དཔེ་ཚབ་སྤྲོད་པ།

༄༅།། དཔེ་ཚབ་སྤྲོད་པ།

རིག་འཛིན།

  སློབ་གྲྭའི་གཟིམ་བརྡ་བཏང་ནས་རེ་ཞིག་འགོར་སོང༌། ངས་སློབ་མའི་སྒྲུབ་ལས་ལ་ཞུས་དག་བྱས་ནས་དེབ་བཞི་
ལྔ་ཙམ་ལས་ལྷག་མེད་པས། དབུགས་དབྱུང་ཅུང་ཙམ་བྱས་རྗེས་ལྷག་མ་དེ་དག་ཀྱང་དབུགས་ཐེངས་གཅིག་གིས་ཞུས་ཏེ་
རྫོགས་པར་བྱ་བསམས་ནས་དེབ་གཅིག་བླངས་ཏེ་བལྟ་བར་རྩོམ་པའི་ཚེ། གློ་བུར་དུ་ཕྱི་རོལ་ནས“ཐག་ཐག་ཐག”
ཅེས་སྒོ་རྡུང་བའི་སྒྲ་ཆུང་ངུ་ཞིག་གྲགས་བྱུང༌། ངས་རང་ཉིད་ཀྱི་སྒོའམ་གཞན་པའི་སྒོ་ཡིན་ཐེ་ཚོམ་པས་རྣ་བ་གླགས་ཏེ་
ཉན་པ་ན། སླར་ཡང“ཐག་ཐག་ཐག”ཅེས་རང་གི་སྒོ་རྡུང་བའི་སྒྲ་ཞིག་དང་ལྷན་ཅིག“དགེ་རྒན་གྲགས་པ”ཞེས་
སྐད་ཆུང་ངུས་ངའི་མིང་ནས་འབོད་པའི་སྒྲ་ཞིག་ཀྱང་རྣ་ལམ་དུ་འབྱོར་བྱུང༌། ངས་ཕྱི་ལ་ཨ་ལན་སྟེར་བཞིན་སོང་ནས་སྒོ་
ཕྱེས། མགྲོན་པོ་ནང་དུ་བསུས། གློག་འོད་ཀྱི་འོག་ནས་ཕར་ལ་བལྟས་པ་ན། ཨ་ཙི། ཆ་མེད་འདྲིས་མེད་ཀྱི་གཞོན་ནུ་ཞིག་
རེད། དེའི་གཟུགས་པོ་དེ་འདྲ་མི་ཆེ་ལ་ཤའང་དེ་འདྲ་རྒྱགས་པོ་མིན་ཞིང༌། སྟོད་ལ་ཡང་ཡང་བཀྲུས་ཏེ་མདོག་སྐྱ་བོར་སོང་
བའི་ལྭ་སྔོན་པོ་ཞིག་དང༌། སྨད་ལ་ཏིས་ཁ་སྨུག་པོའི་དོར་མ་ཐགས་བབས་ཤིག་གྱོན་ཡོད་པ་དེ་ཁོ་རང་གི་ལུས་དང་འཚམ་
ཞིང་རན་པོ་ཞིག་འདུག་པས། མཐོང་བ་ཙམ་གྱིས་གྲ་དག བག་ཡོད། གྲུང་པོ་བཅས་ཡིན་པའི་འདུ་ཤེས་ཤིག་བསྐྱེད་ལ།
གདོང་སྒོར་ཞིང་སྨུག་པོའི་སྟེང་ན་ཆེ་ཞིང་གསལ་བའི་མིག་འབྲས་ཟུང་ཞིག་ཀེམ་ཀེམ་གཡོ་བའི་ངང་ཚུལ་དེ་ལས་གཞོན་
ནུ་འདིའི་ལང་ཚོ་དར་ལ་བབ་ཅིང་བློ་རིག་རྣམ་པར་བཀྲ་བའི་རང་བཞིན་མ་ཉམས་པར་ཤར་འདུག གཞོན་ནུ་དེས་ང་ལ་
གུས་བཀུར་གྱི་ཚུལ་དུ་མགོ་སྒུར་སྒུར་ཞིག་བྱེད་བཞིན“དགེ་རྒན་གྲགས་པ་ལགས། ཁྱེད་བདེ་མོ་ཡིན་ནམ”ཞེས་
