ཉིན་འགའི་རྗེས་སུ།

ཉིན་འགའི་རྗེས་སུ།

སྐྱབས་ཆེན་བདེ་གྲོལ།


ཉིན་འགའི་རྗེས་སུ། ང་རང་ཕ་ཡུལ་ལ་ཐེངས་གཅིག་འགྲོ་དགོས། འོན་ཀྱང་ངའི་ཕ་ཡུལ་ནི་བྲག་གཡང་གཟར་མོའི་སྟེང་དུ་ཆགས་པའི་ཁང་
བ་སྐྱ་ལེབ་ཀྱི་ཚོགས་དེ་ཡིན་པས་རྐང་ཟུག་རྣག་གིས་འཚོས་ཏེ་ཆད་ལ་ཉེ་བའི་བར་དུ་བསླེབ་མི་སྲིད། ང་ལ་ད་དུང་ཞོན་པ་ཞིག་ཀྱང་དགོས་ཏེ་
ཐང་ཆེན་པོ་དག་ཤོག་སྐྱ་ལྟེབ་ལྟེབ་བྱ་རྒྱུ་ནི་རྐང་ཐང་ཞིག་གིས་ལས་ཀ་ག་ལ་ཡིན། ད་དུང་ཉིན་འགའི་དུས་ཚོད་ཡོད་ཚེ་ང་ལ་འགྲོ་རོགས་ཤིག་
དགོས། འགྲོ་རོགས་ཤིག་མེད་ཚེ་ལམ་གང་བོར་སུན་ནས་མི་བཟོད་པ་ཞིག་ཅི་ལ་མིན། འོན་ཀྱང་ངའི་འགྲོ་རོགས་དེ་ད་ལྟ་གང་ན་ཡོད་དམ། དེ་
ནི་སྐྱེས་པ་ཞིག་ཡིན་ནམ་བུད་མེད་ཅིག་ཡིན།
ད་ལྟ་དགུང་སྔོན་དབྱིངས་ན་ཉི་མ་སེར་བོའི་འོད་སྣང་ཕྱོགས་བཞིར་ཁྱབ་འདུག་ཅིང་ཡུལ་འདིའི་ངོས་ཀུན་ཚ་སྨུག་ཁྱད་པ་ཞིག་གིས་གཡོགས་
འདུག མི་མང་བོ་ཞིག་སྔ་མོ་ནས་གྲ་སྒྲིག་ཡོད་པ་ལྟར་རང་གི་ཕ་ཡུལ་ལ་འགྲོ་བཞིན་འདུག དེའི་ཕྱིར་ངས་གནམ་གྲུ་དང་རླངས་འཁོར། གྲུ་
གཟིངས། རྟ་དང་བོང་བུ་སོགས་འགྲིམ་འགྲུལ་གྱི་ཡོ་བྱད་གྲངས་མེད་པ་ཞིག་ཕྱོགས་སོ་སོར་གཤར་ནས་འགྲོ་བ་མཐོང་བྱུང༌།
“ཉིན་འགའི་རྗེས་སུ་ངས་རང་གི་ཞོན་པ་འཚོལ་དགོས། དེ་ནས་འགྲོ་རོགས་དེ་རྙེད་ཐུབ་པར་བྱ་དགོས། དེའི་རྗེས་སུ་ང་རང་ཕ་ཡུལ་ལ་
འགྲོ་དགོས།”
གང་ལྟར་ཉིན་འདི་ནས་བཟུང་ངས་ཕ་ཡུལ་ལ་འགྲོ་རྒྱུ་ཐག་གིས་བཅད་ཅིང་གོང་གི་ཚིག་དེ་སེམས་ནང་ནས་ཡང་ཡང་བསྐྱར་ཟློས་བྱེད་
དགོས་བྱུང༌།

