྲགས་ རྒྱུ་མེད་པར་གྱུར། ཨ་མས་ཟངས་དེམ་ནང་དུ་
འོ་མ་བླུགས་ནས་ཇའི་ཁ་དོག་དཀར་བོར་བསྒྱུར། གཡང་འབུམ་འོ་ཇ་འཐུང་རྒྱུར་ཧ་ཅང་དགའ། ཕལ་ཆེར་རང་གི་ཨ་ཕ་དང་འདྲ་བས་ཡིན་རྒྱུ་རེད། ཨ་
ཕས་སྔོན་ཆད་པགས་པ་མཉེད་ཞོར་དུ་ཇ་འཐུང་ཚེ་ལན་རེར་ཟངས་དེམ་དོ་གསུམ་རེ་འཐུང་ངེས། གཡང་འབུམ་གྱི་འཐུང་སྤྱད་ཅ་ནེ་ དེ་ཡང་རང་ཉིད་
ཀྱི་ཨ་ཕ་ནས་བརྒྱུད་ཡོང་བ་མ་ཡིན་ནམ། དེ་དུས་གཡང་འབུམ་གྱི་ཨ་ཕ་དགོན་པ་ལ་སོང་ནས་ཨ་ལགས་ཀྱིས་ཁོ་ལ་གནང་བ་ཡིན། གཡང་འབུམ་ཨ་ཕའི་
ཅ་ནེའི་ནང་དུ་འོ་ཇ་འཐུང་རྒྱུར་དགའ། ཡིན་ཡང་ཨ་ཕ་སྔར་ནས་ཚེ་ལས་འདས། ད་ནི་གཡང་འབུམ་ཡང་ལག་ཆགས་པ་རེད། ཕྱི་རོལ་ཏུ་ནམ་གསལ་
གྱིན་འདུག ནམ་གསལ་བ་ནི་སྐད་ཅིག་སྐད་ཅིག་རེད། ནམ་གསལ་ནས་ཕྱི་རོལ་གྱི་ཁོར་ཡུག་ཡོངས་རྫོགས་རིམ་བཞིན་མིག་ལམ་ལ་མངོན། ཇ་བསྐོལ་རྗེས་
ཨ་མས་ཅ་ནེ་ ནང་དུ་འོ་ཇ་བླུགས་ནས་གཡང་འབུམ་ལ་བྱིན། གཡང་འབུམ་གྱིས་ཁ་ཞག་ལག་ ངོར་བསྐུས་ནས་ཕུར་ཕུར་ཙམ་བྱས་རྗེས་ཁ་ངོ་ཡོངས་ལ་
ཕུར། དེ་ནི་ཉིན་གཅིག་ གསར་དུ་བརྗེས་པའི་རྟགས་རེད། ཨ་མས་གཡང་འབུམ་ལ་གོ་རེ་ཧྲིལ་བོ་ཞིག་བྱིན་ཏེ་ཇ་ནང་ལ་བསྒྲེས་ནས་ཟ་རུ་བཅུག གོ་རེ་
ཇའི་ཁ་ཞག་ནང་ལ་བསྒྲེས་ཏེ་ཟོས་ན་ཞིམ། གཡང་འབུམ་རྩམ་པ་ཟ་རྒྱུར་མི་དགའ། ཆུང་དུས་ནས་གོ་རེ་ལ་དགའ་བ་དེ་འབྲོག་པའི་བྱིས་པ་རྣམས་དང་
མི་འདྲ་བའི་ཆ་རེད།
ཨ་མས་ཆུ་ཁུར་ནས་ཕྱིར་ཐོན་དུས་གཡང་འབུམ་གྱིས་ཟ་འཐུང་བྱས་ཚར། ཁོ་ཡར་ལངས་ནས་དོ་རྩའི་ལྷམ་གཉིས་བླངས་ལ་ཐོག་མར་རྐང་བ་
གཡས་པར་གོན་པ་དང་དེ་ནས་རྐང་བ་གཡོན་པར་གོན་ཞིང༌། སླར་ཡང་དོ་འོག་ནས་སློག་པ་ཁ་རས་ཅན་ཞིག་བླངས་ཏེ་སྤྲུགས་ཙམ་བྱས་རྗེས་རྒྱབ་ཏུ་
གོན། དང་ཐོག་ཕུ་ཐུང་གཉིས་ཀ་གོན་ཞིང་དེ་ནས་ཐུ་བ་གཡས་པ་ཕར་བསྣོལ་ཙམ་བྱས་རྗེས་ཐུ་བ་གཡོན་པ་དེའི་སྟེང་དུ་བསྣོལ་བ་དང་བལ་ཐག་ཐུང་ངུ་
ཞིག་སྐེ་རགས་ཀྱི་ཚབ་བྱས་ཏེ་གཡས་དཀྲིས་གཡོན་དཀྲིས་ཀྱིས་དམ་པོར་བཅིངས། ཨ་མས་གོ་རེ་ཕྱེད་ཀ་གཅིག་དང་འོ་ཇ་ཤེལ་དམ་གང་ཁུག་མ་ཞིག་གི་
ནང་དུ་བཅུག་ནས་བྱིས་པ་གཞན་དག་ལ་རྡུང་རེས་བྱེད་མི་ཉན་པའི་ཁ་ཏ་བྱེད་བཞིན་གཡང་འབུམ་གྱི་རིམ་ལ་བཅུག གཡང་འབུམ་ལུག་རའི་ཕྱོགས་སུ་
སོང་ཞིང་སྒོ་གཅོད་ཀྱི་གླང་མ་བསྡམ་པོ་དེ་ཕུ་ཐུང་ལ་ལྩིབས་ཏེ་ཤུགས་བཀོལ་ནས་སྒོའི་གཡོན་འགྲམ་དུ་བསྣུར་དུས་ལུ་གུ་ཞིག་གི་འབའ་སྐད་ཉག་ཕྲ་བ་
ཞིག་གྲགས་འོང་བ། མདང་དགོང་ཡང་ལུ་གུ་ཞིག་བཙས་ཟིན་པ་ཤེས། འོ། མ་མོ་རྒྱ་ཐོ་མ་རེད། གཡང་འབུམ་གྱིས་མ་བུ་ཁ་གཏུག“འབའ་འེ་འེ—”ལུག་
ཁྱུ་ཕྱིར་འཕུད་པ་དང་ལྷན་ལུ་གུས་འབའ་སྐད་མུ་མཐུད་དུ་བསྒྲགས་འོང༌། རྗེས་སུ་ ལུས་པའི་ལུ་གུ་དེ་གཡང་འབུམ་གྱིས་ལག་ལ་བཟུང་ནས་སོང༌།
“འབའ་འེ་འེ—”གཡང་འབུམ་ཆུང་དུས་སུ་ལུ་གུའི་འབའ་སྐད་ལ་ཉན་རྒྱུར་དགའ། གཡང་འབུམ་ནམ་རྒྱུན་ས་ལ་གོག་ནས་ལུ་གུའི་
