སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བའི་བཀླགས་བྱང་།

སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བའི་བཀླགས་བྱང་།

དེབ་མིང་།   སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ།

རྩོམ་པ་པོ།   ནོར་བུ་བསམ་འཕེལ།

དཔེ་སྐྲུན་ཁང་།  མི་རིགས་དཔེ་སྐྲུན་ཁང་།

བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ནོར་བུ་བསམ་འཕེལ་མཆོག་གིས་བརྩམས་པའི་སྡེ་པ་གཞུང་ངམ་དགའ་ལྡན་ཕོ་བྲང་གི་སྔ་ཆའི་ལོ་རྒྱུས་འདི་ཉིད་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད་དུ་གསར་དུ་ཐོན་པའི་དཔྱད་འབྲས་ཀྱི་གྲས་ཤིག་ཡིན་ལ། ༢༠༡༧ ལོའི་ལོ་མཇུག་ཏུ་པར་ཐེངས་དང་པོ་དཔར་བ་དང་ ༢༠༡༨ ལོའི་ལོ་དཀྱིལ་དུ་པར་ཐེངས་གཉིས་པ་དཔར་བའི་གནས་ཚུལ་གསལ། བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་ལོའི་གནམ་ལོ་གསར་ཚེས་ཀྱི་རྟེན་འབྲེལ་དང་བསྟུན་ནས་ལོ་རྒྱུས་ཀྱི་དཔེ་ཆ་འདི་ཉིད་ཀློག་འགོ་བརྩམས་ནས། ཉིན་རེར་ཤོག་གྲངས་བཅུ་ནས་ཉི་ཤུའི་བར་དུ་བཀླགས་པས་ལོ་གསར་ཚེས་པ་ཉེར་གཅིག་ཉིན་སྟོད་སྨད་གཉིས་ཀའི་མགོ་མཇུག་ཡོངས་སུ་བཀླགས་གྲུབ།

གཞུང་འདིའི་སྐྱ་ཐིག་ཙམ་ངོ་སྤྲོད་ཞུས་ན། ལེའུ་ཆེན་པོ་བདུན་དུ་ཕྱེས་འདུག་པ་དང་། དེ་ལ་གུས་པ་ཀློག་པ་པོ་ཞིག་གིས་ཆ་ནས་ནང་དོན་ཆེན་པོ་ཁག་གསུམ་དུ་གོ་བར་བླངས་པ་སྟེ། ཐོག་མར་རིགས་ལམ་རྒྱུ་མ་ཕུ་འདེད་ཀྱི་ཚུལ་དུ་རྗེ་ཙོང་ཁ་པའི་རྣམ་ཐར་དུ་གཏུགས་ཤིང་། དགེ་ལུགས་པ་དང་དེའི་སྤྲུལ་སྐུའི་ལམ་ལུགས། ཏཱ་ལའི་བླ་མའི་ལམ་ལུགས་སོགས་ཀྱི་ཁུངས་ལུགས་གསལ་བར་བྱས་ཤིང་། བར་དུ་དབུས་གཙང་གཉིས་སུ་དཀར་དགེའི་སྡེ་གཟར་གྱི་ཉེར་ལེན་ལ་བརྟེན་ནས་སོག་པོ་ཧོ་ཤོད་པའི་སྟོབས་ཤུགས་མདོ་དབུས་མཐོ་སྒང་དུ་བསླེབས་པ་གང་ཞིག །བོད་སོག་མཉམ་འབྲེལ་གྱི་སྲིད་དབང་ཚུགས་པ་དང་མཉམ་དུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པའི་ཚུལ་རྒྱས་པར་བཤད་ཅིང་། སྲིད་དབང་འདི་གཉིས་ཀྱི་ངོ་བོ་དང་གོ་བབ་དབང་རིས་སོགས་གསར་འགྲེལ་གནང་། མཐའ་མར་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཕེལ་རྒྱས་བཏང་ཚུལ་དང་། བོད་དང་ཆིང་རྒྱལ་རབས་གཞུང་བར་གྱི་འབྲེལ་བའི་སྐོར་ནས་བཤད་དེ་བོད་དུ་སོག་པོའི་སྟོབས་ཤུགས་མཇུག་བསྡུས་པའི་ལོ་རྒྱུས་ཞིབ་པར་གླེང་འདུག།