འཚམས་འདྲི་བྱེད་པ་དང་ལྷན་ཅིག་བདག་གི་ལག་པ་ལ་དམ་པོར་འཇུས་བྱུང༌། ངས་ལན་འདེབས་བཞིན་ཁོ་ལ་སླར་ཡང་
མགོ་ནས་རྟིང་བར་དུ་ཞིབ་ལྟ་ཞིག་བྱས་ཏེ་ཕ་རོལ་གྱི་ལུས་སྟེང་ནས་ངའི་ཡིད་ལ་བཞག་པའི་གཟུགས་བརྙན་ག་གེ་མོའི་ཆ་
ཤས་སམ་ཡང་ཤས་ཀྱི་དོད་ཙམ་རྙེད་པར་བྱེད་པའི་ངལ་བ་ལྷུར་བླངས་ཀྱང་འབྲས་བུ་ཅི་ཡང་མ་ཐོབ་པས། ཁོས་སླར་ཡང་
ང་ལ“ཁྱེད་ཀྱིས་བརྗེད་སོང་ངམ། ང་བཀྲ་ཤིས་ཡིན། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་དམའ་འབྲིང་ལོ་རིམ་
དང་པོའི་སློབ་མ་ཡིན”ཟེར།
ངས་ཁ་ནང་ནས“བཀྲ་ཤིས། དམའ་འབྲིང་ལོ་རིམ་དང་པོ།”“བཀྲ་ཤིས་དམའ་འབྲིང་ལོ་རིམ་དང་པོ”
ཞེས་ཡང་ཡང་ཟློ་བཞིན་ཞིབ་ཏུ་འདང་བརྒྱབ་པ་ན་གློ་བུར་དུ་དྲན་པ་སོས་ཏེ་སྔར་དྲན་གྱི་ཕྲེང་བ་ཡིད་ལ་གཟུགས་བརྙན་
ལྟར་ཤར་བྱུང༌།
ལོ་བཅུ་བཞིའི་སྔོན་ལ། ང་ནི་དམའ་འབྲིང་ལོ་རིམ་དང་པོའི་བོད་ཀྱི་སྐད་ཡིག་གི་དགེ་རྒན་ཡིན། ངས་རང་གི་
སྟོགས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་འཛིན་གྲྭ་འདིའི་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་ཁྲིད་སྒང་ལ་“ལས་ངན་
ན་བྱི་ལར་ཆམ་པ་ཕོག”པའི་དཔེ་ལྟར་མ་བསམས་ས་ནས་རིག་གནས་གསར་བརྗེ་ཆེན་པོ་ཟེར་བའི་འགུལ་སྐྱོད་ཅིག་
ལངས་པས། སྔར་གྱི་སློབ་ཁྲིད་འཆར་གཞི་རྩ་བ་ནས་གཏོར། སྐབས་སུ་བབ་པའི་འཕྲོས་འོས་རྣམས་ཀྱང་ལུས་པའི་ཐོག་
“གསར་བརྗེ”ཡི་མེ་ལྕེ་དེ་འབར་བཞིན་འབར་བཞིན་ང་དང་ང་འདྲ་བའི་དགེ་རྒན་ཆུང་ཆུང་རྣམས་ཀྱང་མ་ལུས་
པར་སྲེག་པར་བྱེད་པའི་ཉམས་ཉེན་ཆེན་པོ་ཞིག་བྱུང་སོང༌། ཉིན་ཞིག་གི་གོང་ཚིགས་ཀྱི་རྗེས་སུ། གློ་བུར་དུ་སློབ་མ་བཅུ་
