༄༅།། ལྷ་ཡུལ།
ཁ་བ་ལྷབ་ལྷུབ་ཏུ་བབས་ཏེ་ཅང་མ་འགོར་བར་ནོར་འཛིན་བུ་མོའི་ཕང་བ་ཡོངས་སུ་དར་དཀར་གྱིས་གཡོགས་པ་
ལྟར་གྱུར། ད་ལྟ་དགུན་མཇུག་ཏུ་སླེབས་ཏེ་དཔྱིད་མགོ་ཚུགས་ལ་ཉེ་ནའང༌། གཅེར་བུར་ལུས་པའི་སྡོང་བོའི་ཡལ་ག་དང་སྐྱ་
ཐེར་ཐེར་དུ་གྱུར་པའི་སྤང་ཐང་སོགས་ཀྱིས་ད་རུང་དགུན་གྱི་རྩུབ་སྤྱོད་དེ་སྟོན་ཅི་ཐུབ་བྱེད་ཀྱིན་འདུག
སྐབས་དེར། སྨན་ཁང་གི་ནད་ཁྲིའི་སྟེང་དུ་གན་རྐྱལ་དུ་ཉལ་བའི་སྤོ་བོ་རིན་ཆེན་ལགས་ལ་སྙིང་དུ་ཟུག་པའི་ཁོག་
འདར་ཞིག་བརྒྱབ་ཅིང་ཐང་ཆད་པའི་རྣམ་འགྱུར་དང་བཅས་རྩིག་ངོས་དང་མལ་ཆས་དཀར་པོ་སོགས་དཀར་པོའི་རིགས་
ལ་སྐོར་ལྟ་ཞིག་བྱས་རྗེས། རང་ཉིད་ལྷ་ཡུལ་དུ་འགྲོ་བར་ཐག་མི་རིང་བ་གཞི་ནས་ཤེས་པས། མིག་ཟུང་རིམ་གྱིས་བཙུམ་ཏེ་
མ་ཎི་ཡང་ཡང་ཟློ་བཞིན་རང་སེམས་རང་གིས་གསོ་གང་ཐུབ་བྱས་ཀྱང་བསམ་ཐོག་ལ་མ་ཡོང༌།
སྤོ་བོ་རིན་ཆེན་ལགས་ཀྱི་ཡིད་ལ་རང་དབང་མེད་པར་ཁོ་རང་ལོ་ན་གཞོན་དུས་ཀྱི་དོན་བྱ་མང་པོ་ཞིག་ཤར་བྱུང༌།
སྐབས་དེར་སྤོ་བོ་རིན་ཆེན་ལགས་ལུས་པོ་ཐང་ཞིང་ཤེད་ཤུགས་ཆེ་ལ་རྟ་རྒྱུག་མདའ་འཕེན་སོགས་ཕོ་རྩལ་སྣ་དགུ་ལ་ཧ་ཅང་
མཁས་པས། རྟ་རྒྱུག་གི་སྟེང་དུ་ཨང་དང་པོ་ནམ་ཡིན་རུང་ཁོ་རང་ཁོ་ནར་འཐོབ་པ་ཡིན། སྔོན་ཆད་ལས་རྒྱ་ཧ་ཅང་ཆེ་བའི་
རྟ་རྒྱུག་ཅིག་གི་སྟེང་དུ། ཁོས་མདའ་རྩལ་དང་སྐྱ་རྩལ་ཚང་མ་ཨང་དང་པོ་བླངས་པས་སྙན་པའི་གྲགས་པ་ཐག་ཉེ་རིང་ཀུན་
ཏུ་ཁྱབ་པར་བརྟེན། སྤྱང་གྲུང་ལྡན་པའི་བུ་མོ་སྒྲོལ་མ་སྐྱིད་ཀྱི་ཡིད་དབང་ཅིག་ཅར་དུ་བཀུག་ཅིང༌། ལོ་དེའི་ལོ་མཇུག་ལ་ཁོ་
གཉིས་གཉེན་སྒྲིག་བྱས་ཏེ་སྔ་རྗེས་སུ་བུ་གཉིས་དང་བུ་མོ་གཅིག་སྐྱེས། དེ་ནས་བཟུང་ཁོ་ཚོའི་འཚོ་བའང་ཅུང་དཀའ་ཁག་
ཅན་དུ་གྱུར།
སྐབས་དེར་སྤོ་བོ་རིན་ཆེན་ལགས་གཏེར་འདོན་བཟོ་པ་ཞིག་ཡིན་པ་དང་ཟླ་རེའི་གླ་ཕོགས་ལ་སྒོར་ཉི་ཤུ་ལས་མེད་
པས་འཚོ་བར་དཀའ་ངལ་ཧ་ཅང་ཆེ་བ་སྨོས་མ་དགོས་པ་རེད། འཚོ་བ་དང་ཕྲུ་གུ་གསོ་སྐྱོང་བྱེད་པའི་དཀའ་ངལ་གྱི་གཉའ་
ཤིང་ལྗིད་མོ་དེས་ཁོའི་དཔའ་ཉམས་ལྡན་པའི་ལུས་གཟུགས་དེ་སྒུར་དུ་བཅུག་ལ། སྐྲ་འདབས་ཀྱང་གློ་བུར་དུ་དཀར་པོར་
གྱུར་ཏེ་དཀའ་སྡུག་དེ་གཟུགས་ཅན་བཞིན་དུ་ཐོད་པའི་སྟེང་ལ་བབས།
བཟའ་མི་ལྔ་བོའི་འཚོ་བའི་དོན་དུ་སྤོ་བོ་རིན་ཆེན་ལགས་ཀྱིས་རང་གི་ཤེད་ཤུགས་འཛོམས་པའི་ལུས་ཕུང་ལ་བརྟེན་
ནས་ཞོར་ལས་བྱས་ནས་སྒོར་མོ་བཙལ། ཐེངས་ཤིག་ངལ་དུབ་ཀྱིས་ཐང་ཆད་པའི་སྤོ་བོ་རིན་ཆེན་ལགས་ལས་ཀ་གཉེར་ས་
ནས་འགྱེལ་ཏེ་ཁྲག་མང་པོ་བསྐྱུགས་པས་ལས་གྲོགས་ཚོས་རང་ཡུལ་དུ་བསྐྱལ་ཡོང༌། སྤོ་བོ་རིན་ཆེན་ལགས་མལ་ཁྲིའི་སྟེང་
