ལས་དབང༌།

༄༅། །ལས་དབང༌།

ཚེ་རིང་གཡང་སྐྱིད། (ལྷ་ས)

 

དེ་རིང་ཕྱི་དྲོ་ང་རང་སློབ་གྲྭའི་དགེ་རྒན་དང་ལས་བཟོ་པའི་ཚོགས་ཆེན་དུ་ཞུགས་པ་ཡིན། འདི་ནི་ང་རང་ཐེངས་དང་
པོར་སློབ་གྲྭའི་བྱེད་སྒོར་ཞུགས་པ་ཡིན་ལ་སྤྱི་ཚོགས་ཀྱི་གར་སྟེགས་སྟེང་དུ་སྤོས་པའི་གོམ་པ་དང་པོ་ཡང་ཡིན། ང་རང་སློབ་
གྲྭའི་ཚོགས་ཁང་དུ་སོང་བ་ན་དེར་མི་ཉི་ཤུ་ལྷག་འདུས་ཤིང་ཁོ་ཚོའི་འདྲེན་བྱེད་ཀྱི་མདའ་མོ་དུས་མཉམ་དུ་ངའི་ཕྱོགས་སུ་
འཕངས་བྱུང་བས་ང་རང་རྒྱུས་མངའ་མེད་པའི་མི་དེ་དག་གི་མདུན་ནས་འཚེར་སྣང་སྐྱེས་ཤིང་ངོ་གདོང་ཚ་ལམ་ལམ་དུ་
གྱུར་ཏེ་ཚོགས་ཁང་གི་འགྲམ་ཟུར་ཞིག་ཏུ་བསྡད་པ་ཡིན། ཚོགས་འདུར་ཡོང་བའི་དགེ་རྒན་དང་ལས་བཟོ་པ་དེ་དག་ལས་ཁ་
ཤས་མགོ་བོ་རུབ་རུབ་ཀྱིས་ཤུབ་བུར་སྨྲ་བཞིན་ང་རང་ལ་ལྟ་བའི་ཉམས་ལས་ཁོ་ཚོས་ཕལ་ཆེར་ངའི་གནས་ཚུལ་ལ་ལབ་གླེང་
བྱེད་བཞིན་ཡོད་པ་རྟོགས་ཐུབ། ཁོ་ཚོས་འདི་ལྟར་བྱེད་པ་ལ་ཡང་ངོ་མཚར་རྒྱུ་མེད་དེ། ལྟ་རྒྱ་དང་མཐོང་རྒྱ་མེད་པའི་རི་ཁུག་
འདིར་མཚོན་ན། མི་རྒྱུས་མེད་ཅིག་གསར་དུ་སླེབས་ཚེ་གཏམ་གླེང་སྣ་ཚོགས་བྱེད་པ་ནི་ཡུལ་འདིའི་རྒྱུན་ལུགས་ལྟར་ཀྱུར་
འདུག་པས་སོ། །ང་རང་ནི་སློབ་གྲྭ་ཆེན་མོ་ནས་ཐོན་མ་ཐག་ཡིན་ལ། ལུས་ལ་གྱོན་པ་ཡང་ད་ལྟ་གྲོང་ཁྱེར་ཆེ་ཁག་ཏུ་དར་སོ་ཆེ་
བ་ཤ་སྟག་ཡིན་པས་ངའི་སྐོར་ལ་དཔྱད་གླེང་བྱེད་པ་ཡང་ལུགས་དང་མཐུན་པ་ཞིག་ཡིན་ནོ། །
ངས་ཚོགས་ཁང་གི་གྲལ་མགོར་འཛུམ་དམུལ་ལེར་བཞུགས་པའི་གདོང་ཅུང་རིད་པའི་སློབ་སྤྱི་དེ་ངོ་ཤེས་པ་ལས། གཞན་
རྣམས་གཅིག་ཀྱང་ངོ་མི་ཤེས་པས་ངས་ཁོ་ཚོའི་མིག་ཞགས་ལ་གཡོལ་ཐབས་བྱས་ཤིང་མགོ་བོ་སྒུར་ནས་ཚོགས་འདུའི་མགོ་
རྩོམ་རྒྱུར་རེ་སྒུག་བྱས། དེ་ནས་ཚོགས་འདུའི་མགོ་ཚུགས་ཤིང་སློབ་སྤྱིས་གཏམ་བཤད་པར་བརྟེན་ང་རང་ཅི་བྱ་གཏོལ་བྲལ་
གྱི་གནས་བབ་ལས་གཞི་ནས་བཅིངས་འགྲོལ་ཐོབ་ཅིང༌། ད་གཟོད་དབུགས་རིང་ཞིག་ཕྱུང་སྟེ་གཡས་གཡོན་གྱི་མ་འོངས་
པའི་ལས་གྲོགས་རྣམས་ལ་མིག་ཉུལ་བྱེད་པའི་གོ་སྐབས་ཐོབ།
སློབ་སྤྱིས་ཐོག་མར་ངའི་གནས་ཚུལ་རགས་རམ་ཙམ་ངོ་སྤྲོད་མཛད་རྗེས་གོང་རིམ་ནས་སློབ་གྲྭ་ཆེན་མོ་ལས་ཐོན་པ་ཞིག་
རང་སློབ་ཏུ་མངགས་ཡོང་བ་ནི་སློབ་གྲྭའི་གཟི་བརྗིད་ཡིན་ལུགས་སོགས་མང་པོ་གསུངས་བྱུང༌། སློབ་གྲྭ་དེ་ནི鉊ཆ་ཚང་
བའི鉋 སློབ་འབྲིང་ཞིག་སྟེ། རྫོང་ཁག་གསུམ་གྱི་སློབ་མ་ཡོང་གི་ཡོད་ཅིང་དགེ་རྒན་གྱི་སྟོབས་ཤུགས་ཀྱང་ཅུང་ཞན་སྟབས་
སློབ་གྲྭ་ཆེན་མོ་ལས་ཐོན་པ་ཞིག་དགེ་རྒན་དུ་མངགས་ཡོང་བ་ནི་ཧ་ལས་དགོས་པ་ཞིག་ཡིན་པར་རྟ་དང་རན་པའི་སྒ་ཞིག་
བསྟད་པ་རེད་ཟེར་ཡང་མི་འགྲིག་པ་མེད།
སློབ་གྲྭའི་མགོ་ཁྲིད་ཀྱི་སློབ་སྐབས་གསར་བའི་ལས་འགན་དང་སློབ་ཚན་འཁྲིད་མཁན་སོགས་བཀོད་སྒྲིག་བྱེད་སྐབས་
བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་མོར་འཛིན་གྲྭ་གསར་བ་ཞིག་གི་བོད་ཡིག་དང་འཛིན་གྲྭ་གཞན་ཞིག་གི་རྩིས་རིག་སློབ་
ཁྲིད་བཀོད་སྒྲིག་བྱས་འདུག་པས་ང་རང་ཧ་ལས་པར་གྱུར། ངའི་ཆེད་ལས་བོད་ཀྱི་སྐད་ཡིག་ཡིན་པ་མགོ་ཁྲིད་ཀྱིས་བརྗེད་པ་
མ་ཡིན་ནམ་སྙམ་ནས་ཁོང་ལ་གསལ་འདེབས་ཤིག་བྱས་ཀྱང་ཁོང་གིས་ང་ལ་ལག་བརྡ་བྱེད་བཞིན་བཤད་མཚམས་བཅད་དེ་
སྔར་བཞིན་འཛུམ་དམུལ་ལེར“ད་ལྟ་ང་ཚོ་སློབ་གྲྭར་དགེ་རྒན་ཉུང་བས་ཆེད་ལས་ལ་ངེས་པ་མི་འདུག དགེ་རྒན་ཚོས་
གང་དུ་དགོས་མཁོ་ཡོད་ན་དེ་གར་འཁྲིད་དགོས། ད་ནི་ཐག་བཅད་པ་ལྟར་གྱིས”ཟེར།
ང་རང་རྩིས་རིག་དང་འབྲེལ་བ་ཆད་དེ་ལོ་བཞི་ཙམ་འགོར་ཞིང་སློབ་འབྲིང་དུ་ཡོད་སྐབས་ཀྱང་རྩིས་རིག་གི་སྦྱངས་
འབྲས་ཡག་པོ་ཞིག་ཐོབ་མ་མྱོང་པས་དེ་རིང་སློབ་འབྲིང་རྩིས་རིག་དགེ་རྒན་གྱི་ལས་འགན་ལྩི་མོ་དེ་རང་གི་ཕྲག་ཏུ་ལྷུང་པས་
ང་རང་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ་སློབ་སྤྱི་ལ་རྒྱ་ཡིག་དང༌། ལོ་རྒྱུས། ཆབ་སྲིད་སོགས་གང་ཞིག་ཁྲིད་དགོས་ཀྱང་ཆོག་མོད།
རྩིས་རིག་ནི་ངས་མི་ཤེས་པས་འཁྲིད་མི་ཐུབ鉋ཅེས་ཞུ་བ་ནན་ཆེར་ཕུལ་བ་ན། སློབ་སྤྱིས“ད་འོ་ན་ལས་འགན་དེ་སུ་ལ་སྤྲོད་
དགོས་སམ”ཞེས་ཟེར་བཞིན་ཐབས་ཟད་པའི་ཉམས་ཀྱིས་ང་ལ་ཅེར་འདུག
དུས་ཚོད་སྐར་མ་ཁ་ཤས་ཀྱི་རིང་ལ་མི་གཅིག་ཀྱང་ཁ་མ་གྲགས་པས་ཚོགས་ར་ཡོངས་སུ་གྲག་འགུལ་ཙམ་ཡང་མེད་པར་
དལ་ཅག་གེར་གྱུར་ཅིང༌། སྐབས་དེར་ངའི་སེམས་ལའང་ནོངས་འགྱོད་ཆེན་པོ་སྐྱེས་ནས་ངས་རྩིས་རིག་ཡག་པོ་ཞིག་མ་ཤེས་
པ་ཅི་ཡིན་ནམ་སྙམ་ཞིང་དབུགས་ཀྱང་འབྱིན་དཀའ་བ་ལྟ་བུའི་སྣང་བ་སྐྱེས། སྐབས་དེར་མི་ཞིག་གིས“ངས་ཀྱང་རྩིས་
རིག་ཆེད་དུ་བསླབས་མ་མྱོང་ཡང་རང་སྦྱོང་བྱས་ཏེ་ད་ལྟ་ཕྲན་ཙམ་ཤེས་ཀྱི་ཡོད་པས་གལ་ཏེ་ཡིད་ཆེས་ཡོད་ན་ངེད་གཉིས་
ཀྱི་སློབ་ཚན་བརྗེས་ན་འགྲིག་གི་མ་རེད་དམ”ཅེས་བཤད་པ་ན་ཚང་མའི་དོ་སྣང་གི་འདྲེན་བྱེད་དང་མཉམ་དུ་ངས་ཀྱང་