ཕྲག་འགའ་འུར་འུར་ཟིང་ཟིང་གིས་ངའི་ཁང་བའི་ནང་ལ་ལྡིང་འོངས་ཏེ“གྲགས་པ། ཁྱོད་ཀྱིས་ཉོན། ད་ལྟ་ནི་རྙིང་བ་
བཞི་གཏོར་བ་དང་གསར་བ་བཞི་འཛུགས་པ། ལྷ་འདྲེ་གདོན་བགེགས་ཡོད་ཚད་གཙང་ཕྱགས་བྱེད་པའི་སྐབས་རེད། དེ་
རིང་ང་ཚོས་ཁྱོད་ལ་ཁྱིམ་སྔོག་བྱས་ཏེ། བཀས་བཀོད་རྒྱུད་འཛིན་དང་འབྱོར་ལྡན་གྲལ་རིམ། དེ་མིན་བཟོ་བཅོས་རིང་ལུགས་
ཀྱི་དངོས་པོ་མ་ལུས་པར་གཙང་ཕྱགས་བྱེད་རྒྱུ་ཡིན། ཁྱོད་ཕར་སོང་ཞིག”ཅེས་གཟུགས་པོ་ཅུང་ཆེ་བའི་སློབ་མ་ཞིག་གིས་
སྐད་ཅོར་རྒྱག་བཞིན་ང་ལ་ཕུད་འདེད་ཅིག་བྱས། ངས་སློབ་མ་རྣམས་ལ་བལྟས་ཚེ་ཕལ་ཆེ་བ་རང་གིས་སློབ་ཁྲིད་བྱེད་པའི་
ཡུལ་ཏེ་དམའ་འབྲིང་ལོ་རིམ་དང་པོའི་སློབ་མ་ཡིན་པ་གཞི་ནས་མཐོང༌། སྔར་ཡིན་ན་ཁོ་ཚོས་ང་ལ་གུས་བཀུར་ཆེན་པོ་བྱེད་
མོད། འོན་ཀྱང་དེ་རིང་དེ་ལས་ལྡོག་སྟེ་ཚང་མས་ང་ལ་སྡང་མིག་བགྲད་པའི་རྫིག་ཉམས་ལ་བལྟས་ན། ང་ནི་ཁོ་ཚོས་གཏན་
ནས་ངོ་མི་ཤེས་ཤིང་ཁོ་ཚོ་དང་མཐུན་ཐབས་མེད་པའི་གྲལ་རིམ་དགྲ་བོ་ཞིག་དང་དབྱེར་མ་མཆིས་པ་འདྲ། རང་ལ་ཉེར་
མཁོའི་ཅ་ལག་འགའ་དང་དཔེ་ཆ་འགའ(ཡོད་པ་རྣམས་ཀྱང་རྒྱལ་ཁབ་ཀྱིས་དཔར་སྐྲུན་བྱས་པ་ཡིན)མ་གཏོགས་ཅི་ཡང་
མེད་པས་ཁྱིམ་སྔོག་བྱེད་པ་ལ་ང་སྐྲག་སྣང་ཅི་ཡང་མི་འདུག་མོད། འོན་ཀྱང་ཕ་གིའི་ཅོག་ཙེ་སྟེང་ན་ཡོད་པའི་鉄དག་ཡིག་
དགེ་བཤེས་ཆོས་གྲགས鉅དང鉄གསེར་ཏོག་སུམ་རྟགས鉅鉄སྙན་ངག་ཕྱོགས་བསྒྲིགས鉅བཅས་ནི་སློབ་ཁྲིད་ཀྱི་དཔྱད་གཞིར་
མེད་དུ་མི་རུང་བ་ཞིག་ཡིན་པས་གྱོང་གུད་དུ་གཏོང་མི་རུང་སྙམ་ནས་ཁོ་ཚོས་མཉམ་མི་འཇོག་པའི་གླགས་ཨེ་རྙེད་བལྟས་ཏེ་