དུ་ཉལ་ཏེ་སོ་མ་སློབ་གྲྭར་འགྲོ་བཞིན་པའི་བུ་ཆེ་བར་ཡིག་ཆས་མེད་པ་དང༌། བུ་ཆུང་བ་དང་བུ་མོ་ཆུང་བ་གཉིས་ཀ་བཀྲེས་
སྐོམ་གྱིས་མནར་བའི་རྣམ་འགྱུར་དེ་དག་མཐོང་ཞིང༌། བཟའ་ཟླ་སྒྲོལ་མ་སྐྱིད་ཀྱིས་མིག་ཟུང་མཆི་མ་ཉིལ་ལེར་བསྒོས་པ་ལ་
བརྟེན་ནས་ཁོ་རང་ཤེད་ཤུགས་ཡོད་ཚད་ཕུད་ནས་ཡར་ལངས་ཤིང་སླར་ཡང་ལས་ཀར་སོང༌།
དེ་ནས་བཟུང་སྤོ་བོ་རིན་ཆེན་ལགས་ཀྱིས་རང་གི་སྲོག་ལ་མི་འཛེམ་པར་ལས་ཀ་ལས་པ་དང༌། ངལ་དུབ་ཀྱི་རྐྱེན་གྱིས་
ནད་པར་གྱུར་པས་ཁོའི་གཞོན་ནུའི་དུས་སྐབས་དང་དར་མའི་དུས་སྐབས་ནི་གློ་བུར་དུ་ཡལ་ནས་རྒས་ཉམས་མངོན་འདུག
སྐབས་དེར། ཁོང་གི་བུ་ཆེ་བ་རྡོ་རྗེ་མེས་རྒྱལ་ནང་ཁུལ་གྱི་སློབ་གྲྭ་ཆེན་མོ་ཞིག་ལས་མཐར་ཕྱིན་རྗེས་ཕྱིར་ལྷ་སར་ཡོང་ནས་
ལས་ཁུངས་ཡག་པོ་ཞིག་ཏུ་བྱ་བ་སྒྲུབ་བཞིན་ཡོད་པ་དང༌། སྒོར་མོ་ཡོད་ལ་དབང་ཆའང་ཅུང་ཙམ་ཡོད་པར་མ་ཟད། གོང་
རིམ་གྱི་དཔོན་པོ་དང་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་པ་མང་པོ་ཡང་ངོ་ཤེས་པས་བསམ་དོན་ལྷུན་གྱིས་འགྲུབ་པ་ཞིག་
རེད་ཅེས་ཟེར་ཡང་མི་རུང་བ་མེད།
བུ་ཆུང་བ་ཟླ་བ་ཚེ་རིང་ཡང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཞིག་ལས་མཐར་ཕྱིན་རྗེས་དངུལ་ཁང་ཞིག་ཏུ་བྱ་བ་སྒྲུབ་
བཞིན་ཡོད། ཁོའི་སྐེད་ལ BPའཕྲུལ་འཁོར་བཏགས་ཤིང༌། སྦག་སྦག་འཁོར་ལོར་ཞོན་ནས་ཡར་རྒྱུག་མར་རྒྱུག་བྱེད་པར་མ་
ཟད། ཁ་བདེ་ལྕེ་བདེ་བྱེད་ཚུལ་ལ་བལྟས་ན་རྐྱལ་སྟོང་ཞིག་དང་འདྲ། བུ་མོ་ཆུང་བའི་མིང་ལ་ཟླ་སྒྲོན་ཟེར། ཁོ་མོ་མཛེས་ཤིང་
ཡིད་དུ་འོང་ལ་སྤྱང་གྲུང་འཛོམ་པ་ཞིག་ཡིན་མོད། ཉིན་གང་བོར་ཥ་ར OKཁང་དང་གློག་བརྙན་ཁང༌། ཞབས་བྲོ་ཁང་སོགས་
སུ་བསྐྱོད་དེ་ཉི་མ་འཁྱོལ་བར་བྱེད།
ནད་ཁང་གི་སྒོའི“ཙིར” སྒྲས་སྤོ་བོ་རིན་ཆེན་ལགས་མགོ་རྔ་མེད་པའི་བསམ་གཞིག་གི་དྲ་རྒྱ་ལས་ཕྱིར་དྲངས་
ཤིང༌། མགོ་བོ་ཡར་བཀྱགས་ནས་བལྟས་པ་ན་ཨ་ཡེ་སྒྲོལ་མ་སྐྱིད་ཀྱིས་ཁོ་ལ་དྲོས་ཇ་བསྐྱལ་ཡོང་བ་རེད། སྐབས་དེར་སྤོ་བོ་
རིན་ཆེན་ལགས་ཀྱི་སྐྱོ་ཞིང་ཕམ་པའི་བསམ་པ་དེ་ཅུང་བདེ་ལ་བབས་ཏེ་ཐུགས་སེམས་བརྩེ་བའི་ངང་ནས“གནམ་གཤིས་
ཧ་ཅང་འཁྱགས་པས། ཁྱོད་རང་དངོས་སུ་ཡོང་དགོས་དོན་མེད། ཅུང་ཙམ་བསྡད་ན་ནད་གཡོག་གིས་སྐྱེལ་ཡོང་ངེས་
རེད”ཅེས་བཤད་པ་ན། ཨ་ཡེ་སྒྲོལ་མ་སྐྱིད་ཀྱིས་ནམ་རྒྱུན་དང་འདྲ་བར་སྐད་གསང་ཅུང་དམའ་ཞིང་འཇམ་པའི་ངག་
གིས་“ཁྱོད་རང་ཅི་འདྲ་རེད། ནད་གཞི་ཅུང་ཇེ་བདེར་འགྲོ་གི་འདུག་གམ། སྨན་ཨེ་འཐུངས། གནམ་གཤིས་ཧ་ཅང་