ཕྱོགས་དེར་བལྟས་ཚེ་ད་ལྟ་སྐད་ཆ་བཤད་མཁན་དེ་ཁོང་རེད་འདུག
ཉིན་འགའི་སྔོན་ལ་ཁོ་མོ་སོ་མ་འདི་གར་འབྱོར་སྐབས་ངེད་གཉིས་རླངས་འཁོར་གཅིག་ཏུ་བསྡད་ནས་ཡོང་ཞིང༌། ཁོང་
གིས་ངའི་དངོས་པོ་སོགས་རླངས་འཁོར་ལས་ལེན་རོགས་བྱས་པའི་དགེ་རྒན་བསྟན་ཕུན་མ་ཡིན་ནམ་སྙམ་བཞིན་མགོ་སྒུར་
ཏེ་སློབ་སྤྱིས་ལན་ག་འདྲ་ཞིག་འདེབས་པར་བསྒུགས་པ་ཡིན།
སློབ་སྤྱིས་ཁོང་གི་སྐད་ཆར་ཐད་ཀར་ལན་མ་བཏབ་པར་ཉོབ་མདངས་དང་བཅས་ང་ཚོར་ལྟ་བཞིན་ཡོད་པ་ལས་དོན་
དེར་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པ་ལྟར་མངོན། དགེ་རྒན་གཞན་རྣམས་ཀྱིས་བཟང་ངན་ཅི་ཡང་མ་བཤད་པས་མཇུག་
མཐར་སློབ་སྤྱིས鉊གནས་སྐབས་སུ་ང་ཚོས་གཏན་ཁེལ་བྱས་ཚར་བ་ལག་བསྟར་བྱ鉋ཞེས་ཚིག་ཐག་བཅད་ནས་གསུངས།
ང་ཚོའི་འཛིན་གྲྭའི་སློབ་གྲོགས་རྣམས་ཀྱིས་སེམས་ཁྲལ་གྱིས་གཉིད་ཀྱང་མི་ཁུགས་པར་གྱུར། འོན་ཀྱང་བློ་ཡུལ་ལས་
འདས་པ་ཞིག་ལ་ང་རང་ཐེངས་དང་པོར་སློབ་ཁྲིད་དུ་སོང་སྐབས་སློབ་མ་ཚོས་རིག་པ་བསྒྲིམས་ཏེ་སློབ་ཁྲིད་ལ་ཉན་པ་དང་
ནན་ཏན་གྱིས་ཟིན་བྲིས་འགོད་བཞིན་འདུག་པས་ང་རང་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་ཤིང་ངའི་སྔར་གྱི་སྤོབས་པའི་ཁྲག་
རྒྱུན་དེ་སླར་ཡང་ལུས་ཡོངས་ལ་རྒྱུ་བ་ལྟར་གྱུར།
ངས་སློབ་ཚན་དང་པོ་དེ་བདེ་བླག་ཏུ་ཁྲིད་རྗེས་སེམས་ལྷོད་ཤིག་ཤིག་གི་ངང་ནས་སློབ་དཔྱོད་ཁང་དུ་འཛུལ་སྐབས་དེ་
གར་དགེ་རྒན་ཁ་ཤས་ཡོད་པ་དང་ཁོ་ཚོས་ང་ལ་འཛུམ་ཙམ་རེ་བྱེད་པ་ལས་ཅི་ཡང་མི་བཤད། ངའི་ཡིག་ཅོག་གི་ཁ་སྤྲོད་དུ་
ཡོད་པའི་དགེ་རྒན་བསྟན་ཕུན་གྱིས་དཔེ་དེབ་ཅིག་ལ་ལྟ་བཞིན་ཡོད་པས་ང་རང་འདུག་སྟེགས་སུ་བསྡད་རྗེས་གཞི་ནས་
འཛུམ་དང་བཅས་མགོ་བོ་ལྕོག་ཙམ་བྱས།
ངས་རྒྱུན་དུ་བསྟན་ཕུན་གྱི་གདོང་ཀི་སྐྱོ་ཉམས་དེ་མཐོང་བ་ན་དབང་མེད་དུ་ཐེངས་དེའི་ཚོགས་འདུའི་སྟེང་གི་གནས་
ཚུལ་རྣམས་དྲན་ཞིང་དེ་མ་ཐག་ཁོ་ལ་འཚེར་སྣང་ཞིག་ཀྱང་སྐྱེས་ཏེ། ཁོང་དང་ཕན་ཚུན་ལབ་གླེང་བྱེད་མི་ཕོད་པར་གྱུར།
ཁོའི་གནས་ཚུལ་ཅི་ཡང་མི་ཤེས་པས་དགེ་རྒན་དེ་དག་གི་བཞིན་རས་ལ་རྒྱུན་དུ་སློབ་ཁྲིད་སྐབས་ཀྱི་གཟབ་ནན་དང་སྒམ་
པོའི་ཚུལ་མངོན་འདུག་པ་ལས་ཁོ་ཚོའི་ལུས་སྟེང་དུ་འདྲིས་བདེ་གཤིབ་བདེ་དང་གསོན་ཤུགས་དང་སྤྲོ་སྣང་གི་ཉམས་འགྱུར་
ཧ་ལམ་མཐོང་རྒྱུ་མི་འདུག་པས་ད་ལྟ་སྤྲོ་སྣང་གི་ཡུལ་ཁམས་ཏེ། སློབ་གྲྭ་ཆེན་མོ་དང་བྲལ་མ་ཐག་པའི་ང་རང་ལ་མཚོན་ན་
གུ་དོག་ཅིང་དབུགས་ཀྱང་རྗུབ་དཀའ་བའི་སྣང་བ་ཞིག་སྟེར།
དེ་ནས་ཉིན་མང་པོ་འགོར་རྗེས་རིམ་བཞིན་ང་རང་དགེ་རྒན་བསྟན་ཕུན་དང་འདྲིས་ཤིང་ངེད་གཉིས་ལ鉊ཐུན་མོང་
གི་སྐད་ཆ鉋ཡོད་པར་གྱུར། ཁོང་གི་ལོ་ཚོད་ང་ལས་ཅུང་ཆེ་ཞིང་ཁོང་ལ་བོད་ཀྱི་ལོ་རྒྱུས་དང༌། སྐད་ཡིག་རྩོམ་རིག་སོགས་ཀྱི་
སྐོར་བཤད་རྒྱུ་མང་པོ་ཡོད་པ་ལས་གཞན་རྒྱལ་ཁབ་ཕྱི་ནང་གི་ཤེས་བྱའི་སྐོར་ལ་ཡང་མང་པོ་ཞིག་བཤད་རྒྱུ་ཡོད་པ་རེད།
ཁོང་གི་སྐད་གདངས་ལས་ཁོང་གི་སྐྱེས་ཡུལ་ནི་རྫོང་འདི་ཡིན་པ་ཤེས་ཐུབ་མོད། འོན་ཀྱང་ཁོང་སློབ་གྲྭ་གང་ནས་ཐོན་མིན་
ཤེས་མ་བྱུང་ལ་དེའི་སྐོར་གཞན་གྱིས་ཀྱང་ཁོ་མོར་བཤད་མ་མྱོང་བས་ཐེངས་ཤིག་ངས་ཁོང་ལ鉊ཁྱེད་རང་སློབ་གྲྭ་གང་ནས་
ཐོན་པ་ཡིན鉋ཞེས་དྲིས་པར། བསྟན་ཕུན་གྱིས་སྐད་ཆ་དེ་གོ་མ་ཐག་བཞིན་མདོག་ཅུང་ལོག་སྟེ་མི་ཚང་མའི་རླུང་རྟ་དང་
བསོད་ནམས་གཅིག་མཚུངས་གང་ནས་ཡོང་ཐུཔ། ཁོ་བོ་ནི་སློབ་གྲྭ་གང་ཡངའགྲིམས་མ་མྱོང་ཞེས་པ་ཙམ་ལས་ལན་གསལ་
བོ་ཞིག་བཏབ་མ་བྱུང༌། ཁོང་གི་ཉམས་འགྱུར་ལ་བལྟས་ན་སྐད་ཆ་དེས་ཁོང་གི་སེམས་ལ་ཕོག་ཐུག་ཆེན་པོ་ཞིག་བཏང་བ་
ལྟར་སྣང་བས་ང་རང་ཞེ་གཏིང་ནས་འགྱོད་བྱུང༌།
ཉིན་དེ་ནས་བཟུང་ངེད་གཉིས་ཀྱི་བར་དུ་སྐད་ཆ་ཇེ་ཉུང་དུ་སོང་ཞིང་འབྲེལ་ཐག་ཇེ་རིང་དུ་གྱུར། སྤྱིར་ང་རང་མཚན་
མོ་ཉལ་འཕྱི་མོད། ཡིན་ནའང་དུས་ནམ་ཡིན་ཡང་ང་རང་ཉལ་བའི་སྐབས་སུ་དགེ་རྒན་བསྟན་ཕུན་གྱི་སྒེའུ་ཁུང་ལས་སྔར་
བཞིན་སྒྲོན་མེའི་འོད་མཐོང་ཐུབ་ལ། སྐབས་འགར་ཟས་ཟ་དུས་དང་ངལ་གསོའི་དུས་སུའང་ཁོང་གིས་རྩིས་རིག་སློབ་གཞི་
ཁྱེར་ནས་རྩིས་རིག་ལ་ཅུང་མཁས་པའི་དགེ་རྒན་དག་གི་སར་སོང་སྟེ་དཀའ་གནད་བཀའ་འདྲི་ཞུ་བཞིན་པ་སོགས་མཐོང་
སྐབས་ངའི་སེམས་ནས་ཁོང་ལ་ཅི་ཞིག་ཆད་ཡོད་པ་ལྟར་ནོངས་འགྱོད་རེ་སྐྱེས་ནའང་ཁོང་ལ་ཁ་ཡག་ཚིག་བཟང་གཅིག་ཀྱང་
བཤད་མི་ཤེས་པས། སེམས་གཏིང་ནས་ཁོང་ལ་དགོངས་དག་ཐུགས་བདེན་སྙམ་པའི་འདོད་བློ་ཞིག་རྟག་ཏུ་ཤར།
དུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་ང་རང་དགེ་རྒན་གཞན་རྣམས་དང་འདྲིས་ཤིང་རང་ཉིད་ཁེར་རྐྱང་གི་སྣང་
བ་དེའང་ངེ་ཆུང་དུ་སོང༌། ཡིན་ན་ཡང་ང་དང་དགེ་རྒན་བསྟན་ཕུན་གྱི་འབྲེལ་བ་དེ་ཇེ་རིང་དུ་འགྲོ་བཞིན་ཡོད་པས་ངའི་