ཅོག་ཙེ་བྱི་དོར་བྱེད་ཁུལ་གྱིས་དཔེ་ཆ་དེ་དག་བླངས་ནས་འཐེན་སྒམ་ནང་དུ་འཇོག་རྩིས་བྱེད་པའི་ཚེ། གློ་བུར་ལྟག་རྒྱབ་
ནས“མི་ངན་གྲགས་པ། ཁྱོད་ཀྱིས་ད་དུང་དཔེ་ཆ་རྙིང་བ་དེ་དག་ཉར་ཚགས་བྱེད་འདོད་དམ”ཞེས་སྐད་ཕྲ་མོས་སྡིག་
དམོད་བྱེད་པའི་སྒྲ་ཞིག་གྲཊ་པ་དང་མཉམ་དུ་བསམ་ལོང་མེད་པར་ངའི་ལག་ནས་དཔེ་ཆ་དེ་དག་ཕྲོགས་ཏེ་ས་ལ་གཡུཊ།
ངས་སྙིང་གིས་མ་བཟོད་པར་བརྒྱུགས་སོང་ནས་བཏུ་བར་རྩོམ་པ་ལ། སློབ་མ་དེས་ངའི་སྔོན་བླངས་ཏེ། དཔེ་ཆ་དེ་དག་ལ་
རྡོག་པས་མནན། གཡོན་ལག་དཀུ་ལ་བརྟེན། གཡས་ལག་གིས་ངའི་གདོང་ལ་མཛུབ་མོ་བཙུགས་ཏེ་སྐད་སང་སང་དུ“མི་
ངན་གྲགས་པ། སྔར་ཕན་ཆད་ཁྱོད་ཀྱིས་དཔེ་རྙིང་འདི་དག་ལ་བརྟེན་ནས་ང་ཚོ་འབྱོར་མེད་གྲལ་རིམ་གྱི་བུ་དང་བུ་མོ་ལ་
བཀས་བཀོད་རྒྱུད་འཛིན་དང་ཆོས་ལུགས་རྨོངས་དད་ཀྱི་དུག་མི་ཉུང་བ་ཞིག་གཏོར་ཏེ་བསམ་པ་བསླུ་བྲིད་བྱས། དུས་ད་
ལྟ་རླབས་ཆེ་བའི་འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེ་ཆེན་པོའི་འགུལ་སྐྱོད་འདིའི་ནང་དུ་ཁྱོད་ཀྱིས་རང་གི་ཉེས་
སྐྱོན་ལ་འགྱོད་གཤགས་མི་བྱེད་པའི་ཐོག ད་དུང་དུག་རྩྭ་འདི་དག་མཁྲེགས་བཟུང་བྱེད་པའི་དམིགས་ཡུལ་ཅི་ཡིན། མ་རྩ་
རིང་ལུགས་རོ་ལངས་རྒྱག་བསམ་པ་མིན་ནམ”ཞེས་འདུལ་གཏམ་དྲག་པོ་བཏང༌།
ངས་མགོ་ཡར་བཀྱགས་ནས་བལྟས་ཙ་ན། ཀྱེ་མ། ཁོ་ནི་དེ་སྔོན་རྒྱུན་དུ་འདིར་འོངས་ནས་དྲི་གཏུགས་བྱེད་པའི་སློབ་
མ་བཀྲ་ཤིས་ཟེར་བ་དེ་མ་ཡིན་ནམ། ཁོའི་དེ་རིང་གི་བྱ་སྤྱོད་ནི་སྔོན་ཆད་ཀྱི་སྤྱོད་ལམ་ལས་ཏན་ཏན་ལྡོག་པས་བདག་ཡུད་
ཙམ་ལ་ཧ་ལས་དགོས་པ་ཞིག་བྱུང༌། ངས་ཁོའི་རྐང་འོག་གི་དཔེ་ཆ་དེ་དག་ལ་བསྟན་ནས“བཀྲ་ཤིས། སློབ་གྲོགས་ཚོ།