འཁྱགས་པས་དྲ་མ་རྒྱག་དགོས”ཞེས་བཤད་པས། སྤོ་བོ་རིན་ཆེན་ལགས་ཀྱི་གདོང་ལ་ནམ་རྒྱུན་མཐོང་དཀའ་བའི་
འཛུམ་ཞིག་ལངས་ཏེ། “ང་རང་དྲ་མའི་ཕྱི་རོལ་གྱི་གངས་དཀར་གྱི་འདབ་མར་ལྟ་བར་དགའ་ཞིང༌། དེས་བརྗེད་དཀའ་
བའི་བྱ་བ་མང་པོ་ཞིག་བདག་གི་དྲན་པའི་མེ་ལོང་ངོས་སུ་སླར་ཡང་གསལ་བོར་དྲངས་བྱུང༌།” སྤོ་བོ་རིན་ཆེན་ལགས་
ཀྱིས་དབུགས་རིང་ཞིག་འབྱིན་བཞིན་སླར་ཡང“དོན་ཞིག་ལ་ང་རང་ད་ལྟའི་བར་དུ་འགྱོད་པ་ཆེན་པོ་སྐྱེས་ཤིང་སེམས་
མི་བདེ་བར་འདུག”ཅེས་བཤད་བྱུང༌།
“བྱ་བ་དེ་དག་གླེང་ནས་ཅི་བྱ།”ཨ་ཡེ་སྒྲོལ་མ་སྐྱིད་ཀྱིས་དེ་སྐད་ཟེར་བཞིན་ཟས་སྣོད་ཀྱི་ཁ་ཕྱེ་སྟེ་གནམ་ཁབ་
བརྒྱབ་ཡོད་པའི་ཁྱོ་བོར་ཟ་མ་འབུལ་གྲབས་བྱེད།
“ངས་ད་རུང་འཐུང་མི་འདོད། སྐད་ཆ་ཞིག་བཤད་རྒྱུ་ཡོད་པས་ཁྱོད་ཀྱིས་ཉན་རོགས་གནོང༌། དེ་མིན་ན་ང་རང་
ཕྱི་མའི་ཡུལ་དུ་སོང་ཡང་སེམས་བདེ་རྒྱུ་མ་རེད།”སྤོ་བོ་རིན་ཆེན་ལགས་ཀྱིས་ཅུང་འཚབ་པའི་སྒོ་ནས་དེ་ལྟར་བཤད་བྱུང༌།
“བཀྲ་མི་ཤིས་པའི་གཏམ་དེ་འདྲ་མ་བཤད།”ཨ་ཡེ་སྒྲོལ་མ་སྐྱིད་ཁོང་ཁྲོ་ལངས་པའི་ཚུལ་གྱིས་“ཡ། དོན་ག་
རེ་རེད། ཁྱོད་རང་གསུངས་དང”ཟེར།
སྤོ་བོ་རིན་ཆེན་ལགས་ཀྱིས་བསམ་བློ་ཞིག་བཏང་སྟེ་ཅི་ཞིག་བཤད་རྩིས་གནང་སྐབས། ཧ་ཅང་ཡང་མོར་སྒོ་རྡུང་
བའི་སྒྲ་ཞིག་གྲགས་བྱུང༌། བཟའ་བ་གཉིས་ཀས་ཀྱང་ཡོང་མཁན་དེ་རང་གི་བྱ་བར་གཟབ་ནན་དང་ནད་པ་ལ་རང་ཉིད་ཀྱི་
སྤུན་མཆེད་ལས་བྱམས་པའི་ནད་གཡོག་གི་མགོ་འཛིན་པ་དེ་ཡིན་པ་ཤེས་པས“ཕེབས་ཤོག” ཅེས་བརྡ་བརྒྱབ། ནད་
གཡོག་མགོ་འཛིན་པའི་ནམ་རྒྱུན་འཛུམ་མདངས་དང་སྤྲོ་སེམས་ཀྱིས་ཁེངས་པའི་ཞལ་ངོ་དེ་ཁོང་བཟའ་ཟླ་གཉིས་ཀྱི་མིག་
ལམ་དུ་མངོན་བྱུང༌། “སྤོ་བོ་ལགས། སྨན་འཐུང་རན་འདུག ན་ཟུག་ཡོད་དམ”ཞེས་ནད་གཡོག་མགོ་འཛིན་པའི་
ངག་འཇམ་པའི་སྐད་གདངས་དེས། ནད་པ་ཇི་འདྲའི་ལྩི་མོ་ཞིག་ཡིན་རུང་ན་ཟུག་གི་སྡུག་བསྔལ་འགྲོལ་བར་བྱེད་ཐུབ་
པས“དེ་རིང་ཅུང་ཡག་པོ་འདུག ཐུགས་རྗེ་ཆེ། ཨ་ཅེ་སྨན་པ་ལགས”ཞེས་བཟའ་མི་གཉིས་ཀྱིས་མཉམ་གཅིག་ཏུ་བཤད།
ནད་གཡོག་མགོ་འཛིན་པས་བབ་ཆགས་ཤིང་བརྩེ་སེམས་ཀྱིས་ཁེངས་པའི་བཟའ་མི་འདི་གཉིས་ཀྱི་གདོང་ལ་ཡུན་
རིང་ཅེར་བྱུང༌། རེད་ཡ། ནད་གཡོག་མགོ་འཛིན་པ་ཞིག་ལ་མཚོན་ན་ལོ་ཕྱེད་ཙམ་ལ་སྨན་ཁང་དུ་བསྡད་པའི་བགྲེས་པོ་དེའི་
ནད་ཀྱི་གནས་ཚུལ་ཁོ་མོ་ལ་གསལ་ཆ་ཡོད་ལ། ད་ལྟ་དུས་མཇུག་ལ་སླེབས་འདུག་པ་ཉེན་ཁ་ཧ་ཅང་ཆེ། ཁོ་མོས་སྤོ་བོ་རིན་
ཆེན་ལགས་ལ་སྨན་གསོ་བྱེད་པའི་འགན་ཁུར་དེ་ཕྲག་ཏུ་བླངས་པ་ནས་བཟུང༌། རིམ་བཞིན་སྤོ་བོ་རིན་ཆེན་ལགས་ལ་བུ་