འབའ་སྐད་ལ་ལད་མོ་བྱེད་པར་དགྱེས། གཡང་འབུམ་གྱི་ཨ་ཕའང་སྔོན་ཆད་ལུག་འཚོ་བར་མཁས་པ་ཞིག་ཡིན། ཁོས་ནངས་སྔ་མོ་ནས་ལུག་ཁྱུ་དེད་དེ་རྩྭ་
སར་སོང་ནས་དགོང་མོ་སྨག་མ་ཆད་བར་དུ་ཕྱིར་ཡུལ་དུ་མི་ལོག“འབའ་འེ་འེ—”ལུ་གུའི་འབའ་སྐད་ནི་ཅི་འདྲའི་ཉམ་ཐག་པ་ལ་ཨང༌།གཡང་
འབུམ་གྱིས་ད་སོ་མར་འཇིག་རྟེན་འདིར་མཇལ་བའི་ཚེ་སྲོག་ཆུང་ངུ་དེ་རང་གི་རྒྱབ་ཏུ་ཁུར་བའི་ཁུག་མའི་ནང་དུ་བཞག་ལ་ལུ་གུའི་འབའ་སྐད་རྒྱུན་མར་
གྲགས་འོང༌། ཉི་མ་ཤར་བྱུང༌། སྐྱ་ཐིང་བའི་དགུན་ཁའི་རྩྭ་ཐང་སྟེང་དུ་ཉི་རྩེ་ཕོག་ཚེ་གསེར་ཆུས་བྱུག་པ་ལྟར་ཧ་ཅང་སེར་མདོག་ལྡན་པ་ཞིག་རེད།དབྱར་
ཁ་ནི་འདི་ལྟར་མིན་པར་ལྗང་མདོག་འཛིན་ངེས་པ་ཡང་གཡང་འབུམ་གྱིས་ཤེས་ངེས་རེད། གལ་ཏེ་འཇིག་རྟེན་འདིར་དབྱར་ཁ་མེད་ན་དགུན་ཁ་ ནི་ཇི་
འདྲའི་སྐྱོ་ཨང༌།ཁོ་དང་ལུག་ཁྱུ་རུ་འདབས་སུ་བུད་པ་ན་ཁ་སྒང་ཞིག་ཡོད། གཡང་འབུམ་ས་འདི་གར་རྒྱུས་ཧ་ཅང་ཆེ། ས་ལ་གཤོང་ཁུག་དང་ཁ་སྒང་མེད་
ན་ རྡོ་ལེབ་ཅིག་དང་འདྲ་བར་དོན་སྙིང་ཆེན་པོ་མེད་པར་སེམས། ཁོ་རང་ཕ་རོལ་གྱི་ ལུག་ཁྱུའི་རྗེས་སུ་འགྲེང་ནས་བསྡད། ཁ་སྒང་དེར་བུད་མ་ཐག་
གཡང་འབུམ་ གྱིས་ལུག་ཁྱུ་གང་ལ་འདེད་པར་་བསམ་བློ་བཏང༌། གཡང་མཚོའི་ལུག་གང་ལ་ སོང་ཡོད་དམ། གཡང་འབུམ་གྱིས་བསམ་བློ་བཏང་ནས་
ཡུད་ཙམ་བསྡད། ཁོ་རང་གཡང་མཚོ་ལ་ཧ་ཅང་དགའ།གཡང་མཚོ་ཡང་འབུམ་ལ་དགའ་ཞིང༌། ཁོ་གཉིས་ཀ་ཕན་ཚུན་དགའ་བ་དེ་ཡང་དྲན་ཤིང་ཞིག་
ཡིན་ངེས་རེད། རྒྱུ་མཚན་ནི་གཡང་ འབུམ་གྱིས་ཁོ་མོ་ལེན་མི་ཐུབ། དེ་རིང་ཁོ་མོས་ལུག་ལ་ཆུ་ལྡུད་རེས་ཡིན་པས་ཐུག་མི་ཐུབ། གཡང་འབུམ་གྱིས་ལུག་
ཁྱུའི་རྗེས་སྙེག་བཞིན་སོང༌།“འབའ་འེ་འེ—”རྒྱབ་ཀྱི་ཁུག་མའི་ནང་ནས་ལུ་གུའི་འབའ་སྐད་མུ་མཐུད་དུ་གྲགས་འོང༌། གཡང་འབུམ་དང་ལུ་གུའི་
འབའ་སྐད་གཉིས་གྲོགས་པོ་ཡིན། ལུ་གུའི་འབའ་སྐད་ནི་ཚེ་སྲོག་ཅིག་འཚར་ལོངས་ཡོང་བ་འི་སྤྲོ་སྣང་རེད། གཡང་འབུམ་འཚར་ལོངས་ཡོང་བ་རྣམས་ལ་
སྤྲོ་སྣང་དེ་འདྲ་མི་སྐྱེས། འཚར་ལོངས་ཅི་ཙམ་ཡོད་ན་དེ་ཙམ་གྱིས་རྒས་ངེས་རེད། ཅི་ཙམ་རྒས་ན་དེ་ཙམ་གྱིས་འཆི་བ་ལ་ཐག་ཇེ་ཉེ་རེད།ཤི་བར་གྱུར་ཚེ་
དམྱལ་བར་འགྲོ་བ་རེད། བྱང་ཆུབ་སེམས་དཔའ་མིན་ན་དག་ཞིང་དུ་འགྲོ་མི་ཐུབ། འདི་དག་ཨ་ཕ་ལ་དགོན་པའི་ཨ་ལགས་ཀྱིས་གསུངས་པ་ཡིན་ཚུལ་
གཡང་འབུམ་གྱི་ཨ་མས་གཡང་འབུམ་ལ་བཤད། གཡང་འབུམ་ཡང་དེ་ལ་ཡིད་ཆེས་སྐྱེས་ཡོད། ཡང་ཞིབ་འདང་རེ་བརྒྱབ་ཚེ་ཚེ་སྲོག་ཐམས་ཅད་ལ་འཚར་
ལོངས་བྱུང་རྒྱུ་མེད་ན་ སྐྱེས་མ་ཐག་པའི་ལུ་གུ་འདི་དག་ཡང་ཆར་རླུང་ཅུང་ཙམ་གཡུག་པས་འཆི་ལམ་དུ་བསྐྱལ་ངེས་རེད། “འབའ་འེ་འེ—”ལུ་
གུའི་འབའ་སྐད་ཀྱིས་གཡང་འབུམ་གྱི་རྣ་བ་ཁེངས་འོང༌། “འབའ་འེ་འེ—”ལུ་གུའི་འབའ་སྐད་འདིའང་འཚར་ལོངས་འབྱུང་བཞིན་ཡོད་རྒྱུ་རེད།
འཚར་ལོངས་འབྱུང་རྒྱུ་ཡོད་པས་གཡང་མཚོ་དང་གཡང་འབུམ་གཉིས་ཀར་ལང་ཚོའི་གཟི་དཔལ་རྒྱས། འོན་ཀྱང་གཡང་འབུམ་གྱིས་ཁོ་མོ་ལེན་མི་ནུས།
