ནད་བདག་གི་རང་གཟུགས་ཕྱིར་མངོན་པ།

༄༅།། ནད་བདག་གི་རང་གཟུགས་ཕྱིར་མངོན་པ།

ནོར་སྡེ།

  ཤེས་བྱའི་རླབས་ཕྲེང་རྫོགས་པ་མེད་པ་པདྨའི་མཚོར། །ངག་རིག་ངང་མོའི་རྗེས་སུ་འབྲངས་ནས་རྩེན་པ་ངས། །
ཤེས་རྒྱུད་རྨོངས་དད་མེ་ཡིས་ཚིག་པ་དག་གི་ཆེད། །ངག་གི་འདབ་མར་ཆགས་པའི་གཏམ་སྦྱོར་ཆུ་ཐིགས་སྦྲེང༌། །
དེ་ཡང་སྔོན་གྱི་ཚེ་འཕགས་བོད་གཉིས་ཀྱི་ས་མཚམས། གངས་ཅན་རི་ཡི་ཉེ་འདབས་སུ། ལྷ་ཆེན་ཐིག་ལེ་དྲུག་པ་
ལ་སྐྱབས་སུ་འགྲོ་བའི་གྲུབ་ཐོབ་ཟླ་བའི་སྙིང་པོ་ཞེས་བྱ་བ་ཡུམ་དཔལ་མོ་སྐྱིད་དང་ལྷན་ཅིག་ཏུ་གནས་པ་ཞིག་ཡོད་པ་དེས།
སྐྱེ་བོ་རྣམས་ལ鉊ནད་བདག鉋དང鉊རྣམ་ཤེས鉋མངོན་སུམ་དུ་སྟོན་ནུས་པས། ཡུལ་མི་ཀུན་གྱིས་ངོ་མཚར་དང་དད་གུས་
ཚད་མེད་བྱེད་པར་མ་ཟད་དད་གཤིན་གྱི་ནོར་རྫས་ཡོད་ཚད་ཁོང་ལ་ཕུལ་ནས་གསོན་པོའི་སྐྱབས་གནས་དང་གཤིན་པོའི་
ལམ་སྟོན་གྱི་རེ་བ་བཅོལ། གྲུབ་ཐོབ་དེ་ཉིད་ཀྱི་ཁྱད་ཆོས་གཙོ་བོ་ནི། ནད་པ་ལ་ཆོ་ག་བྱེད་པའི་ཚེ། མདའ་ལྔའི་འཕུལ་མོ་ལ་
བརྟེན་ནས། ནད་བདག་དང་གདོན་བདག་དང་པོ་གང་ནས་བྱུང༌། བར་དུ་གང་ན་གནས། ཐ་མ་གང་དུ་འགྲོ་སོགས་སྟོན་
པར་མ་ཟད། ནད་སྣ་འདྲེན་བྱེད་ཀྱི་གདོན་རྫས་སྣ་ཚོགས་ངོས་བཟུང་སྟེ་གླུད་ཀྱི་གཏོར་མ་དང་ལྷན་ཅིག་ཕྱོགས་དང་ཕྱོགས་
མཚམས་སུ་བསྐྱལ་རྗེས་རོལ་མོ་སྣ་ཚོགས་དྲག་ཏུ་དཀྲོལ་ན། 鉊ནད་བདག་གིས་མངོན་སུམ་དུ་འཁྱེར་འགྲོ་བ་རེད། དེ་ཡང་
གདོན་རྫས་ཕྱིར་ཕུད་དུས་ངེས་པར་དུ་མུན་རུབ་ལ་ཉེ་བའི་དུས་སུ་ཁེལ་དགོས་ལ། དེ་ནི་ནད་བདག་མི་མ་ཡིན་རྣམས་རྒྱུ་
བའི་དུས་ཡིན་པས་རེད་ཅེས་གསུང་གི་ཡོད་པ་རེད། ཡང་གཤིན་པོ་ལ་ཆོ་ག་བྱེད་པའི་ཚེ། གསེར་དངུལ་དང་གཡུ་བྱུར་
སོགས་རིན་པོ་ཆེ་སྣ་ཚོགས་དང༌། གོས་དང་དར་ཟབ་སོགས་གྱོན་ཆས་སྣ་ཚོགས། མར་དང་འོ་མ་ཀ་ར་དང་སྦྲང་རྩི་སོགས་
དཀར་གསུམ་མངར་གསུམ་བཅས་ཚོགས་པར་བྱས་ནས་ཞག་བདུན་ནམ། ཉེར་གཅིག་གམ་ཞེ་དགུའི་རིང་ལ་བསྔོས་ཏེ་
གསུར་མེ་དང་ལྷན་ཅིག་རྒྱང་རིང་པོར་བསྐྱལ་རྗེས། ཏིང་ཤག་ཡུན་རིང་དུ་དཀྲོལ་ན། གཤིན་པོ་དེའི་བར་དོའི鉊རྣམ་ཤེས鉋
མིའི་གཟུགས་སུ་ཡོང་ནས་དངོས་སུ་འཁྱེར་འགྲོ་བ་རེད། དེ་ཡང་གཤིན་པོ་ལ་གསུར་རྫས་སྐྱེལ་དུས་ངེས་པར་དུ་ཟླ་བའི་འོད་
དང་ལྡན་པའི་མཚན་མོ་དང་ཁེལ་དགོས་ལ། དེ་ནི་བར་དོའི་རྣམ་ཤེས་རྒྱུ་བའི་དུས་ཡིན་ཞེས་གསུང་གི་ཡོད་པ་རེད། དེ་ལྟར་
ངོ་མཚར་བའི་ཆོ་ག་སྒྲུབ་པའི་ཡོན་དུ། ཡོད་པོས་རྟ་དང་མཛོ་མོ། མེད་པོས་ལུག་དང་ར་མ་སྟེ་ཡུལ་མི་ཕྱུག་སྤྲང་ཀུན་གྱི་རྒྱུ་
ནོར་གང་དགའ་གང་དྲག་ཐམས་ཅད་ཕུལ་བས་གྲུབ་ཐོབ་ཚང་ཉིན་རེ་ལས་ཉིན་རེར་ཇེ་ཕྱུག་ཏུ་གྱུར་སྟབས། ཡུལ་གྱི་མི་
དྲག་དང༌། ཕྱུག་པོ་ཚང་མས་གྲུབ་ཐོབ་ཟླ་བའི་སྙིང་པོ་ནི鉊ཛམྦྷ་ལྷའི་སྤྲུལ་པ鉋ཡིན་པ་དང༌། ཡུམ་དཔལ་མོ་སྐྱིད་ནི་ཀླུ་གཙུག་
ན་རིན་ཆེན་གྱི་སྲས་མོ་མི་ཡི་གཟུགས་སུ་བྱོན་པ་རེད་ཅེས་བསྟོད་བསྔགས་བྱེད་པར་མ་ཟད། རིན་པོ་ཆེ་སོགས་དངོས་རྫས་གྱ་
ནོམ་པའི་ལག་རྟགས་ཀྱང་འབུལ་གྱིན་ཡོད་པ་རེད། དེ་ལྟར་ཡུལ་རིང་སོང་རྗེས་གྲུབ་ཐོབ་ཟླ་བའི་སྙིང་པོའི་ཡིད་ང་རྒྱལ་གྱི་
ཆང་གིས་མྱོས་ནས་ཡུལ་གྱི་རྗེ་འབངས་ཀུན་ཚོགས་པའི་དབུས་སུ་ན་རེ།
ཁྱོད་མཐོན་པོ་རྗེ་བློན་མན་ཆད་དང༌། །དམན་པ་བྲན་གཡོག་ཡན་ཆད་ཀྱི། །ཡུལ་འདིའི་སྐྱེ་བོ་མ་ལུས་པ། །ང་ཟླ་
བའི་སྙིང་པོར་ཚུར་གསོན་དང༌། །ངའི་ཕྱི་ལུས་མི་ཡི་རྣམ་པ་ལ། །ནང་སེམས་ཉིད་ཁྱབ་འཇུག་རྟག་པའི་ལྷ། །འཁོར་འདས་
གཉིས་ལ་དབང་བསྒྱུར་པས། །འཇིག་རྟེན་གྱི་ལྐོག་གྱུར་མ་ལུས་ཤེས། །ངའི་སྐྱབས་མཆོག་ཐིག་ལེ་དྲུག་པ་དེ། །མེ་ཏོག་གཞུ་
ཅན་འཁོར་དང་བཅས། །དུས་སྐད་ཅིག་ཙམ་ཡང་མི་འབྲལ་བས། །སྐྱབས་གནས་གཞན་གྱིས་དོ་སྙམ་མེད། །གསོན་པོའི་ཚེ་
ཐག་སྲིང་མཁན་ང༌། །གཤིན་པོའི་ལམ་སྣ་འདྲེན་མཁན་ང༌། །མདའ་ལྔའི་གྲུབ་པ་ང་ཡིས་བརྙེས། །དགེ་སྦྱོང་མགོ་རེག་ཅན་
གྱིས་དོ་སྙམ་མེད། །མཐོ་སྲིད་པའི་རྩེ་མོ་མན་ཆན་ནས། །དམའ་ན་རག་དམྱལ་བ་ཡན་ཆད་ཀྱི། །ལྷ་འདྲེ་མི་གསུམ་གྱི་སྣང་བ་
ཀུན། །ང་ཟླ་བའི་སྙིང་པོའི་དབང་དུ་འདུས། །ཁྱོད་འདིར་ཚོགས་ཀྱི་སྐྱེ་བོ་སུ་ཡིན་ཀྱང༌། །སྐྱབས་ང་ལ་བཅོལ་ན་རྟག་ཏུ་བདེ། །
ང་དང་འགྲན་པར་འདོད་པ་རྣམས། །བཙན་དུག་ཟས་སུ་ཟ་ལས་ཅི།
ཞེས་སོགས་མང་པོ་ཞིག་མགུར་དུ་བཞེངས་པས། སྐྱེ་བོ་ཀུན་ལ་སྔར་ལས་ལྷག་པའི་དད་པ་དང་སྐྲག་སྣང་སྐྱེས་སུ་
བཅུག་པ་རེད།
གཞན་ཡང་ཡུལ་དེ་ན་ཡུལ་མི་ཕལ་བའི་ཁྱིམ་ལས་སྐྱེས་པའི་གཞོན་ནུ་སྤུན་གཉིས་ཡོད་པ་དེའི་ཕུ་བོའི་མིང་ལ་ཤེས་
