ནག་ཞར་སྡེ་བའི་གཏམ་རྒྱུད།

༄༅།། ནག་ཞར་སྡེ་བའི་གཏམ་རྒྱུད།

སྟག་འབུམ་རྒྱལ། (ཀོས་ནན)

གཅིག ཡི་དམ་ནག་འདུས་ཀྱི“ནག鉋དང“འདུས鉋
ནག་འདུས། ཅི་ཞིག་ནག་པ་ཡིན་ནམ། ཁྱོད་ཀྱིས་ཅི་ཞིག་ཟེར། སྐྱི་མོ། སྐྱི་མོའི་ཁ་དོག་ནག་པོ་ཡིན་པས་རེད། འོ་ན་
ཅི་ཞིག་འདུས་པ་རེད། ཨེ—ལུས་པོ་ལ་ཟེར་བ་རེད། ཁྱོདཀྱིས་ལྟོས་དང༌། ཁོ་རང་གི་ལུས་པོ་ཧ་ཅང་བཙོག ཅི་ཞིག་གིས་
མནར་བ་ལྟར་ནམ་རྒྱུན་ནག་ཉེར་རེར་འདུག ཧེ་ཧེ་ཧེ—ཡི་དམ་ལ་ནག་འདུས་ཞེས་མཚང་མིང་འདོགས་མཁན་ཡང་
དེང་ཐོག་རྒད་པོ་ཆོ་ཡིན་ཞིང༌། དེའི་རྗེས་སུ་ལོ་ན་བཅུ་ཕྲག་ལ་སོན་པའི་བྱིས་པ་དག་ཡིན། དེ་ནས་རིམ་བཞིན་བུད་མེད་
ཚོའི་ཁྲོད་དུའང་ཁོ་རང་ལ་དེ་ལྟར་འབོད་མཁན་བྱུང༌།
ཡི་དམ་ནག་འདུས་ཆུང་ངུའི་དུས་སུ་འདི་འདྲའི་ནག་ཅིང་འདུས་པ་ཞིག་གཏན་ནས་མིན་ལ། ཕྱིས་སུ་ཆུང་མ་
བཀྲ་བྷེ་ལེན་དུས་ཀྱང་འདི་འདྲ་ཞིག་ག་ལ་ཡིན། ཁོ་རང་ཕོ་ལོ་སོ་དགུར་སོན་པའི་སྟོན་ཁ་དེར་བཀྲ་བྷེ་ཆུང་མར་བླངས་པ་
རེད། དྲང་མོར་བཤད་ན་ཡི་དམ་ནག་འདུས་ནི་འབྱོར་མེད་གྲལ་རིམ་རྨ་མེད་པ་ཞིག་ཡིན་པས“གྲལ་རིམ་འཐབ་རྩོད
“ཀྱི་རླུང་འཚུབ་དེས་ཁོ་རང་ལའང་རོགས་སྐྱོར་ཆེན་པོ་བྱས་ཡོད། དེ་དུས་མི་ཚང་མས་ཀྱང་ཁོ་རང་ལ་བསྟོད་པའི་ཚུལ་
གྱིས་ག་ནས་མཐོང་ཡང“ཡི་དམ་རྒྱ་དམར”ཞེས་འབོད་ཅིང༌། ཐོན་སྐྱེད་རུ་ཁག་གིས་ཀྱང་ཁོ་རང་འབྱོར་མེད་རེད་
ཟེར་ནས་ལུག་ཁྱུ་གཅིག་ཁོ་ལ་སྤྲད་ནས་འཚོ་སྐྱོང་བྱེད་དུ་བཅུག དེ་བས་བཀྲ་བྷེ་ཡང་ཁོ་དང་ལྷན་དུ་འདུག་འདོད་སྐྱེས།
སྐབས་དེ་དག་ཏུ་ཡི་དམ་ནག་འདུས་ཀྱང་འགྱིང་ནས་འགྲོ་ཞིང༌། མི་སུ་ཞིག་ལ་ཁ་བརྡ་བྱེད་དུས་ཀྱང་ཁོས་ངའོ་
སྙམ་པའི་ཉམས་དང་བཅས། “ང་འབྱོར་མེད་གྲལ་རིམ་ཡི་དམ། ང་ཏང་ལ་བློ་དཀར་བ་ཞིག་ཡིན། ཏང་དང་མའོ་ཀྲུའུ་
ཞི་རང་ཉིདཀྱི་ཕ་རྒན་ལས་ཀྱང་དྲིན་ཆེན་ཡིན། ཨ། ངས་ངོ་མ་བཤད་པ་ཡིན……”ཟེར་བཞིན་དུ་རུམ་ནས་སྣ་ཐ་
བླངས་ཏེ་ལག་གཡོན་པའི་མཐེ་བོང་སྟེང་དུ་རྡེབ་རྡེབ་བྱེད།