ཡིན་ཡང་རྩྭ་ཐང་འདིར་མཚོན་ན་འདི་ལྟ་བུའི་ལས་དབང་ལ་གཡང་འབུམ་གཅིག་པུ་འཕྲད་པ་ག་ལ་ཡིན།
གཉིས།
གཡང་འབུམ་ཁ་སྒང་དེ་ནས་ལུག་ཁྱུའི་རྗེས་སུ་བསྙེགས་ནས་སོང་ཞིང་ལུག་ཁྱུ་དལ་གྱིས་ཡར་ཕྱོགས་ཀྱི་རི་ངོས་ལ་དེད། རི་ངོས་ལ་ཐག་མི་རིང༌།
ཕྱུགས་རྫི་འགས་ཀྱང་ནམ་རྒྱུན་ལུག་དེད་ནས་རི་ངོས་དེར་ཡོང་བ་རེད། གཡང་འབུམ་དེ་ཚོ་ལས་སྔ་བས་རྩྭ་བཟང་ཆུ་བཟང་གི་ལུང་ཁུག་རེ་རེར་སྔོན་ལ་
ཐོན་ངེས་རེད། ཁོ་ཚོས་སུ་སྔ་མོར་ཐོན་པ་འགྲན་ནས་རྩྭ་ཡོད་ས་བདག་བཟུང་བྱེད་པ་དཔེ་ཡིན། གཡང་འབུམ་གྱིས་ལུག་དལ་མོར་བསྐོར་ནས་འགྲོ
དཔྱིད་ཀའི་ལུག་ཁྱུའི་ཤ་ཤེད་ཞན་པས་མྱུར་མོར་འདེད་ག་ལ་རུང༌། ལུག་དལ་མོར་འདེད་པ་ནི་ལུག་རྫི་བཟང་བོའི་དཔེ་ཡིན། གཙོ་བོ་ནི་ནངས་མོ་སྔ་
དགོས། གཡང་འབུམ་ཆུང་ཆུང་ཡིན་དུས་བསམ་མ་ཤེས་པར་ལུག་ཁྱུ་ཕྱོགས་གཅིག་ཏུ་བསྡུས་ཏེ་མྱུར་མོར་རྩྭ་སར་དེད། ཨ་ཕས་ལུག་ཁྱུ་དལ་མོར་བསྐོར་
དགོས་པ་སོགས་ཀྱི་སློབ་གསོ་བཏང༌། གཡང་འབུམ་གྱིས་དེ་ནས་བཟུང་ནངས་སྔ་མོ་ནས་ལུག་ཁྱུ་བསྐོར་བ་ཡིན། ཉི་མ་རི་རྩེ་ནས་ལུང་ཤུར་དུ་ཕོག་དུས་
གཡང་འབུམ་གྱིས་ལུག་ཁྱུ་དལ་མོར་དེད་ནས་ལུང་བའི་སྲིབ་ངོས་ལ་ཐོན། སྲིབ་ངོས་དེར་རྩྭ་བཟང་བས་གཡང་འབུམ་སྔོན་ལ་ཐོན། ཉི་མ་ཤར་དུས་ཀྱི་རི་
ཁུག་ཏུ་ཞོགས་རླུང་ཧ་ཅང་གྲང་བ་རེད། ཅི་ཙམ་གྲང་བ་རང་གིས་ཀྱང་སྨྲ་མི་ཤེས། ཞོགས་རླུང་གྲང་ཟུག་ཅན་དེ་ཅུང་ཙམ་མི་འགོར་བར་རང་ཡལ་དུ་
སོང༌། “འབའ་འེ་འེ—”གཡང་འབུམ་གྱིས་ལུ་གུ་ཕྱིང་ཁུག་ལས་བླངས་ནས་མ་མོའི་མདུན་དུ་བཞག “འབའ་འེ་འེ—”མ་མོ་རྒྱ་གོར་མ་རྒྱུག་
ཡོང་ནས་ལུ་གུར་ བསྐོར་བ་བྱེད་བཞིན་འབའ་སྐད་འདོན། ཞོགས་རླུང་འཁྱག་པས་ལུ་གུ་འདར་ སིག་སིག་བྱས་ཏེ་གོམ་པའང་འཁྱར་འཁྱོར་དུ་གྱུར། ལུ་
གུ་རློན་པ་ཡིན་པས་ཧ་ཅང་གྲང་བཞིན་འདུག ཅུང་ཙམ་ནས་ཞོགས་རླུང་གྲང་མོར་དེ་ནམ་རྒྱུན་ལྟར་རིམ་བཞིན་ཡལ། ཞོགས་རླུང་ཡལ་བ་དེས་གཡང་
འབུམ་ལ་དགའ་སྣང་ཅུང་ཙམ་བསྐྱེད། ཁོས་དེ་ནི་གནམ་རྒན་མས་ལུ་གུ་ཆུང་ངུ་འདིའི་ཚེ་སྲོག་སྐྱོབ་ཆེད་དམིགས་པར་ བསམ་གྱིན་ཡོད། གཡང་འབུམ་
རྩྭ་སར་ཐོན་པ་ཆེས་སྔོན་མ་རེད། དེ་རིང་ཡང་རྒྱལ་ཁ་ཁོ་ལ་དབང༌། གཡང་འབུམ་རི་སྟེང་དུ་འགོས། རི་སྟེང་དུ་འགོས་ཏེ་ཕྱིར་བལྟས་ན་ངོ་མ་དོན་སྙིང་
འདུག ལུང་མདོ་འདིར་ནོར་མང་བོ་ཞག་ཉལ་བྱེད་པ་ཡིན་པས་ཨོང་བ་ཧ་ཅང་མང༌། ཨོང་བ་འཐུ་མཁན་གྱི་སྐྱེས་མ་རྣམས་རིམ་བཞིན་ལུང་མདོ་ལ་
འདུ་བཞིན་འདུག གཡང་འབུམ་དལ་གྱིས་རི་ངོས་དེར་བསྡད་ནས་མར་བལྟས་པ་ན་ཨོང་བ་འཐུ་མཁན་གྱི་སྐྱེས་མ་རྣམས་ཀྱང་རེ་རེ་བཞིན་ངོས་འཛིན་
བྱེད་ཐུབ། གལ་ཏེ་གཡང་མཚོ་གནས་ལ་སོང་མེད་པ་ཡིན་ན་ཁོ་མོ་ཡང་ཨོང་འཐུ་མ་འདི་དག་གི་གྲས་སུ་ཡོད་ངེས། གཡང་འབུམ་གྱི་སེམས་ལ་འགྱོད་པ་
སྐྱེས་ཀྱང་ཐབས་མེད། གཡང་མཚོ་གནས་ཡུལ་དེ་ནས་ཕྱིར་ལོག་མི་སྲིད། ཁོ་མོ་ནི་རྒྱུ་བྱིན་ཆུང་མ་རེད། གཡང་འབུམ་གྱི་རེ་སྒུག་ཐམས་ཅད་གླེན་རྟགས་