གཉིས་དང་བུ་མོ་གཅིག་ཡོད་པ་ཚོས་ཕ་མ་གཉིས་གཉོར་སྐྱོང་མི་བྱེད་པ་ཤེས་ཤིང༌། སྤོ་བོ་རིན་ཆེན་ལགས་སྨན་ཁང་དུ་
བསྡད་པ་ནས་ལོ་ཕྱེད་ཀྱི་རིང་ལ་ཐེངསགཅིག་ཀྱང་ལྟ་རུ་མ་ཡོང་བར་མ་ཟད། རྒྱུན་དུ་རྒྱུ་ནོར་བགོ་བའི་ཕྱོགས་ནས་ཁ་རྩོད་
དང་ལག་རྩོད་བྱེད་ཀྱིན་འདུག དེ་བས་ཁོ་མོས་སྤོ་བོ་རིན་ཆེན་ལགས་ལ་དེ་ལས་ལྷག་པའི་གདུང་སེམས་སྐྱེས་ཤིང་དམིགས་
བསལ་གྱི་གཟིགས་སྐྱོང་བྱས་ཏེ་ཁང་མིག་ཆུང་ཆུང་ཞིག་ཏུ་སྤར་ཅིང་རྒྱུན་དུ་ཁོང་ལ་སེམས་གསོ་དང་ཁ་བརྡ་མང་པོ་བྱས་
པར་མ་ཟད། དངོས་སུ་སྨན་དང་ཟ་མ་སྐྱེལ་བ་སོགས་ཤ་ཐང་ཐང་དུ་རོགས་རམ་བྱེད་ཀྱིན་ཡོད། དེ་རིང་ཡང་སྔར་དང་
མཚུངས་པར་ཁོ་མོ་ཕྱིར་འགྲོ་སྐབས་སྤོ་བོ་རིན་ཆེན་ལགས་དང་བཟའ་ཟླ་ཨ་ཡེ་སྒྲོལ་མ་སྐྱིད་གཉིས་ཀྱི་ཟོལ་མེད་ཀྱི་བརྩེ་དུང་
དེས་ཡིད་འགུལ་དྲག་པོ་ཐེབས་སུ་བཅུག་པས། དབུགས་རིང་ཞིག་འབྱིན་བཞིན་སེམས་ཕམ་པའི་ངང་ནས་ནད་ཁང་ལས་
སྒོར་བུད།
“ཇི་འདྲའི་བུ་མོ་བཟང་མོ་ཞིག་རེད་ཨང༌། གལ་ཏེ་ང་ཚོར་འདི་འདྲའི་བརྩི་བཀུར་ཅན་གྱི་བུ་མོ་ཞིག་ཡོད་རྒྱུ་ན།
ཚེ་གང་བོར་དཀའ་སྡུག་ཅི་འདྲ་མང་པོ་མྱང་དགོས་ཀྱང་འགྱོད་པ་མེད།” སྤོ་བོ་རིན་ཆེན་ལགས་ཀྱིས་ཚོར་སྣང་ཟབ་མོ་
ཡོད་པའི་ཚུལ་གྱིས་བཤད།
“རིན་ཆེན་ལགས། ཁྱོད་ལ་བཤད་རྒྱུ་ཞིག་ཡོད་ཟེར་བ་མིན་ནམ།”ཨ་ཡེ་སྒྲོལ་མ་སྐྱིད་ཡིད་སྐྱོ་སྟེ་དེ་སྐད་དྲིས།
“ལོ་ཉི་ཤུ་ལྷག་གི་སྔོན་ལ། འུ་གཉིས་གཉེན་སྒྲིག་པའི་སྐབས་སུ་ངས་ཁྱོད་ལ་ཆ་འགྲིག་པའི་བྱུ་རུའི་ཡིད་རྟེན་ཞིག་
བྱིན་པ་ཁྱོད་ཀྱིས་ད་རུང་སེམས་ལ་བཟུང་ཡོད་དམ།”སྤོ་བོ་རིན་ཆེན་ལགས་མགྲིན་པ་རྣོང་བཞིན“ངེད་གཉིས་ཀྱི་འཚོ་
བ་ཧ་ཅང་དཀའ་བའི་དུས་དེར། ངས་བྱུ་རུ་དེ་གཉིས་ཁམས་ཀྱི་ཚོང་པ་ཞིག་ལ་འཚོང་རྒྱུ་ཟེར་དུས་ཁྱོད་མ་འཐད་པས། ངས་
ད་རུང་ཁྱོད་ལ་འགྲམ་ལྕག་ཚ་བེར་བ་ཞིག་གཞུས། ཏག་ཏག་ཐེངས་དེ་ཁོ་ན་ཡིན་ནའང༌། ཕྱིར་དྲན་བྱེད་དུས་དངོས་གནས་
བཤད་དཀའ་བའི་འགྱོད་པ་ཞིག་སྐྱེས་འོང༌། སྐབས་དེར་ང་རང་ཐབས་ཟད་ཅིང་འུ་ཐུག་ནས་གཞན་ལ་བཙོངས་པ་ཡིན་ན་
ཡང༌། ངའི་སེམས་སུ་རྗེས་ནས་འཚོ་བ་ཇེ་ལེགས་ལ་སོང་ན་ཕྱིར་ཉོ་དགོས་སྙམ་པའི་རེ་སྨོན་བཅངས་ཡོད། ཉོ་ཐུབ་པའི་
སེམས་ཐག་ཀྱང་བཅད་མྱོང༌། དེའི་ཕྱིར། ངས་ཁམས་ཀྱི་ཚོང་པ་དེ་ལ་ཆ་འགྲིག་པའི་བྱུ་རུ་དེ་གཞན་ལ་མི་བཙོང་བའི་ཞུ་
བ་ཡང་ཡང་བྱས་མཐར། ཁོས་ཀྱང་དཀོན་མཆོག་དཔང་དུ་བཞག་ནས་མནའ་བསྐྱལ་པས་ད་གཟོད་ཁོ་རང་ལ་བཙོངས།
ལོ་ཉི་ཤུ་ལྷག་གི་རིང་ལ་ངས་ཉིན་མཚན་ཀུན་ཏུ་ཚོང་པ་དེའི་འགྲོ་སྡོད་ག་འདྲ་ཡིན་པ་རྩད་བཅད་པས། དཀོན་མཆོག་