སྔོན་གྱི་བོད་ཡིག་ཆོས་འབྱུང་དང་དེབ་ཐེར་ཕལ་མོ་ཆེ་ནི་སྟོན་པའི་མཛད་རྣམ་གྱིས་དཔེ་ཆའི་ནང་དོན་བཞི་ཆ་གཅིག་ཙམ་ཟིན་ཅིང་། བོད་ཀྱི་ལོ་རྒྱུས་ཀྱི་ལྟ་སྟངས་དང་བསམ་ཚུལ་ཐད་ནས་”བླ་མ་དམ་པའི་རྗེས་སུ་འབྲངས་”པའི་ལུགས་ཤིག་མངོན་ལྐོག་གང་རུང་དུ་མཆིས་ལ། དབང་རིས་ཁྱབ་ཁོངས་ཀྱི་ཐད་ནས་ཀྱང་དབུས་གཙང་ཁོ་ནར་བཤད་པའི་”བག་འཁུམ་”གྱི་ཆ་ཞིག་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་གསལ་བར་མཐོང་། གཞན་ཡང་། སྲིད་དབང་འཛུགས་སྐྱོང་སྐོར་གྱི་ལོ་རྒྱུས་ནང་དུ་སྲིད་སྐྱོང་པའི་རྟོགས་བརྗོད་ཙམ་ལས་མངའ་འབངས་ཀྱི་བདེ་སྡུག་འཁོད་པའི་སྐོར་མཐོང་དུ་དཀའ་ལ། ལྷ་ཁང་དང་དགོན་པ་བཏབ་པའི་ལོ་རྒྱུས་ནང་དུ་ཡང་བླ་མ་དང་ཡོན་བདག་གི་མཛད་འཕྲིན་རྒྱས་པར་བྲིས་པ་ལས་དད་ལྡན་མང་ཚོགས་ཀྱི་སྐྱིད་སྡུག་ཅུང་ཟད་ཙམ་ཡང་གླེང་བའི་གཏམ་ནི་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན་པར་གྱུར།

གོང་དུ་སྔོན་གྱི་བོད་ཡིག་ཆོས་འབྱུང་དེབ་ཐེར་སྐོར་བཤད་པ་ནི་དེ་དག་གི་ལེགས་ཆ་མ་མཐོང་བར་སྐྱོན་ཆ་འབའ་ཞིག་ལ་མཛུབ་མོ་བཙུགས་པ་མ་ཡིན་ཏེ། ལེགས་ཆ་གང་མཐོང་བླངས་པའི་རྗེས་སུ་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པའི་གཞུང་ཤིང་དེ་ཉིད་དུས་རབས་དང་མཐུན་ཞིང་མ་ལག་འཐུས་ཚང་ཡོང་བའི་ཆེད་དུ་སྐྱོན་ཆ་གང་མཐོང་བཤད་པ་ཡིན། དེ་ལ་དེང་གི་ལོ་རྒྱུས་རིག་པ་སྨྲ་བས་དཔྱད་བརྗོད་འདི་ལྟར་བགྱིས་ཡོད་དེ། “སྤྱིར་བཏང་གི་གནས་ཚུལ་ལྟར་ན། གནའ་བོའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གཏམ་རྒྱུད་རང་བཞིན་ལ་མཐོང་ཆེན་བྱེད་པ་ལས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་ཕྱིར་རྟོག་དང་བསམ་གཞིགས་དེ་ཙམ་བྱས་མེད་པར་བརྟེན། གནའ་བོའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ལོ་རྒྱུས་ཀྱི་གཞུང་ལུགས་སམ་མཚན་ཉིད་རིག་པ་བཞེངས་སྐྲུན་བྱས་པ་ཉུང་ཉུང་ཡིན།”①ཞེས་པ་ལྟར་རོ།།