ཙམ་ལས་མ་འདས། ཨོང་བ་འཐུ་མཁན་གྱི་སྐྱེས་མ་དེ་རྣམས་ལ་བལྟས་ནས་མཛུབ་མ་མོ་རེ་རེ་བཞིན་མནན་ཏེ་རང་ཉིད་སྐྱེས་མ་གང་དག་ལ་ལྷན་ཉལ་
བྱེད་མྱོང་བ་བརྩིས་ནས་ཁོང་དགོད་ཅིག་བྱས། ཨོང་བ་འཐུ་མཁན་གྱི་སྐྱེས་མ་རྣམས་ཕར་ཚུར་འགྲོ་འོང་བྱེད་པ་མཚམས་མི་ཆད། སྒྱེ་མོ་སྟོང་བར་མཆན་
དུ་བཙུར་མཁན་རྣམས་ཤར་རེར་གཡང་འབུམ་གྱི་ཕྱོགས་སུ་ཚུར་འོང་ལ། སྒྱེ་མོའི་ཁ་བཀང་ནས་རྒྱབ་ཏུ་འཁུར་མཁན་རྣམས་སྐེད་པ་སྒུར་སྒུར་གྱིས་
གཡང་འབུམ་ལ་འཕོངས་བསྟན་ནས་ཕར་ཕྱོགས་སུ་འགྲོ གཡང་འབུམ་གྱི་ཆུང་མས་ཀྱང་སྒྱེ་མོ་མཆན་དུ་བཙུར་ནས་ཨོང་བ་འཐུ་རུ་མ་སོང་ ན་ཅི་ལ་
འགྲིག ཨོང་བ་འཐུ་རྒྱུ། འོ་མ་བཞོ་བ་སོགས་བུད་མེད་རྣམས་ཀྱི་ལས་ཀ་ རེད། སྐྱེས་པ་རྣམས་ཀྱིས་བུད་མེད་ཚོའི་ལས་ཀ་ལས་ན་མི་འོས་པ་གཡང་འབུམ་
གྱིས་ཤེས་ངེས་རེད། དེ་ནི་ཚུལ་མཐུན་ཞིག་མིན་པས་གཞན་གྱིས་སྙིང་འཕྱས་གཏོང་བའང་ཁག་མི་འདུག་སྙམ། ཁོའི་བསམ་ཚུལ་ལ་རང་ཉིད་ཀྱི་ཟ་འཐུང་
ཆེད་དུ་རང་གི་ལག་པ་འགུལ་དགོས་པ་ནི་གནས་ལུགས་དང་མཐུན་པ་ཞིག་རེད་སྙམ། གཡང་འབུམ་གྱི་ཆུང་མས་ཀྱང་སྡེ་བའི་བུད་མེད་རྣམས་དང་
འགྲོགས་ནས་ཨོང་བ་འཐུ། ཨོང་བ་བཏུས་ཏེ་སྒྱེ་མོའི་ཁ་གང་འཕྲལ་ཁུར་ནས་ཡུལ་ལ་སོང་ཞིང་ཨ་མ་དང་མཉམ་དུ་ཟ་འཐུང་བསྐོལ་རྗེས་དགོང་མོ་
གཡང་འབུམ་ཕྱིར་ལོག་ཡོང་བར་བསྒུག་ངེས་ཡིན།“འབའ་འེ་འེ—”ལུ་གུའི་འབའ་སྐད་ཉག་ཕྲ་བ་དེ་ལུག་ཁྱུར་ཁྱབ་འདུག གཡང་འབུམ་གྱིས་ལུ་
གུ་མ་མོ་དང་ཁ་བཀར་ཡོད་མེད་ལ་བལྟས། ཡར་ལངས་ནས་ལྟ་ཙམ་བྱས་རྗེས་སླར་ཡང་རི་ངོས་དེར་ཙོག་པུར་བསྡད། ལུག་རྫི་བྱིས་པ་འགའ་ཡང་གཡང་
འབུམ་གྱི་གམ་དུ་ཡོང་ནས་རིག་པ་སུ་བཟང་གིས་མིག་མངས་རྩེད་བཞིན་འགྲན་བསྡུར་བྱེད། བྱིས་པ་ཚོས་ངོས་སྙོམས་པའི་རྡོ་ལེབ་གཅིག་ཁྱེར་ཡོང་ནས་
རྡེའུ་ཞིག་གིས་ཕར་དྲུད་ཚུར་དྲུད་བྱས་ཏེ་རི་མོ་ཕབ། གཡང་འབུམ་ལོ་ཆུང་དུས་མིག་མངས་རྩེ་རྒྱུར་ཧ་ཅང་དགའ། རྒད་པོ་རྣམས་ལ་ལྟ་རུ་བཅུག་ནས་
རང་གི་རིག་པ་ངོམ་ཅི་ཐུབ་བྱེད། ཡིན་ཡང་ད་ལྟ་ངོ་མ་རྩེད་མོར་གཡེང་ཁོམ་མེད། ཁོས་རུམ་ནས་ཚ་རུ་ཞིག་བླངས་ནས་ལག་ཕུར་བྱེད་བཞིན་བྱིས་པ་ཚོ་
མིག་མངས་རྩེ་བར་བལྟས། གཡང་འབུམ་ལ་ལག་ཤུགས་ཆེ་བས་ཚ་རུ་གཅིག་མཉེད་པར་ལག་ཕུར་འགའ་བྱས་པས་ཆོག ཚ་རུ་ནི་འཕྱོར་ལྭ་བཟོ་སྤྱད་
ཡིན། ལོ་ལོན་རྣམས་ལ་རྒྱུན་ལྭ་བཟོས་ན་ཡང་མོ་དང་དྲོན་པོ་གཉིས་ཀ་ཡིན་པས་ཤིན་ཏུ་ལེགས། གཡང་འབུམ་གྱི་ཨ་མས་འཇིག་རྟེན་འདི་ནས་ཚར་ལྭ་
ཞིག་གོན་མ་ཐུབ་པར་ཚེ་ལས་འདས་སོང༌། ཁོ་མོས་གཡང་འབུམ་ལ་ཚར་ལྭ་གཅིག་དང་གཡང་འབུམ་གྱི་ཆུང་མ་ལ་ཤོམ་ལྭ་གཉིས་བཟོས་ཡོད། ཡིན་ཡང་
རང་ཉིད་ལ་སློག་པ་སོ་མ་ཞིག་ཀྱང་མ་བཟོས་པར་འཇིག་རྟེནའདི་དང་བྲལ། གཡང་འབུམ་གྱི་སེམས་ན་འགྱོད་པ་སྐྱེས་ཀྱིན་ཡོད། རང་ཉིད་ཀྱི་ཨ་མ་ནི་