རབ་གསལ་དང་ནུ་བོའི་མིང་ལ་ཤེས་རབ་བརྟན་ཟེར། ཕུ་བོ་ཤེས་རབ་གསལ་གྱིས་ཆུང་ངུའི་དུས་ནས་རིག་པའི་གནས་ཀུན་
ལ་ལེགས་པར་སྦྱངས་པས། ཕྱི་ནང་གི་གྲུབ་མཐའ་ཀུན་ཁོང་དུ་ཆུད་ཅིང༌། ལྷག་པར་དུ་གསོ་བ་རིག་པའི་གཞུང་ལུགས་ལ་བློ་
གྲོས་ཀྱི་འདབ་མ་རབ་ཏུ་རྒྱས་ནས་ཡུལ་དེའི་སྐྱེ་བོ་ཀུན་ལ་གསོ་རིག་གི་འགྲོ་དོན་རྒྱ་ཆེན་པོ་མཛད་བཞིན་ཡོད་པ་དང༌། ནུ་བོ་
ཤེས་རབ་བརྟན་དེའང་མི་གཤིས་བཟང་ཞིང་རྒྱུད་དྲང་པ། གཡོ་སྒྱུའི་དྲི་མས་མ་གོས་པའི་སྐྱེ་བོ་ཡ་རབས་ཅིག་ཡིན་པས།
ཁོང་ཕུ་ནུ་གཉིས་ལ་ཡུལ་མི་ཀུན་གྱིས་དགའ་ཞེན་ཆེན་པོ་བྱེད་ཀྱིན་ཡོད་མོད། འོན་ཀྱང་གྲུབ་ཐོབ་ཟླ་བའི་སྙིང་པོ་ཤེས་རབ་
གསལ་གྱི་སྙན་གྲགས་ལ་ཕྲག་དོག་སྐྱེས་ནས། ལྐོག་ཏུ་ངན་སྨྲས་སྣ་ཚོགས་བྱེད་བཞིན་ཡོད་པ་རེད།
སྐབས་ཤིག་ན་ཡུལ་དེའི་སྡེ་དཔོན་བསོད་ནམས་དར་རྒྱས་ཀྱི་བུ་མོ་སྐལ་བཟང་སྒྲོལ་མ་ལ་གློ་ཚད་བྱུང་བས། སྡེ་
དཔོན་གྱིས་ཕྱོགས་ཕྱོགས་སུ་ཕོ་ཉ་མངགས་ནས་བླ་མ་དང༌། མོ་བ། སྨན་པ་དང་རྩིས་པ་སོགས་གདན་འདྲེན་ཞུས་ཏེ། བུ་མོའི་
ནད་ལ་ཕན་པའི་སྨན་བཅོས་དང་རིམ་གྲོ་བྱེད་དུ་བཅུག གཞོན་ནུ་ཤེས་རབ་གསལ་སྡེ་དཔོན་གྱི་བཀའ་བཞིན་ནད་པའི་
དྲུང་དུ་འབྱོར་རྗེས་ཐོག་མར་ན་ལུགས་རྣམས་གསལ་བར་དྲིས་ཤིང༌། དེ་ནས་རྩ་དང་ཆུ་ལ་ཞིབ་པར་བརྟཊ་ནས་ན་རེ།
“བུ་མོ་ལ་གློ་ཚ་དྲག་པོ་བྱུང་འདུག་པས། ཟས་སྤྱོད་སོགས་གཟབ་རྒྱུ་གལ་ཆེ་ཞིང་སྨན་གྱི་འཕྲོད་སྦྱོར་ལ་བསྟེན་དགོས”།
ཞེས་གདམས་ནས། སྨན་ཐུན་ཉེར་གཅིག་ཕྱིན་པས་ཉིན་འགའ་ཞིག་སོང་ཚེ་སྐལ་བཟང་སྒྲོལ་མའི་ནད་གཞི་ཇེ་དྭངས་སུ་སོང་
བས། སྨན་པའང་རང་ཁྱིམ་དུ་ལོག དེའི་ཚེ་ན་གྲུབ་ཐོབ་ཟླ་བའི་སྙིང་པོའང་གདན་དྲངས་ནས་ཕེབས་ཏེ། ཁྲི་ལ་བཞུགས་
ནས་ཤ་ཚིམས་པར་གསོལ་རྗེས། སྨ་ར་ལ་བྱུག་བྱུག་ཅིག་བྱས་ཏེ། རས་ནག་པོ་གྲུ་གསུམ་ཞིག་མདུན་དུ་བཏིངས། དེའི་སྟེང་
དུ་རྡེའུ་དཀར་ནག་ཁྲ་གསུམ་བསྒྲིགས། དར་མཚོན་དུ་མས་བརྒྱན་པའི་མདའ་མོ་ལྔ་ལག་པའི་སྒྲིལ་བཞིན་དུ། སྤྱན་མིག་ཕོར་
བ་འདྲ་བ་ཞིག་མཁའ་ལ་བགྲད་དེ་དམོད་བོར་བ་འདི་སྐད་དོ། །
“ཧོ་དགོངས་སུ་གསོལ་ལོ་དགོངས་སུ་གསོལ་ལོ། །ཁྱབ་འཇུག་ཆེན་པོ་དགོངས་སུ་གསོལ་ལོ། །ཐིག་ལེ་དྲུག་པ་
དགོངས་སུ་གསོལ་ལོ། །རྭ་ཡི་གཞུ་ཅན་དགོངས་སུ་གསོལ་ལོ། །འཕྲོག་བྱེད་དཔལ་མོ་དགོངས་སུ་གསོལ་ལོ། །མེ་ཏོག་མདའ་
ཅན་དགོངས་སུ་གསོལ་ལོ། །རྩེ་དགའི་བླ་མ་དགོངས་སུ་གསོལ་ལོ། །ཉག་ཕྲན་ལྔ་ཡི་འཕྲུལ་ལ་བརྟེན་ནས།། འཁོར་འདས་མ་
ལུས་དབང་དུ་སྡུས་ཤིག །དཀར་པོ་ལྷ་ཡི་བླ་མདའ་འདི་ཡིས། །སྟེང་གདོན་གཟའ་དང་རྒྱུ་སྐར་སྟོན་ཅིག །དམར་པོ་གཉན་
གྱི་བླ་མདའ་འདི་ཡིས། །བར་གདོན་བཙན་དང་མ་མོ་སྟོན་ཅིག །སྔོན་པོ་ཀླུ་ཡི་བླ་མདའ་འདི་ཡིས། འོག་གདོན་ཀླུ་དང་ས་
བདག་སྟོན་ཅིག །ཁྲ་བོ་ཁྱབ་འཇུག་བླ་མདའ་འདི་ཡིས། སྲིད་པའི་གདོན་ཆེན་བཅོ་བརྒྱད་སྟོན་ཅིག །ནག་པོ་བདུད་ཀྱི་བླ་
མདའ་འདི་ཡིས། །བཞི་བརྒྱ་རྩ་བཞིའི་ནད་རྐྱེན་སྟོན་ཅིག” ཅེས་ལན་དུ་མར་ཟློས་ནས་མདའ་ལྔ་བོ་རས་གཞིའི་སྟེང་དུ་འཕངས་ཏེ་མིག་བཙུམ། སླར་ཡང་མདའ་གཅིག་ཡར་
བླངས་ཚེ་མདའ་དར་དམར་པོ་ཞིག་ཏུ་ཁེལ་འདུག་པས། གྲུབ་ཐོབ་ན་རེ“ཨ་ཁ་ཁ། བུ་མོ་སྐལ་བཟང་སྒྲོལ་མའི་ནད་བདག་
བཙན་དང་མ་མོ་ཡིན་པ་དང༌། ཁ་དོག་དམར་བའི་གདོན་རྫས་རྩ་ཆེན་ཞིག་དུས་སྔ་མོ་ནས་ལུས་ཐོག་ཏུ་བཅིངས་ཡོད་པས་
གནོད་འདུག གནས་སྐབས་སུ་ནད་གཞི་དྭངས་པའི་ངོ་ཙམ་ཡོད་ཀྱང༌། ཟླ་བ་གཅིག་དང་གཉིས་ཚུན་ལ་གློ་བུར་དུ་སྲོག་ལ་
འབབ་པའི་ཉེན་ཁ་འདུག རིམ་གྲོ་མི་སྒྲུབ་པར་སྨན་བསྟེན་ན་ཕན་པ་ལས་ཀྱང་གནོད་པ་ཆེ་ངོ་འདུག”ཅེས་གསུངས་པས་
ནད་པ་དང་ཁྱིམ་བདག་འཁོར་དང་བཅས་པར་སྐྲག་སྔངས་ཆེན་པོ་སྐྱེས་པ་དང༌། མི་རྣམས་ཅི་སྨྲ་འདི་སྨྲ་མེད་པར་གྱུར།
སྐལ་བཟང་སྒྲོལ་མའི་ཨ་མ་ཀུན་དགའ་ལྷ་མོ་ནི་ལྷ་ལ་དད་པ་དང་འདྲེ་ལ་དོགས་པ་ཆེ་བའི་ཕྱིར་ལྷག་པར་དུ་སྐྲག་སྣང་དང་
དད་པ་སྐྱེས་ཏེ། གྲུབ་ཐོབ་ཀྱི་མདུན་དུ་པུས་མོ་ས་ལ་བཙུགས། ལག་པ་ཐལ་མོ་སྦྱར་ནས་ངུ་ངག་གིས་ན་རེ“ཐུགས་རྗེ་
ཅན་གྱི་གྲུབ་ཐོབ་རིན་པོ་ཆེ་ལགས། ངེད་བཟའ་མི་ཡོངས་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཁྱེད་ལ་འབུལ། ཁྱེད་ཀྱིས་
ངའི་བུ་མོ་འདིའི་སྲོག་སྐྱོབ་རོགས་མཛོད་ཐུགས་རྗེ་མ་ཆུང༌། ཐུགས་རྗེ་མ་ཆུང”ཞེས་ཟེར་བཞིན་རང་གི་ལུས་ཐོག་གི་རིན་
པོ་ཆེའི་རྒྱན་ཆ་རྣམས་བཀྲོལ་ནས་གྲུབ་ཐོབ་ཀྱི་མདུན་དུ་བཞག་ཅིང༌། སྨྲེ་སྔགས་བཏོན། དེའི་ཚེ་སྐལ་བཟང་སྒྲོལ་མའི་ཡབ་