鉄དགེ་བཤེས་ཆོས་གྲགས鉅ཟེར་བ་འདི་ནི་དག་ཡིག་གི་དཔེ་ཆ་ཞིག་ཡིན་པ་དང༌། 鉄གསེར་ཏོག་སུམ་རྟགས鉅ཞེས་པ་འདི་
ནི་བརྡ་སྤྲོད་ཀྱི་དཔེ་ཆ་ཞིག་དང༌། 鉄སྙན་ངག་ཕྱོགས་བསྒྲིགས鉅ཞེས་པ་ནི་སྙན་ངག་ཇི་ལྟར་རྩོམ་པའི་ཐབས་སྟོན་པའི་དཔེ་
ཆ་ཞིག་ཡིན་པས་ང་ཚོ་རིག་གནས་སྦྱོང་མཁན་རྣམས་ལ་ཉེ་བར་མཁོ་ཞིང་མེད་དུ་མི་རུང་བ་ཡིན། དེས་ན་དེ་དག་ནི་བཀས་
བཀོད་རྒྱུད་འཛིན་གྱི་རིགས་སུའང་འཇོག་མི་རུང་ལ་ཆོས་ལུགས་རྨོངས་དད་ཀྱི་སྐོར་ཡང་མ་ཡིན།” “ཧིན། ཁྱོད་ཀྱིས་ཁྱི་ཁ་སུམས་ལ་སྡོད”ཅེས་ངའི་བཤད་མཚམས་བཅད་ནས鉄གསེར་ཏོག་སུམ་རྟགས鉅ཀྱི་
མདུན་ཤོག་གཅིག་སློགས་ཏེ་ཐོན་མི་སམ་བྷོ་ཊའི་འདྲ་པར་ལ་མཛུབ་མོ་བཙུགས་ནས་“ལྟོས་དང༌། འདིའི་ཆ་ལུགས་
དང་འདུག་སྲོལ་ནི་གོམས་སྲོལ་རྙིང་བ་མ་ཡིན་ནམ། འདིས་བརྩམས་པའི་ཡི་གེ་ནི་རིག་གནས་རྙིང་བ་མ་ཡིན་ནམ”ཟེར་
བཞིན་ཡང་ཤོག་ལྷེ་གཅིག་སློགས་ཏེ་སུམ་ཅུ་བའི་རྩ་ཚིག་གི་མཆོད་བརྗོད་ལ་མཛུབ་མོས་བསྟན་ཏེ་“ལྟོས་དང་འཇམ་པའི་
དབྱངས་ལ་ཕྱག་འཚལ་ལོ་ཞེས་པ་འདི་ཆོས་ལུགས་རྨོངས་དད་མིན་ན་ཅི་ཡིན”ཟེར་བཞིན་ཕྱིར་ས་ལ་གཡུགས་པ་དང༌།
ཡང鉄སྙན་ངག་ཕྱོགས་བསྒྲིགས鉅བླངས་ནས“འདི་ནི་སྔོན་ཆད་རྒྱ་གར་ནས་ཐོན་པའི་འབྱོར་ལྡན་གྲལ་རིམ་གྱི་རིག་
གནས་མིན་ནམ། ང་ཚོ་འབྱོར་མེད་གྲལ་རིམ་ལ་དགོས་མཁོ་ཅི་ཞིག་ཡོད”ཟེར་བཞིན་དེ་ཡང་ཕྱིར་ས་ལ་གཡུགས་པ་དང༌།
ཡང鉄དག་ཡིག་དགེ་བཤེས་ཆོས་གྲགས鉅བླངས་ནས་ཕར་སློག་ཚུར་སློག་ཙམ་བྱེད་བཞིན“ལྟོས་དང༌། འདིའི་ནང་གི་མིང་
བརྡ་ཕལ་ཆེ་བ་ནི་ཆོས་ལུགས་རྨོངས་དད་ཀྱི་རིགས་ཡིན་པས་ང་ཚོ་ལ་དགོས་པ་ཅི་ཞིག་ཡོད”ཟེར་བཞིན་དེ་ཡང་ཕྱིར་ས་
ལ་གཡུགས་ཤིང་ལག་པ་གཉིས་དཀུ་ལ་བརྟེན་ནས“མི་ངན་གྲགས་པ། དཔེ་ཆ་འདི་དག་ཆོས་ལུཊ་རྨོངས་དད་ཀྱི་རིཊ་