སེམས་མི་བདེ་བར་གྱུར། ཁོང་དང་འབྲེལ་བ་ཇེ་དམ་དུ་གཏོང་ཆེད། ངས་བོད་ཡིག་སྐོར་གྱི་དཀའ་གནད་མང་པོ་ཞིག་བཙལ་
ཏེ་ཁོང་གི་སར་འདྲི་བར་སོང་སྐབས། ཁོང་གིས་སྣང་དག་དེ་འདྲ་རང་མི་བྱེད་པར་ངའི་དྲི་བར་ལན་སྟབས་བདེ་རེ་འདེབས་
པ་ལས་གཞན་ཅི་ཡང་བཤད་རྒྱུ་མེད་པས་ང་རང་སླར་ཡང་སེམས་མི་བདེ་བ་ཞིག་བྱུང༌། ཉིན་ཞིག་ང་རང་ཁོང་གི་ཉལ་ཁང་
དུ鉄དག་ཡིག་ངག་སྒྲོན鉅ལས་དཀའ་གནད་ཅིག་འདྲི་བར་ཕྱིན་དུས་ཁོང་མལ་ཁང་དུ་མེད་ཀྱང་སྒོ་ལྕགས་བརྒྱབ་མི་འདུག་
པས་ཐག་རིང་དུ་སོང་མེད་པར་སྙམ་ནས་ནང་དུ་སོང་ནས་བསྒུགས་པ་ཡིན། ཉལ་ཁང་ནང་དུ་མིག་མྱུལ་བྱེད་སྐབས་ཡིག་
ཅོག་དང་ཉལ་ཁྲིའི་སྟེང་དུ་དཔེ་ཆ་དང་ཟིན་བྲིས་དེབ་ཁ་ཕྱེ་སྟེ་བཞག་འདུག་པས་གྲོང་ཁྱེར་ནས་སླེབས་མ་ཐག་པའི་ངའི་
ཉལ་ཁང་དང་བསྡུར་ཚེ་དངོས་གནས་གོ་རིམ་ཅི་ཡང་མེད་པ་ཞིག་རེད། ཁོའི་ཡིག་ཅོག་སྟེང་གི་གྱང་འགྲམ་དང༌། ཉལ་ཁྲིའི་
ཟུར། སྒེའུ་ཁུང་སྟེང་བཅས་སུ་མཚན་ཉིད་རིག་པ་དང༌། ལོ་རྒྱུས། སྐད་ཡིག རྩོམ་རིག རྩིས་རིག་སོགས་བོད་རྒྱ་ཡིག་རིགས་
ཀྱི་དཔེ་དེབ་མང་པོས་ཁེངས་འདུག་པས་ང་རང་ཧ་ལས་པར་གྱུར། ཁོང་གི་ཉལ་ཁྲིའི་སྔས་མགོའི་ཐོད་ཀྱི་གྱང་ལྡེབས་སུ་ཐོན་
མི་སམ་ལྷོ་ཊའི་བྲིས་སྐུ་ཞིག་བཀལ་ཡོད་ཅིང་དེའི་གཤམ་དུ་ཐོན་མི་ལ་བསྟོད་པའི་སྙན་ཚིག་ཤོ་ལོ་ཀ་ཞིག་ཀྱང་བྲིས་འདུག
ཡང་གྱང་ངོས་གཞན་ཞིག་ཏུ“ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས། །བླུན་པོ་ནོར་རྐྱལ་འཁུར་བའི་དབང་
ཤེད་ཀྱིས་བཅོམ་སྟེ། །ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས། །སེང་གེ་ཁྱི་ཡི་གཡོག་ཏུ་གྱུར་ཚུལ་འདི་
སྐྱོ་བ། །”ཞེས་པའི་དགེ་འདུན་ཆོས་འཕེལ་གྱི་སྙན་ཚིག་ཤོ་ལོ་ཀ་གཅིག་ཚུགས་ཡིག་ལེགས་པོས་བཤུས་ཏེ་སྦྱར་འདུག ངས་
དེ་དག་ལ་བལྟས་ནས་རེ་ཞིག་འགོར་ཡང་ཁོང་ད་དུང་མ་ཡོང་པས་ཡིག་ཅོག་སྟེང་ནས་དེབ་ཅིག་བླངས་ཏེ་ལྟ་བཞིན་དུ་
བསྐྲུགས། ཡུད་ཙམ་འགོར་རྗེས་ཁོས་དཔེ་དེབ་ཅིག་ཁྱེར་ནས་ཡོང་བ་དང་ང་མཐོང་འཕྲལ“ཨ་ཙི། དགེ་རྒན་ཟླ་སྒྲོན་ལགས། སྒུག་ཡུན་རིང་པོ་མ་བྱུང་ངམ། སྐུ་དོན་ཡོད་དམ། ”ཞེས་འཚབ་འཚུབ་ཀྱི་ངང་ནས་ལག་གི་དཔེ་དེབ་ཕར་བཞག་ཅིང་
འཚེར་སྣང་དང་བཅས་ཉལ་ཁྲིའི་སྟེང་དུ་བཀྲམ་ཡོད་པའི་དཔེ་དེབ་རྣམས་བསྡུ་གསོག་བརྒྱབ་རྗེས་ང་ལ་ཇ་ལྡུག་རྩིས་བྱེད་
བཞིན་འདུག་ཀྱང་ངས་མཐའ་གཅིག་ཏུ་མིན་ཞེས་བཤད་རྗེས་དཀའ་གནད་དེ་ཁོང་ལ་དྲིས་པས་གཞི་ནས་ཁོང་གི་རྣམ་
འགྱུར་དེ་རྒྱུན་ལྡན་ལྟར་གྱུར་ཅིང་ངའི་དྲི་བར་ལན་བཏབ། ཁོང་གི་འགྲེལ་བཤད་དེ་དག་ལ་ཉན་སྐབས་དེ་འདྲའི་གོ་བདེ་བ་
དང་ཤེས་སླ་བ་ཞིག་འདུག་པས། སླར་ཡང་ཁོང་གི་བཤེས་གཉེན་དང་སློབ་གྲྭའི་སྐོར་ཤེས་འདོད་ཆེན་པོ་བྱུང་ནའང་དེ་སྔལ་
ཁོང་གིས་ལན་མ་བཏབ་པ་དེ་དྲན་པས་འདྲི་མ་ཕོད་པར་ཕྱིར་མིད་པ་ཡིན། རྗེས་སུ་ཁོང་གི་སློབ་ཚན་ཐེངས་འགའ་ཉན་པར་
སོང༌། ཁོང་གི་སློབ་ཁྲིད་ནི་དེ་འདྲའི་ཁ་གསལ་ཞིང་གོ་བདེ་བ་དང་སློབ་ཚན་ཚོགས་རིམ་བཞིན་ཐོག་མའི་སྐར་མ་བཅུ་རེ་
བེད་སྤྱད་དེ་སློབ་མ་ཚོར་ཚོགས་ཐེངས་གོང་མར་ཁྲིད་ཟིན་པ་དག་ཤེས་ཡོད་མིན་ངག་རྒྱུགས་ལེན་པ་དང༌། སློབ་ཚན་གསར་
པ་ཁྲིད་སྐབས་དཔེ་དོན་འཇུག་པ་དང་གསོན་ཉམས་ཧ་ཅང་དོད་པས་སློབ་མ་ཚོས་ཀྱང“རྒན་བསྟན་ཕུན་ལགས”ཞེས་
གུས་བཀུར་བྱེད་པ་ལའང་རྒྱུ་མཚན་ཆེན་པོ་འདུག དགེ་རྒན་ཞིག་ལ་དོན་དངོས་ཀྱི་ཡོན་ཚད་གང་འདྲ་ཡོད་མིན་ནི་དེས་
བཤད་པ་རྣམས་སློབ་མ་རྣམས་ཀྱིས་དང་ལེན་བྱེད་ཐུབ་མིན་དང་སློབ་ཕྲུག་ཚོའི་ཤེས་ཚད་དང་གདེང་འཇོག་ལས་རྟོགས་
ཐུབ་པས། ཁོང་གི་འཛིན་གྲྭའི་སློབ་མ་དེ་དག་ངའི་སློབ་ཁྲིད་ལ་བློ་ཁ་ཁེངས་ཀྱི་ཡོད་བཟོ་མ་མཆིས།
བྱི་དྲོ་སླར་ཡང་ཚོགས་འདུ་ཞིག་ཚོགས་རྒྱུ་ཡིན་པས་ཉིན་གུང་སློབ་སྤྱིས་ང་ལ་བརྡ་བརྒྱཔ་པ་དང་ཆབས་ཅིག་བསྟན་ཕུན་
ལ“ཁྱོད་ལ་དོན་བྱ་ཡོད་ཚེ་མ་ཡོང་ནའང་ཆོག”ཅེས་བཤད་པས་བསྟན་ཕུན་གྱིས་ཀྱང“ང་ལ་སློབ་ཚན་གྲ་སྒྲིག་དང་
སྦྱོང་ཚན་འབྲི་རྒྱུ་མང་པོ་ཞིག་ཡོད། ” ཅེས་ལན་བཏབ་མོད་དོན་དངོས་སུ་ཁོའི་སེམས་ལ་ཁོ་རང་ཚོགས་འདུར་ཞུགས་མི་
ཆོག་པ་ག་རེ་ཡིན་ནམ་སྙམ་ཡོད་ངེས་རེད།
ཚོགས་འདུའི་སྟེང་དུ་དགེ་རྒན་གྱི་གོ་མིང་ཐོབ་ཐང་སྤྲོད་ཐབས་སྐོར་གྱི་འབྲེལ་ཡོད་ཡིག་ཆ་སློབ་སྦྱོང་བྱས་ཤིང་སློབ་གྲྭའི་
འགན་འཁུར་བས་ཡིག་ཆ་ཀློག་བཞིན་དུ་འགྲེལ་བཤད་མང་པོ་ཞིག་བྱས། ཡིན་ན་ཡང་ངའི་སེམས་ལ་བསྟན་ཕུན་ཚོགས་
འདུ་འདིར་ཞུགས་མི་རུང་བ་ཅི་ཡིན་ནམ་སྙམ་ཞིང་ཆུ་ཚད་འདི་ལྟར་མཐོ་ཞིང་སློབ་མས་འདི་ལྟར་དགའ་བསུ་བྱེད་པའི་
དགེ་རྒན་ཞིག་ལ་གོ་མིང་ཐོབ་ཐང་སྤྲོད་མི་རུང་བ་ཅི་ཡིན་སོགས་དོན་མང་པོ་ཞིག་སེམས་ལ་འཁོར་ཟིན་ནའང་ཚོགས་འདུ་
གྲོལ་རྗེས་དགེ་རྒན་གཞན་རྣམས་ནི་རང་ཉིད་ལ་གོ་མིང་རིམ་པ་གང་འདྲ་ཞིག་ཐོབ་པར་ཚོད་དཔག་དང་གླེང་མོལ་བྱེད་