ཕ་ཡུལ་ལ་མ་སོང་བའི་ཡར་སྔོན་དུ་ང་རང་གཞུང་ལམ་ཁང་ཞིག་གི་ནང་དུ་སོང༌། སྒོ་ག་ལེར་ཕྱེ་སྟེ་ནང་དུ་སླེབས་མོད་མི་གཅིག་ཀྱང་
མཐོང་ས་ནས་མི་འདུག འོན་ཀྱང་སྒེའུ་ཁུང་རེ་རེ་དང་ཅོག་ཙེ་རེ་རེ། ཡིག་ཆ་རེ་རེ། མེ་ཏོག་གི་བུམ་པ་རེ་རེ། དུས་ཡུན་རིང་བོར་སྤུངས་ཏེ་
བཞག་པའི་ཡིག་ཆ་དང་ཚགས་པར་རེ་རེས་སྲོག་ཡོད་པའི་སེམས་ཅན་རེ་དང་འདྲ་བར་བདག་གི་མཐའ་ནས་བསྐོར་བྱུང༌།
ཅུང་ཙམ་འགོར་རྗེས་མི་ཞིག་ནང་དུ་སླེབས་བྱུང༌། ཁོས་ཅོག་ཙེའི་སྟེང་གི་ཡིག་ཆ་ཞིག་ཡར་བླངས་ཏེ་ཐེངས་གཅིག་ལ་བཀླགས་རྗེས”ཁྱོད་ལ་
ཐེངས་འདིར་ལས་འགན་ལྕི་མོ་ཞིག་འདུག་པས་ངེས་པར་དུ་དང་ལེན་བྱ་དགོས།”ཟེར། ཁོས་དེ་འཕྲལ་ཡིག་ཆ་དེ་མར་བཞག་ཅིང་དེ་མུར་དེ་
ཉིད་ཚུད་པའི་ཅ་ལག་ཡོད་ཚད་སྲོག་མེད་པའི་བེམ་པོ་དང་འདྲ་བར་གྱུར་སོང༌།
ཡིག་ཆའི་ནང་དོན་ནི་བསམ་བློ་གསར་བ་ཞིག་གང་སར་སྒྲོག་རྒྱུ་དེ་ཡིན་ནའང་ངས་དེ་ནི་རང་ཉིད་ཀྱི་ལས་ཀ་མིན་པར་སྙམ་ཏེ་ཁོས་ཡིག་
ཆ་གཞན་ཞིག་བཀླག་རྒྱུར་བསྒུགས། འོན་ཀྱང་ཁོས” ཁྱོད་ཀྱིས་ད་དུང་ཡང་ཧ་གོ་མ་སོང་ངམ། ཁྱོད་རང་བསམ་བློ་གསར་བ་དེ་སྒྲོག་ཆེད་རང་གི་
ཕ་ཡུལ་ལ་ཐེངས་གཅིག་འགྲོ་དགོས། འཚོ་བའི་འགྲོ་གྲོན་ཚང་མ་གོང་རིམ་གྱིས་གཏོང་རྒྱུ་ཡིན་པར་མ་ཟད་དུང་ཕྱིར་སླེབས་རྗེས་བྱ་དགའང་
སྟེར་རྒྱུ་ཡོད།”ཟེར།
ངས་དེ་མ་ཐག”གོང་རིམ་གྱི་བཀའ་ནི་བརྩི་བྱའི་ཡུལ་ལོ། །འོན་ཀྱང་དེར་འགྲོ་དགོས་ན་ང་ལ་ཞོན་པ་དང་འགྲོ་རོགས་ཤིག་དགོས”ཞེས་བཤད།
ཁོས”འགྲོ་རོགས་ཁྱོད་རང་གིས་ཚོལ་དང༌། ཞོན་པ་གོང་རིམ་གྱིས་བཀོད་སྒྲིག་བྱ།”ཟེར།