ཡིནབཞིན་དུ་ཁྱོད་ཀྱིས་ད་དུང་གནས་ལུགས་འདྲ་ཆགས་པོ་ཞིག་བཤད་ནས་ང་ཚོ་ལ་མགོ་སྐོར་གཏོང་འདོད་པ་ནི་སྟོང་
བསམ་ཁོ་ན་རེད”།དེ་ནས་ཁོས་སློབ་གྲོགས་རྣམས་ལ“སློབ་གྲོགས་ཚོ། མི་ངན་གྲགས་པས་ཆོས་ལུགས་རྨོངས་དད་ཀྱི་
དཔེ་ཆ་ཉར་ཚགས་བྱེད་པའི་རེ་ངན་བཅངས་ཡོད་པ་ལ་བལྟས་ན། ཁོ་ནི་ལྷ་འདྲེ་གདོན་བགེགས་ཤིག་ཡིན་པ་བཤད་མ་
དགོས་པ་རེད། ང་ཚོས་སྣང་ཆུང་གཏན་ནས་བྱེད་མི་རུང༌། ངེས་པར་དུ་ལྷ་འདྲེ་གདོན་བགེགས་རྩ་རྫོགས་བྱེད་དགོས། མི་
ངན་གྲགས་པ་ཕམ་པར་རྒྱག་དགོས། དེ་རིང་སྔོག་འདོན་བྱས་པའི་དཔེ་ཆ་འདི་དག་ལ་ཅི་བྱེད”ཅེས་དྲིས་མ་ཐག་ཚང་
མས་མགྲིན་གཅིག་ཏུ“མེར་བསྲེག་དགོས།”ཞེས་སྐད་ཆེན་པོ་བརྒྱབ་བྱུང༌།
དེ་ནས་བཀྲ་ཤིས་ཀྱིས་སླར་ཡང་དཔེ་ཆ་དེ་དག་བཏུས་ནས་ལག་ལ་བཟུང༌། ང་སྔོན་ལ་དེད་དེ་སློབ་གྲྭའི་ལྷས་ར་
ཆེན་པོར་སོང་བ་ན། ལྷས་ར་ཆེན་པོའི་དཀྱིལ་དུ་དཔེ་ཆ་སྣ་ཚོགས་བསྲེགས་པའི་མེ་ཕུང་ཆེན་པོ་ཞིག་ཡོད། དེའི་མཐའ་ན་
དགེ་རྒན་བདུན་བརྒྱད་ཙམ་ཞལ་རས་ནག་རོག་གེར་ལངས་ནས་བསྡད་འདུག སློབ་མ་ཚོས་ད་དུང་ཕྱོགས་བཞི་ནས་དཔེ་
ཆ་མང་པོ་ཁྱེར་ཡོང་སྟེ་མེ་ནང་དུ་འཕེན་བཞིན་འདུག ཁོ་ཚོས་དགའ་སྣང་ཆེ་ཞིང་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་དཔེ་
ཆ་བསྲེགས་པའི་ཚུལ་ལ་བལྟས་ན་བླ་ན་མེད་པའི་གསར་བརྗེའི་ལས་དོན་ཆེན་པོ་ཞིག་སྒྲུབ་བཞིན་ཡོད་པ་དང་འདྲ་བས།
ངས་བསམ་ཞིང་བསམ་ཞིང་ངུ་བ་དགོད་ཀྱི་སྣང་བ་ཞིག་སྐྱེས་བྱུང༌།
མེ་ཕུང་གི་གམ་དུ་སླེབས་རྗེས། བཀྲ་ཤིས་ཀྱིས་དཔེ་ཆ་དེ་དག་ངའི་མདུན་དུ་རེ་རེ་བཞིན་གཤགས་ནས་མེ་ནང་དུ་
འཕངས་པས། ངསམིག་གིས་བལྟར་མི་བཟོད་ཅིང་རང་གི་སྙིང་བསྲེགས་པ་ལྟ་བུའི་ཟུག་རྔུ་དྲག་པོ་ཞིག་སྐྱེས་བྱུང༌།……