བཞིན་ཕྱིར་སོང་མོད། ངའི་སེམས་ལ་བསྟན་ཕུན་གྱི་དོན་དེ་ཁོ་ན་འཁོར་ཞིང་དོན་དེའི་མཐིལ་རྟོགས་པར་འདོད་ཛས་ལག་
ཏུ་དཔེ་དེབ་ཅིག་ཡོད་པ་དེར་བལྟ་ཁུལ་གྱིས་མཇུག་ཏུ་བསྡད་པ་ཡིན། སློབ་སྤྱིས鉊ཟླ་སྒྲོན་ལགས鉋ཞེས་གསུངས་པས་ངས་
མགོ་བོ་བཏེགས་ནས“ ཨ་ཙི”ཞེས་མི་གཞན་དག་སོང་ཚར་བ་མ་ཤེས་ཁུལ་བྱས་པ་དང་དེ་ནས་རང་ཤག་ཏུ་ལོག་
བཞིན鉊སློབ་སྤྱི་ལགས། དགེ་རྒན་བསྟན་ཕུན་ཀོ་མིང་ཐོབ་ཐང་སྤྲོད་པའི་ཚོགས་འདུར་མི་ཞུགས་པ་ཅི་ཡིན鉋ཞེས་ཁ་ནས་
ཐལ།“ཁོང་དམངས་བཙུགས་སློབ་གྲྭའི་དགེ་རྒན་ནས་འདི་གར་ཡར་འཐེན་བྱས་པ་ཞིག་ཡིན། སློབ་ཁྲིད་ཀྱི་ཡུན་ཚད་དང་
ཆ་རྐྱེན་མི་འདང་བས་ཡིག་ཆའི་དགོངས་དོན་དང་མི་མཐུན”ཞེས་ལན་བཏབ། དེ་ནས་བཟུང་ངས་ཁོང་གི་དོན་ལ་སྔར་
བས་ཀྱང་ཡིད་འཇོག་བྱས་ཤིང་ཁོའི་སེམས་ཀྱི་གསང་བ་དེ་ཤེས་འདོད་ཆེན་པོ་བྱུང་མོད། ཁོང་གིས་ང་ལ་སྔར་བཞིན་གཡོལ་
གང་ཐུབ་དང་སྐད་ཆ་ཉུང་ངུ་ཙམ་ལས་མི་བཤད་པས་ཐབས་གང་ཡང་མ་བྱུང༌། ས་འདི་གྲང་ངར་ཧ་ཅང་ཆེ་ལ་དགུན་
ཚུགས་མ་ཐག་གྲང་ངར་གྱིས་རུས་རྐང་ལ་ཟུག་གཟེར་གཏོང་བས་སློབ་ཁྲིད་མེད་དུས་ཉལ་ཁང་དུ་ལོག་པར་འདོད་ཀྱང་སློབ་
གྲྭའི་སྒྲིག་ལམ་ལྟར་ན་ལས་བྱོལ་གྱི་གྲས་སུ་རྩི་བས་སློབ་དཔྱོད་ཁང་མི་སྲུང་ཀ་མེད་རེད། སྟབས་ལེགས་པ་ཞིག་ལ་སློབ་དཔྱོད་
ཁངདུ་ལྕགས་ཐབ་ཡོད་ཅིང་བུད་ཤིང་དང་རྡོ་སོལ་ཡང་མང་པོ་ཡོད་པས་སློབ་ཁྲིད་ཀྱི་རེས་སྐོར་ལྟར་དགེ་རྒན་གཉིས་གསུམ་
རེ་ལྟག་ཡོད་པ་དང་དེ་དག་གིས་མེ་དྲོན་པོ་བུས་ཡོད་པར་མ་ཟད་ཆུ་ཁོལ་ཡང་བསྐོལ་ཡོད་པས་སློབ་ཁྲིད་ལ་སོང་བའི་དགེ་
རྒན་རྣམས་ཕྱིར་ཡོང་ན་ལག་པ་བསྲོ་ཆོག་ལ་ཆུ་ཁོལ་ཐུང་རྒྱུའང་ཡོད། སེམས་ཀྱི་རྣམ་རྟོག་ཡིན་ནའང་འདྲ་ཡང་ན་དོན་
དངོས་ཡིན་ནའང་འདྲ། གང་ལྟར་ང་ལ་སློབ་ཁྲིད་མེད་དུས་དགེ་རྒན་བསྟན་ཕུན་ལའང་སློབ་ཁྲིད་མེད་པས་དུས་ཚོད་ཀྱིས་
ཀྱང་ང་ཚོར་ཀུ་རེ་རྩེ་གི་ཡོད་པ་དང་འདྲ། ངེད་གཉིས་གཅིག་པུ་སློབ་དཔྱོད་ཁང་དུ་ལུས་སྐབས་ཁོས་དཔེ་ཆ་ཁོ་ནར་ལྟ་བ་
ཡིན་པས་ངས་ཁོང་ལ་ཆུ་ཁོལ་ལྡུག་སྐབས་ཁོས་མགོ་བོ་ཡར་དགྱེ་སྟེ་འཛུམ་དང་བཅས“ཐུགས་རྗེ་ཆེ”ཟེར་བ་ལས་ཚིག་
གཅིག་ཙམ་ཡང་མི་བཤད་པས་ངས་ཁ་བརྡ་འདྲ་བྱེད་འདོད་ཀྱང་བཤད་ཡ་མེད་པས་ཁ་རོག་མི་སྡོད་ཀ་མེད་རེད། སློབ་
དཔྱོད་ཁང་དེར་ང་གཅིག་པུ་མ་གཏོགས་བུ་མོ་ཞིག་མེད་པ་དང་རྒན་དར་རྒྱས་ལགས་ཕུད་མང་ཆེ་བ་ན་གཞོན་ཤ་སྟག་ཡིན་
པ་དང་ཕན་ཚུན་ལབ་གླེང་བྱེད་པའང་ཧ་ཅང་ཉུང༌། དེའི་རྐྱེན་གྱིས་དུས་རྒྱུན་དུ་ངའི་སེམས་ལ་གལ་ཏེ་བུ་མོ་རོགས་པ་ཞིག་
ཡོད་ན་ཅི་མ་རུང་སྙམ།
ཉིན་ཞིག་ང་ཆུ་ལེན་དུ་ཕྱིན་སྐབས་ངའི་སྔོན་དུ་སློབ་མའི་མ་བྱན་བུ་མོ་དེ་གཉིས་ལབ་གླེང་བྱེད་བཞིན་འགྲོ་གི་འདུག
“དེང་སང་ཡིན་ན་འཁྲུག་པའི་སྒང་རེད། ”
“སུ་དང་སུ་འཁྲུག་གི་འདུག་གམ། ”
“རྒན་ཟླ་སྒྲོན་ལགས་དང་རྒན་བསྟན་ཕུན་ལགས་གཉིས་དེང་སྐབས་ཚ་བ་རི་ཐང་མཚམས་སུ་སླེབས་འདུག”
“དེ་ག་རང་རེད། ངས་བལྟས་ཀྱང་ཁོ་གཉིས་ཀྱི་བྱེད་སྟངས་མཚར་པོ་ཞིག་འདུག ལྟག་པར་དུ་རྒན་ཟླ་སྒྲོན་རྒྱུན་
དུ་རྒན་བསྟན་ཕུན་གྱི་སར་འགྲོ་བ་དང་ཕྱི་ངོས་ནས་ཁོ་གཉིས་དཔེ་ཆ་ཕར་གཡོར་ཚུར་གཡོར་བྱེད་ཀྱང་དོན་དངོས་སུ་ཅི་
ཞིག་བཤད་ཀྱིན་ཡོད་པ་སུས་ཤེས”ངས་གོམ་པ་ཇེ་མགྱོགས་སུ་བཏང་ནས་ཁོང་གཉིས་ཀྱིརྗེས་ཟིན་རྗེས“ དེ་འདྲ་རེད་
དམ།”ཞེས་དྲིས་པས་ཁོ་ཚོས་ཕན་ཚུན་ལྐོག་ལྟ་རེ་བྱས་ཤིང་ལྕེ་བསྣར་རེ་བྱས་ཏེ་བྲོས་སོང༌། སྐབས་དེར་ང་ཁོང་ཁྲོ་ལངས་
ཏེ་དོན་འདི་སློབ་གྲྭའི་མགོ་ཁྲིད་ལ་ཡར་ཞུ་བྱེད་འདོད་ན་ཡང་མནོ་བསམ་ཞིག་བཏང་ན་ཁོ་མོ་གཉིས་ཀ་སློབ་གྲྭར་འགྲིམས་
མ་མྱོང་བའི་ཞིང་གྲོང་གི་བུ་མོ་གཉིས་ཡིན་པས་འཁང་ར་བྱེད་དགོས་དོན་མེད་སྙམ་བྱུང༌། ཡིན་ན་ཡང་མ་བྱན་གཉིས་ཀྱི་
སྐད་ཆ་ལས་རྒན་བསྟན་ཕུན་གྱིས་ང་ལ་གཡོལ་དགོས་པའི་རྒྱུ་མཚན་ཡང་ཤེས་སོང༌། དེ་ནས་བཟུང་ངའི་སེམས་ནས་ཁོང་ལ་
དང་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཀྱང༌། རྒྱུ་མཚན་ཅི་ཡིན་རང་གིས་ཀྱང་བཤད་དཀའ།
ཉིན་དེའི་ཕྱི་དྲོ་སྒོ་སྲུང་བགྲེས་པོས་ཚགས་པར་དང་ཡི་གེ་ཁ་ཤས་སློབ་དཔྱོད་ཁང་དུ་བསྐྱལ་ཡོང་བ་དང་དེ་དག་གི་ཁྲོད་
དུ་ངའི་ཡི་གེ་ཞིག་ཀྱང་འདུག ངས་དེའི་ཡིག་ཐུམ་ལས་ངའི་དགའ་གྲོགས་ཀྱིས་བསྐུར་བ་ཡིན་པ་ལམ་སང་ཤེས་བྱུང༌། ང་
དགའ་སྤྲོ་དང་སེམས་འགུལ་ཚད་མེད་སྐྱེས་པས་ལམ་སང་ཡིག་ཐུམ་ཁ་འབྱེད་སྐབས་ལག་པ་ཅུང་འདར་བཞིན་འདུག་ཅིང༌། ཡི་གེ་ཕྱིར་བཏོན་ནས་ལྟེབ་བརྩེགས་བཤིགས་དུས་དེའི་ནང་ལས་འདྲ་པར་ཞིག་སར་ལྷུང་སོང༌། ཐོག་མར་མི་རྣམས་ཀྱིས་ང་
ལ་དོ་སྣང་དེ་འདྲ་བྱེད་ཀྱི་མེད་ཀྱང་པར་དེ་ལྷུང་འཕྲལ་ཚང་མས་དུས་གཅིག་ཏུ་འདྲ་པར་ལ་ལྟ་བཞིན་ཡོད་པས་ཁོ་ཚོ་ཚང་
མས་ཕལ་ཆེར་འདྲ་པར་དེ་དང་ང་ལ་དོ་སྣང་དང鉊 ཐུགས་ཁུར鉋བྱེད་བཞིན་ཡོད་པ་འདྲ། དེའི་རྐྱེན་གྱིས་ངས་འདྲ་པར་དེ་