གསུམ་པོའི་དྲིན་ལ་ཟླ་སྔ་མོར་ད་གཟོད་ཚོང་པ་དེ་ལྷ་སའི་བར་སྐོར་དུ་བསྡད་ཡོད་པ་ཤེས། ངས་ནད་གཡོག་མགོ་འཛིན་
པར་གནས་ཚུལ་ངོ་མ་བཤད་ཅིང་གནང་བ་ཞུས་ཏེ་དངུལ་ཁང་ལས་སྒོར་མོ་རན་པ་ཞིག་བླངས་ནས་ཚོང་པ་དེ་འཚོལ་
བར་སོང་མོད། སྟབས་མ་ལེགས་པར་ཁོ་རང་མངའ་རིས་སུ་ཚོང་གཉེར་དུ་སོང་སྟེ་མ་ཐུག་པས། ཁོ་རང་ནམ་ཕྱིར་ཡོང་བ་
དང་བྱུ་རུའི་ཡིད་རྟེན་དེ་གཉིས་ད་ལྟ་ཁོའི་ལག་ཏུ་ཡོད་མིན་སོགས་ཅི་ཡང་ཤེས་མ་ཐུབ”ཅེས་བཤད།
ཡུད་ཙམ་ལ་ཨ་ཡེ་སྒྲོལ་མ་སྐྱིད་ཀྱི་ངག་ནས་ཅི་ཡང་མ་ཐོན། ཁོ་མོའི་སེམས་སུ་སྤོ་བོ་རིན་ཆེན་ལགས་བྱ་བ་དེའི་ཆེད་
དུ་སེམས་གནོང་སྟེ་དུས་དེ་ནས་བཟུང་ཁོ་མོར་ལྷག་བསམ་ཟོལ་མེད་ཀྱིས་གཅེས་སྤྲས་དང་ཐུགས་ཁུར་བྱས་པ་ཚོར་ལ། ལོ་
དེར་ཤོ་རྒྱག་པའི་སྲོལ་ངན་གྱི་འཚུབ་རླུང་ཞིག་ས་ཆ་དེར་གཡོ་སྐབས་ཀྱང༌། སྤོ་བོ་རིན་ཆེན་ལགས་བྱ་སྤྱོད་ངན་པ་དེའི་ནང་
དུ་གཏན་ནས་ཞུགས་མ་མྱོང་བར་མ་ཟད། ད་ལྟའི་བར་དུ་བློ་དཀར་བསམ་དཀར་གྱི་ཁྱོ་ཤུག་གཅིག་ཡིན་ལ། བྱམས་དང་
སྙིང་རྗེ་ལྡན་པའི་ཨ་ཕ་བཟང་པོ་ཞིག་ཀྱང་ཡིན། ལོ་བཅུ་ཕྲག་མང་པོའི་རིང་ལ་རྒན་རྒོན་གཉིས་ཀྱིས་སྐྱིད་ཀྱི་རྟ་ཕོར་མཉམ་
ཞོན་དང༌། སྡུག་གི་ཁུར་བོ་མཉམ་ཁུར་བྱས་ཏེ་བརྗོད་ཀྱིས་མི་ལང་བའི་དཀའ་ངལ་ཡོད་ཚད་ཁྱད་དུ་བསད་ཅིང་ཧུར་
བརྩོན་དང་གྲོན་ཆུང་གིས་ཁྱིམ་ཚང་དང་བྱིས་པ་གཉོར་སྐྱོང་བྱས། ཡིན་ནའང་བྱིས་པ་གསུམ་པོ་ནར་སོན་པ་དང་ཁྱིམ་
ཚང་གི་འཚོ་བའི་གནས་ཚུལ་ཡང་ཅུང་ཇེ་ལེགས་སུ་གྱུར་དུས། བསམ་ཡུལ་ལས་འདས་པ་ཞིག་ལ་སྤོ་བོ་རིན་ཆེན་ལགས་ལ་
ན་ཚ་དྲག་པོ་བྱུང་སྟེ་སྨན་ཁང་དུ་བསྡད་ཅིང་མི་ཚེའི་གོམ་ཁའང་ཉིན་རེ་བཞིན་གཤིན་རྗེའི་ཡུལ་ལ་བསྐོར། ཁོ་ཚོའི་ཁྱིམ་
ཚང་གྲོང་ཁྱིར་ལྷ་སར་གནས་སྤར་ཏེ་ལོ་གཉིས་ལྷག་འགོར་ནའང༌། གྲོང་ཁྱེར་ལྷ་སའི་ཁྱད་དུ་འཕགས་པའི་གནམ་གཤིས་
དང་ཁོར་ཡུག་གིས་དཀའ་སྡུག་དང་འཆི་བདག་གིས་མནར་ཏེ་རིད་པར་གྱུར་པའི་སྤོ་བོ་རིན་ཆེན་ལགས་འཆི་ལམ་ནས་
ཕྱིར་འཐེན་མ་ཐུབ།
“རིན་ཆེན་ལགས། དེ་འདྲ་མང་པོ་མ་བསམ། ཉིན་འདི་འགར་ང་རང་ལ་ཁོམ་པ་ཅུང་ཙམ་ཡོད་ཚེ་ཇོ་བོ་རིན་པོ་
ཆེའི་མདུན་དུ་སོང་ནས་གསོལ་བ་འདེབས་པ་དང༌། བར་སྐོར་གྱི་སློང་མོ་བ་དང་བཀྲེས་སྐོམ་གྱིས་གཟིར་བའི་འགྲོ་བ་
ཐམས་ཅད་ལ་སྦྱིན་པ་གཏོང་ཅི་ཐུབ་བྱེད་ཀྱིན་ཡོད་པས། ཇོ་བོ་རིན་པོ་ཆེས་ཀྱང་ང་ཚོ་རྗེས་སུ་འཛིན་ངེས་རེད།”ཨ་ཡེ་
སྒྲོལ་མ་སྐྱིད་ཀྱིས་ཁྱོ་བོའི་གདོང་ལ་ལྟ་བཞིན་ཁ་ནས་དེ་ལྟར་བཤད་ཀྱང༌། སེམས་སུ་བཀྲ་མི་ཤིས་པའི་དོན་དག་ཅིག་མོ་
རང་དང་ཉིན་རེ་ལས་ཉིན་རེར་ཇེ་ཉེར་འགྲོ་བཞིན་པ་གསལ་བོར་རྟོགས་ཡོད་པས་མཆི་མའི་ཡོལ་བས་ཁོ་མོའི་མཐོང་