འཇིག་རྟེན་གྱི་ཨ་མ་གཞན་དག་དང་བསྡུར་ཐབས་མེད་པ་ཞིག་ཡིན་པ་ད་གཟོད་རྟོགས་བྱུང༌། “འབའ་འེ་འེ—”ལུ་གུའི་འབའ་སྐད་དེ་གྲགས་
འོང༌། ལུག་ཁྱུ་ནི་ལུ་གུའི་འབའ་སྐད་ཀྱིས་ཁྱབ་པ་ཡིན་པས་ཡ་མཚར་དོན་ མེད། ཁོས་ཚ་རུ་མཉེད་་ཚར་འཕྲལ་ཡང་བསྐྱར་ཡར་ལངས་ནས་ལུག་ཁྱུར་
བལྟས་པ་ན། ལུག་འགའ་རེ་གཡོན་ཕྱོགས་ཀྱི་ནགས་ངོས་ལ་འཛུལ་ཟིན་པ་མཐོང༌། གཡང་འབུམ་གྱི་སེམས་ལ་ཙག་ཤད་ཅིག་བརྒྱུགས། ལུག་ནགས་
གསེབ་ཏུ་འཛུལ་ན་བལ་ནགས་མགོར་གཟེད་དེ་རང་ཡལ་དུ་འགྲོ་ངེས། གཡང་འབུམ་གྱིས་ཀི་རྒྱངས་འདེབས་ཞོར་དུ་ནགས་གསེབ་ལ་ཕར་བརྒྱུགས།
ནགས་ལམ་མེད་སར་མིའང་འགྲོ་མི་བདེ། གླང་མ་སྐམ་པོ་རྭ་ལྟར་གཟེངས་པས་ལུག་བལ་ལ་གནོད་འཚེ་ཅིར་མི་གཏོང༌། གཡང་འབུམ་གྱི་སེམས་ལ་
འབྲོག་པ་རྣམས་ཀྱི་འཚོ་རྟེན་ནི་བལ་དང་ཀོ་པགས་ལས་གཞན་ཅི། བལ་མེད་ན་འཚོ་རྟེན་ཅི་ཞིག་བྱེད། འཚོ་ཐུབ་བམ། ནམ་རྒྱུན་དེ་ལྟར་སྙམ་ནས་
གཡང་འབུམ་གྱི་སྙིང་ལ་ཙག་ཤད་བརྒྱུགས། དེ་ལྟར་སེམས་ཁྲལ་བྱས་པས་དཔྲལ་བ་དང་མིག་ཟུར་དུ་རྟ་རྔའི་ཉག་མ་ལྟ་བུའི་གཉེར་ཤུར་ཞིག་ གསང་
ཤུགས་ཀྱིས་མངོན། གཡང་འབུམ་བརྒྱགས་ནས་ནགས་ལམ་གྱི་ཕར་སྣེར་ ཐོན་ཞིང་ཀི་འདེབས་ཞོར་ལུག་དེ་དག་ནགས་ནས་ཕབ་རྗེས་གཞི་ནས་སེམས་
ལྷོད་དུ་བབས།
གསུམ།
ཁོས་ལུག་ཁྱུ་རིའི་གདོང་ཟུར་ལ་བསྐོར་ཏེ་ཉིན་ཁ་ཞིག་ཏུ་ཙོག་པུར་བསྡད་ལ་ལག་པ་གཉིས་ཀ་རུམ་ལག་བྱས་ཏེ་རྒྱང་རིང་ཕྱོགས་སུ་ལྟད་མོར་
བལྟས། མཐོ་སར་བུད་ན་དམའ་ས་མཐོང་ཐུབ་པ་ཆོས་ཉིད་རེད། འཇིག་རྟེན་འདིར་གཡོ་འགུལ་ཅི་ཡང་མི་འདུག གཡང་འབུམ་གྱི་སེམས་ལ་རང་ཉིད་
གནས་པའི་འཇིག་རྟེན་འདི་དབྱིབས་ཟླུམ་པོ་བྱ་སྒོང་འདྲ་བ་ཞིག་ཡིན་ཞིང་དེ་ཉིན་མཚན་མེད་པར་འཁོར་ལོ་ལྟར་འཁོར་གྱིན་ཡོད་ཟེར་བ་དྲན་ནས་
རང་དབང་མེད་པར་ཁོང་དགོད་ཅིག་བྱས། གང་ལྟར་ཡང་འཇིག་རྟེན་འདིར་མི་རྣམས་ལ་མགོན་སྐྱབས་བྱེད་པའི་གཟུགས་མེད་ཀྱི་དབང་བསྒྱུར་མཁན་
ཞིག་ཡོད་པར་ཁོས་ཡིད་ཆེས་བྱེད། གཡང་འབུམ་གྱིས་གཞན་ལ་ལས་རྒྱུ་འབྲས་གསལ་བཤད་བྱེད་དུས་ཀྱང་གཞན་གྱིས་རང་ཉིད་ལ་གསལ་བཤད་བྱས་
པའི་ནས་བཏབ་ན་ནས་སྐྱེ་པའི་དཔེར་བརྗོད་འཇོག གཡང་འབུམ་གྱི་ངོ་མདོག་དེ་འཕྲལ་ནག་པོར་གྱུར་སོང༌། རང་ཉིད་ལ་བུ་གཅིག་མ་གཏོགས་མེད་
དོན་ཅི། གཡང་འབུམ་གྱི་སེམས་ན་དོགས་པ་མང༌། རེ་ཞིག་ཡུལ་གྱི་ཇ་ནག་ཚར་སོང་བ་ཡང་ཡིད་ལ་དྲན། གཡང་འབུམ་བཟའ་མི་གཉིས་ཀ་ཇ་ལ་ཧ་ཅང་
དགའ། ཟ་མ་ཟོས་ཚར་རྗེས་ཇ་རྐྱང་ཞིག་འཐུང་ན་རན་ཞིང་འཚམ། ཇ་མེད་ན་གཡང་འབུམ་འདུག་མི་བཟོད། ཇ་ཞིག་ཇི་ལྟར་ཉོ་བར་འགྲོ གཡང་འབུམ་
གྱི་ཡུལ་ན་ད་ནི་ཇ་ཉོ་སྤྱད་ཀྱང་མེད། དབྱར་ཁ་ཡིན་ན་ལུག་བལ་ཉུང་ངུ་ཞིག་གི་བྲེག་ནས་དེ་འཕྲལ་ཇ་ཉོ་རུ་བརྒྱུག་ངེས། གཡང་འབུམ་གྱི་སེམས་ལ་སླར་
ཡང་ལུག་བལ་མེད་ན་འབྲོག་པ་རྣམས་འཚོ་མི་ཐུབ་སྙམ། ད་ལོ་ལུག་བལ་བཙོངས་པའི་སྒོར་མོ་རྣམས་ཚར་སོང༌། འབྲུ་སྣུམ་ཀུང་ཟི་ནས་ཟ་མ་ཉོས་པར་