གྲལ་རིམ་འཐབ་རྩོད་ཀྱི་རླུང་མགོ་འཇགས་པའི་རྗེས་སུ། ཡི་དམ་ནག་འདུས་གློ་བུར་དུ་ནག་འདུས་པ་ཞིག་ཏུ་གྱུར་
སོང༌། སྔོན་དུས་ཐོན་སྐྱེད་རུ་ཁག་གིས་ཁོའི་ལག་ཏུ་མ་མོ་སུམ་བརྒྱ་བཞག་པ་དེ་ཤི་བ་དང་བོར་བ་སོགས་ཀྱིས་ཚར་ཏེ་ད་ནི་
ལྷག་མ་ལྔ་བཅུ་ཙམ་ལས་མི་འདུག དེ་ཕྱིར་སྔ་གཞུག་ཏུ་ཁོ་རང་སྡེ་བའི་ཁྱིམ་མི་ཚོགས་པའི་དཀྱིལ་དུ་ལངས་ནས་སྐྱོན་
བརྗོད་བྱེད་དུ་བཅུག
དགོང་མོ། ཡི་དམ་ནག་འདུས་ཀྱིས་སྔོན་ཆད་ལྟར་སློག་པ་རྙིང་ཧྲུལ་དུ་གྱུར་པ་ཞིག་ལ་ཐ་གུ་ཕྲ་མོའི་སྐ་རགས་
བཅིངས་ཤིང༌། ཧ་ཅང་ཉམ་ཐག་པའི་ངང་དུ་མི་མང་ཚོགས་པའི་དཀྱིལ་དུ་ལངས་ནས་སྡོད་པ་དེས་ངོ་མ“འབྱོར་
མེད”ཟེར་བ་ནི་ཁོ་རང་ལོས་ཡིན་སྙམ་པའི་སྣང་བ་ཞིག་སྦྱིན་འོང༌། སྡེ་དཔོན་གྱི་གདོང་ལ་གཟབ་ནན་གྱི་ཉམས་དང་
བཅས་གྲལ་དཀྱིལ་ན་སྐྱིལ་ཀྲུང་དུ་འདུག
“ཁྱོད་ཀྱི་ལུག་ཁྱུ་ཇི་ལྟར་ཚར་སོང་བ་རེད། ”
“ང་ནི་འབྱོར་མེད་ཡིན། སྔོན་ཆད་ནས‘མི་བཞི་ཚོགས་ཁག’གིས་ང་ཚོར་གནོད་འཚེ་བཏང་བས། ངས་
གདོན་འདྲེ་དེ་ཚོར་དགག་པ་བརྒྱབ་ནས … … ”
“དེ་ནི་སྔོན་ཆད་ཀྱི་བྱ་བ་རེད། ” སྡེ་དཔོན་གྱིས་བཤད་མཚམས་བཅད་ནས“སྔོན་ཆད་ང་ཚོས་བྱ་བ་མ་
འགྲུབ་པ་ཅི་ཞིག་ཡོད་ཀྱང‘མི་བཞི་ཚོགས་ཁག’གི་མགོ་ལ་བཞག་པ་རེད། འོན་ཀྱང་ད་ལྟ་དེ་ལྟར་བྱེད་མི་རུང༌། ”
“འོ་ན་ད་ལྟ་མི་བཞི་ཚོགས་ཁག་གང་ལ་སོང་བ་རེད། ”
མི་ཚང་མ་ཧབ་ཆ་ཆིལ་ལེར་སོང་ཞིང་སྡེ་དཔོན་གྱིས་ཀྱང་བཟོད་བསྲན་བྱེད་མ་ཐུབ་པར་ཁོང་དགོད་ཤོར། ཡི་
དམ་ནག་འདུས་རང་དབང་མེད་པར་ནག་འདུས་པ་ཞིག་ཏུ་གྱུར་ཅིང“ངས་ངོ་མ་བཤད་པ་ཡིན”ཟེར།
ལོ་དེའི་དཔྱིད་ཀར། ནག་ཞར་སྡེ་བའི་མིང་བཏགས(མགོ་ཁྲིད)རྣམས་ཀྱིས་ལུག་གི་ཤི་པགས་རྣམས་རྩིས་ལེན་བྱེད་
དུས། ཡི་དམ་ནག་འདུས་ཀྱིས་ཤ་པགས་གཡག་ཀོ་འདྲ་བ་འགའ་ཁྱེར་ཡོང་ནས་ཤི་པགས་ཡིན་ཁུལ་གྱིས་སྤྲོད་དུས་སྡེ་མི་
རྣམས་ངོ་མཚར་སྐྱེས། སྡེ་དཔོན་དང་རྩིས་གཉེར་པ་གཉིས་ཀྱིས་རང་དབང་མེད་པར་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་