ལམ་བཀག་ཅིང༌། གཉེར་མས་ཁེངས་པའི་བཞིན་རས་བརླན་པར་བྱས།
“འཆི་བ་ནི་སྔ་ཕྱི་ཞིག་གི་ཁྱད་པར་མ་གཏོགས་འཇིག་རྟེན་ཆོས་ཉིད་ཡིན་པས་དེར་སྐྲག་དངངས་སྐྱེ་རྒྱུ་ཅི་ཡོད།
འོན་ཀྱང་ང་རང་སེམས་མི་བདེ་ས་ནི་ཁྱོད་ཁོ་ན་རེད། བྱིས་པ་གསུམ་པོར་མཚོན་ན་དཀོན་མཆོག་རིན་པོ་ཆེའི་དྲིན་ལ་རང་
རང་སོ་ནས་བདེ་འཇགས་ཤིག་ཡོང་བ་ལས་རེ་བཅོལ་ཅི་ཡང་མི་འདུག” སྤོ་བོ་རིན་ཆེན་ལགས་ཅུང་ཡིད་འགུལ་ཐེབས་
པས་གདོང་མདོག་སྐྱ་བོར་གྱུར་ཅིང་དབུགས་ཀྱང་ལྷེམ་ལྷེམ་དུ་འབྱིན་པར་བྱེད།
“སྒྲོལ་མ་ལགས། ཁྱོད་རང་ཕྱིར་ཕེབས་ལ་ངལ་གསོ་གྱིས་དང༌། ཉིན་འདི་དག་གི་རིང་ལ་ཁྱོད་ཀྱི་ཉིན་རེ་བཞིན་
ང་ལ་ཟ་མ་སྐྱེལ་བ་དང་གཉོར་སྐྱོང་བྱས་པ་ཡིན་པས་དཀའ་ལས་མང་པོ་མྱངས་སོང༌། བྱིས་པ་གསུམ་པོ་ནར་སོན་ནའང་
ཁོ་ཚོར་སྒོར་མོ་མཁོ་དུས་མ་གཏོགས་འཆི་ལ་ཉེ་བའི་ངའི་འགྲམ་དུ་ཡོང་གི་མ་རེད།” སྤོ་བོ་རིན་ཆེན་ལགས་ཀྱིས་མགོ་
ཡར་བཀྱགས་ཤིང་མིག་ཟུང་གི་འདབ་མ་ཕྱོགས་གཅིག་ཏུ་ཟུམ་སྟེ་ཁ་ཤ་འདར་འདར་འགའ་བྱས་ནས་མ་ཎི་ཟློ་བཞིན་
འདུག སྐབས་དེར་སྐྱོ་སྣང་དང་རེ་ཐག་ཆད་པའི་མཆི་མའི་ཐིགས་ཕྲེང་འགའ་ཁོའི་གདོང་གི་གཉེར་མའི་ལུང་ཤུར་རེ་རེ་
བརྒྱུད་དེ་རྣ་རྩར་བཞུར།
ལོ་ཉི་ཤུ་ལྷག་གི་རིང་ལ་ཨ་ཡེ་སྒྲོལ་མ་སྐྱིད་ཀྱིས་རང་གི་ཁྱོ་བོའི་འོད་མདངས་ཡལ་བའི་མིག་ཟུང་ལས་མཆི་མ་
བཞུར་བཞིན་པ་མཐོང་བ་ནི་དེ་རིང་ཐེངས་དང་པོ་ཡིན་པས། ཁོ་མོ་ཧད་པར་གྱུར་ཅིང་ཁ་རོག་གེར་ངུས་བྱུང༌། དངོས་
གནས་ཁོ་མོ་ངུ་བ་དེ་སྤོ་བོ་རིན་ཆེན་ལགས་ཀྱི་ཆེད་དུ་ཡིན་པའམ། ཡང་ན་རང་གི་དོན་དུ་ཡིན་པ། དེ་མིན་དཀའ་ལས་
ཚད་མེད་མྱངས་ནས་གཉོར་སྐྱོང་བྱས་པའི་བྱིས་པ་གསུམ་པོའི་ཆེད་དུ་ཡིན་པ་མོ་རང་གིས་ཀྱང་མི་ཤེས།
རྡོ་རྗེ་ཧ་ཅང་བག་ཕེབས་པའི་ངང་ནས་འབོལ་ཁྲི་ཞིག་གི་སྟེང་དུ་བསྡད་དེ་ཐ་མག་འཐེན་བཞིན་ཚགས་པར་ཞིག་
ཕར་སློག་ཚུར་སློག་བྱེད་ཀྱིན་འདུག ཉིན་འགའི་རིང་ལ་ཁོ་རང་ནི་བཟའ་ཟླ་ལྷ་མོས་འཇམ་རྩུབ་གཉིས་ཀ་སྤྱད་དེ་སྤོ་བོ་
རིན་ཆེན་ལགས་ད་རུང་ཚེ་ལས་མ་འདས་གོང་དུ་གསར་དུ་ལས་པའི་ལས་འཁྱུར་ངལ་གསོའི་ཁང་པ་ལེན་དགོས་པའི་
བཀའ་གནམ་ལྕགས་ཐོག་མདའ་འདྲ་ཞིག་ཕབ་པ་དེས་ཧ་ཅང་ཡིད་སྡུག་ཅིང་སེམས་གཡེང་བར་གྱུར། ཡིན་ན་ཡང༌། སྤོ་བོ་
རིན་ཆེན་ལགས་ཀྱིས་བཀོད་སྒྲིག་གཞན་ཞིག་ཡོད་ཚུལ་སོགས་ལབ་ནས་ལན་གསལ་བོ་ཞིག་མ་བཏབ།
“ཐག ཐག ཐག”ཕྱི་རོལ་ནས་བུད་མེད་ཀྱི་རྡོག་སྒྲ་ཞིག་གྲགས་བྱུང༌། རྡོ་རྗེས་གོ་མ་ཐག་ཏུ་ལག་གི་ཚགས་
པར་ཕར་གཡུགས་ཏེ་ཅུང་བྲེལ་འཚུབ་ཀྱིས་ཡར་ལངས་ནས་སྒོ་ཕྱེ།