སྒོར་བདུན་བརྒྱ། དགོན་པའི་འདུ་ཁང་བཞེངས་པར་སྒོར་ཉིས་བརྒྱ། རྩྭ་རིན་ཆུ་ཁྲལ་ལ་སྒོར་སུམ་བརྒྱ… … ཚང་མ་བྱིན་ཚར། གཡང་འབུམ་གྱིས་
སྒོར་མོར་སུན་སྣང་བྱེད། སྒོར་མོ་ཅི་ཙམ་མང་ན་དེ་ཙམ་གྱིས་ཚར་འགྲོ ཁོས་སྒོར་མོར་དགའ་ཞེན་ཡང་བྱེད། དེ་ནི་སྒོར་མོས་ཕྱིན་ཆད་བུ་ལ་མནའ་མ་
ཞིག་ལེན་ཐུབ་པས་རེད། མནའ་མ་ལེན་ན་སྒོར་མོ་དགོས། སྒོར་མོ་དགོས་ན་ལུག་ལ་འཚོ་སྐྱོང་ལེགས་པོ་བྱེད་དགོས་ངེས་རེད། གཡང་འབུམ་ལུག་རྫི་
བཟང་བོ་ཞིག་ཡིན་པ་སུ་ཡིས་བསྙོན། ཁོ་རི་ངོས་སུ་ཉི་མར་ལྡེ་བཞིན་ཡོད་དུས་ལུག་རྫི་བྱིས་པ་འགའ་ཡང་གམ་དུ་ཡོང་ནས་ནམ་རྒྱུན་ལྟར་ཁོ་ལ་གནའ་
གཏམ་བཤད་དུ་བཅུག བྱིས་པ་དེ་དག་གཡང་འབུམ་གྱི་གནའ་བཤད་ལ་ཉན་སྤྲོ་ཆེ། གནའ་གཏམ་དེ་དག་ནི་ཕལ་ཆེར་འཆར་ཡན་རིང་ལུགས་ཀྱི་གྲས་
སུ་གཏོགས་པ་ འདྲ། བྱིས་པ་ཚོས་མིག་བརྡེ་ཙམ་ཡང་མི་བྱེད། ངང་ཚུལ་དེས་གཡང་འབུམ་ལ་ང་རྒྱལ་དང་སྤྲོ་སྣང་ཞིག་བྱིན་འོངས། ཁོས་གནའ་གཏམ་
བཤད་ཚར་རྗེས་བྱིས་པ་ཚོར་ས་གང་དུ་རྩྭ་ཡོད་ཚུལ་དྲིས་པ་ལ་བྱིས་པ་ཚོས་དྲང་མོར་བཤད། རང་ཉིད་ཀྱིས་མ་མཐོང་སའི་རྩྭ་ཡོད་ས་ཞིག་ཐོས་ཚེ་ཕྱི་ཉིན་
ལུག་ཁྱུ་ས་དེར་འདེད་དགོས་སེམས། འོན་ཀྱང་བྱིས་པ་ཚོའི་མདུན་དུ་ཅི་མི་སྙམ་པའི་ཚུལ་གྱིས་དེར་ཁོ་རང་སོང་མྱོང་ ཚུལ་དང་རྩྭ་མེད་ཚུལ། ས་དེའི་རྩྭ་
ཡི་རྒྱུ་སྤུས་མི་ལེགས་ཚུལ་སོགས་ཀྱིས་སྐུར་ འདེབས་བྱེད། གཡང་འབུམ་ལོ་ལོན་གྱིན་འདི་ལྟ་བུ་ཞིག་ཏུ་གྱུར།
གཡང་འབུམ་བྱིས་པ་རྣམས་དང་གྱེས་ནས་ལག་ནང་གི་ཕྲེང་བ་ཉུག་ཙམ་ཉུག་ཙམ་གྱིས་མ་ཎིའདོན་བཞིན་ལུག་ཁྱུའི་གམ་དུ་སོང༌། གཡང་
འབུམ་གྱིས་ཨ་མ་ཤི་རྗེས་དགེ་བསྔོ་བའི་མ་ཎི་དུང་ཕྱུར་གཅིག་ཁས་བླངས་ཡོད། “འབའ་འེ་ འེ—”གློ་བུར་དུ་ལུ་གུའི་འབའ་རྒྱངས་ཞིག་གྲགས་
བྱུང༌། གཡང་འབུམ་ཧད་སེ་བཏང་ནས་ལྟ་དུས་ལུ་གུ་ཞི་བྱ་གླག་གི་སྡེར་མོའི་བར་དུ་བཙིར་ནས་འཕུར་འགྲོ་བ་མཐོང༌། “ཀི—”གཡང་འབུམ་
གྱིས་ཀི་བཏབ་ཀྱང་སྐད་ལ་ཤུགས་མི་འདུག ཁོའི་སེམས་དངངས་སྐྲག་གིས་ཁེངས། བྱ་གླག་གིས་ཕལ་ཆེར་མཐོ་ཚད་རྨིད་སྟོང་ཕྲག་ཡོད་པའི་བར་སྣང་
ནས་ལྡིང་འཁོར་ཞིག་བརྒྱབ་ལ་སྡེར་མོའི་བར་གྱི་ལུ་གུ་དེ་སར་འཕངས། གཡང་འབུམ་ཡམ་ཡོམ་གྱིས་ས་དེར་བརྒྱུགས་ཚེ་དབུགས་སྟོད་་དུ་འཚངས། ཁོ་
རྒྱུག་མ་འདུར་གྱིས་རྣམ་ཤེས་འཕོས་ཚར་བའི་ལུ་གུའི་གམ་དུ་ཐོན་པ་ན། དེ་ད་ནངས་ཀྱི་མ་མོ་རྒྱ་ཐོ་མའི་ལུ་གུ་ཡིན་པ་ཤེས། མ་མོས་འབའ་སྐད་འདོན་
བཞིན་ལུག་ཁྱུ་ནས་ཡར་རྒྱུག་མར་རྒྱུག་བྱས། དེ་ནི་ཨ་མས་བུ་ཕྲུག་མ་མཐོང་བའི་བྲེལ་འཚུབ་ཀྱི་སེམས་པ་ཡིན་པ་ཅི་ལ་མི་ཤེས། གཡང་འབུམ་གྱིས་གློ་
བུར་བའི་ངུ་རྒྱངས་ཤིག་བྱེད་པར་ཐེ་ཚོམ་མི་འདུག ཁོས་ལུ་གུ་ཆུང་ངུའི་བེམ་པོ་དེ་ལག་ཏུ་བཟུང་ནས་དཔྲལ་བཞི་གཉེར་མ་སྡུད་བཞིན་ཞིབ་ལྟ་བྱས།