ངས་རང་དང་འདྲིས་ཆ་ཆེ་བའི་གྲོགས་པོ་མང་བོ་ཞིག་ལ་རང་གི་ཕ་ཡུལ་ལ་འགྲོ་བའི་འཆར་གཞི་ཞིབ་པར་བཤད་ཅིང་དེ་ནི་ཕྱོགས་གཞན་
ཞིག་ནས་གོང་རིམ་གྱི་བཀོད་སྒྲིག་ཅིག་ཀྱང་ཡིན་ ཚུལ་གླེང་ནའང་གཅིག་གིས་ཀྱང་འགྲོ་རོགས་བྱེད་རྒྱུར་ཁས་གཏན་ནས་མི་ལེན་པར་མ་ཟད་ལ་
ལས་ད་དུང”ཁྱོད་རང་ཉིད་ཀྱིས་རྒྱུ་མཚན་མེད་པའི་ལས་དེ་འདྲ་བསྒྲུབ་འདོད་ནའང་ང་ཚོ་ཐག་ཞོར་འབྲེང་འདྲུད་མ་བྱེད”ཟེར།
“ཕ་ཡུལ་ལ་འགྲོ་རྒྱུ་དེའང་རྒྱུ་མཚན་མེད་པའི་ལས་ཀ་ཞིག་ཡིན་ནམ།”དེ་ལྟར་ཟེར་བཞིན་ང་ཁོ་ཚོ་དང་ཁ་བྲལ།
ཕྱོགས་གང་སར་འཁྱམས་ཏེ་འགྲོ་རོགས་ཤིག་ཨེ་རྙེད་བལྟས་ཀྱང་འབྲས་བུ་ཅི་ཡང་མ་བྱུང་བས་མཐར་ཆང་ཁང་ཞིག་གི་ནང་དུ་འཛུལ་བ་ཡིན།
དེ་རུ་བུད་མེད་ཅིག་གིས་སྔ་མོ་ནས་དུས་བཏབ་ཡོད་པ་ལྟར་བསྒུགས་འདུག མོས་ཐ་མག་འཐེན་ཞོར་དང་སྦི་རག་འཐུང་ཞོར་གྱིས”ཁྱོད་ཀྱི་ཕ་
ཡུལ་དེ་གནས་ཅི་འདྲ་ཞིག་ཡིན། གལ་ཏེ་ལམ་བར་ན་ཉེན་ཁ་མེད་ནངས་ཁྱོད་ལ་འགྲོ་རོགས་བྱེད་ཆོག”ཟེར་བཞིན་ངའི་ཕྱོགས་སུ་ཆང་ཕོར་དང་
ཐ་མག་གཏད་བྱུང༌།
“ཁྱོད་ཀྱིས་གནས་ཚུལ་འདི་ཇི་ལྟར་ཤེས་པ་ཡིན།”བདག་གིས་ཅུང་ཟད་ཡ་མཚན་པའི་ཉམས་དང་བཅས་མོ་ལ་གཏིང་འདྲི་བྱས།
མོ་ན་རེ།”ཁྱོད་ཀྱིས་གྲོགས་པོ་ཡིན་ཟེར་བའི་གོང་རིམ་གྱི་མི་ཞིག་གི་ཁ་ནས་ཤེས་པ་ཡིན། ཁྱོད་ཀྱིས་ཤོད་དང༌། ཁྱོད་ཀྱི་ཕ་ཡུལ་དེ་དོན་ངོ་མ་
ཅི་འདྲ་ཞིག་ཡིན། གལ་ཏེ་འུ་གཉིས་འགྲོ་རྒྱུར་ཐག་ གིས་བཅད་ནའང་ང་ལ་ཁྱོད་ཀྱིས་གླ་ཕོགས་སྟེར་དགོས། ཅི་ཙམ་སྟེར་དགོས་ཞེས་ན་ཁྱོད་ལ་
གོང་རིམ་གྱིས་སྟེར་བའི་གླ་ཕོགས་ནང་གི་ཕྱེད་ཀ་སྟེར་དགོས། དེ་མིན་ད་དུང་ཆ་རྐྱེན་ཞིག་ཡོད་པ་ནི་དེར་སོང་ནས་ཕྱིར་ཡོང་བའི་བར་དུ་ང་རང་
ཁྱོད་ཀྱི་དགའ་རོགས་ལ་བརྫུ་དགོས། དེ་ནི་ང་རང་གི་བདེ་འཇགས་ལ་དམིགས་པ་ཡིན།”
ངས་འཐད་པའི་བརྡ་ལ་མགོ་བོ་ལྕོག་ལྕོག་བྱས། མོའི་དམར་སྨུག་གི་སྟོད་གོས་དང་དེའི་སྟེང་གི་སྒྲོག་གུ་ཁྲ་བོ། ད་དུང་ནང་གི་ཚི་ལེན་དཀར་
བོ་སོགས་ཀྱིས་བདག་གི་མདུན་ནས་འགྲེལ་བ་རྒྱག་རྒྱུ་ཡོད་པའི་ནངདོན་གཞན་ཞིག་ཕྱིར་མངོན་དུ་བཅུག ཡིན་ནའང་ངས་ནང་དོན་དེ་ལ་
འགྲེལ་རྒྱག་རྒྱུ་ནི་ཐེངས་འདིའི་འོས་འགན་མིན་པར་སྙམ་ནས་ལན་བཏབ་པ་ཡིན།
“ངའི་ཕ་ཡུལ་ནི་བྲག་གཡང་གཟར་མོའི་སྟེང་དུ་ཆགས་པའི་ཁང་བ་སྐྱ་ལེབ་ཀྱི་ཚོགས་དེ་ཡིན། དེ་ཐག་རིང་ཞིག་ན་ཡོན།”
ཚིག་འདིའི་རྐྱེན་གྱིས་མོས་ང་ལ་བཟུང་བའི་རྣམ་འགྱུར་རྩ་བ་ནས་འགྱུར་སོང་ལ་རེ་ཞིག་ངེད་གཉིས་ཅི་བྱ་གཏོལ་མེད་དུ་ལུས་སོང༌། འོན་
ཀྱང་ཅུང་ཙམ་འགོར་རྗེས་ངས་མོ་རང་ཁྲིད་ནས་གྲོང་ཁྱེར་ཕྱི་རོལ་གྱི་གཙང་འགྲམ་དུ་སོང༌། ངས་མུན་ནག་གི་ཁྲོད་ནས་གཙང་བོ་ལྷོག་ལྷོག་
འཕྱུར་བའི་སྒྲ་དབྱངས་འབའ་ཞིག་ཉམས་སུ་མྱོང་ཞོར་ལག་མྱུལ་བྱས་ཏེ་རྙེད་པའི་རྡེའུ་ཁ་ཤས་གཙང་བོའི་ནང་དུ་འཕངས། དེ་ཚོ་ནི་ནམ་མཁའི་
ཕ་རོལ་ཏུ་ལྷུང་བ་ཇི་བཞིན་གྲགས་མེད་ངང་ཡལ་འགྲོ།
ངས་མུན་ནག་ཁྲོད་ནས་མོ་ལ་འཁྱུད་འདོད་དེ་ལག་པ་ཕར་བསྲིངས་པ་ན་མོ་ངའི་གམ་ནས་བྲོས་ཚར་འདུག