ལྷ་མོའི་ངོ་མདངས་ལས་དོ་དགོང་གནས་ཚུལ་ཡག་པོ་ཞིག་འབྱུང་རྒྱུ་མིན་པ་རྡོ་རྗེ་ལ་ཧ་ཅང་གསལ།
“རྡོ་རྗེ་ལགས། དེ་རིང་ཁྱོད་སྨན་ཁང་དུ་སོང་ངམ།”ལྷ་མོས་གཟབ་ནན་གྱིས་དྲིས།
“མ … … མ་སོང༌། དེ་རིང་ང་རང་བྲེལ་བ་ཆེ་བས … … ”རྡོ་རྗེ་སྐྲག་པའི་ཚུལ་གྱིས“ཉིན་འདི་
ཚོར་གཡས་གཡོན་གྱི་ཁྱིམ་མཚེས་རྣམས་ཀྱིས་ག་རེ་བཤད་བཞིན་པ་ཁྱོད་ཀྱིས་ཤེས་སམ”ཞེས་སྐད་གསང་མཐོན་པོས་
བཤད།
“ག་རེ་བཤད་ཀྱིན་འདུག རྡོ་རྫེ་ནི་‘སྐྱེས་བུ་དམ་པ་’ཞིག་ཡིན་པས། སྒོར་མོ་ཁྲི་ཕྲག་འགའི་ཁང་པ་མི་གཞན་
ལ་སྦྱིན་ཟེར་བ་རེད་དམ།”ལྷ་མོའི་སྐད་གསང་དེ་ལས་མཐོན་པོས་བཤད།
“འོ་ཡ། ཁྲོམ་སྲང་གི་བྱིས་པ་ཚོས་ཀྱང་ང་ལ་མཛུབ་མོ་ཀེར་ཏེ‘ ཆུང་མ་བླངས་ནས་ཕ་མ་བརྗེད་’ཅེས་སྡིགས་
མོ་བྱེད་ཀྱིན་འདུག”རྡོ་རྗེས་ཐབས་ཟད་པའི་ཚུལ་གྱིས་བཤད།
ལྷ་མོ་ཁོང་ཁྲོ་མེ་ལྟར་འབར་ནས“ངས་གོ་བ་ཡིན་ན་ཉིན་འདི་དག་གི་རིང་ལ་ཁྱོད་ཀྱི་ནུ་བོ་ཟླ་བ་ཚེ་རིང་སྨན་
ཁང་དུ་འགྲོ་བཞིན་འདུག་ཟེར། ཁོ་རང་ཁྱོད་ལྟ་བུ་གླེན་པ་ཞིག་མིན་པས། དོན་མེད་ལ་སོང་བ་ག་ལ་ཡིན”ཞེས་བཤད།
རྡོ་རྗེ་ནི་སྐྱེས་པ་ནས་བཟུང་སྡར་མ་ཞིག་ཡིན་པས། ལྷ་མོའི་འདྲི་ཚིག་ཐོག་འདྲ་དེ་འཕངས་པ་ན། འབོལ་ཁྲིའི་
སྟེང་དུ་ཧོན་ཐོར་བ་ལྟར་སྡོད་པ་ལས་ག་བཤད་འདི་བཤད་མི་ཤེས་པར་གྱུར།
ཁོས་ཡིན་མིན་གྱི་ལན་ཅི་ཡང་མ་བཏབ་པས། ལྷ་མོ་ལྷག་ཏུ་ཁོང་ཁྲོ་འབར་ཏེ་ངོ་ལྟའི་མདུན་གྱི་འདུག་སྟེགས་སྟེང་
དུ་བསྡད་རྗེས་སྐྲ་ཤད་བཞིན་“ཡ། ཁྱོད་ཀྱིས་སྐྱེ་བོ་དམ་པ་ཞིག་བྱེད་འདོད་ན་དེ་ལྟར་བྱོས། ངས་བུ་མོ་ཁྲིད་ནས་རང་
ཡུལ་དུ་འགྲོ་རྒྱུ་ཡིན། སང་ཉིན་འུ་གཉིས་བཟའ་ཚང་འཐོར་བར་བྱ”ཟེར།
རྡོ་རྗེས་ལྷ་མོའི་རྣམ་འགྱུར་དེ་མཐོང་མ་ཐག་བྲེལ་འཚུབ་ལངས་ཤིང་ཁ་ཡག་དང་བཅས“དཀོན་མཆོག་གསུམ་
གྱིས་མཁྱེན། སང་ཉིན་ང་འགྲོ་ཁོ་ཐག་ཡིན”ཞེས་ལབ་རྗེས་ལྷ་མོར་མགོ་གཡོག་ཐབས་བྱས།
ཉི་འོད་གྲོང་ཁྱེར་གྱི་ཉི་འོད་ནི་མིང་དོན་མཐུན་པ་ཞིག་སྟེ། དྲོད་འཇམ་གྱི་ཉི་འོད་ས་གཞི་ཀུན་ཏུ་ཁྱབ། རྡོ་རྗེར་
དམིགས་ཡུལ་ཅི་ཡང་མེད་པར་ཁྲོམ་གྱི་མི་ཚོགས་ཀྱི་ཁྲོད་ན་འཁྱར་འཁྱོར་དུ་འགྲོ་བཞིན་འདུག དྲང་མོར་བཤད་ན་རྡོ་རྗེ་
ལའང་ཅི་ཁག ཁོ་ནི་ཅི་འདྲའི་སྐྱུག་བྲོ་བ་ཞིག་ཡིན་ནའང༌། འགྲོ་བ་མི་ཡི་རང་གཤིས་ལྡན་པས་རང་གི་ཨ་ཕའི་རྒས་གཉེར་
གྱི་རི་མོས་ཁེངས་ཤིང་གྱོང་རིད་དུ་གྱུར་པར་མ་ཟད། ཡོད་ཚད་ལ་ཡིད་ཆད་པའི་ཞལ་རས་དེར་བལྟར་མི་བཟོད། ཉིན་
འགའི་སྔོན་ལ་ལྷ་མོ་དང་ཁོ་གཉིས་ཁང་པའི་ཆེད་དུ་སྨན་ཁང་དུ་སོང་དུས་ཀྱང་སྤོ་བོ་རིན་ཆེན་ལགས་ཀྱི་ཡི་ཆད་དང་ཁོང་