གཡང་འབུམ་གྱི་ལག་པ་འདར་གྱིན་ལུ་གུའི་བེམ་པོ་དེ་སླར་ཡང་ཁུག་མའི་ནང་དུ་བཞག་ནས་རྒྱབ་ཏུ་ཁུར། “འབའ་འོ་འོ—”མ་མོ་རྒྱ་ཐོ་མའི་
འབའ་སྐད་རེད……
གཡང་འབུམ་གྱིས་སེམས་ཕམ་བཞིན་རི་ངོས་ཀྱི་ལུག་ཁྱུ་མར་ཕབ།
བཞི
ནར་སོན་པའི་ལུ་གུ་འགའ་ཞིག་ལྷན་དུ་འཚོགས་ནས་རིའི་གདོང་ཟུར་དུ་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ་བང་རྩལ་འགྲན་ཞིང་ལུག་ཁྱུའི་ཟུར་ཞིག་
མར་ལ་དཀྲོགས། ནར་སོན་མ་ཐག་པའི་ལུ་གུ་རྣམས་ནི་ཧ་ཅང་སྙིང་རྗེ་བོ་འདུག ཁོ་ཚོ་ཕན་ཚུན་འཕྲད་ཚེ་ལུག་ཆེ་བ་རྣམས་དང་འདྲ་བར་མགོ་ཐུག་
གཏད་ནས་རྩེད་མོ་བྱེད། ལུ་གུ་རྣམས་ནར་སོན་ཀྱང་ད་དུང་གསོན་ཐག་མི་ཆོད། དཔྱིད་ཀར་ཐོན་དུས་ལུག་ཆེ་ཆུང་མང་བོར་དཀའ་ངལ་ཆེ། གཡང་
འབུམ་གྱི་སེམས་ལ་ལུ་གུ་གསོན་པར་དཀའ་བའི་འགག་འཕྲང་གཉིས་ཡོད་སྙམ། གཅིག་ནི་ལུ་གུ་བཙས་མ་ཐག་པ་ཡིན། བཙས་མ་ཐག་པའི་ལུ་གུ་འཆི་
བ་མང༌། གཞན་ཞིག་ནི་ལུ་གུ་ནར་སོན་རྗེས་ཀྱི་དཔྱིད་ཀའི་དུས་རེད། དཔྱིད་ཀའི་དུས་སུ་རྩྭ་ཆད་པ་དང་ཁངས་རླུང་མང་བས་ལུག་ཆེ་ཆུང་མང་བོར་
དཀའ་ངལ་ཆེ། གཡང་འབུམ་གྱིས་ལུ་གུ་ཚོའི་དོན་དུ་སེམས་ཁུར་བྱེད་བཞིན་དཔྱིད་ཀ་ལ་སྡང་སེམས་སྐྱེས་འོང༌། ཉི་མའང་འདར་སིག་སིག་ནུབ་རིའི་
རྩེ་མོར་སྙེག་བཞིན་འདུག ཁོས་ད་ནི་ལུག་ཁྱུ་མར་ཕབ་རན་ཡིན་པ་རྟོགས། ནུབ་ཁའི་ཉི་འོད་ཀྱིས་རི་ལུང་ཐམས་ཅད་སེར་བོར་བསྒྱུར་ཅིང་དགུན་མཇུག་
གི་ནམ་ཟླ་ལ་དྲོད་ཁོལ་ཅུང་ཙམ་བྱིན། གཡང་འབུམ་གྱིས་རི་ངོས་ལས་ལུག་མར་ཕབ་སྟེ་རི་ཁུགས་དེར་ཡོང་ནས་ཉིན་རྒྱུན་ལྟར་སྐེ་རགས་བཤིག་སྟེ་ཡར་
ལྟ་མར་ལྟ་འགའ་བྱས་མཐར་ལྷབ་སེ་སར་ཙོག་ནས་ཕྱི་ས་དོར། “འབའ་འོ་འོ—”ལུག་ཁྱུས་དལ་ མོའི་ངང་ཡུལ་ཕྱོགས་སྙེག མ་མོ་མང་བོས་འབའ་
སྒྲ་འདོན་བཞིན་ལུག་ཁྱུའི་རྗེས་ཕྱོགས་ནས་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ་རང་རང་གི་ལུ་གུ་ཁྲིད་ནས་འགྲོ གཡང་འབུམ་གྱིས་ལུས་པོ་སྒུར་ཏེ་ལུག་ཁྱུའི་རྗེས་
སྙེག་བཞིན་དཔྲལ་བའི་གཉེར་མ་བསྡུས་ནས་ཤུགས་རིང་འབྱིན། མི་ཚང་མ་ན་ཚོད་འདིར་སོན་དུས་གཅིག་འདྲ་ཡིན། འདི་ནི་གཡང་འབུམ་གྱི་བསམ་
ཚུལ་རེད། “འབའ་འོ—འོ—”མ་མོ་རྣམས་ ཀྱིས་འབའ་སྒྲ་བར་མེད་འབྱིན་བཞིན་བརྒྱུགས་འོང་སྟེ་ལུ་གུར་བསྐོར་བ་བྱས་ཤིང་སྣོམ་སྣོམ་བྱེད།
གཡང་འབུམ་དགོང་མོ་ཕྱིར་ལོག་དུས་ཀྱང་སྔ་སེ་ལྟར་ལུག་ཁྱུ་ དལ་མོར་བསྐོར་ནས་འོངས། ལུག་ཁྱུ་འགྲོ་བ་དང་གཡང་འབུམ་གྱིས་ངལ་གསོ་བྱེད་ཀྱིན་
འགྲོ་བའི་གོམ་འགྲོས་གཉིས་ཆ་མཚུངས་རེད། ལུག་ཁྱུ་ཕྱི་རོལ་གྱི་ཁ་སྒང་དེའི་གམ་དུ་ཐོན་ལ་ཁ་སྒང་དེ་སྔོན་ཆད་ཧ་ཅང་བོངས་ཆེ་བར་ཡོད་ཀྱང་ད་ལྟ་
ཇེ་ཆུང་དུ་གྱུར་འདུག མིའི་ན་ཚོད་འགྱུར་བ་དང་བསྟུན་ནས་འདུ་ཤེས་ཀྱང་འགྱུར་ངེས་རེད། ལུག་ཁྱུ་ཁ་སྒང་དེ་ནས་ཕར་བུད། “འབའ་འོ་འོ—”མ་མོའི་
འབའ་སྐད་ཀྱིས་གཡང་འབུམ་ལ་སྟོབས་ཤུགས་ཤིག་སྐྱེས། ཁ་སྒང་དེ་ནས་ཕར་བུད་ཚེ་རང་ཡུལ་གྱི་སྦྲ་ནག་དེ་མཐོང་ཐུབ། སྦྲ་མཐོང་བའི་ས་དེར་