ཉིན་འགའི་རྗེས་སུ་ང་རང་ཞོན་པ་དེ་རག་ཆེད་སླར་ཡང་གཞུང་ལས་ཁང་དེའི་ནང་དུ་སོང༌། འོན་ཀྱང་དེའི་ནང་ཡོངས་རྫོགས་ས་རྡུལ་གྱིས་
གཡོགས་འདུག་པར་མ་ཟད་གྱང་ངོར་བཀལ་བའི་ཆུ་ཚོད་འཁོར་ལོའང་མི་འགུལ་བར་བསྡད་འདུག ངས་དོན་རྐྱེན་ཅི་ཞིག་བྱུང་བ་ཡིན་སྙམ་
ནས་ཐོག་ཁང་ལས་མར་བབས་ཏེ་ཉེ་འཁོར་གྱི་མི་རྣམས་ལ་གཞུང་ལས་ཁང་ནང་གི་མི་དེ་ཚོ་གནས་གང་དུ་བུད་སོང་བའི་སྐོར་དྲིས་པ་བརྒྱུད་
ཁོ་ཚོ་ཕ་ཡུལ་ལ་བུད་སོང་བ་གསལ་བོར་ཤེས་བྱུང༌།
“ཁོ་ཚོར་ཞོན་པ་ཅི་ཞིག་འདུག”བདག་གིས་ཚ་གདུག་མ་བཟོད་པར་འདྲེ་ལྡོག་རྒྱག་པའི་རྒས་འཁོགས་ཤིག་ལ་དེ་ལྟར་དྲིས།
ཁོ་ན་རེ། “ཁོ་ཚོའི་ཞོན་པ་ཅི་ཞིག་ཡིན་པ་བདག་གིས་གསལ་བོར་མཐོང་མ་བྱུང༌། འོན་ཀྱང་ཁོ་ཚོའི་ཞོན་པ་ནི་གཞན་དང་མི་འདྲ་བའམ་ངོ་
མཚར་བ་ཞིག་ཡིན་པ་འདྲ། རྒྱུ་མཚན་ནི་ཁོ་ཚོ་ཚང་མས་འགྲོ་ཁར‘མགྱོགས་པོ་བྱོས། དེ་མིན་ཚེ་ཞོན་པ་དག་འདྲོག་ནས་འབྲོ་རྒྱུ་རེད།’ཅེས་མཚམས་
མེད་པར་ཟློ་བཞིན་འདུག”