བསོད་ནམས་དར་རྒྱས་ཀྱིས་རང་གི་མཆོད་ཁང་ན་ཡོད་པའི་གསེར་གྱི་མཆོད་སྡོང་རིན་པོ་ཆེའི་ཕྲ་ཚོམ་བརྒྱབ་པ་ཁྲུ་གང་པ་
ཞིག་དར་ཚོན་སྣ་ལྔ་དང་བཅས་གྲུབ་ཐོབ་ཀྱི་མདུན་དུ་བཞག་ནས་ན་རེ།“སྤྲུལ་པའི་གྲུབ་ཐོབ་རིན་པོ་ཆེ། ང་རང་གི་བུ་མོ་
ལས་ངན་མ་འདིའི་ནད་སྣ་འདྲེན་བྱེད་ཀྱི་གདོན་རྫས་དེ་ཅི་ཡིན། བུ་མོ་ལ་ཕན་པའི་ཐབས་གང་ལགས། དམ་པ་ཉིད་ཀྱིས་
ཐུགས་འཛེམ་མེད་པར་གསུང་པར་ཞུ”ཞེས་ཞུས་པས། གྲུབ་ཐོབ་ན་རེ།“སྐལ་བཟང་སྒྲོལ་མའི་མགུལ་རྒྱན་འདིར་ཁྱེར་
ཤོག”གསུངས། དེར་སྐལ་བཟང་སྒྲོལ་མའི་མགུལ་རྒྱན་བཀྲོལ་ནས་གྲུབ་ཐོབ་ཀྱི་མདུན་དུ་བཞག གྲུབ་ཐོབ་ཀྱིས་ཡུད་ཙམ་
ཞིག་ལ་མིག་གིས་ནམ་མཁར་བལྟས། སླར་ཡང་མགུལ་རྒྱན་གྱི་ཁྲོད་ན་བྱུ་རུ་སྲང་བདུན་པ་ཞིག་ཡོད་པ་དེར་མཛུབ་མོ་
བཙུགས་ནས་ན་རེ།“གདོན་རྫས་ནི་འདི་རེད། འདི་ལ་བཙན་དང་མ་མོ་འཁོར་འདུག གདོན་རྫས་འདི་ཕྱི་རུ་མ་བཀར་
ན། ནད་དག་དགར་ཐུབ་ཀྱི་མ་རེད”གསུངས། དེར་བསོད་ནམས་དར་རྒྱས་ཀྱིས་བྱུ་རུ་དེ་མགུལ་རྒྱན་ལས་བླངས་ཏེ་གྲུབ་
ཐོབ་ཀྱི་མདུན་དུ་བཞག་ནས་སླར་ཡང་ན་རེ།“གདོན་རྫས་འདི་ཇི་ལྟར་བཀར་ན་ལེགས། རིམ་གྲོ་གང་བྱས་ན་ལེགས”
ཞུས་པས། ཡང་གྲུབ་ཐོབ་ན་རེ།“གདོན་རྫས་ང་རང་གིས་དགར་ཆོག་མོད། རིམ་གྲོ་ཞིག་མ་བྱས་པར་ནད་བདག་དགར་
མི་ཐུབ། རིམ་གྲོ་ཞིག་བྱེད་དགོས་ན། རྫས་དང་སྔགས་དང་ཏིང་འཛིན་ལ་བརྟེན་དགོས་ཤིང༌། སྔགས་དང་ཏིང་འཛིན་ང་
རང་མཐུ་ཆེ་ནའང་རྫས་ཚོགས་པ་དཀའ་བར་འདུག”ཅེས་གསུངས། ཡང་སྡེ་དཔོན་ན་རེ“རྫས་གང་དག་དགོས་གསུང་
རོགས་གྱིས་དང༌། བུ་མོ་ལ་ཕན་པའི་ཐབས་ཤིག་ཡོད་ན། ང་རང་གི་ཤ་ཏི་ག་ཞིག་དགོས་ཀྱང་གཅོད་ཐུབ”ཅེས་ཞུས་པས།
གྲུབ་ཐོབ་ན་རེ།“འོ་དེ་ལྟ་ན་སྡེ་དཔོན་ལ་སྙིང་སྟོབས་ལྡན་པས། ངས་བཤད་པར་བྱ་སྟེ་ཡིད་ལ་ཟུངས་ཤིག བུ་མོའི་ནད་
བདག་བཙན་དང་མ་མོ་ཡིན་པས། ཐོག་མར་བཙན་དང་མ་མོ་དགྱེས་པའི་སྦྱིན་སྲེག་བྱེད་དགོས། སྦྱིན་སྲེག་གི་རྫས་ལ། རྟ་
རྐྱང་དཀར་གྱི་སྙིང་དང༌། མཛོ་གྭ་བའི་རྭ། བ་མོ་དམར་པོའི་འོ་མ། ར་ཁམ་པའི་སྙིང་ཁྲག་ལྷ་རྗེ་མཁས་པའི་མིག རི་བོ་དགུ་
ཡི་ཤིང༌། ཆུ་ཆེན་དགུ་ཡི་བྱེ་མ། དར་དམར་པོ་འདོམ་པ་བརྒྱད་ཅུ། ཚེར་ཤིང་ཁུར་བོ་བཅུ་གསུམ། མར་ཁུ་ཟོ་བ་བདུན། འབྲུ་
སྣ་ལྔ་དང་དཀར་གསུམ་མངར་གསུམ་བཅས་དགོས། རྫས་དེ་དག་འཛོམས་ན། འདི་ནས་ཉིན་བདུན་སོང་རྗེས་གདོན་རྫས་
ཀྱི་བྱུ་རུ་དེ་དང་ལྷན་ཅིག་ངའི་མདུན་དུ་ཁྱེར་ཤོག་དང་ངས་སྦྱིན་སྲེག་གི་ཆོ་ག་བསྒྲུབས་ནས་ནད་བདག་བཀར་ཆོག སྐབས་
དེར་བུ་མོ་རང་དང་སྡེ་དཔོན་འཁོར་བཅས་ཀྱང་འོང་དགོས། རྫས་དེ་དག་མ་འཛོམ་ན་སྡེ་དཔོན་གྱི་བུ་མོ་དེ་ཉིད་གཤིན་
རྗེའི་བསུ་མ་ལ་ བསྒུགས་ནས་སྡོད་པ་ལས་ཐབས་མེད”ཅེས་ གསུངས་ནས་གྲུབ་ཐོབ་རང་གནས་སུ་གཤེགས་སོ། །
དེ་ནས་སྡེ་དཔོན་འཁོར་བཅས་རྫས་བསྡུ་བའི་སྟ་གོན་བྱས་པ་ལ་རྫས་རྣམས་ཀྱི་ནང་ནས་ལྷ་རྗེ་མཁས་པའི་མིག་མ་
གཏོགས་ཡོངས་སུ་འཛོམས་མོད། འོན་ཀྱང་ལྷ་རྗེ་མཁས་པའི་མིག་དེ་མ་རྙེད་པ་ན། སྡེ་དཔོན་གྱིས་ཕྱི་ནང་གི་བློན་པོ་རྣམས་
བསྡུས་ནས་གྲོས་ལ་བསྐུལ། བློན་པོ་རྣམས་ཀྱི་ཁྲོད་ན་གྲུབ་ཐོབ་ལ་དད་པ་ཆེ་ཞིང་མི་སེར་ལ་སྙིང་རྗེ་མེད་པའི་ནང་བློན་ལྷ་
ཆེན་ཐར་ཞེས་བྱ་བ་ཞིག་ཡོད་པ་དེ་ན་རེ།“གྲུབ་ཐོབ་རིན་པོ་ཆེའི་གསུང་ལ་འཁྲུལ་བ་མེད། སྡེ་དཔོན་གྱི་བུ་མོའི་སྲོག་ནི་
མི་སེར་བརྒྱ་སྟོང་གི་སྲོག་ལས་གལ་ཆེ། ལྷ་རྗེ་མཁས་པའི་མིག་ཀྱང་ས་གཞན་དུ་འཚོལ་བའི་དཀའ་ལས་བྱེད་མི་དགོས་ཏེ།”
རང་ཡུལ་གྱི་ལྷ་རྗེ་ཤེས་རབ་གསལ་གྱི་མིག་བླངས་པས་ཆོག”ཅེས་ཟེར་བས། བློན་པོ་ཕལ་ཆེར་དེ་ལ་ཡིད་འཐད་བྱུང་མོད།
འོན་ཀྱང་ཡིན་མིན་གྱི་གནས་ལུགས་ལ་བློ་གྲོས་ཀྱི་རྣམ་དཔྱོད་རྒྱ་ཆེ་བ། མི་སེར་ལ་སྙིང་རྗེས་སྐྱོང་བ། ལས་རྒྱུ་འབྲས་བརྩི་བའི་
ཕྱི་བློན་རྒན་པ་ཡེ་ཤེས་གྲགས་པ་ཞེས་བྱ་བ་ཞིག་ཡོད་པ་དེས་ཡིད་ལ་སྐྱོ་བ་སྐྱེས་ནས་ན་རེ“སྡེ་དཔོན་གྱི་བུ་མོའི་སྲོག་གལ་
ཆེ་ཡང༌། འཇིག་རྟེན་དུ་གྲཊ་པའི་གསོ་བ་རིག་པའི་ཐབས་ལ་བརྟེན་ནས་ནད་གསོ་བ་ལས། གྲུབ་ཆེན་ཐོ་ཅོ་ཅན་གྱིས་འཇིག་
རྟེན་དུ་གྲགས་པའི་ལུགས་ལས་ལྡོག་པའི་ཐབས་དེ་འདྲ་སྤྱོད་རྒྱུ་དཀའ་མོར་འདུག ལྷ་རྗེ་ཤེས་རབ་གསལ་ནི་རང་རེ་རྗེ་
འབངས་ཡོངས་ཀྱི་སྲོག་གི་ཁེབ་མ་ཡིན་པས། དེའི་མིག་བྲུས་ན”ཞེས་ཚིག་མཚམས་དེར་སླེབས་ཚེ། ལྷ་ཆེན་ཐར་ཁོང་ཁྲོ་
ཚད་མེད་ལངས་ཤིང་ཡེ་ཤེས་གྲགས་པའི་ཚིག་མཚམས་བཅད་ནས་ན་རེ།“རྗེ་བོ་ལ་བློ་མི་དཀར་པའི་རྒན་འཁོགས་ཁྱོད་