སྐབས་སུ་བབས་པ་བཤད་པར་བྱ་བ་ནི། <<སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ་>> ཞེས་པ་འདི་རུ། གུས་པ་ཀློག་པ་པོར་བག་ཆགས་ཟབ་ཅིང་བློ་འབྱེད་ཆེས་ཆེར་ལྡན་པའི་དམིགས་བསལ་གྱི་དཔྱད་འབྲས་འགའ་རགས་མོ་རྩིང་མོའི་སྒོ་ནས་འགོད་པར་འདོད་དེ། གཅིག་ནི་བོད་སོག་བར་གྱི་སྔ་ཕྱིའི་འབྲེལ་བའི་སྐོར་ཁུངས་ལུང་གསལ་བར་དྲངས་ཤིང་དཔྱད་གསུམ་དག་པའི་སྒོ་ནས་ཕྱི་ནང་གི་རྣམ་དབྱེ་མ་འདྲེས་པར་སོ་སོར་ཕྱེས་པས། སོག་པོ་ཧོ་ཤོད་པ་ནི་བོད་དུ་”བསྟན་པ་ཁོ་ནའི་ཆེད་དུ་”ཡོང་ཞིང་དགེ་ལུགས་པའི་”ཡོན་བདག་ཁོ་ནར་”རློམ་པའི་དེ་སྔའི་བག་ཆགས་དེ་ཉིད་རབ་ཏུ་བསལ་ཅིང་། ཡང་ཕྱོགས་གཞན་ཞིག་ནས་སོག་པོ་ཧོ་ཤོད་པའི་སྟོབས་ཤུགས་མདོ་དབུས་མཐོ་སྒང་དུ་བསླེབས་པ་དེ་ཉིད་ཆིང་སྲིད་གཞུང་གི་ཆབ་སྲིད་སླེབས་པ་ལྟ་བུར་བཤད་པའི་ཕྱོགས་ལྷུང་གླེང་ཕྱོགས་ཀྱིས་བཞག་པའི་བག་ཆགས་དག་ཀྱང་འཇའ་ལྟར་ཡལ་དུ་བཅུག་བྱུང་། གཉིས་ནི་སྡེ་པ་གཞུང་གི་ལོ་རྒྱུས་ཞེས་པ་མཐོང་མ་ཐག་དབུས་གཙང་ལྟེ་བར་བྱས་པའི་ལོ་རྒྱུས་ཤིག་ཡིན་པ་ཡིད་ལ་དབང་མེད་དུ་ཤར་སྲིད་ན་ཡང་། དཔེ་ཆ་འདི་ཉིད་དུ་རིག་གཞུང་ཞིབ་འཇུག་གི་མིག་རྒྱང་ཕྱོགས་ཀུན་ཏུ་བཀྱེད་དེ་བྱང་ཕྱོགས་སོག་པོ་ཨོ་རོད་ཀྱི་ལོ་རྒྱུས་ཕྱི་གསལ་ནང་གསལ་དུ་བཏང་སྟེ། མཚོ་ཁའི་འགྲམ་རྒྱུད་ཀྱི་ཧོ་ཤོད་པ་དང་ཤིན་ཅང་གི་ཇུན་གར་པའི་ཡོང་ཁུངས་གསལ་བར་བྱས། སླར་ཡང་ལྷོ་ཕྱོགས་འཇང་ས་ཐམ་དང་ཝུ་སན་ཀུད་ (吴三桂) ཀྱི་གནས་ཚུལ་རྒྱས་འབྲིང་རན་པར་བཀོད་པ་དང་། ཤར་ཕྱོགས་ཀྱི་ཆིང་རྒྱལ་རབས་གོང་མའི་གཞུང་གི་སྲིད་ཇུས་དག་རྣམ་པར་ཕྱེས། གཞན་ཡང་མདོ་སྨད་དང་བར་ཁམས་ཀྱི་ཁུལ་ཏུ་འབྲེལ་ཡོད་ལོ་རྒྱུས་རྣམས་ཁུངས་ལུང་བཙན་པོས་བྲིས་པ་སོགས་ནི་གསར་གཏོད་ཀྱི་ཆ་ཞིག་ཅི་ལ་མིན་ནམ་སྙམ།