ཡར་བླངས་ཏེ་ཆེད་དུ་ཁོ་ཚོར་སྟོན་བཞིན“ཁོང་ངའི་དགའ་རོགས་རེད”ཅེས་བཤད་པས་ཚང་མས་འཚང་ཁ་ཤིག་ཤིག་
སྒོས་ལྟ་བ་དང་མང་པོ་ཞིག་གི་གདོང་ལས་ཡ་མཚན་དང་ཡིད་མི་ཆེས་པའི་ཉམས་ཤིག་མངོན།
དེ་ནས་རྒྱ་རིགས་དགེ་རྒན་ཞིག་གིས“ངས་སྔར་ནས་ཁྱེད་ཚོར་བཤད་མ་བྱུང་ངམ། སློབ་གྲྭ་ནས་ཐོནོ་ཏེ་ཡོང་མཁན་
ལ་རེ་བ་བྱེད་པ་ནི་འཇའ་ཚོནབགོས་སུ་རེ་བའི་གླེན་པ་རེད། ཁོ་ཚོ་ཆ་འགྲིག་མིན་ན་གན་རྒྱ་བཞག་ཟིན་པའི་མི་རེད”ཅེས་
བཤད་པས་ཚང་མ་གད་མོ་ཤོར།
སློབ་ཁྲིད་ཀྱི་དྲིལ་བརྡ་བཏང་འཕྲལ་སློབ་ཁྲིད་ཡོད་པའི་དགེ་རྒན་རྣམས་བྲེལ་འཚུབ་ཀྱིཡ༌། སློབ་ཁྲིད་ཡོ་བྱད་ཁྱེར་ཏེ་
སློབ་ཁང་དུ་སོང་ཞིང་སློབ་དཔྱོད་ཁང་དུ་ང་དང་རྒན་དར་རྒྱས་ལགས་ཁོ་ན་ལས་མི་འདུག གནམ་འཐིབས་ཤིང་གྲང་ངར་
ཧ་ཅང་ཆེ་བས་ངས་ལྕགས་ཐབ་ལ་བུད་ཤིང་བསྣན་པ་དང་ལྕགས་ཐབ་ཀྱི་མདུན་དུ་དཔེ་ཆར་ལྟ་བཞིན་བསྡད། དགེ་རྒན་
དར་རྒྱས་ལགས་ཀྱིས“འོ། ངས་ཀྱང་ཟླ་སྒྲོན་ལགས་ལ་སློབ་སྦྱོང་ཞུ་དགོས་པ་འདུག”ཅེས་རྐུབ་སྟེགས་ཁྱེར་ནས་ལྕགས་
ཐབ་ཀྱི་འཁྲིས་སུ་བསྡད། མེའི་ཚ་དྲོད་ཀྱིས་ངེད་གཉིས་ཀྱི་ལུས་ཡོངས་དྲོས་པར་མ་ཟད་ཁ་ཡང་དྲོས་པས་རྒན་དར་རྒྱས་
ལགས་ཀྱིས་ལག་གི་དཔེ་ཆ་དེ་ཡིག་ཙོག་སྟེང་དུ་འཇོག་བཞིན“ཟླ་སྒྲོན་ལགས། ད་ཅིའི་འདྲ་པར་དེ་ངོ་མ་ཁྱོད་ཀྱི་དགའ་
རོགས་ཀྱི་པར་རེད་དམ”ཞེས་ཐེ་ཚོམ་གྱིས་ང་ལ་ལྟ་བཞིན་དྲིས་བྱུང༌། ཁོང་གི་རྣམ་འགྱུར་ལས་ང་ལ་ཡ་མཚན་ཆེན་པོ་སྐྱེས་
ནའང་ངས“ངོ་མ་ཡིན། སློབ་གྲྭ་ཐོན་ཁར་ང་གཉིས་དགའ་པོ་བྱས་ཀྱང་ཕན་ཚུན་ཁ་མ་འཆམས་པས་ད་ལྟའི་འབྲས་བུ་
འདི་བྱུང་བ་རེད།”ཅེས་ཁོང་ལ་ལན་སྲོང་པོར་བཏབ་པ་དང་སྦྲགས་རང་ཉིད་ཀྱི་སེམས་སྡུག་ཡང་བརྗོད་པ་ཡིན། ཁོང་
གིས་ཕངས་སེམས་ཆེན་པོས“ཉིན་ཤས་སྔོན་ལ་ངའི་རྣ་ལམ་དུ་ཁྱེད་དང་བསྟན་ཕུན་འབྲེལ་བ་ཡག་པོ་ཡོད་ལུགས་ཐོས་
བྱུང་བས་ང་དངོས་གནས་དགའ་ཞིང་ཁྱེད་གཉིས་སྔ་ཙམ་འགྲིག་ན་སྙམ་པའི་རེ་པ་ཆེན་པོ་བྱས་མོད། ཡིན་ནའང་ངའི་སྨོན་
སེམས་དེ་ནི་འཇའ་ཚོན་གོས་སུ་རེ་བའི་དཔེར་གྱུར་པ་རེད། ངས་རང་གི་ན་གཞོན་ལས་གྲོགས་འདི་དག་ལ་སེམས་འཁུར་
ཆེན་པོ་བྱེད་ཀྱི་ཡོད། ཁོ་ཚོ་ཁ་ཤས་ལ་དགའ་རོགས་རེ་ཡོད་ནའང་ས་ཆ་འདིའི་གནས་ཚུལ་ཤེས་རྗེས་བུ་མོ་དེ་ཚོས་ཁ་སྣ་
ཚོགས་གཡར་ཏེ་བརྩེ་སེམས་ཀྱི་འབྲེལ་ཐག་གཅོད་ཀྱི་ཡོད་པ་རེད”ཟེར། ངས་ཤེས་བཞིན་དུ鉊བསྟན་ཕུན་ལགས་ད་དུང་
ཆང་ས་བརྒྱབ་མེད་དམ”ཞེས་དྲིས་པར་ཁོང་གིས་དབུགས་རིང་ཞིག་འཐེན་བཞིན“དེ་སྡོན་དགའ་རོགས་ཤིག་ཡོད་
ཀྱང་ད་ལྟ་ཁོ་གཉིས་ཀྱི་འབྲེལ་བ་ཕལ་ཆེར་ཆད་འདུག”ཟེར། ངས་མུ་མཐུད་རྒྱུ་མ་ཕུ་འདེད་ཀྱིས“ཇི་ལྟར་བྱས་པ་ཡིན་
ནམ”ཞེས་དྲིས་པར། ཁོང་གིས་ང་ལ་བསྟན་ཕུན་གྱི་གཏམ་རྒྱུད་འདི་འདྲ་ཞིག་གསུངས་བྱུང༌།
བསྟན་ཕུན་དེ་སྔོན་ས་ཁུལ་དུ་བཙུགས་པའི་དགེ་སྦྱོང་འཛིན་གྲྭ་ཞིག་ལ་སོང་མྱོང་ལ། སྐབས་དེར་ཁོ་རང་སེམས་མཐུན་
གྱི་བུ་མོ་ཞིག་དང་མཛའ་གཅུགས་ཀྱི་འབྲེལ་བ་བྱུང་ཞིང༌། དགེ་སྦྱོང་འཛིན་གྲྭ”མཇུག་འགྲིལ་སྐབས་ཁོ་གཉིས་ཕན་ཚུན་
འབྲལ་མི་ཕོད་པའི་ངང་ནས་རང་རང་གི་གནས་སུ་སོང༌། ཕྱིས་སུ་ཁོ་ཚོས་འཕྲིན་ཡིག་གི་ལམ་ནས་ཕན་ཚུན་བརྩེ་དུང་མཚོན་
པར་བྱས་ཀྱང་ཐག་རིང་གི་ཆུ་མིག་གིས་ཐག་ཉེའི་སྐོམ་པ་སེལ་མི་ཐུབ་པས་བུ་མོ་དེས་ཡུན་རིང་ཁེར་རྐྱང་གི་འཚོ་བ་མ་
བཟོད་ཅིང་ཁོ་གཉིས་མཉམ་དུ་འཛོམ་ཐབས་མ་བྱུང་བས་མཐར་རང་གི་ཡུལ་དུ་གཉེན་སྒྲིག་བྱས་པས་བསྟན་ཕུན་ཡང་བྱ་
ཐབས་ཟད། རྒན་དར་རྒྱས་ལགས་ཀྱིས་བཤད་མཚམས་དེར་སླེབས་སྐབས་སློབ་ཁྲིད་གྲོལ་བའི་དྲིལ་བརྡ་བཏང་བས་ཁོང་
གིས“ཟླ་སྒྲོན་ལགས། མི་ཚེ་ནི་དེ་འདྲ་རེད鉋ཅེས་བཤད་བཞིན་ཡར་ལངས་ནས་རང་གི་ཡིག་ཅོག་མདུན་དུ་སོང༌། གང་
འདྲ་ཞིག་ལ་མི་ཚེ་ཟེར་གྱི་ཡོད་དམ། ཁོང་གིས་ཡང་སྙིང་གནད་དོན་གང་འདྲ་ཞིག་ལ་དམིགས་ཏེ་ཤུགས་རིང་འཐེན་གྱི་ཡོད་
དམ། འོན་ཀྱང་སློབ་ཁྲིད་འཚོགས་ཐེངས་གཉིས་པར་ང་སློབ་ཁྲིད་ལ་འགྲོ་དགོས་པས་བསྟན་ཕུན་སྐོར་གྱི་གནས་ཚུལ་མང་
པོ་ཞིག་ད་དུང་ཤེས་མ་ཐུབ་པར་ལུས་པས་ང་སེམས་ཕངས་བཞིན་སློབ་ཁྲིད་ལ་སོང་བ་ཡིན།
གཟའ་སྤེན་པའི་ཕྱི་དྲོ་སློབ་ཁྲིད་གྲོལ་ཏེ་རང་ཤག་ཏུ་ལོག་རྗེས་སྒྲ་འབེབ་འཁོར་ལོའི་ཁ་ཕྱེ་སྟེ་གཞས་ལ་ཉན་བཞིན་པའི་
སྐབས་ཕྱི་རོལ་ནས་སློབ་མ་ཞིག་གིས་འབོད་བཞིན་འདུག ངས་ཡར་བོས་ཚེ་སློབ་མ་བུ་མོ་གཉིས་ཀྱིས་དཔེ་ཆ་ཞིག་ལག་ཏུ་
བཟུང་སྟེ་ནང་ལ་འཛུལ་ཡོང་བ་དང་འཚེར་སྣང་དང་བཅས་ང་ལ་རྩིས་རིག་གི་དཀའ་གནད་ཅིག་དྲིས་བྱུང་བས“ངས་
རྩིས་རིག་མི་ཤེས་པས་ཁྱོད་གཉིས་རྒན་བསྟན་ཕུན་ལགས་སམ་དགེ་རྒན་གཞན་ཞིག་ལ་འདྲི་བར་སོང”ཞེས་བཤད་པ་
ཡིན། སློབ་མ་དེ་གཉིས་ཀྱིས“རྒན་བསྟན་ཕུན་ལགས་ཀྱི་སར་འདྲི་མཁན་མང་པོ་ཡོད་ཅིང་ཁོས་དེ་ཚོར་རེ་རེ་བཞིན་ལན་
ཞིབ་མོ་འདེབས་བཞིན་འདུག་པས་ངེད་གཉིས་ཁྱོད་ཀྱི་སར་ཡོང་བ་ཡིན”ཞེས་བཤད་པ་དང་ཁོ་གཉིས་ཀྱི་བཞིན་ལས་བློ་