ཀྱིས་ཅི་ཟེར། གྲུབ་ཆེན་ཟླ་བའི་སྙིང་པོ་ནི་མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་བརྙེས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པས།
ཁྱོད་ཀྱིས་དེར་སྐུར་འདེབས་བྱས་ནས་ཚེ་ཕྱི་མ་དམྱལ་བར་འགྲོ་བསམས་པ་ཨེ་ཡིན། སྡེ་དཔོན་གྱི་སྲས་མོའི་ཆེད་དུ་ཤེས་
རབ་གསལ་གྱི་མིག་འབྲུ་བ་ལ་ཧ་ལས་དགོས་དོན་ཅི་ཡོད། འབངས་ཀྱི་བདག་པོ་དཔོན་ཡིན་པས། དཔོན་གྱི་བཀའ་བྱུང་ན་
འབངས་ཀྱི་སྲོག་གཏོང་པའང་འོས་འགན་ཡིན”ཞེས་སོགས་ཟེར་པ་ན། བློན་པོ་གཞན་རྣམས་ཀྱང་ཅང་མི་སྨྲ་བར་འདུག་
གོ །དེ་ནས་ལྷ་ཆེན་ཐར་གྱིས་ཡུལ་དེ་ཡི་ཤན་པ་གཉིས་ཤེས་རབ་གསལ་གྱི་མིག་བྲུ་བར་ཆེད་དུ་བཏང་ཞིང་རྒྱུ་མཚན་རྣམས་
སྡེ་དཔོན་གྱི་དྲུང་དུ་ཞུ་བ་ཕུལ་ལོ། །
དེ་ནས་ཤན་པ་གཉིས་ཤེས་རབ་གསལ་གྱི་གམ་དུ་འགྲོ་བར་བརྩམས་པ་ན། ཤན་པ་ཆེ་བ་དེ་ན་རེ“རང་རེ་གཉིས་
ནི་སྡེ་དཔོན་གྱིས་འཕངས་པའི་མདའ་དང་མངགས་པའི་མི་ཡིན་པས་མ་སོང་ན་མི་ཆོག་ཀྱང་རང་ཅག་ཡུལ་མི་རྣམས་ལ་
དྲིན་ཆེ་བའི་ལྷ་རྗེ་མཁས་པ་ཤེས་རབ་གསལ་གྱི་སྤྱན་འབྲུ་བའི་ལས་ངན་དེ་འདྲ་བྱེད་ག་ལ་རུང༌། དེ་བས་རང་རེ་གཉིས་
ཡུལ་གཞན་དུ་བྲོས་ན་དགའ”ཞེས་ཟེར་བ་ལ། ཤན་པ་ཆུང་བ་དེ་ན་རེ“རང་གཉིས་ཡུལ་གཞན་དུ་བྲོས་ནས་ཐར་
དཀའ། གལ་ཏེ་ཐར་བའི་དབང་དུ་བཏང་ནའང༌། བཟའ་མི་ཚང་མ་སྡེ་དཔོན་གྱི་ལག་འོག་ན་ཡོད་པས། དེ་རྣམས་བསྐྱུར་
བ་ལས་ཐབས་མེད། དེ་བས་རང་ཅག་ལྷ་རྗེ་དམ་པའི་དྲུང་དུ་ཕྱིན་ནས་ཡིན་ལུགས་ཀྱི་ཞུ་བ་ཕུལ་ན། ཁོང་ནི་བློ་གྲོས་ཆེ་ཞིང་
ཐབས་དང་ལྡན་པས་རང་བདེ་རོགས་ཕན་གྱི་བློ་ཐབས་རེ་ཡོད་ཤས་ཆེ”ཞེས་ཟེར་བ་ན་ཤན་པ་ཆེ་བས་ཀྱང་བདེན་པར་
སྙམ་ནས་ཁོ་རང་གཉིས་ལྷ་རྗེ་ཤེས་རབ་གསལ་གྱི་དྲུང་དུ་སོང་ངོ༌། །དེར་ཤན་པ་གཉིས་ཀ་ལྷ་རྗེ་ཤེས་རབ་གསལ་གྱི་དྲུང་དུ་
འབྱོར་བ་ན་ཤན་པ་ཆེ་བས་ཡིན་ལུགས་ཀྱི་རྒྱུ་མཚན་དང༌། ཡོང་བའི་དོན་དག་ཁོ་གཉིས་ཀྱི་དྲན་ཚུལ་བཅས་སྦ་གསང་མེད་
པར་ལྷ་རྗེ་ལ་ཞུ་བ་ཕུལ་ཅིང་མིག་ཆུ་བཏོན་པ་དང༌། ཤན་པ་ཆུང་བས་ཀྱང་གུས་འདུད་དང་བཅས་མིག་ཆུ་བཏོན་པས། ལྷ་
རྗེ་ཤེས་རབ་གསལ་གྱིས་སྔངས་སྐྲག་གང་ཡང་མེད་པའི་སྒོ་ནས་ན་རེ“ཁྱོད་གཉིས་ཀྱིས་མྱ་ངན་བྱེད་མི་དགོས། ཁྱོད་
གཉིས་ནི་སྡེ་དཔོན་དང་ནང་བློན་གྱི་བཀའ་ཡིས་བསྐུལ་བ་ཡིན་པ་ངས་ཤེས། ནང་བློན་ལྷ་ཆེན་ཐར་གྱི་གསུང་ཡང་བདེན།
རང་ཅག་ཡུལ་མི་ཕལ་བ་ཞིག་གི་མིག་བྲུ་བ་ལ་ཧ་ལས་རྒྱུ་གང་ཡང་མེད་ལ། དཔོན་གྱི་དོན་དུ་དམངས་སྲོག་གཏོང་བ་ནི་
གཟི་བརྗིད་ཡིན། དེ་རིང་ངས་འདིར་སྡེ་དཔོན་ལ་འཕྲིན་ཡིག་ཅིག་བསྐུར་རྒྱུ་ཡིན་པས་ཁྱེད་གཉིས་ཀྱིས་འཕྲིན་ཡིག་འདི་སྡེ་
དཔོན་གྱི་ཕྱག་ཏུ་ཞོག སང་ཉིན་ང་རང་གི་མིག་གཉིས་ཀ་ངའི་ནུ་བོ་ཤེས་རབ་བརྟན་ལ་སྐུར་ཡོང་ངེས་ཅན་ཡིན་པས་ཁྱེད་
གཉིས་སེམས་བདེ་བར་གྱིས”ཞེས་ཟེར་བ་ན་ཤན་པ་གཉིས་ངོ་མཚར་སྐྱེས་ཤིང“ལགས་སོ”ཞུས། དེར་ལྷ་རྗེ་ཤེས་
རབ་གསལ་གྱིས་སྡེ་དཔོན་ལ་འཕྲིན་ཡིག་བྲིས་པ་འདི་ལྟར།
“སྡེ་བཞིའི་དཔལ་ལ་མངའ་འབྱོར་བའི་དཔོན་བསོད་ནམས་དར་རྒྱས་ཀྱི་སྙན་དབང་པདྨ་དཀར་པོའི་ཉེ་དྲུང་
དུ། འབངས་ཤེས་རབ་མིང་ནས་གུས་པ་ཆེན་པོས་ཞུ་དོན། འདི་ན་ཉིད་ཀྱི་བཏང་པའི་ཕོ་ཉ་པ་གཉིས་འབྱོར་ཞིང་དོན་
རྣམས་གསལ་པོར་རྟོགས། ཁོ་བོས་ནི་སེམས་ཅན་གྱི་སྲོག་འཚོ་བ་ལ་ཕན་པའི་ཆེད་དུ། དང་པོ་གསོ་བ་རིག་པ་ལ་འབད་
པས་སྦྱངས། བར་དུ་ངལ་བ་མེད་པར་ལས་ལ་སྦྱོལ། ཐ་མ་གཞན་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་གཏོང་བའི་
དམ་བཅའ་བཞག་ཡོད་པས་ན། དམ་པ་ཉིད་ཀྱི་སྲས་མོའི་དོན་དུ་མིག་འབྲས་གཏོང་བ་ལ་སྐྲག་འཚེར་གང་ཡང་མེད། འོན་
ཀྱང་ང་རང་གི་མིག་གཉིས་བྲུས་ཚེ་འཇིག་རྟེན་འདིའི་སྣང་བ་ལ་སྤྱོད་མི་ནུས་པར་མ་ཟད་ཐ་ན་སྲོག་ལའང་ཉེན་ཆེ་བ་ཉིད་
ཀྱིས་མཁྱེན་གསལ་ལྟར། མིག་མ་བྲུས་གོང་དུ་འདི་ཕྱི་གཉིས་ལ་ཕན་པའི་སྨོན་ལམ་ཞིག་འདེབས་དགོས་པའི་ཕྱིར། སང་ཉིན་
གཟའ་དང་རྒྱུ་སྐར་གྱི་འཕྲོད་སྦྱོར་ལེགས་པ་ལ་གཏད་ནས་སྨོན་ལམ་བཏབ་རྗེས་མིག་གཉིས་པོ་རང་གི་ནུ་བོ་ཤེས་རབ་
བརྟན་ལ་སྐུར་ཡོང་ངེས་ཡིན། སྐབས་འདིར་དཔོན་དམ་པ་ལ་གསལ་འདེབས་ཤིག་ཞུ་དགོས་པ་ནི། སྲས་མོ་སྐལ་བཟང་
སྒྲོལ་མའི་ནད་བདག་དེ་རང་ཡུལ་གྱི་རྗེ་འབངས་ཀུན་གྱི་ལུས་དང༌། ཚེ་དང༌། དཔལ་དང༌། མངའ་ཐང་དང༌། འབྱོར་བ་
སོགས་དཀར་པོའི་ཕྱོགས་མ་ལུས་པ་འཇོམས་པའི་ཆོམ་རྐུན་ཆེན་པོའམ་འདྲེ་སྲིན་མ་རུང་པ་ཞིག་ཡིན་པ་གདོན་མི་ཟ་
བའི་ཕྱིར། དུག་ལོ་གྲུབ་ཆེན་གྱིས་བཅད་ཀྱང༌། དུག་རྟིང་དཔོན་གྱིས་མ་བརྐོས་ན་སླད་ཆར་ཡུལ་སྡེ་ཀུན་དང་ཁྱད་པར་