རྗེས་མགོ་བོ་འཕྲེད་དུ་གཡུག
“ཨ་ཁུ་ཡི་དམ། འདི་དག་ཤི་པགས་ཡིན་ནམ། ”
“ཤི་པགས་ལོས་ཡིན། ”ཡི་དམ་ནག་འདུས་ཡར་དགྱེ་སྟེ་སྣ་གཉེར་ཙམ་བྱས་ཏེ། “ད་ལོ་དགུན་ཁར་ཤི་བ་
ཤ་སྟག་ཡིན། ”
“འོ་ན་ཁྱོད་ཀྱིས་ཤ་ཅི་ཞིག་བྱས། ”
“ཤ། ཤ་ཅི་ཞིག་བྱེད་རྒྱུ། ཁྱི་ལ་འཕངས་པ་ཡིན”
“ཁྱོད་ཀྱིས་ཟོས་པ་མིན་ནམ། ” སྡེ་དཔོན་གྱིས་པགས་པའི་ངོས་སུ་འབྱར་བའི་ཚིལ་སེན་མོས་འབྲད་ཙམ་
བྱས་རྗེས“ངོ་མ་ཤེད་མོང་འདུག བཤས་ནའང་འདི་འདྲ་རྙེད་དཀའ་མོ་རེད”ཟེར།
“ཟོས་མེད། ”
“དེས་ན་མནའ་སྐྱོལ་དང༌། ”
“ … … ”
ཡི་དམ་ནག་འདུས་ཀྱི་མགོ་བོ་ནང་ལ་དུད་སོང༌། སྡེ་དཔོན་དང་རྩིས་གཉེར་པ་གཉིས་ཀྱིས་ཀྱང་མ་བགྲོས་གཅིག་
མཐུན་གྱི་ངང་ནས་ཡི་དམ་ནག་འདུས་ལ་ནུས་པ་མེད་པ་དང་བཟའ་མི་བུ་ཕྲུག་མང་བ་ཤེས་པས་རྩད་གཅོད་ཆེར་མ་བྱས་
པར་བཏང་སྙོམས་སུ་བཞག ངོ་མ་ལོ་འགའ་ཡང་མ་འགོར་བར་ཡི་དམ་ནག་འདུས་ཀྱིས་བཟའ་མི་རྣམས་མ་སོས་པར་
ཉིན་རྒྱུན་ནག་ཅིང་འདུས་པར་གྱུར། ཁོ་ལ་བྱིས་པ་དགུ་ཡོད་ཅིང༌། དེའི་ནང་དུ་བུ་གསུམ་ལས་གཞན་དག་བུ་མོ་ཡིན།
དེ་བས་ཁོ་རང་གིས་སྒྱེ་མོ་སྟོང་བ་ཞིག་མཆན་ལ་བཟུང་ནས་ཁྱིམ་ཚང་རེ་རེའི་སྒོ་ཁ་ཉུལ་ཏེ་འབྲུ་རིགས་ཉུང་ཙམ་རེ་བསྐྱི
(དོན་དུ་སློང་བར་འགྲོ་བ་རེད) རུ་མི་འགྲོ་ཐབས་མེད་དུ་གྱུར།
“ཨེ། ངོ་མ་ཡི་དམ་ནག་འདུས་གན་སྙིང་རེ་རྗེ། ཅུང་ཙམ་བྱིན། སྐྱིན་པའང་མི་དགོས། ”
ཁྱིམ་ཚང་འགའ་རེས་ཁོ་རང་གི་གནས་བབ་མཐོང་བས་སྙིང་རྗེ་བའི་ངང་དེ་ལྟར་བཤད་བཞིན་འབྲུ་རིགས་ཀ་ཏོ་
ར་གང་དོ་ཙམ་རེ་བྱིན་པས། དེ་མ་ཐག་ཏུ་སྒྲོ་བ་ལྔ་དྲུག་ཙམ་དུ་བུད་པས་ཡི་དམ་ནག་འདུས་ཀྱང་རེ་ཞིག་འདང་རྒྱག་མེད་
པར་གྱུར། ཡིན་ན་ཡང་ཁོ་རང་ཡིད་མི་ཚིམ་པར་ཁྱིམ་ཚང་དག་གི་གོ་ཁར་བསྡད་ནས་སླར་ཡང་ངའོ་སྙམ་པའི་ཉམས་ཤིག་
སྟོན་བཞིན“ཁྱོད་ཚོ་ཕྱུག་པོ་རེད། ང་ལ་རྩམ་པ་འཐག་བྱེད་ཀྱི་ནས་ཤིག་བྱིན་དང༌། ད་ནི་རྩམ་པའང་མེད། ”ཟེར་
ནས་སྣ་ཐ་འཐེན།