ཉིན་འགའི་རྗེས་སུ་ང་རང་སླར་ཡང་གཙང་བོ་དེའི་ངོགས་སུ་བསླེབས། སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་གཙང་བོ་ནི་ཚེ་སྲོག་ཡོད་ཚད་ཁྱུད་མིད་དུ་
གཏོང་བྱེད་ཅིག་ཡིན་པ་འདྲ། ཡང་ན་མཚན་མོ་དང་ཉིན་མོ་གཉིས་ཀྱི་ཁྱད་པར་གྱིས་གཙང་བོ་དེ་རིགས་མི་འདྲ་གཉིས་སུ་བགོས་ཡོད་པ་འདྲ།
གང་ལྟར་གཙང་བོའི་དེའི་ངོགས་ནས་ངས་རང་གི་བྱིས་པའི་དུས་ནས་ད་ལྟའི་བར་དུ་བྱུང་བའི་དོན་རྐྱེན་སྣ་ཚོགས་ཤིག་ལ་ཕྱིར་དྲན་བྱས་
ནའང་དེའི་ནང་ན་བརྗེད་དཀའ་བའི་དོན་རྐྱེན་གཅིག་ཀྱང་མེད་པ་ཤེས།
སྤྲིན་པ་ལེབ་མོ་ཞིག་གིས་མགོ་ཐོག་ནས་ལྡིང་སྐོར་ཐེངས་འགར་བརྒྱབ་སྟེ་ནུབ་ཕྱོགས་ཀྱི་མཚམས་སྤྲིན་དམར་སྨུག་གི་གསེབ་ཏུ་འཛུལ།
ངས་རང་ཉིད་ཕ་ཡུལ་ལ་འགྲོ་རན་པ་ཤེས་བྱུང༌། དེ་དང་ལྷན་དུ་ངས་རང་ཉིད་ཀྱི་ཞོན་པ་དང་འགྲོ་རོགས་ཀྱང་གསལ་བོར་མཐོང་བྱུང་བ་སྟེ།
རྐང་མགོའི་ལྷམ་ནི་སྲབ་ལས་ཤོར་ཉེ་བའི་རྟ་ཕོ་ཞིག་དང་འདྲ་བར་འགྲོ་བའི་གྲབས་གཤོམ་གྱིས་མྱོ་བཞིན་པ་དང་རང་ལུས་ཀྱི་གྲིབ་མ་ནི་བསྲེ་
བསླད་མེད་པའི་མཛའ་བརྩེ་རིགས་ཤིག་མཚོན་པ་ལྟར་ས་གཞི་ཆེན་པོའི་པང་དུ་ཟུག་འདུག

བརྒྱུད་སྐུལ།

མཆན་སྤེལ།