དུ་དཔོན་དམ་པའི་སྐུ་ཚེ་ལ་བར་ཆད་གཏོང་ཉེན་ཆེ་བར་འདུག  དེ་ལྟ་བས་ན་ཐེངས་འདིར་གྲུབ་པའི་རིག་འཛིན་ཆེན་
པོ་ཟླ་བའི་སྙིང་པོས་རྫས་སྔགས་ཀྱི་མཐུ་ལ་བརྟེན་ནས་ནད་བདག་དངོས་སུ་བཀུག་པའི་ཚེ། དཔོན་དམ་པས་མང་ཚོགས་
ཀྱི་དྲག་པོའི་དཔུང་ལ་བརྟེན་ནས་ནད་བདག་མ་རུང་བ་དེ་ཤ་ཁམ་གང་དང་ཁྲག་ཁམ་གང་གི་རྫས་སུ་བཟོ་རྒྱུ་ནི་གནས་
སྐབས་དང་མཐར་ཐུག་གི་དགོས་པ་རླབས་པོ་ཆེ་ཞིག་ཡིན་པ་ཉིད་ཀྱི་ཐུགས་ལ་ནན་བཅགས་མཛད་དགོས་ཤིང༌། མི་མ་ཡིན་
གྱི་ནད་བདག་ཆོ་འཕྲུལ་ཆེ་ཞིང༌། ཐོག་མར་འཇུས་པའི་མི་ལ་ཁ་རླངས་བཙན་དུག་གི་གནོད་པ་ཐེབས་ཉེན་ཆེ་བས། བདག་
གི་ནུ་བོ་ཤེས་རབ་བརྟན་དེ་སྙིང་སྟོབས་ཆེ་ཞིང༌། རྗེ་དཔོན་ལ་བློ་དཀར་བའི་ཕྱིར་ནད་བདག་འཛིན་པར་ཆེད་དུ་མངགས་
ཡོང་ངེས་ཡིན་པས་དེ་ལུགས་དགོངས་འཇགས་མཛོད། གཞན་ཡང་འདི་དོན་གནས་སྐབས་སུ་གསང་རྒྱ་ཆེ་བྱེད་རྒྱུ་གལ་ཆེ།
གལ་ཏེ་གསང་བར་མ་བྱས་ན། གྲུབ་ཆེན་ཟླ་བའི་སྙིང་པོ་ནི་ལྷ་འདྲེ་མི་གསུམ་གྱི་མངའ་བདག་ཡིན་པ་དང༌། ཁོང་གིས་མི་
དང་མི་མ་ཡིན་ཐམས་ཅད་སྙིང་རྗེས་སྐྱོང་བཞིན་ཡོད་པས། དཔོན་གྱིས་ནད་བདག་ལ་གནོད་པ་བྱེད་རྒྱུ་ཡིན་པ་ཤེས་ཕྱིན།
ནད་བདག་མངོན་སུམ་དུ་འགུག་མི་སྲིད་པས་ལས་དོན་འདི་འགྲུབ་པ་ལ་བར་ཆད་ཡོད་པ་ཡིན་ཚུལ་མཁྱེན་པར་ཞུ།
སླད་ཆར།
ཟླ་བའི་སྙིང་པོའི་ཐུགས་ལ་འཁྲུལ་བ་མེད། །ནད་བདག་མི་མ་ཡིན་ལ་སྙིང་རྗེ་མེད། །ཁོ་བོ་མིག་འབྲས་གཏོང་ལ་
སྐྲག་པ་མེད། །ངོ་མཚར་སྒྱུ་མའི་ལྟད་མོ་རྫོགས་མཐའ་མེད། །
ཅེས་བྲིས་ནས་དྲི་མ་མེད་པའི་ལྷ་རྫས་དང་བཅས་སྡེ་དཔོན་ལ་བསྐུར། །དེར་ཤན་པ་གཉིས་སྡེ་དཔོན་གྱི་དྲུང་དུ་
སོང་ནས་འཕྲིན་ཡིག་ཕུལ་ཅིང་རྒྱུ་མཚན་རྣམས་གསལ་བོར་ཞུས་པ་ན། དཔོན་བསོད་ནམས་དར་རྒྱས་ཐུགས་དགྱེས་པའི་
ངང་ནས་ན་རེ“ལྷ་རྗེ་ཤེས་རབ་གསལ་འདི་སྙིང་སྟོབས་ཆེ་ཞིང་བློ་གྲོས་དང་ལྡན་པ་ངོ་མཚར་ཆེ། ད་ནི་བསམ་དོན་གྲུབ་
སོང”ཞེས་དང༌། མདུན་འདུག་པ་ལ“ད་ལྟ་ཉིད་དུ་ཕྱི་ནང་གི་བློན་པོ་རྣམས་འདིར་བོས་ཤོག”ཅེས་གསུངས་པས།
མདུན་འདུག་པས་ཕྱི་ནང་གི་བློན་པོ་རྣམས་དཔོན་གྱི་དྲུང་དུ་བསྡུས་པ་ན། སྡེ་དཔོན་བསོད་ནམས་དར་རྒྱས་ཀྱིས་བློན་
པོའི་ཚོགས་ལ་བཀའ་བསྩལ་པ་འདི་ལྟར།“ཁྱེད་འདིར་ཚོགས་ཀྱི་ཕྱི་ནང་གི་བློན་པོ་རྣམས་ཀྱིས་སང་གི་ལྷ་ཉིན་དཀར་
པོ་ལ་ཡུལ་སྡེ་འདིའི་སེར་སྐྱ་ཕོ་མོ་ཀུན་བསྡུས་ནས། གྲུབ་ཐོབ་ཟླ་བའི་སྙིང་པོའི་མདུན་དྲུང་དུ་ཆོས་ཞུ་བར་འགྲོ་དགོས།
དུས་མཚུངས་སུ་ངེད་ཀྱི་བདེ་སྲུང་གི་ཆེད་དུ་གོ་མཚོན་གྱིས་སྤྲས་པའི་ལས་དམག་ལྔ་བརྒྱ་དང༌། རལ་གྲི་ཐོགས་པའི་ཤན་པ་
ཉེར་གཅིག་ཀྱང་གྲ་སྒྲིག་བྱོས་ཤིག”ཅེས་གསུངས་པས་ཀུན་གྱིས“ལགས་སོ”ཞུས་ནས་གྲོལ་ལོ། །
དེའི་ཚེ་ན་ལྷ་རྗེ་ཤེས་རབ་གསལ་གྱིས་ནུ་བོ་ཤེས་རབ་བརྟན་ལ་ཤན་པ་གཉིས་ཡོང་བ་སོགས་ཀྱི་དོན་རྐྱེན་རྣམས་
ཞིབ་པར་བཤད་པས་ཤེས་རབ་བརྟན་ཁོང་ཁྲོ་ལངས་ནས་ན་རེ“དཔོན་ངན་ཟ་རྔམ་ཅན་དང་གྲུབ་རྫུན་སྨྱོན་སྤྱོད་མཁན་
དེ་ཚོས་རང་རེ་གཉོམ་ཆུང་དང་དབུལ་བོ་རྣམས་ལ་ཐུབ་ཚོད་འདི་འདྲ་བྱས་ན་རང་ཅག་གིས་བཟོད་ག་ལ་ཐུབ་ང་ད་ལྟ་
ཉིད་དུ་སོང་ནས་ཟླ་བའི་སྙིང་པོ་དང་སྲོག་བསྡོས་བྱེད་རྒྱུ་ཡིན”ཞེས་སོགས་བརྗོད་པ་ན། ཤེས་རབ་གསལ་ན་རེ“ནུ་བོ་
ཁྱོད་དེ་འདྲ་བྱེད་མི་དགོས་དང༌། འདི་ནི་ཟླ་བའི་སྙིང་པོའི་གྲུབ་རྟགས་རྫུན་མའི་རང་མཚང་ཕྱིར་ཐོན་པའི་སྔ་ལྟས་ཡིན།
ད་སྔ་ཟླ་བའི་སྙིང་པོས་མི་རྣམས་ལ་དངོས་སུ་སྟོན་པའི‘ནད་བདག’གམ་‘རྣམ་ཤེས’དེ་ཅི་ཡིན་ཁྱོད་ཀྱི་ཨེ་ཤེས། དེ་ནི་
མི་མ་ཡིན་གྱི་གདོན་འདྲེ་གཏན་ནས་མིན་པར། མི་གདོན་འདྲེའི་ཆས་སུ་ཞུགས་པ་ཁོ་ན་རེད” ཅེས་དང་ཡང་“ད་
ཐེངས་ཁྱོད་ཀྱིས་གྲུབ་ཆེན་གྱིས་གདོན་རྫས་ཕུད་པའི་སྐབས་སུ་ཞུམ་པ་མེད་པའི་སྒོ་ནས‘ནད་བདག’དེ་འཛིན་ནུས་ན་
རང་སྤུན་གཉིས་ཀྱི་བསམ་དོན་འགྲུབ་པར་མ་ཟད་ཡུལ་འདིའི་སྐྱེ་བོ་ཡོངས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་པས། ཁྱོད་ལ་
སྤོབས་པ་ཨེ་ཡོད”ཅེས་དྲིས། ཤེས་རབ་བརྟན་ན་རེ“ཕུ་བོ་ལགས། དོན་ཧ་གོ་བྱུང༌། ནད་བདག་དེ་སྲིན་པོ་མགོ་དགུ་
དང་ལྡན་པ་ཞིག་ཡིན་ཀྱང་ང་མི་སྐྲག་ལ་འཛིན་ཀྱང་ཕོད་མོད། འོན་ཀྱང་ཁྱོད་ཀྱིས་སྡེ་དཔོན་ལ་མིག་སྟེར་རྒྱུ་ཁས་བླངས་
པ་དེ་སང་ཉིན་ཇི་ལྟར་བྱ་རྒྱུ”ཞེས་ཟེར་བ་ན། ཤེས་རབ་གསལ་ན་རེ“མིག་འབྲས་ནི་ལས་སླ་མོ་ཡིན། ཁྱོད་རང་ཁྱིམ་
མཚེས་ཀྱི་རྔོན་པ་རྒན་པོ་དར་འབུམ་གྱི་སར་སོང་ལ་གཅན་གཟན་ཀྱི་མགོ་གསར་བ་ཞིག་སློངས་ཤོག་དང༌། དེའི་མིག་