ཡུན་རིང་མ་འགོར་བར། གློ་བུར་བའི་རིམས་ནད་ཅིག་གིས་ཁོའི་ཆུང་མ་བཀྲ་བྷེ་ཉལ་སར་ལྷུང་སྟེ་ཚེ་ལས་འདས་
སོང༌། སྤྱིར་སྐྱེ་རྒ་ན་འཆི་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་དེ་ལ་ཧ་ལས་རྒྱུ་ཅི་ཡང་མེད་མོད། འོན་ཀྱང་ཆུང་མ་བཀྲ་བྷེ་
ཚེ་ལས་འདས་པའི་སྐོར་ལ་གཏམ་ཡ་མཚན་སྣ་ཚོགས་ཤིག་བཤད་ཀྱིན་འདུག ལ་ལས་ལྟོགས་ནས་ཤི་བ་རེད་ཟེར། ཡང་ལ་
ལས་ཁོས་བརྡུངས་པ་འདྲ། གདོང་ལ་སྔོ་ཐིག་ལྷུང་འདུག་ཟེར་བ་སོགས་ནག་ཞར་སྡེ་བའི་གླེང་གཞིར་གྱུར། ཡི་དམ་ནག་
འདུས་སྔར་ལས་ཀྱང་ནག་ཅིང་འདུས་པར་འགྱུར་བ་སྨོས་ཅི་དགོས།
ཕྱུགས་ཟོག་རང་ལ་བགོས་རྗེས་སུ་ཡི་དམ་ནག་འདུས་ཀྱི་བྱིས་པ་དག་ཀྱང་ནར་སོན་འདུག བུ་ཆེ་བ་སྡེ་བ་གཞན་
པའི་བུ་མོ་ཞིག་ལ་འཕྲད་རྗེས་དེ་ཚང་ནས་མག་པའི་ཚུལ་དུ་བསྡད་དེ་ཡུལ་ལ་ཡོང་མི་འདོད་པར་གྱུར། བུ་འབྲིང་བ་ལོ་ན་
བཅོ་བརྒྱད་དུ་སོན་ཡང་རང་ཁྱིམ་གྱི་ལུག་རྣམས་རེ་རེ་བཞིན་ལྐོག་ཏུ་བཙོང་ནས་ཆང་དང་དུ་བར་བརྗེས། བུ་ཆུང་བ་ད་
དུང་ཅི་འདྲ་ཞིག་ཡིན་པ་སུས་ཤེས། ཧ་ཅང་ཆུང༌།
ཐེངས་ཤིག་བུ་ཆེ་བ་ཡུལ་དུ་འོངས་ཏེ“ང་རང་གི་ཟོག་སྐལ་བྱིན”ཟེར་ནས་ལུག་ཁྱུའི་ཕྱེད་ཀ་བཅད་ནས་དེད་
སོང༌། ཡི་དམ་ནག་འདུས་ཀྱིས་དོན་དེ་ཤེས་འཕྲལ་ངར་ངར་གྱི་ངང་ནས་ཆོན་ཐག་གི་ཀ་ར་བླངས་ནས་ཕར་བརྒྱུགས་ཀྱང༌།
བུ་ཆེ་བ་ཕར་འགྲོ་ཙམ་བྱས་རྗེས་མར་སྒུར་ཏེ་ས་ནས་རྡོ་ལོག་འགའ་བཏུས་ནས་བསྡད་པས་ཁོ་རང་ཡང་གམ་དུ་འགྲོ་མ་
ཕོད་པར་རྫིག་རྫིག་འགའ་བྱས་ཏེ། “ད་ནས་བཟུང་ཁྱོད་ཡུལ་ལ་ཡོང་མི་ཆོག ཁྱོད་ལེ་ཡོང་ས་མེད། ང་ཁྱོད་ཀྱི་ཨ་ཕ་
མིན། ”ཟེར་བཞིན་ཕྱིར་བུད་སོང༌།
ལོ་འགའ་འགོར་སོང༌། ཡི་དམ་ནག་འདུས་ཀྱིས་སླར་ཡང་སྒྱེ་སྟོང་ཞིག་མཆན་དུ་བཙིར་ནས་ནག་ཞར་སྡེ་བའི་རུ་
འདབས་ཉུལ་ནས་འགྲོ་བཞིན་འདུག་ལ། ཉིན་དེར་ཡང་ཁོ་རང་སྔོན་ཆད་དང་འདྲ་བར་ནག་འདུས་པ་ཞིག་ཏུ་གྱུར་འདུག
“ཁྱོད་ཚོ་ཕྱུག་པོ་རེད། ལོ་གསར་བྱེད་ཀྱི་ཕྱེ་ཞིག་བྱིན་དང༌། ད་ནི་ཕྱེའང་ཚར་སོང༌། ”

བརྒྱུད་སྐུལ།

མཆན་སྤེལ།