ལོ་བཅུ་བཞི་འགོར་སོང༌། འདས་དོན་མང་པོ་ཞིག་དུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་ང་ཡི་ཡིད་ནས་གར་
སོང་ཆ་མེད་དུ་ཡལ། རིག་གནས་གསར་བརྗེའི་ཟིང་ཟིང་ཆེན་པོ་དེ་སྒྲུབ་དོན་ཞིག་ཡོད་པའི་དབང་དུ་བྱས་ན་ངའི་སེམས་
ནས་ནམ་ཡང་བརྗེད་ཐབས་མེད་མོད། འོན་ཀྱང་དེའི་མགོ་རྔ་མ་བར་སྐེད་པའི་བྱུང་རིམ་ཕྲ་ཞིང་ཞིབ་པ་རྣམས་ཆད་ལྷག་
མེད་པར་བརྗོད་མཁན་ནི་སུ་གཅིག་ཀྱང་མི་འདུག བརྒྱ་ལ་ཡོད་ཀྱང་དེ་ལྟར་སེམས་ལ་འཛིན་པའི་དགོས་པ་ཅི་ཡང་མེད་
པས། ད་ལྟ་བདག་གི་ཡིད་ཀྱི་རས་གཞིའི་ངོས་ན་འདས་དོན་གྱི་གཟུགས་བརྙན་གསལ་ལ་མི་གསལ་རེ་ཡོད་མེད་ཀྱི་ཚོད་
རེད། ལྷག་པར་དུ་ཁོས་བདག་གི་དཔེ་ཆ་དེ་དག་བསྲེགས་པ་དེ་ཡང་རིག་གནས་གསར་བརྗེ་ཆེན་པོའི་ངན་འབྲས་སུ་གོ་
དགོས་པ་ལས་ཁོ་རང་གི་ཉེས་སྐྱོན་དུ་བརྩི་ག་ལ་རུང་སྟེ་མི་རུང་ངོ༌། །ཡིན་ན་ཡང༌། དེ་རིང་ཁོས་གློ་བུར་དུ་ང་འཚོལ་དགོས་
དོན་ཅི་ཡིན་ནམ་སྙམ།
“དགེ་རྒན་གྲགས་པ་ལགས། ང་ནི་རིག་གནས་གསར་བརྗེ་ཆེན་པོའི་ནང་ཁྱེད་ཀྱི་དཔེ་ཆ་བསྲེག་མཁན་དེ་ཡིན།
དེ་དུས་ང་དང་ང་འདྲ་བའི་སློབ་མ་རྣམས་ཀྱིས་ཅི་ཡང་མི་ཤེས་པས། མི་ངན་ལྐོག་ཤོམ་ཅན་གྱི་གཡོ་འོག་ཏུ་ཚུད་དེ། རང་གི་
རིག་གནས་ཉམ་དམས་སུ་གཏོང་བ་དང་རང་གི་དགེ་རྒན་ལ་གནོད་ཅིང་འཚེ་བའི་ཉེས་པ་མང་པོ་བསགས། ཕྱིས་སུ་རང་
ཉིད་ཀྱང་སློབ་གྲྭ་ཆུང་ཆུང་ཞིག་གི་དགེ་རྒན་བྱས་ནས་སྔར་བྱས་ཀྱི་དོན་རྣམས་ལ་བསམ་མནོ་ཡང་ཡང་བཏང་པས་གཞི་
ནས་གོ་རྟོགས་སད་སོང༌། ཧེ། དེ་དུས་ཀྱི་འགྲོ་ལུགས་འདུག་སྟངས་དྲན་ཚུལ་ཤོད་སྟངས་ལ་འདང་བརྒྱབ་ན་དངོས་གནས་