འབྲས་གཉིས་བྲུས་ནས་སྡེ་དཔོན་ལ་བྱིན་ཆོག”ཅེས་དང་ཡང“སང་ཉིན་རང་གཉིས་ཟླ་བའི་སྙིང་པོའི་སྦྱིན་སྲེག་བྱེད་
པར་འགྲོ་དགོས་མོད། ཡིན་ནའང་ང་རང་ཆས་མ་བསྒྱུར་བར་འགྲོ་མི་རུང༌། ཁྱོད་ཀྱིས‘ནད་བདག’སྐྲོད་པའི་སྐབས་སུ་
སྤོབས་པ་ཆེན་པོས་ནད་བདག་འཛིན་དགོས་ལ། དུས་ཐོག་ཏུ་གསོད་མི་རུང་བར་རྗེ་འབངས་ཡོངས་ཀྱི་མདུན་དུ་ནད་
བདག་གི་གདོང་དམར་རྗེན་དུ་འདོན་དགོས། སྐབས་དེར་ང་ཡང་ཕྱིར་འོང་ཆོག”ཅེས་སོགས་གདམས་པས་ཤེས་རབ་
བརྟན་གྱིས་རིང་ནས་འདྲིས་པའི་གྲོགས་པོ་བློས་ཐུབ་རྔོན་པ་དར་འབུམ་གྱི་ས་ནས་གཅན་གཟན་ཝ་མོ་ཞིག་གི་མགོ་བསླངས་
ཡོང་སྟེ་མིག་གཉིས་བྲུས་ནས་གོས་དར་གྱིས་བཏུམ་ཞིང་སྡེ་དཔོན་གྱི་དྲུང་དུ་འགྲོ་བའི་སྟ་གོན་བྱས་སོ། །
ཕྱི་ཉིན་རི་བོས་གསེར་ཞྭ་གྱོན་ཞིང་རྒྱ་མཚོར་དུང་ཐིག་ཕོག་པ་དང་ཆབས་ཅིག་ཡུལ་མི་རྣམས་སྐོར་དང་སྐོར་བྱས་
ནས། གྲུབ་ཆེན་ཟླ་བའི་སྙིང་པོའི་སྒྲུབ་ཁང་གི་ཕྱོགས་སུ་འདུས་ཤིང༌། སྡེ་དཔོན་བསོད་ནསས་དར་རྒྱས་འཁོར་དང་བཅས་
པའང་ལས་དམག་གི་དཔུང་དང་ཆབས་ཅིག་གྲུབ་ཆེན་གྱི་སྒྲུབ་ཁང་དང་ཉེ་བའི་སར་འབྱོར་བ་ན། གཞོན་ནུ་ཤེས་རབ་
བརྟན་ཀྱང་དེར་ལྷགས་ནས་དར་གྱི་ཐུམ་དང་བཅས་པའི་མིག་འབྲས་ཟུང་དེ་སྡེ་དཔོན་ལ་ཕུལ། ཤིན་ཏུ་སྐྱོ་ཞིང་ཉམ་ཐག་
པའི་རྣམ་འགྱུར་གྱིས་གསོལ་དོན།“སྡེ་དཔོན་ལགས། བདག་གི་ཕུ་བོས་མིག་འབྲས་ཟུང་འདི་ཁྱེད་ལ་བསྐུར་བ་རེད།
ཁོ་རང་ད་ལྟ་ཤི་མ་གསོན་དུ་གྱུར་ཡོད་ཀྱང༌། སྡེ་དཔོན་ཁྱེད་ཀྱི་ཐུགས་བཞེད་འགྲུབ་པ་ལ་ཡིད་ཆེས་དང་བཅས་པར་སྒུག་
འདུག བདག་ཀྱང་ཕུ་བོའི་བཀའ་བཞིན། གང་གི་ལས་དོན་གྱི་ཆེད་དུ་འདིར་འོངས་པ་ཡིན་པས། ལས་གང་བགྱི་དགོས་
བཀའ་བསྩལ་བར་ཞུ”ཞེས་ཞུས་པས། སྡེ་དཔོན་གྱིས་བཀའ་གནང་དོན།“འོ་ཤེས་རབ་བརྟན་ཁྱོད་ཕུ་ནུ་གཉིས་དཔོན་
ལ་བློ་དཀར་བ་འདི་ཤིན་ཏུ་ལེགས། དེ་རིང་གྲུབ་ཆེན་མཆོག་གིས་ནད་བདག་མངོན་སུམ་དུ་བཀུག་ཡོང་བའི་ཚེ། ཁྱོད་ཀྱིས་
ནད་བདག་དེ་མི་འཆོར་བར་བཟུང་ནས་ཤན་པ་རྣམས་ལ་འཕྲོད་པར་གྱིས་དང༌། ངས་ཁྱོད་ལ་ནང་བློན་ཞིག་གི་གོ་ས་དང༌།
མཛོ་མོ་དགུ་ཡི་བྱ་དགའ་སྟེར་ངེས་ཡིན་པས་དེ་ལུགས་ཡིད་ལ་ཟུངས”ཞེས་སྨྲས་པ་ན། ཤེས་རབ་བརྟན་གྱིས་ཀྱང
“ལགས་སོ”དང་བཅས་ཁས་བླངས། དེའི་ཚེ་ན་གྲུབ་ཆེན་གྱི་སྒྲུབ་ཁང་ཆུ་སྲིན་འཁྱིལ་བའི་བྱང་ཕྱོགས་ཀྱི་ཐང་ལ་སྡེ་
དཔོན་གྱི་ལས་གུར་སྟོང་ཤོང་དཀར་མོ་ཕུབ་ཅིང༌། ཕྱི་ནང་གི་སྟ་གོན་མ་ལུས་པ་ཡོངས་སུ་གྲུབ་པའི་དུས་ན། གྲུབ་ཐོབ་ཟླ་
བའི་སྙིང་པོས་མགོ་ལ་ཞྭ་ནག་རྩེ་གསུམ་གྱོན། ཞྭ་ལ་ཆུ་སྲིན་གྱི་རྒྱལ་མཚན་བཙུགས། ལུས་ལ་དར་ནག་གི་བེར་ཆེན་གྱོན།
རྐེད་ལ་ལྕགས་ནག་གི་ཕུར་བུ་དྲངས། མགུལ་ལ་ཐོད་སྐམ་གྱི་ཕྲེང་པས་བརྒྱན་ཏེ་ལས་གུར་དབུས་ཀྱི་ཁྲི་ལ་འཁོད། དེའི་
གཡས་སུ་སྡེ་དཔོན་བསོད་ནམས་དར་རྒྱས་དང༌། གཡོན་དུ་ནང་བློན་ལྷ་ཆེན་ཐར་ཀྱང་ཁྲི་ལ་འཁོད། དེ་ནས་གཡས་གྲལ་
དུ་ནང་བློན། གཡོན་གྲལ་དུ་ཕྱི་བློན། གྲལ་རྒྱབ་གཉིས་སུ་རོལ་མོ་པ་ཉེར་ལྔ་རེ་བཅས་འཁོད་པ་སོགས་མདོར་ན་གུར་གྱི་ཕྱི་
ནང་ཀུན་ཏུ་ཡུལ་མི་བདུན་སྟོང་ལ་ཉེ་བ་ཞིག་ཚོགས་ཤིང༌། སྒོ་དྲུང་གཡས་གཡོན་དུ་ཤན་པ་ཉེར་གཅིག་དང་ཚོགས་པའི་ཕྱི་
རོལ་ཏུ་སྡེ་དཔོན་གྱི་ལས་དམག་ལྔ་བརྒྱ་གོ་མཚོན་ཐོགས་ནས་བསྐོར་རོ། །གཞན་ཡང་ཚོགས་པའི་ལྷོ་ཕྱོགས་ཀྱི་ཐང་གི་མཐའ་
ན་གཏིང་རིང་བའི་གྲོག་མོ་ཞིག་ཡོད་པ་དེའི་ཁར་གྲུབ་ཆེན་གྱི་ངག་བཞིན་བརྩིགས་པའི་རྡོའི་རྩིག་པ་གྲུ་བཞི་ཕྱོགས་རེ་ན་
གཞུ་འདོམ་བརྒྱ་དང་ལྡན་པ་ཞིག་ཡོད་པ་དེའི་སྟེང་དུ་སྦྱིན་སྲེག་གི་ཤིང་དང་སྣུམ་སོགས་རྫས་ཡོད་ཚད་སྤུངས་ཡོད་པ་དང༌།
རྡོ་འརྩིཊ་དེའི་ཕྱོགས་བཞི་ན་རྡོ་བརྩིགས་གྲུ་གསུམ་པ་རེ་ཡོད་པ་དེ་སྟོང་པར་བཞག་འདུག
སྐབས་དེར་གྲུབ་ཐོབ་ཟླ་བའི་སྙིང་པོའི་ཡིད་ལ“ད་ནི་བསམ་དོན་ཡོངས་སུ་གྲུབ་བྱུང༌། ཤེས་རབ་གསལ་ཚེ་ཕ་
རོལ་ཏུ་སྐྱེལ་ཐུབ་སོང་ཕྱིན་ཁོ་བོ་ལ་འགྲན་ཟླ་བྱེད་མཁན་དང༌། ཁོ་བོའི་བྱ་བར་བར་ཆད་གཏོང་མཁན་སུ་ཡང་མེད། དེ་
རིང་ཚོགས་པ་འདི་རྣམས་ལ་མགོ་རྨོངས་བྱེད་ཀྱི་ཆོ་འཕྲུལ་ཞིག་བསྟན་ནས། མི་རྣམས་ལ་ལྷག་པར་སྐྲག་སྣང་དང་དད་པ་
སྐྱེས་སུ་འཇུག་དགོས”སྙམ་བཞིན་ཤ་ཆང་སོགས་ཚིམས་པར་ལོངས་སུ་སྤྱད་ནས། དགུང་ཆེན་གྱི་དུས་ལ་སླེབས་པའི་ཚེ་
ན་སྦྱིན་སྲེག་གི་ཆོ་ག་བྱེད་པའི་མགོ་བརྩམས། ཁོས་ཐོག་མར་མི་མངགས་ནས་སྤྱིན་སྲེག་ལ་མེ་སྦར་བས་མེ་ལྕེ་དགུང་ལ་
མཆེད་ཅིང་གསུར་དྲི་བར་སྣང་ཀུན་ཏུ་ཁྱབ་པ་ན། ལག་གཡས་པས་འཇིགས་རུང་གི་གཡང་གཞི་མཁའ་ལ་གཡབ། གཡོན་
པས་སྡིག་འཛུབ་ཀྱི་ཕྱག་རྒྱ་ས་ལ་གཏད་དེ་སྐད་གསང་མཐོན་པོས་ཀི་ཀི་དང་བསྭོ་བསྭོ་བསྒྲགས། ལྷ་འབོད་དང་འདྲེ་