ཕམ་པའི་སྣང་ཚུལ་ཞིག་རང་ཤུགས་སུ་མངོན་པས་ང་ཡང་ཅུང་འཚེར་བ་དང་ངོ་གནོངས་ཏེ་ཁོ་གཉིས་ཀྱི་དཀའ་གནད་ཀྱི་
མདུད་པ་དེ་ཨུ་ཚུགས་ཀྱིས་འགྲོལ་ཐུབ་ཙམ་བྱུང༌། སློབ་མ་དེ་གཉིས་ཕྱིར་ཐོན་རྗེས་ངས་རང་ཉིད་ཀྱི་ཆེད་ལས་ཁོ་ན་མ་
གཏོགས་ཤེས་བྱ་གཞན་དག་ལ་དོ་སྣང་མ་བྱས་པ་དེར་འགྱོད་པ་སྐྱེས་ཤིང་བསྟན་ཕུན་གྱི་སྐོར་ལ་བསམ་བློ་བཏང་པ་ན་ཁོང་
ལ་ཤེས་ཡོན་ཕུན་སུམ་ཚོགས་པ་ཞིག་ཡོད་ནའང་ཁོའི་ཟླ་རེའི་གླ་ཕོགས་ནི་ཁོ་མོའི་ཟླ་ཕོགས་ཀྱི་ཕྱེད་ཀ་ལྷག་ཙམ་ལས་མེད་
པས་ངས་རང་གི་ལག་ཁྱེར་གྱི་རིན་ཐང་གཞི་ནས་རྟོགས་སོང༌།
སློབ་དུས་གཅིག་མཇུག་རྫོགས་ལ་ཉེ་བས་སློབ་མ་ཚོར་སྤྱིའི་བསྐྱར་སྦྱོང་གི་སྦྱོང་གཞི་བཏོན་པ་དང་སློབ་མཇུག་རྒྱུགས་
ལེན་གྱི་གྲ་སྒྲིག་མགོ་ཚུགས། སྤྱིར་ཡིན་ན་སློབ་དུས་གཅིག་གི་དུས་ཆོད་དེ་འདྲའི་རིང་པོ་ཞིག་མིན་ནའང་རང་ལ་མཚོན་ན་ཧ་
ལམ་ལོ་ཤས་འདས་པའི་སྣང་བ་སྐྱེས༌། ཅིའི་ཕྱིར་ཞེ་ན་ང་རང་ནི་ལོ་བརྒྱད་ནས་ད་བར་ལོ་བཅུ་བཞིའི་རིང་ལ་སློབ་གྲྭ་ཁོ་ནར་
སོང་བ་དང་འགན་འཁྲི་མེད་པའི་ངང་ནས་དགེ་རྒན་གྱིས་ཁྲིད་པའི་སློབ་ཚན་དག་ཉན་པ་ཙམ་ལས་བྱ་བ་དངོས་ཀྱི་མྱོང་
ཚོར་མེད་པ་དང༌། ད་ལྟ་འཚོ་བ་དངོས་ཀྱི་ཁྲོད་དུ་ཕྲད་པའི་གནས་ཚུལ་མང་པོ་ཞིག་སློབ་གྲྭར་ཡོད་དུས་བསམ་གཞིག་བྱས་
མ་མྱོང༌། ཟླ་བ་ལྔ་ལྷག་གི་དགེ་རྒན་གྱི་འཚོ་བའི་ཁྲོད་ནས་ང་རང་ལ་ལས་ཀའི་བྱེད་ཕྱོགས་དང༌། མི་དང་མིའི་བར་གྱི་འབྲེལ་
བ་སོགས་འཚོ་བའི་ཤེས་བྱ་མང་པོ་ཞིག་ཤེས་སུ་བཅུག་པས་སློབ་དུས་གཅིག་པོ་དེ་ང་རང་ལ་བཤད་ན་ཕན་འབྲས་ངེས་ཅན་
ཐོབ་པའི་དུས་ཚོད་ཅིག་རེད།
སློབ་མ་ཚོར་སྦྱོང་གཞི་བཀོད་སྒྲིག་བྱས་ཤིང་རྒྱུགས་གཞི་ཡང་བཏོན་ཚར་བས་ང་ཚོ་དགེ་རྒན་རྣམས་ཅུང་ལྷོད་ལ་
བབས་བྱུང༌། ཉིན་དེའི་ཕྱི་དྲོར་ང་ཚོ་མཉམ་དུ་འཛོམས་ཏེ་ནམ་རྒྱུན་ལྟར་ཁ་བརྡ་ནི་གནམ་གཤིས་དྲོ་གྲང་སྐོར་ནས་གླེང་མགོ་
ཚུགས། ང་ཚོས་གནམ་གཤིས་སྐོར་གྱི་ཁ་བརྡ་བྱེད་སྐབས་གླེང་གཞི་དེ་རིམ་བཞིན་བོད་ཀྱི་ལོ་ཐོའི་ཐོག་བབས་པ་དང་ལོ་ཐོའི་
ཚེས་གྲངས་རེའུ་མིག་ནང་གི་འཕྲོར་སྦྱོར་དང༌། སྤར་སྨེ་སོགས་ཀྱི་ཐ་སྙད་ཤེས་མཁན་ཧ་ཅང་ཉུང་བས་བསྟན་ཕུན་གྱིས་
གནད་དོན་དེ་རྣམས་ཆུ་རྒྱུགས་པ་བཞིན་བཤད་པས་ང་ཚོས་དགེ་རྒན་གྱི་སློབཁྲིད་ལ་ཉན་པ་ཇི་བཞིན་ཁུ་སིམ་མེར་ཉན་
བཞིན་བསྡད། སྐབས་དེར་སློབ་སྤྱི་ཡང་དེར་སླེབས་ཤིང་ཁོང་གིས་བསྟན་ཕུན་གྱི་ངོ་ལ་ལྟ་ཙམ་བྱས་པ་དང་ང་ཚོར་མིག་མྱུལ་
ཞིག་བྱས་རྗེས་ཡ་མཚན་སྒོས“ཁྱེད་ཚོས་ག་རེའི་སྐོར་གླེང་གི་ཡོད་དམ鉋ཟེར། ང་སེམས་འགུལ་ཆེན་པོ་ཐེབས་པས་ལམ་
སང“ཁྱོད་ཀྱིས་གསོན་དང་རྒན་བསྟན་ཕུན་ལགས་ནི་དངོས་གནས་ཤེས་ཡོན་ཕུན་སུམ་ཚོགས་པ་ཞིག་རེད། དེ་རིང་ཁོང་
གིས་ང་ཚོར་སྐར་རྩིས་སྐོར་གྱི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་ཡོད”ཅེས་བཤད་པ་དང་ངའི་སེམས་ལ་སློབ་སྤྱི་ཡང་ཧ་ལས་
ངེས་རེད་སྙམ་བྱུང༌།“ཨ་ཙི། ངའི་སེམས་ལ་དོན་ཆེན་པོ་ཞིག་ལ་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད་སྙམ་བྱུང”སློབ་སྤྱིས་ཧ་ཅང་སྣང་ཆུང་
གི་སྒོ་ནས་དེ་ལྟར་བཤད་པ་དང་དེ་ནས་བསྟན་ཕུན་ལ“ཁྱོད་ཀྱིས་སྐར་རྩིས་གང་ནས་སྦྱངས་པ་ཡིན། ”ཞེས་ཟུར་ཟ་
དང་མཐོང་ཆུང་གི་ཉམས་ཀྱིས་དྲིས་བྱུང་བས་བསྟན་ཕུན་ཅི་བྱ་གཏོལ་བྲལ་དུ་གྱུར། སྣང་ཚུལ་དེས་ང་ལ་བརྙས་བཅོས་ཆེན་
པོ་ཞིག་ཕོག་པ་ལྟ་བུའི་སྣང་བ་བྱུང་བས་ཁོང་ཁྲོའི་ངང་ནས་ལན་འདེབས་པའི་ཚིག་རྩུབ་ཅིག་མཆུ་རྩེར་སླེབས་ཀྱང་བཟོད་
སྒོམ་ཆེན་པོས་ཕྱིར་མིད་པ་ཡིན། སློབ་སྤྱི་སོང་རྗེས་ངས་“དེ་ལྟར་བཤད་ཨེ་རུང༌། ཤེས་བྱ་ཡོན་ཏན་མཐའ་དག་སློབ་གྲྭ་མ་
འགྲིམས་ན་མི་ཐོབ་པའི་ངེས་པ་ག་ལ་ཡོད”ཅེས་བཤད། དགེ་རྒན་གཞན་དག་གིས་ཀྱང་ཁྱོད་ཀྱིས་ཚིག་གཅིག་དང་ངས་
གཉིས་རེ་བཤད་དེ་ཚང་མས་སློབ་སྤྱིའི་བློ་སྦྱོང་མེད་པའི་གཏམ་སྤྱོད་ལ་ཕུ་ཐུང་ནང་གི་ལག་བཤད་རེ་བཏང་བ་དང་ཡང་
བསྟན་ཕུན་ལ་སློབ་ཐོན་ལག་ཁྱེར་ཞིག་གི་ཆེད་དུ་རྒྱུགས་སྤྲོད་དགོས་ཞེས་སྐུལ་སློང་བྱས། ངས་ཀྱང་སྐད་གསང་མཐོན་པོས་
ཁྱོད་རང་དེ་སྔོན་སློབ་གྲྭ་ཆེན་མོ་ཞིག་ཏུ་འགྲོ་འདོད་མེད་པ་ཅི་ཡིན”ཞེས་དྲིས་པས། ཁོ་རང་འཛུམ་བཞིན་དུ“དེ་
འདྲའི་བསམ་ཚུལ་སྔར་ནས་སྐྱེས་མྱོང་ལ། འཇིག་རྟེན་གྱི་བྱ་དངོས་ཚང་མ་ཤེས་ཐུབ་པ་བྱུང་ན་སྙམ་ཡང་བསམས་ཚད་
བསྒྲུབ་རྒྱུ་ཁག་པོ་ཡིན་པས་ད་ལྟའི་བར་དུ་ལུས་པ་རེད” ཟེར། ཁོས་ལན་བཏབ་པ་ནི་དེ་འདྲའི་སླ་མོ་ཞིག་དང་མི་གསལ་
བ་ཞིག་ཡིན་པས་ཚད་མས་རང་རཨ་གི་གོ་བ་ལེན་སྟངས་ལྟར་ཁོའི་མི་ཚེ་དང་ཁོའི་སྐད་ཆའི་གོ་དོན་ཚོད་དཔག་པྱེད་དགོས།
གཟའ་འཁོར་རེར་སློབ་ཚན་བཅུ་བཞི་འཁྲིད་པ་ལས་ལས་ཀ་གཞན་མེད་ནའང་ལོ་ཕྱེད་ཀྱི་རིང་ལ་རྫོང་མཁར་གྱི་ས་བབ་ཇི་