རྣམ་པ་གཞན་དུ་ནི། དཔེ་ཆ་ལེགས་པོ་འདིའི་རྩོམ་སྒྲིག་གི་ཐད་ནས་བཤད་ན་སྐྱོན་ཆ་ཆུང་ཆུང་གཉིས་ཡོད་པ་མཐོང་སྟེ།ག་མཐར་ཤད་མེད་པས་བརྗོད་པ་སྔ་ཕྱིའི་ནང་དོན་འཁྲུག་པའི་ཉེན་ཁ་ཅུང་ཟད་བྱུང་འདུག་པ་དང་། གཞན་དུ་ “རྔོ་ཐོགས་པ་འམ་ཕན་ཐོགས་པ་” ཞེས་པའི་ཚིག་དེར་སྔ་ཕྱི་དབྱེ་བ་ཕྱེས་ཏེ་”རྔོ་ཐོག  ས་པ་་་་”ཞེས་པའི་འཁྲུལ་བ་ཅུང་ཟད་ཅིག་བྱུང་འདུག་པ་འདི་ནི་རྩོམ་པ་པོའི་གནད་དོན་མིན་པར་རྩོམ་སྒྲིག་པའི་གནད་དོན་ཡིན་པ་ཤིན་ཏུ་གསལ། དེ་ཡང་། སྔ་མའི་སྐོར་ཅུང་ཟད་སྤྲོ་བར་འདོད་དེ། “ཚིགས་བཅད་ག་མཐར་ཆིག་ཤད་བྱ་”ཞེས་པའི་བརྡ་སྤྲོད་ཀྱི་འཆིང་ཐག་བཙན་པོའི་དབང་གིས་དེང་སང་དཔེ་སྐྲུན་བྱས་པའི་དཔེ་དེབ་ཕལ་མོ་ཆེར་ཚིག་ལྷུག་སྐབས་སུ་ག་མཐར་ཆིག་ཤད་འབྲི་སྲོལ་མེད་པ་ལྟ་བུར་ཆགས་འདུག་ན་ཡང་། བཀའ་བསྟན་དཔེ་བསྡུར་བྱེད་མཁན་གྱི་རྩོམ་སྒྲིག་པའི་ངག་སྒྲོས་ལ་ཉན་པ་དང་སྣ་རིང་ཤིང་དཔར་མར་མཇལ་ནས་བལྟས་ན། སྔོན་གྱི་དཔེ་ཆ་སྣ་རིང་དག་ཏུ་ཚིག་ལྷུག་སྐབས་སུ་ག་མཐར་ཆིག་ཤད་རེ་འཐེན་ནས་བརྗོད་པ་ཕྱི་མ་དང་མ་འདྲེས་པར་རྣམ་པར་བཀག་པས་འཇུག་པ་བདེ་བའི་ལེགས་ཚོགས་འབྱུང་།གཞན་ཡང་། དེང་སང་གློག་ཀླད་དུ་བརྗོད་པ་སྔ་ཕྱིའི་དབར་བར་སྟོང་འཇོག་དུས་སླད་ཕྱིན་འདྲེས་པའི་ཉེན་ཁ་འབྱུང་བའི་ག་མཐར་ཆིག་ཤད་རེ་གཞག་ན་སྐྱོན་དུ་མ་མཐོང་ལ། པེ་ཅིང་དུ་ཡོད་པའི་”ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་”གིས་དེ་ལྟར་ལག་ལེན་དུ་བསྟར་བ་མཐོང་བྱུང་། འདི་ནི་གོང་དུ་བཤད་པའི་དཔེ་ཆ་གཅིག་ཁོ་ནའི་སྐྱོན་ཆ་ཞིག་མ་ཡིན་པར་དེང་སང་སྤྱི་འབྱམས་ཀྱི་སྐྱོན་ཆ་ཞིག་ཡིན་པས་ཞོར་ནས་གླེང་བ་ཙམ་ཡིན།

མཆན།

①张广智:《史学:文化中的文化》【M】复旦大学出版社,P117

རྔོད་པ་དཀོན་བསྟན་གྱིས་དབུས་ལྡན་ལྷ་སའི་ཞིང་དུ་སྤྱི་ལོ་ ༢༠༡༩ ལོའི་ ༢ པའི་ ༢༥ ཉིན།

 

བརྒྱུད་སྐུལ།

མཆན་སྤེལ།