འབོད་བྱས། དམོད་ཚིག་དང་ངན་སྔགས་བཏོན། སླར་ཡང་ཁྲི་ལས་བབས་ཏེ་མདུན་དུ་ཆོས་ལ་ཉན་བཞིན་པའི་ནད་པ་སྐལ་
བཟང་སྒྲོལ་མ་ལ་གཡང་གཞིས་དགུ་སྤྲུགས་སུ་བྲབས་ཤིང༌། ཡར་འདྲུད་དང་མར་འདྲུད་བྱས། གོས་དང་རྒྱན་ཆ་ཡོད་ཚད་
བཤུས་ནས་གཅེར་བུར་བཏོན་པས་སྐལ་བཟང་སྒྲོན་མ་དེ་ངོ་ཚ་དང་འཇིགས་སྐྲག་གིས་བརྒྱལ་ལོ། །དེར་བློན་པོ་འགའ་ཞིག་
གིས་སྐལ་བཟང་སྒྲོལ་མ་ལ་གོས་བགོས་ཤིང་སྙིང་ཀ་ལ་ཙན་དན་གྱི་ཆུ་གཏོར་ཏེ་བརྒྱལ་བ་ལས་སངས་པ་ན་མུན་ཀྱང་རུབ་ལ་
ཉེ་འདུག
དེའི་ཚེ་ན་ཡང་ཟླ་བའི་སྙིང་པོ་དེས་སྔར་གདོན་རྫས་སུ་ངོས་བཟུང་པའི་བྱུ་རུ་སྲང་བདུན་པ་དེས། རིན་པོ་ཆེ་དང་
དར་གོས་སོགས་དངོས་རྫས་མང་པོ་ཞིག་གླུད་ཀྱི་གཏོར་མ་དང་ལྷན་ཅིག་སྦྱིན་སྲེག་གི་ལྷོ་ཕྱོགས་ཀྱི་རྡོ་ཁྲི་གྲུ་གསུམ་གྱི་སྟེང་
ལ་འཇོག་ཏུ་བཅུག་ཅིང་ནད་བདག་སྐྲོད་པའི་ལས་སྦྱོར་གྱི་མགོ་བརྩམས་པ་ན། ཚོགས་པ་ཀུན་གཡོ་འགུལ་ཤིགས་ཤིགས་སུ་
གྱུར་ཏེ་ལ་ལས་གྲུབ་ཐོབ་ལ་གསོལ་འདེབས་བྱས། ལ་ལ་སྔངས་སྐྲག་གིས་མགོ་གོས་ཀྱིས་བཏུམ། མང་ཆེ་བ་ཞིག་ནད་བདག་
མཐོང་བ་ལ་བྲེལ་ནས་སྦྱིན་སྲེག་གི་ཕྱོགས་སུ་བསྒྲིམས་ཏེ་བལྟས་སོ། །ས་གཞི་ཆེན་པོ་ལ་མུན་པའི་གོས་ཀྱིས་གཡོགས་ཤིང༌།
སྦྱིན་སྲེག་གི་མེ་ལྕེ་དེ་དུད་ནག་དང་ལྷན་ཅིག་མཁའ་ལ་མཆེད་པས། ཁོར་ཡུག་ཀུན་ཏུ་དམར་འོད་ཀྱིས་ཁྱབ་པ་ན། ཡང་ཟླ་
བའི་སྙིང་པོ་དེས་མིག་ནམ་མཁའ་ལ་གཏད་དེ་སྐད་གསང་མཐོན་པོས“དཀར་པོ་ལྷ་ཡི་ནད་བདག་རྣམས་ཀྱིས། །ལྷ་ཡི་
གདོན་རྫས་ཁྱེར་ལ་སོང་ཞིག །དམར་པོ་བཙན་གྱི་ནད་བདག་རྣམས་ཀྱིས། །བཙན་གྱི་གདོན་རྫས་ཁྱེར་ལ་སོང་ཞིག་
……鉋ཅེས་སོགས་མང་པོ་ཞིག་བཏོན་ཞིང༌། གློ་བུར་དུ་མི་རྐང་གི་གླིང་བུ་དྲག་ཏུ་བུས་པ་དང༌། ལས་གུར་གྱི་ནང་གི་
རོལ་མོ་པ་རྣམས་ལ་རོལ་མོ་སྣ་ཚོགས་དཀྲོལ་དུ་བཅུག་པའི་ཚེ་ན་སྦྱིན་སྲེག་གི་ཕ་གིའི་གྲོག་མོའི་ཁ་ནས་སྐྲ་རིང་པོ་རྒྱབ་ཏུ་
དཔྱངས་པ་ལྭ་ནག་པོ་ལུས་ལ་གྱོན་པའི“འདྲེ་མོ”ཞིག་ཐོན་ཏེ། ཁ་ནས་ཤུ་སྒྲ་སྒྲོག་ཅིང་རྐང་ལག་གིས་མ་ངེས་པའི་
གར་སྟབས་དང་བཅས་སྦྱིན་སྲེག་ལ་སྐོར་བ་ཞིག་བརྒྱབ་ནས། རྡོ་ཁྲི་གྲུ་གསུམ་གྱི་སྟེང་གི་གདོན་རྫས་ལེན་པར་བརྩམས་པ་
དང༌། ཡང་གློ་བུར་དུ་གྲོག་མོའི་ཁ་ནས་གྲུང་འཁྱུག་ལྡན་པའི་གཞོན་ནུ་ཞིག་ཕྱིར་ལྡིང་སྟེ་འདྲེ་མོར་འཇུས་ཤིང༌། སྐད་གསང་
མཐོན་པོས“སྡེ་དཔོན་ལགས། ནད་བདག་བཟུང་ཡོད་པས་ཤན་པའི་ཚོགས་ལ་བཀའ་ཕོབས་ཤིག”ཅེས་བསྒྲགས་པ་
ན། དེ་ནི་གཞོན་ནུ་ཤེས་རབ་བརྟན་གྱི་སྐད་ཡིན་པས་ཚོགས་པ་ཀུན་ཅི་ཡིན་འདི་ཡིན་མེད་པར་ཧད་དེ་བལྟས་འདུག་པ་
དང༌། སྡེ་དཔོན་གྱིས་སྔ་མོ་ནས་མཉམ་བཞག་ཡོད་པས། ཤན་པའི་ཚོགས་ལ་ནད་བདག་འདིར་ཁྲིད་ཤོག་ཅེས་བཀའ་ཕབ།
སྐབས་དེར་ཟླ་བའི་སྙིང་པོའི་སེམས་ལ་འཚུབ་ཆ་ལངས་ཤིང་ངོ་མདོག་འགྱུར། སྐད་གདངས་འདར་བཞིན་དུ“སྡེ་
དཔོན་ལགས། དེ་འདྲ་བྱེད་མི་རུང༌། དེ་འདྲ་བྱེད་མི་རུང༌། གདོན་འདྲེ་ནི་ཆོ་འཕྲུལ་ཆེ་ཕྱིར་མིས་བཟུང་ན་མི་ལ་ཆག་སྒོ་
འབྱུང་ངེས་ཡིནཔས། མྱུར་དུ་གློད་དགོས་པའི་བཀའ་ཕོབས་ཤིག”ཟེར་བ་ན། རྒྱལ་པོས“གདོན་འདྲེ་འགུག་པ་ལ་
ཁྱོད་མཐུ་ཆེ་ནའང་གདོན་འདྲེ་འདུལ་བའི་སྐལ་བ་ང་ལ་བབས་ཡོད་པས་ཁྱོད་སྐྲག་དགོས་དོན་མེད”ཟེར་བཞིན་ཁྲི་
ལས་བབས་ནས་ཕྱིར་ཐོན་པ་དང༌། གུར་གྱི་ཕྱི་ནང་གི་ཚོགས་པ་ཀུན་སྦྱིན་སྲེག་གི་ཕྱོགས་སུ་བསྐྱོད། གཞོན་ནུ་ཤེས་རབ་
བརྟན་དང་ཤན་པ་རྣམས་ཀྱིས“ནད་བདག”འདྲེ་མོ་དེ་དམ་པོར་བཀྱིགས་ནས་ཚུར་ཚོགས་པའི་ནང་དུ་ཁྲིད་པ་ན།
འདྲེ་མོ་དེས་ངུ་ངག་གིས་ན་རེ“ང་རང་མི་ཡིན་པ་ལས། ནད་བདག་མིན། ང་མ་གསོད། གསོད……”ཅེས་སྨྲེ་
སྔགས་ཀྱི་ཅ་ཅོ་བསྒྲགས། ངོ་ལ་མཚལ་དང་སྣག་ཚ་བྱུགས་ཤིང་སྐྲ་རྒྱབ་ཏུ་དཔྱངས་པའི་འདྲེ་མོ་དེ་ནི་གྲུབ་ཐོབ་ཟླ་སྙིང་གི་
ཆུང་མ་དཔལ་མོ་སྐྱིད་ཡིན་འདུག་པས་ཚོགས་པ་ཀུན་ཡ་མཚན་སྐྱེས་ཤིང༌། སྡེ་དཔོན་ཀྱང་ཅི་བྱེད་འདི་བྱེད་མེད་པར་གྱུར་
མོད། འོན་ཀྱང་ཕྱི་བློན་རྒན་པ་ཡེ་ཤེས་གྲགས་པ་དེ་ཞེ་སྡང་དྲགཏུ་ལངས་ཤིང༌། སྐད་གསང་མཐོན་པོས་ན་རེ“རྗེ་
འབངས་རྣམས་ལྟོས་དང༌། འདི་ནི་མི་ཡུལ་གྱི་འདྲེ་མོ། གྲུབ་རྫུན་གྱི་ཆུང་མ་དཔལ་མོ་སྐྱིད་ཡིན་པ་ཨེ་ཤེས། དེ་ལས་ཀྱང་
ལྷག་པའི་གདོན་འདྲེ་ཆེན་པོ་དེ་ཟླ་བའི་སྙིང་པོ་ཁོ་ཡིན་པས། ད་ལྟ་ཉིད་དུ་འདིར་ཁྲིད་ལ་ཤོག”ཟེར་བ་ན། ཤན་པ་
རྣམས་ལས་གུར་གྱི་ནང་དུ་ཟླ་བའི་སྙིང་པོ་འཛིན་པར་བརྒྱུགས་མོད། འོན་ཀྱང་ཟླ་སྙིང་གིས་སྙིང་ཀ་ལ་གྲིས་བརྒྱབ་