འདྲ་ཞིག་ཡིན་པ་ཡང་མི་ཤེས། རྒྱུགས་ཡིག་བྲིས་ཚར་རྗེས་འཛིན་གྲྭའི་འགན་འཁུར་བ་ཚོས་སློབ་མའི་ཁྱིམ་ལ་བསྐུར་བའི་ཡི་
གེ་སོགས་འབྲི་བའི་སྐབས་དེར་ང་ལ་ལས་ཀ་མེད་པས། ང་རང་གཅིག་པུ་རྫོང་མཁར་ལ་འཆམ་འཆམ་དུ་སོང་བ་ཡིན།
མཁར་འདི་རེ་མཐོན་པོ་གཉིས་ཀྱི་བར་དུ་ཆགས་ཤིང་ནམ་ཟླ་ཧ་ཅང་འཁྱག་པས་སྔོ་ལྗང་གི་སྤང་ཐང་ལག་མཐིལ་ཙམ་ཡང་
མཐོང་རྒྱུ་མེད་པར་ཕྱོགས་ཀུན་ཏུ་སྐྱ་ཐེར་ཐེར་དུ་སྣང༌། ལུང་བའི་ཕུ་ནས་ཆུ་ཕྲན་ཞིག་བཞུར་འོངས་པ་དེར་ཆབ་རོམ་མཐུག་
པོ་རང་ཆགས་མེད་པས་ཡུར་བ་ཞིག་བརྒྱུད་ནས་ཆུ་འཁོར་(རང་འཐག)ཞིག་གི་འགབ་ཏུ་འབབ་བཞིན་འདུག ང་རང་ཆུ་
འཁོར་དེའི་སྒོ་ཁར་སོང་བ་ན། དེའི་སྒོ་དང་སྐར་ཁུང་གི་ཟུར་ཚང་མར་ཕྱེ་རྡུལ་མཐུག་པོ་ཆགས་འདུག་ཅིང་སྐར་ཁུང་གི་ནང་
ནས་རྡུལ་ཕྱེ་སྲབ་མོ་ཞིག་མཁའ་ལ་འཚུབ་བཞི་འདུག ཆུ་འཁོར་གྱི་སྒོ་འགྲམ་དུ་ཁྱི་ཞིག་ཉལ་འདུག་པས་དེ་བཏཊ་ཡོད་མེད་
མི་ཤེས་པས་ང་འགྲོ་མ་ཕོད་པར་སྐད་གསང་མཐོན་པོས་བོས་ཚེ་ཁང་པའི་ནང་ནས་མི་ཞིག་ཕྱིར་ཐོན་བྱུང༌། མི་དེའི་ལུས་ཆུ་
འཁོར་གྱི་ཁང་པ་དང་འདྲ་བར་རྩམ་པའི་གྱོན་ཆས་གྱོན་པ་ལྟར་སྣང་བས་མིའི་བཞིན་རས་ཇི་འདྲ་ཡིན་པ་མི་ཤེས། མི་དེས་
ང་མཐོང་འཕྲལ“ཨ་ཙི། ཁྱོད་ཡིན་ནམ། འདིར་ག་རེ་གནང་བར་ཕེབས་པ་ཡིན་ནམ”ཞེས་ངོ་མཚར་བའི་ཚུལ་གྱིས་དྲིས་
བྱུང༌། ངས་ཞིབ་ཏུ་བལྟས་པ་ན་མི་དེ་ནི་གཞན་མ་ཡིན་པར་བསྟན་ཕུན་ཡིན་པས་ང་ཡང་ཅུང་ཡ་མཚན་པའི་ངང“ཨ་ཙི།
ཁྱོད་ཡིན་ནམ། ག་རེ་བྱེད་ཀྱི་ཡོད་དམ”ཅེས་ཁོའི་དྲི་བར་ལན་མ་བཏབ་པར་ཕར་དྲིས་པ་ན། བསྟན་ཕུན་གྱིས“ང་རྩམ་
པ་འཐག་པར་ཡོང་བ་ཡིན” ཟེར་བཞིན་ལུས་ཐོག་གི་རྡུལ་ཕྱེ་དག་སྤྲུག་སྤྲུག་ཙམ་བྱས། ཁོའི་ངོ་ལའང་རྡུལ་ཕྱེ་རིམ་པ་ཞིག་
ཆགས་འདུག་པས་ང་རང་དབང་མེད་པར་དགོད་ཁ་ཤོར། དེ་ནས་ངས“ཆུ་འཁོར་ནང་དུ་འགྲོ་ཨེ་རུང”ཞེས་དྲིས། ཁོས་
ལན་མ་བཏབ་གོང་སྐྲ་དང་སྨིན་མ་ཡང་དཀར་པོར་གྱུམཔལིབགྲེས་སོང་ཞིག་པྱིར་ཐོན་ནས“འགྲིག་དང་འགྲིག ནམ་རྒྱུན་
ངའི་འདིར་ལས་བྱེད་པ་ཕེབས་པ་ཧ་ཅང་ཉུང་ནའང་དེ་རིང་ཁྱོད་གཉིས་ཕེབས་པ་འདི་ནི་ངའི་ཆུ་འཁོར་གྱི་གཟི་བརྗིད་
རེད”ཅེས་གསུངས་བྱུང་བས་ངས་གཞི་ནས་ཁོང་ཆུ་འཁོར་གྱི་ཕྱེ་གཉེར་ཡིན་པ་ཤེས་བྱུང༌། ཕྱེ་གཉེར་དེ་ནི་རྒན་པོ་མཚར་
པོ་ཞིག་ཡིན་པས་རེད་གཉིས་ལ་གད་མོ་ཡང་ཡང་བསླངས་ཤིང༌། གཏམ་གླེང་བྱས་ཏེ་ཅུང་ཙམ་བསྡད་རྗེས་དེ་གར་རྩམ་པ་
ཟ་དགོས་ཞེས་ཨུ་ཚུགས་བྱེདཀྱིན་འདུག་པས་ངས་ཀྱང་འཛེམ་ཟོལ་མེད་པསྔརྩམ་པ་བརྫིས་ནས་ཟོས། ངས་རྩམ་པ་ཟ་བཞིན་
བསྟན་ཕུན་ལ་“ཁྱོད་རང་དངོས་སུ་རྩམ་པ་འཐག་པར་ཡོང་བས་ནང་མི་གཞན་དག་གང་དུ་སོང”ཞེས་ཐེ༌། ཚོམ་དང་
བཅས་དྲིས་པར་བསྟན་ཕུན་གྱིས་ང་ལ་ཡིད་གཟབ་ཀྱིས་ལྟ་བཞིན“ག་རེ། ཁྱོད་ཀྱིས་ད་དུང་ཤེས་མེད་དམ”ཞེས་ཅུང་ཧ་
ལས་པའི་སྒོས་བཤད་པས་ཁོ་མོ་ཡང་སེམས་མི་བདེ་བ་དང་འཚེར་སྣང་སྐྱེས་ཀྱང་སྣང་དོགས་མེད་ཁུལ་གྱིས“དགོངས་པ་
མ་ཚོམ། དོན་དེ་ཁྱེད་ཀྱིས་གསུངས་མ་མྱོང་བས་ངས་ཇི་ལྟར་ཤེས”ཞེས་དག་སེལ་བྱས་པས། དགེ་རྒན་བསྟན་ཕུན་གྱིས
“གལ་སྲིད་ཁྱོདབརང་ཉན་འདོད་ཡོང་ན་ངས་བཤད་ཆོག་མོད། འོན་ཀྱང་མི་ཕལ་བ་ཞིག་ལ་དེ་ཚོད་ཀྱི་ལས་དབང་ཞིག་
ལས་མེད་པས་ཁྱོད་ཀྱིས་ཉན་རྗེས་དོན་སྙིང་མི་འདུག་སྙམ་ངེས་རེད”ཟེར། ཕྱེ་གཉེར་རྒན་པོ་དེ་མི་བསམ་ཤེས་ཤིག་ཡིན་
པས་ལམ་སང“རྩམ་པ་ང་གཅིག་པུས་འཐག་ཆོག་པས་ཁྱོད་གཉིས་ཁ་བརྡ་གྱིས་ལ་ཅུང་ཙམ་སྡོད”ཅེས་གསུངས་བྱུང༌།
བསྟན་ཕུན་གྱིས་སྐད་ཆ་དེར་གཡོལ་རྩིས་བྱེད་འདོད་ཀྱང༌། ངས་འཐད་པའི་བརྡ་བརྒྱབ་པས། ཕྱེ་གཉེར་རྒན་པོ་ནང་ལ་སོང་
བ་དང་བསྟན་ཕུན་གྱིས་ང་ལ་ཁོང་གི་ལོ་རྒྱུས་བཤད།
ཁོང་གི་ཕ་མ་གཉིས་ལ་ཁོ་རང་གཅིག་པུ་ལས་ཕྲུ་གུ་མེད་ཅིང་ཁོང་གི་ཨ་མ་སྔར་ནས་ཚེ་ལས་འདས་པས་ཨ་ཕས་ཁོ་རང་
དཔྲལ་བའི་མིག་དང་ཁོ་ང་གི་སྙིངལྟར་ཀཅེས་པར་བསྐྱངས། བསྟན་ཕུན་ཆུང་དུས་ནས་རིག་པ་ཧ་ཅང་རྣོ་བསདགེ་སྦྱོང་
འཛིན་གྲྭར་འགྲོ་རྒྱུའི་གོ་སྐབས་བྱུང་ནའང་སྐབས་དེར་ལས་བགོའི་ལམ་ལུགས་མེད་པས་ཁོ་རང་ལ་སྔར་བཞིན་ཀུང་ཧྲེ་ནས་
ཡོང་ན་ཀུང་ཧྲེ་ལ་ལོག་རྒྱུའི་སྐལ་བ་ལས་མ་ཐོབ། ཀུང་ཧྲེར་ལོག་རྗེས་བསྟན་ཕུན་དམངས་བཙུགས་སློཔ་གྲྭའི་དགེ་རྒན་བྱས་
པ་དང་ཟླ་བ་རེར་གླ་ཕོགས་སྒོར་བཅུ་གཉིས་ལས་མེད་ནའང་དེའི་ཕྱེད་ཀ་རུ་ཁག་ཏུ་སྐར་ཆའི་ཐེབས་རྩར་འཇོག་དགོས།
སྐབས་དེར་ཁོང་དང་ཆུང་དུས་ནས་འདྲིས་པའི་དགའ་རོགས་གཞོན་ནུ་མ་ཞིག་ཡོད་པ་དེ་གཞན་གྱིས་འདུན་མར་བླངས་
པས་ཁོ་རང་ཡིད་ཤིན་ཏུ་སྐྱོ་སྟེ་བུ་མོ་དེ་གཏན་ནས་མི་མཐོང་བའི་ཡུལ་ཐག་རིང་ཞིག་ཏུ་འགྲོ་ཐུབ་པའི་ཆེད་དུ་སྔོན་ཆད་
དགོན་པ་ཞིག་གི་དགེ་བཤེས་ཡིན་པ་དང་རྗེས་སུ་རུ་ཁག་གི་ལུག་རྫི་ཡིན་པའི་གྲྭ་ལོག་ཅིག་ཡོད་པ་དེའི་དྲུང་ནས་སུམ་རྟགས་
དག་གསུམ་དང་སྙན་ངག་ལེའུ་གཉིས་པ། སྐར་རྩིས་དང་མངོན་བརྗོད་སོགས་ལེགས་པར་བསླབས་པར་མ་ཟད། རྒྱ་ཡིག་