ཁོས་ལུག་ཁྱུ་ བསྐྱུར་ནས་ལུས་པོ་སྒུར་སྒུར་གྱིས་ཕྲེང་བ་འདྲེན་བཞིན་ཡུལ་དུ་སོང༌། གཡང་འབུམ་གྱིས་མདུན་ཕྱོགས་ཀྱི་ས་ངོས་ལ་ཅེར་བ་ལས་ཡུལ་
ཕྱོགས་ས་མི་ལྟ། ཡུལ་དང་ཐག་མི་རིང་བའི་སརབསླེབས་པ་ན་མནའ་མ་ཁོའི་སྔུན་ལ་བུད། གཡང་འབུམ་གྱིས་རྒྱུན་གོམས་སུ་གྱུར་པའི་ངང་མནའ་མའི་
འཚམས་འདྲི་ལ་ལན་བྱིན། མནའ་མ་གཡང་འབུམ་ལ་རྩིས་འདང་ཤིན་ཏུ་ཆེ། ཁོའི་སེམས་ལ་དེ་ནི་འོས་པ་ཞིག་རེད་སྙམ།
གཡང་འབུམ་ཁྱིམ་དུ་འཛུལ་ནས་གོ་ཁའི་སློག་སྟན་སྟེང་དུ་ཙོག་རྗེས་རང་ དབང་མེད་པར་ཤུགས་རིང་ཞིག་འཐེན་ལ། རང་གི་བུ་ནོར་ཁྱུ་ལྷས་
ལ་རྒྱག་ཏུ་སོང་ནས་ཐོན་མེད་པ་ཤེས། བུས་ནམ་རྒྱུན་དུ་གཡང་འབུམ་བཤོལ་ཅི་ཐུབ་བྱས་ཏེ་རང་ཉིད་ལུག་རྫིར་འགྲོ་ཞུས་ཀྱང་གཡང་འབུམ་གྱིས་ལུག་
ཁྱུ་བུའི་ལག་ལ་འཇོག་མི་ཕོད། ཁོས་བུ་ལ་ཉམས་མྱོང་མེད་སྙམ་པ་ལོས་ཡིན། མནའ་མས་ཇ་བསྐོས་ནས་རང་ཉིད་ལ་ཟ་འཐུང་བསྒྲིགས་ཡོད་པ་མཐོང་
ནས་བུ་དང་མནའ་མ་གཉིས་ཀས་ཀྱང་བསམ་ཤེས་ཀྱིན་འདུག་སྙམ། གཡང་འབུམ་གྱིས་སྐེ་རགས་བཤིག་ནས་ཚར་ལྭ་གཡང་ཤམ་བྱས་ཏེ་བདེ་མོར་ཙོག་
ནས་བསམ་བློ་གཏོང༌། མིའི་དོན་དག་ལ་མཇུག་རྫོགས་རྒྱུ་ མེད་པ་རེད།
གཡང་འབུམ་གྱི་སེམས་ལ་རང་གི་ཆུང་མ་ད་དུང་མི་ཡུལ་དུ་འཚོ་བཞིན་ཡོད་རྒྱུ་ན་ཇི་འདྲའི་ལས་བཟང་བ་རེད་ཨང་སྙམ། གཡང་འབུམ་གྱིས་
ཆུང་མ་བླངས་པ་ནས་བཟུང་ཨ་མས་ཀྱང་ནམ་རྒྱུན་སོང་ནས་ཨོང་བ་འཐུ་དགོས་པར་གྱུར། ཨོང་བ་འཐུ་བ་དང་ལྩི་བ་འཕུད་པ། ཆུ་ལེན་པའི་ལས་ཀ་
འདི་ཡང་དཀའ་མོ་རེད། ཨ་མ་འཚོ་བའི་དུས་སུ་རང་ཉིད་ལ་ཁ་ཏ་བྱས་པ་ད་དུང་བརྗེད་རྒྱུ་མི་འདུག གཡང་འབུམ་གྱིས་ད་དུང་རང་ཉིད་ཀྱི་ཨ་མ་ནི་
འཇིག་རྟེན་གྱི་ཨ་མ་གཞན་དག་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པར་སྙམ། ད་ལྟ་རང་གི་ཨ་མ་ལ་སྔར་ལས་ལྷག་པའི་དུང་སེམས་སྐྱེས་འོང༌། འོན་ཀྱང་
སླར་ཡང་ཨ་མ་མཐོང་མི་ཐུབ། རང་ཉིད་ཀྱང་ན་ཚོད་འདི་ནས་ཡུན་རིང་བོར་གསོན་ཁོམ་མེད་པ་གཡང་འབུམ་གྱིས་རྟོགས་ཡོད། མནའ་མས་དྲངས་
པའི་ཇ་འཐུངས་རྗེས་སེམས་ལ་མནའ་མ་དང་བུ་གཉིས་ཀའང་བློ་འདོན་བྱེད་མི་དགོས་པའི་དུས་ལ་བསླེབས་ཤིང༌། ད་ནི་ལུག་རྫི་བུ་བྱེད་དུ་བཅུག་ན་
འགྲིག་སྙམ། གཡང་འབུམ་གྱིས་རང་ཉིད་ལོ་ཆུང་ངུ་ཡིན་དུས་ནས་ལུག་རྫིར་སོང་བ་ནི་བརྗེད་མི་སྲིད། བུ་ནི་ནར་སོན་པའི་མི་ཚད་ཚ་བོ་ཞིག་ཀྱང་སྐྱེས་
ཡོད་པས་ལུག་རྫི་བྱེད་ཐུབ་མིན་ལ་ཐེ་ཚོམ་བྱེད་མི་དགོས། གཡང་འབུམ་གྱིས་དེ་ལྟར་བསམ་རྗེས་གཞི་ནས་དགའ་སྤྲོ་ཞིག་སྐྱེས། ཁོའི་ལུས་པོ་སྐམ་ཞིང་
མིག་དབང་ཇེ་ཞན་དུ་གྱུར། སེམས་ལ་བུས་ཀྱང་འདི་ལྟར་དབང་ཆ་ཚ་བོ་ལ་སྤྲོད་དགོས་སྙམ། གཡང་འབུམ་གྱིས་ལན་རེར་སེམས་ཁུར་ཡང་བྱེད། ཚ་
བོས་ལུག་འཚོ་ཐུབ་བམ། དེ་ལྟར། དེ་ལྟར་རིམ་བཞིན་མུན་རུབ་སོང༌། མུན་རུབ་སོང༌།