དགོད་བྲོ་ཞིང༌། ད་ལྟ་རང་གིས་གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི་མཐའ་འབྲས་འདི་བསམས་ན་དངོས་གནས་ངུ་
བྲོ་བ་ཞིག་ཀྱང་འདུག ངས་རང་གི་ལས་གནས་སུ་སློབ་མར་སློབ་ཁྲིད་བྱེད་ཞོར་དུ་འབད་བརྩོན་གྱིས་རང་སྦྱོང་བྱས་པ་
བརྒྱུད་ནས་སྔོན་ཆད་ངས་ཁྱེད་ཀྱི་ལག་ནས་ཕྲོགས་ཏེ་མེར་བསྲེགས་པའི་དཔེ་ཆ་དེ་དག་ནི་ང་ཚོ་དགེ་སློབ་ཀུན་ལ་ཉེ་བར་
མཁོ་བ་ཞིག་ཡིན་པ་ད་གཟོད་ཤེས་བྱུང༌། དེ་ནས་བཟུང་ངས་རང་གིས་རང་ལ་འགྱོད་བཤགས་བྱེད་པ་དང་ཆབས་ཅིག་
བརྩོན་པ་ཆེར་སྐྱེད་ཀྱིས་རང་སྦྱོང་བྱེད་པ་རྒྱུན་འཁྱོངས་དང༌། དུས་ནམ་ཞིག་གི་ཚེ་དཔེ་ཆ་འདི་དག་དཔར་སྐྲུན་བྱེད་ཐུབ་
པ་བྱུང་ན་ངས་ཐོག་མར་དགེ་རྒན་ལ་དཔེ་ཚབ་སྤྲད་དེ་བཟོད་གསོལ་ཞུ་རྒྱུ་ཡིན་པའི་སེམས་ཐག་བཅད་པ་ཡིན། སྟབས་
ལེཊ་པ་ཞིག་ལ། ད་ཐེངས་ང་ཟི་ལིང་དུ་ཚོགསའདུར་ཞུགས་པའི་སྐབས་ལ་དཔེ་ཁང་དུ་གསར་དུ་བསྐྲུན་པའི་དཔེ་ཆ་འདི་
དག་འཚོང་རྒྱུ་ཡོད་པ་དང་འགྲིག་པས། འདི་ངས་ཁྱེད་ལ་དཔེ་ཚབ་ཏུ་ཉོས་པ་ཡིན་པས་བཞེས་སུ་གསོལ། གཞན་ཡང་
བདག་གི་སྔར་བྱས་ཀྱི་ལས་དེ་དག་ལ་ཁྱེད་དགོངས་ཚོམ་མེད་པའི་སྒོ་ནས་ཐུཊ་རྗེ་ཆེན་པོས་རྗེས་སུ་གཟུང་དུ་གསོལ”
ཟེར་བཞིན་རྒྱབ་ཀྱི་འགྱིག་ཀོ་ནག་པོའི་ཁུར་ཁུག་ལས་ཤོག་ཐུམ་ཆེན་པོ་ཞིག་བླངས་ཏེ་ང་ལ་ཕུལ།
ཨེ་མ། འདི་ནི་ཇི་འདྲའི་ཡིད་དུ་འོང་བའི་སྐད་ཆ་ཞིག་རེད་ཨང༌། ངས་ཉན་བཞིན་ཉན་བཞིན་བདུད་རྩི་འཐུངས་
པ་བཞིན་དུ་ཡིད་ལ་སྨྲ་མི་ཤེས་པའི་དགའ་བདེས་ཁྱབ་སོང༌། ཁོས་ང་ལ་ཕུལ་བ་ནི་དཔེ་ཚབ་ཀྱི་དངོས་པོ་ཙམ་མ་ཡིན་པར་
སྔོན་ཆད་དྲི་མས་བསླད་ཀྱང་ད་ལྟ་རང་སྟོབས་ཀྱིས་དག་པའི་སེམས་དགེ་བ་ཅན་ཞིག་རེད་ཨང༌།

བརྒྱུད་སྐུལ།

མཆན་སྤེལ།