ནས་རང་སྲོག་རང་གཅོད་བྱས་ཚར་འདུག
དེའི་ཚེ་ན་སྡེ་དཔོན་ཀྱང་སེམས་སོར་ཆུད་ནས་ན་རེ“འདིར་ཚོགས་པའི་སྐྱེ་བོ་རྣམས་ཉོན་ཅིག ཟླ་བའི་སྙིང་པོ་
དང་དཔལ་མོ་སྐྱིད་གཉིས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བཤིག སེམས་ཅན་གྱི་བདེ་སྐྱིད་ཕྲོགས། རྗེ་འབངས་ཀུན་ལ་གཡོ་
འཕྲུལ་གྱིས་མགོ་སྐོར་ཚད་མེད་བཏང་བས་ཉེས་པ་རི་བོ་ལས་ཆེ། ཁྱད་པར་དུ་ལྷ་རྗེ་ཤེས་རབ་གསལ་ཤི་ལམ་དུ་བསྐྱལ་ཞིང་
བདག་གི་སྲས་མོ་སྐལ་བཟང་སྒྲོལ་མའང་ཤི་གསོན་གང་འགྱུར་མི་ཤེས་པའི་ངན་སྦྱོར་བྱས་བྱུང་པས། གསོན་འདྲེ་དཔལ་
མོ་སྐྱིད་དེ་ཟླ་བའི་སྙིང་པོའི་རོ་དང་ལྷན་ཅིག་སྦྱིན་སྲེག་གི་ནང་དུ་འཕངས་ནས་གསོན་སྲེག་གྱིས་ཤིག鉋ཅེས་བཀའ་ཕབ་
པས། ཤན་པ་དག་གིས་དཔལ་མོ་སྐྱིད་སྲེག་པར་བརྩམས་པ་ན། དཔལ་མོ་སྐྱིད་སྐྲག་ཅིང་འདར་ནས་ངུ་ངག་གིས་ན་རེ鉊སྡེ་
དཔོན་ལགས། ང་རང་ཚེ་ཐར་གཏོང་བར་ཞུ། ང་རང་ནི་ཟླ་བའི་སྙིང་པོས་དེད་ནས་མི་འོང་ཐབས་མེད་བྱུང་བ་ཡིན་པས་
མཁྱེན་པར་མཛོད……鉋ཅེས་སོགས་སྔར་ཐེངས་མང་པོར་དེ་ལྟར་བྱས་པའི་ཚུལ་དང༌། དེང་འདིར་གནོང་ཞིང་འགྱོད་
པ་སྐྱེས་པའི་ཚུལ་སོགས་མང་པོ་ཞིག་དབུཊ་ཐོགས་དབུཊ་བརྩེགས་ཀྱིས་ཞུ་བ་འབུལ་བཞིན་པའི་སྐབས་དེར། མི་ཚོགས་ཀྱི་
ཁྲོད་ནས་གློ་བུར་དུ་ལྷ་རྗེ་ཤེས་རབ་གསལ་ཕྱིར་ཐོན་ཏེ། ཁ་བཏགས་དཀར་པོ་དྲི་མ་མེད་པ་ཞིག་དང་གསེར་གྱི་ཊཾ་ག་བདུན་
སྡེ་དཔོན་གྱི་མདུན་དུ་བཞག་ཅིང༌། སྐད་གསང་མཐོན་པོའི་ངང་ནས་ན་རེ鉊འདིར་བཞུགས་ཀྱི་རྗེ་བློན་རྣམས་དང༌། འདིར་
ཚོགས་ཀྱི་སེར་སྐྱ་ཕོ་མོ་ཀུན་སྙན་གསོན་ཅིག་དེ་རིང་གནམ་གྱི་གཟའ་སྐར་འཕྲོད། ས་ཡི་དུས་སྦྱོར་ལེགས། འབངས་ཀྱི་རླུང་
རྟ་དར་བའི་དབང་གིས། སྟོབས་འབྱོར་ཕུན་སུམ་ཚོགས་པ་ལ་མངའ་སྒྱུར་བའི་སྡེ་དཔོན་ཆེན་པོ་བསོད་ནམས་དར་རྒྱས་ཀྱི་
བློ་གྲོས་ཁྱུང་སྔོན་སྐྱེས་ཀྱིས་ལེགས་པར་དྲངས་པའི་ལས་སྦྱོར་ཉི་མའི་འོད་ཟེར་གྱིས། གྲུབ་རྫུན་ཟླ་བའི་སྙིང་པོའི་གཡོ་འཕྲུལ་
གྱི་མུན་པ་རྨང་ནས་བཤིག་པ་འདི་ངོ་མཚར་ཆེ། ཆོས་ལོག་སྨྱོ་སྤྱོད་མཁན་གྱིས་མི་རྣམས་ལ་སྐྲག་སྣང་སྐུལ་བྱེད་འཇིག་རྟེན་
ལས་འདས་པའི་གདོན་འདྲེ་དང་རྣམ་ཤེས་ཀྱི་གདོང་རིས་དམར་རྗེན་དུ་ཐོན་པ་རྒོད་རེ་བྲོ། འཛམ་གླིང་ལས་ཀྱི་ས་ཆ། ལས་
སྔ་དྲོ་བསགས་པ་ཕྱི་དྲོ་སྨིན་ཟེར་བ་ལྟར་གཡོ་ཅན་ཟླ་སྙིང་གིས་ཁྱབ་འཇུག་མཆོད་པའི་ཆེད་དུ་སེམས་ཅན་གྱི་སྲོག་བཅད།
དད་གཤིན་གྱི་དཀོར་རྫས་ལ་གཡོ་འཕྲུལ་གྱིས་ལོངས་སུ་སྤྱད། ལྐོག་གྱུར་གྱི་རྫུན་ཚིག་སྨྲས་ནས་གཞན་གྱི་མགོ་སྐོར་བ་སོགས་
བསམ་སྦྱོར་ངན་པ་ལྷུར་ལེན་བྱས་པའི་འབྲས་བུ་དེ་དེ་རིང་མངོན་སུམ་དུ་རང་སྟེང་ལ་སྨིན་ནས། རང་སྲོག་རང་གིས་གཅོད་
དགོས་པ་བྱུང་བ་རེད། འདི་དོན་ཀུན་གྱིས་ཤེས་པར་གྱིས་ལ། དེང་ནས་བཟུང་རྗེ་འབངས་སུ་ཡིན་ནའང་མི་ངན་འདི་ལྟ་
བུའི་གཡོ་འོག་ཏུ་མི་ཚུད་པར་གྱིས་ཤིག鉋ཅེས་དང༌། ཡང་སྡེ་དཔོན་ལ鉊དཔལ་མོ་སྐྱིད་འདི་གཡོ་ཅན་ཟླ་སྙིང་གི་དབང་དུ་
གྱུར་པ་ཡིན་པས། མོ་རང་གིས་ཉེས་པ་ལ་བཤགས་སྡོམ་བྱས་ཕྱིན། མི་ཡུལ་གྱི་འཚོ་བ་ལ་རོལ་ཆོག་པའི་བཀའ་གནང་ཡོང་
རྒྱུར་བདག་གིས་ངོ་ཆེན་ཞུས་པ་ཡིན鉋ཞེས་སྨྲས་པ་ན། རྗེ་འབངས་ཀུན་ངོ་མཚར་སྐྱེས་ཤིང༌། ཤིན་ཏུ་ཡི་རངས་ཏེ་ཤེས་
རབ་གསལ་ལ་བསྔགས་བརྗོད་ཚད་མེད་བྱས་པ་དང༌། ཚོགས་པ་ཀུན་སེམས་བདེ་བའི་ངང་ནས་གྲོལ་ལོ། །
དེ་ནས་ཉིན་འགའ་ཞིག་སོང་རྗེས་སྡེ་དཔོན་བསོད་ནམས་དར་རྒྱས་ཀྱིས་ཡུལ་དེའི་སྡེ་འབངས་མ་ལུས་པ་བསྡུས་
ནས། མི་ཆོས་གཙང་མའི་ཁྲིམས་བཅས་ཤིང༌། ལྷ་རྗེ་ཤེས་རབ་གསལ་ཡུལ་དེའི་སྐྱབས་གནས་སུ་མངའ་གསོལ་བ་དང༌།
གཞོན་ནུ་ཤེས་རབ་བརྟན་ལ་ནང་བློན་གྱི་གོ་ས་གནང་བ་སོགས་རྣམ་པར་དཀར་བའི་འཕྲིན་ལས་ཀྱིས་ཁོར་ཡུག་ཀུན་
ལེགས་པར་བསྐྱངས་པས་ཡུལ་ཕྱོགས་ཐམས་ཅད་དུ་བཀྲ་ཤིས་པའི་དགེ་མཚན་གྱིས་ཁྱབ་པར་གྱུར་ཏོ། །སླར་སྨྲས་པ།
དེང་དུས་གཡོ་ཅན་ཁྲམ་པ་འགའ་ཞིག་གིས། །ཆོས་དད་རང་མོས་ཡིན་པར་བསྙད་བཏཊ་ནས། །ཁྲིམས་དང་འགལ་
བའི་གཏམ་སྤྱོད་སྤེལ་བ་ལ། །སུན་འབྱིན་མི་བྱེད་ཚུལ་གནས་སྐྱེ་བོ་སུ། །ཁྱད་པར་གསོ་རིག་སྣང་བའི་གཏེར་ཆེན་པོར། །
བསམ་བཞིན་རྒྱབ་ཀྱིས་ཕྱོགས་པའི་སྲིན་བྱ་དག །མུན་པའི་ཁུང་ནས་ཧ་ཧ་དགོད་པ་ནི། །སྐྱེ་འགྲོའི་སྲོག་ལ་འཇབ་པའི་སྔ་
ལྟས་ཡིན། །དེ་ཕྱིར་གཏམ་རྒྱུད་གནམ་རུའི་འཕྲུལ་སྟོབས་དང༌། །སྦྱར་བའི་རྩོམ་ཐུང་སྒྲོ་ལྡན་དྲང་འགྲོ་མ། །བློ་གྲོས་མཐེབ་
མཛུབ་རྩལ་གྱིས་འཕངས་པ་ཡིས། །གཡོ་ཅན་སྙིང་གི་གནད་ལ་ཕོག་གྱུར་ཅིག །

བརྒྱུད་སྐུལ།

མཆན་སྤེལ།