ལའང་རང་སྦྱོང་བྱས་ཏེ་ད་ལྟ་སློབ་གྲྭ་དང་ཡུལ་མི་སུས་ཀྱང་ཁས་ལེན་པའི་ཤེས་ཡོན་ཅན་དུ་གྱུར། དམངས་བཙུགས་སློབ་
གྲྭའི་དགེ་རྒན་བྱེད་སྐབས་ཨ་ཕས་ཁོ་ལ་མནའ་མ་ཞིག་ལེན་རྩིས་བྱས་ནས་སློང་ཆང་དྲངས་ཏེ་གཉེན་རྟགས་བརྒྱབ་ཅིང་བུ་
མོ་དེ་དང་ཁོ་གཉིས་ཀྱི་བར་ལའང་བརྩེ་དུང་ངེས་ཅན་ཞིག་ཆགས་ཡོད་ཀྱང་ས་ཁུལ་ཀྱི་ལས་བྱེད་པ་ཞིག་གིས་དབང་དང་
ཐབས་ཀྱིས་བུ་མོའི་ཕ་མ་གཉིས་བཀུག་ཅིང་མཐར་བུ་མོ་དེར་མངལ་ཆགས་པས་བུ་མོ་དེ་དང་མི་འབྲལ་ཀ་མེད་བྱུང༌། དེ་
ནས་བཟུང་ཁོའི་དོ་སྣང་བྱ་ཡུལ་རྦད་དེ་དཔེ་དེབ་ཀྱི་ཐོག་ཏུ་བསྒྱུར་ནས་སློབ་གྲྭ་ཆེན་མོའམ་འབྲིང་རིམ་ཆེད་སྦྱོང་སློབ་གྲྭར་
རྒྱུགས་སྤྲོད་རྩིས་ཐེངས་གཉིས་ཙམ་བྱས་ཀྱང་ཁྱིམ་དུ་ཕ་རྒན་གཅིག་པུ་འཇོག་མ་བཟོད་པར་རང་གི་འཆར་གཞི་དེ་བློས་
བཏང༌། 1980ལོར་རྫོང་ཡོངས་ཀྱི་དམངས་བཙུགས་དགེ་རྒན་གྱི་ཚད་ལེན་རྒྱུགས་སྤྲོད་བྱས་ཏེ་རྫོང་རིག་སློབ་ཅུས་དམིགས་
བསལ་གྱིས་རྫོང་སློབ་འབྲིང་དུ་གན་རྒྱའི་ལམ་ལུགས་ཀྱི་དགེ་རྒན་ལ་ཡར་འཐེན་བྱས་ནའང་ད་དུང་འབྲུ་རིགས་ཀྱི་ཐེམ་ཐོ་
ཞིང་གྲོང་དུ་ཡོད་པས་གོ་མིང་ཐོབ་ཐང་སོགས་ཀྱི་སྐལ་ག་ལ་ཡོད།
བསྟན་ཕུན་གྱིས་སྐད་ཆ་དེ་དག་བཤད་ཚར་དུས་ཇི་ལྟར་བཞུར་བའང་མ་ཚོར་བར་ངའི་མཁུར་མཚོས་ཀྱི་ངོས་སུ་མིག་
ཆུའི་རྡོག་པོ་འགའ་དྲིལ་བྱུང་བས། ངས་མགོ་བོ་སྒུར་སྒུར་གྱིས་གཡོལ་ཅི་ཐུབ་བྱས་ནས“ཁྱོད་རང་གིས་དཀའ་ལས་ཞེ་
དྲག་བརྒྱབ་སོང”ཞེས་བཤད་པས་བསྟན་ཕུན་ཡང་སྐྱོ་བའི་དབུགས་རིང་ཞིག་འཐེན་བཞིན“ངས་ལམ་ཀྱག་ཀྱོག་དེ་
འདྲ་ཞིག་བརྒྱུད་མེད་ཚེ། ད་ལྟའི་གྲུབ་འབྲས་ཆུང་ངུ་འདི་ཙམ་ཡང་ཐོབ་དཀའ་སྟེ། མི་སུ་ཡིན་ནའང་དཀའ་བ་ཇི་ཙམ་མང་
བ་སྤྱད་ན་འབྲས་བུ་ཡང་དེ་ཙམ་ཐོབ་ངེས་རེད་སྙམ་གྱི་འདུག”ཟེར།
ཡུད་ཙམ་ལ་ཁ་རོག་ཏུ་བསྡད་པ་དང་དེ་ནས་ངས་སྤོབས་པ་ཆེན་པོས“ད་སྐབས་ཁྱོད་ལ་དགའ་རོགས་མེད་དམ”
ཞེས་དྲིས་པར་ཁོས་མགོ་བོ་ཕྲེད་དུ་གཡུག་བཞིན“ད་ལྟ་བུ་མོ་མང་པོ་ཞིག་ནི་ཁམ་སྡོང་མཐོན་པོའི་རྩེའི་ཁམ་བུ་དང་འདྲ་
བས……”ཞེས་ཟེར། ངས་མུ་མཐུད་དུ“གལ་ཏེ་ཁམ་སྡོང་མཐོན་པོའི་རྩེ་ན་ཡོད་པའི་འབྲས་བུ་སྨིན་པའི་དུས་སུ་
ཁྱོད་ཀྱིས་འཐོག་རྒྱུ་ཡིན་ནམ”ཞེས་བཤད་ཅིང༌། ངས་སྐད་ཆ་དེ་སུ་ལ་དམིགས་ཏེ་བརྗོད་པ་ང་རང་གིས་ཀྱང་མི་ཤེས།
བསྟན་ཕུན་གྱིས་ཡུད་ཙམ་ཞིག་ང་ལ་ཅེ་རེར་བལྟས་འདུག་པ་དང་དེ་ནས་སླར་ཡང“དེ་ནི་ཕལ་ཆེར་ངའི་བྱིས་པའི་
དུས་ཀྱི་མཛེས་སྡུག་ལྡན་པའི་རྨི་ལམ་ལས་མིག་སྔའི་དོན་དངོས་ཤིག་ཡིན་མི་སྲིད”ཟེར།
ང་ཁོང་ཁྲོ་ཅུང་ལངས་ཏེ“འོ་ན་ཁྱོད་ཀྱིས་རང་གི་གནད་དོན་ལ་བསམ་བློ་གཏོང་གི་ཡོད་དམ”ཞེས་དྲིས་པར། ཁོ་
འཛུམ་བཞིན “ངས་བསམ་བློ་བཏང་ཡང་སྟོང་བ་མ་ཡིན་ནམ”ཟེར། ང་རང་ཁོ་ལ་སྐད་ཆ་མང་པོ་ཞིག་བཤད་འདོད་
ཡོད་མོད། འོན་ཀྱང་དུས་ཚོད་མི་སྔ་བས་ཁ་བརྡ་བྱེད་མ་ཐུབ། སྐབས་དེར་ཕྱེ་གཉེར་རྒན་པོས་ཆང་དམ་གང་དང་དཀར་
ཡོལ་རེ་ཁྱེར་ཡོང་ནས་ངེད་གཉིས་ཀྱི་འཁྲིས་སུ་སྐྱིལ་ཀྲུང་བཅོས་ཏེ་བསྡད་ཅིང་ཆང་དཀར་ཡོལ་གང་རེ་བླུགས་རྗེས“ཁྱེད་
གཉིས་ཀྱི་ཁ་བརྡར་གནོད་པ་མེད་དམ”ཞེས་ཀུ་རེའི་ཚུལ་གྱིས་དེ་ལྟར་བཤད། ཉི་མ་ནུབ་ཅིང་ས་རུབ་ལ་ཉེ་བས་ང་རང་
འགྲོ་རྩིས་བྱེད་སྐབས་ཕྱེ་གཉིར་རྒན་པོས“ད་རུང་བྲེལ་དགོས་དོན་མེད། ཁྱོད་རང་ལམ་ནས་སྐྲག་ན་རྒན་བསྟན་ཕུན་
ལགས་ཀྱིས་སྐྱེལ་ཆོག”ཟེར། ངས་ཁོང་ལ་འཛུམ་ཙམ་ལས་ཅི་ཡང་མ་བཤད་པར་བསྟན་ཕུན་ལ“ཁྱོད་རང་དོ་ནུབ་འགྲོ་
ཐུབ་བམ”ཞེས་དྲིས་པར། རྒན་པོ་དེ་དགོད་བཞིན“རྒན་ལགས་ཁྱེད་ཀྱིས་ཁོ་མོ་བློས་མི་ཐོངས་ན་དོ་ནུབ་ཁོ་མོར་ཕྱག་
རོགས་གནང་སྟེ་བཞུགས་ཆོག”ཟེར་བས་ང་རང་ངོ་གནོང་སྟེ་གདོང་ཚ་ལམ་ལམ་དུ་གྱུར། བསྟན་ཕུན་གྱིས“ཕྱེ་གཉེར་
ལགས་ཁྱེད་ཀྱིས་དེ་འདྲ་མ་གསུང༌། ཁོ་མོ་ནི་བདག་པོ་ཡོད་པའི་མི་རེད། ཁོ་མོའི་སྙིང་སྡུག་ད་ལྟ་ལྷ་ས་ན་ཡོད་པ་རེད”
ཅེས་བཤད་པས་ཕྱེ་གཉེར་རྒན་པོ་ཧ་ལས་པའི་ཚུལ་གྱིས་“ཨ་ཙི། ས་ཐག་དེ་འདྲ་རིང་པ་ལ”ཟེར།
གྲང་རླུང་འུར་འུར་དུ་ལྡང་བཞིན་འདུག་ཅིང༌། ནུབ་ཕྱོགས་ཀྱི་སྤྲིན་གསེབ་ལས་འཕྲོས་པའི་དཀར་ཕྱོགས་ཀྱི་ཟླ་འོད་ནི་
སང་རས་དཀར་པོ་བཞིན་དབྱིག་འཛིན་དགའ་མའི་ལུས་ལ་ཁྱབ་པར་བཀླུབས།
ལུང་ཤུར་གྱི་ཆུ་ཕྲན་ནི་ལྷུང་ལྷུང་དུ་འབབ་ཅིང༌། ནམ་མཁའི་སྐར་ཚོགས་ནི་ཁྲ་ལམ་མེར་ཤར་འདུག མཚམས་མཚམས་
ལ་རྒྱང་རིང་ནས་ཁྱི་སྐད་འགའ་རེ་གོ་ཐུབ།
དགེ་རྒན་བསྟན་ཕུན་གྱིས་ང་རང་སློབ་གྲྭར་བསྐྱལ……
ཚེ་རིང་གཡང་སྐྱིད། མོ། 1962ལོར་བོད་ལྗོངས་གཞིས་རྩེ་རྫོང་དུསྐྱེས། 1987ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་
ཚན་ཁག་ནས་ཐོན། ད་ལྟ་ལྷ་ས་གྲོང་ཁྱེར་སློབ་འབྲིང་གཉིས་པའི་དགེ་རྒན་ཡིན།

(རྩོམ་སྒྲིག་པ་ཚེ་རིང་མཁར་ཡིན)

བརྒྱུད་སྐུལ།

མཆན་སྤེལ།