ཁྲོའི་རྣམ་འགྱུར་གསལ་བོར་མཐོང་ཐུབ་ན་ཡང་ཕྱིར་མ་མངོན་པའི་ཚུལ་ཤེས་འོང༌། རྡོ་རྗེ་ལ་མཚོན་ནའང་དཀའ་སར་
ཐུག་ཡོད། གལ་ཏེ་བཟའ་ཚང་ཐོར་པའི་དབང་དུ་བཏང་ན་ལས་ཁུངས་ནས་རང་གི་མིང་ལ་གནོད་པ་ཆེན་པོ་ཡོད་པར་
མ་ཟད། སོ་མ་བསྡད་པའི་ཁོ་ཀྲང་སྟེ་རང་ལ་མཚོན་ན་བླ་ན་མེད་པའི་གོ་ས་དེའང་ཡལ་བར་དོགས། ཁོས་དོན་དག་དེ་ཚང་
མར་སྔ་འདང་ཕྱི་འདང་རེ་བརྒྱབ་རྗེས་སྐྱོ་སྣང་དང་སྡུག་བསྔལ་ཟུང་འབྲེལ་གྱི་གནས་སུ་ལྷུང་སྟེ་ཅི་བྱ་གཏོལ་མེད་ཀྱི་གནས་
སུ་གྱུར།
སྐབས་དེར། སྦག་སྦག་འཁོར་ལོ་ཞིག་རྡོ་རྗེའི་མདུན་ནས་གློ་བུར་དུ་བསྡད་བྱུང་བས། རྡོ་རྗེས་སྦག་སྦག་འཁོར་ལོའི་
ཐོག་གི་སྐྲ་རིང་ཞིང་གདོང་ཡོངས་ལ་སྨ་རས་ཁེངས་པའི་ཕོ་གསར་དེ་མཐོང་མ་ཐག་ཏུ་སྐྲག་སྣང་ཞིག་སྐྱེས་ཤིང་ཅི་བྱེད་འདི་
བྱེད་མི་ཤེས་པའི་ཚེ་ན། རང་གི་སྲིང་མོ་ཟླ་སྒྲོན་ཕོ་གསར་དེའི་རྒྱབ་ནས་ཐང་ལ་བབས་ཏེ“ཨ་ཇོ་ལགས། ཁོ་རང་ངའི་
དགའ་གྲོགས་ཡིན། སྒྱུ་རྩལ་པ་ཞིག་རེད”ཅེས་ངོ་སྤྲོད་བྱས། རྡོ་རྗེས་སྲིང་མོ་ཟླ་སྒྲོན་ལོགས་སུ་ཁྲིད་དེ་སྐད་དམའ་མོས་
“ཁྱོད་ཀྱི་མི་འདི་ནམ་ཞིག་ངོ་ཤེས་པ་ཡིན། སྒྱུ་རྩལ་པ་ཞིག་ཡིན་ན་ངེས་པར་དུ་སྐྲ་རིང་པོ་བཞག་སྟེ་གདོང་ཡོངས་ལ་སྨ་
རས་ཁེངས་དགོས་པ་མ་རེད།” ཅེས་རྡོ་རྗེས་རྒན་པ་ཞིག་གི་སློབ་གསོ་གཏོང་བའི་ཚུལ་གྱིས་སྨྲས།
“ཨ་ཇོ་ལགས། དེ་འདྲ་ཡིན་ན་ད་གཟོད་ཉམས་འགྱུར་ལྡན་པ་ཞིག་ཡིན་པས། ད་སྐབས་དེ་འདྲ་ཞིག་དར་བཞིན་
པ་ཁྱོད་ཀྱིས་མ་ཤེས་སམ། ཟླ་བ་རྗེས་མར་ཁོ་རང་ཨ་མེ་རི་ཀར་འགྲོ་རྒྱུ་རེད”ཅེས་ཟླ་སྒྲོན་གྱིས་ཅུང་ང་རྒྱལ་དང་མི་འཐད་
པའི་ཚུལ་གྱིས་བཤད༌།
“ཁྱོད་རང་ད་ལྟ་གང་ལ་འགྲོའམ།”
“སྨན་ཁང་དུ་ཕ་རྒན་ལ་ལྟ་རུ་འགྲོ་རྒྱུ་ཡིན། ག་རེ་རེད”ཅེས་ཟླ་སྒྲོན་གྱིས་དེ་ལྟར་ལན་བཏབ།
རྡོ་རྗེས་ཟླ་སྒྲོན་གྱིས་སྐད་ཆ་དེ་ཐོས་མ་ཐག་ཏུ་རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན་སྤྲོ་སྣང་ཞིག་སྐྱེས་ཏེ་རང་གི་རེ་བ་
དེ་ཚང་མ་ཟླ་སྒྲོན་གྱི་ཕྲག་ལ་བཅོལ་རྗེས། ཁོ་རང་དོན་སྒྲུབ་ཁང་དུ་འགྲོ་རྩིས་བྱས།
“HeIIo!” (ཧ་ལོ)སྒྱུ་རྩལ་པས་རྡོ་རྗེ་ལ་ཕྱི་གླིང་བའི་སྐད་ཀྱིས་དེ་ལྟར་བརྡ་བརྒྱབ་པ་ན། ཁོ་རང་ཅུང་ཧད་དེ་
མགོ་བོ་གཡུག་གཡུག་འགའ་བྱས་ཤིང་དབུགས་རིང་ཞིག་ཕྱུང་ནས་ཕྱིར་སོང༌།
སྦག་སྦག་འཁོར་ལོའི་དུང་སྒྲ་ཞིག་གིས་ནད་ཁང་ན་སྐྱོ་སྣང་དང་སྡུག་བསྔལ་གྱི་གཡང་དུ་ལྷུང་བའི་སྤོ་བོ་རིན་ཆེན་
ལགས་དང་ཨ་ཡེ་སྒྲོལ་མ་སྐྱིད་གཉིས་ལ་བུ་ཆུང་བ་ཟླ་བ་ཚེ་རིང་སླེབས་བྱུང་བའི་བརྡ་བྱིན་པས་མྱུར་དུ་མིག་ཆུ་གཙང་མར་
ཕྱིས། ཧ་ཅང་དར་ཁྱབ་ཆེ་བའི་གྱོན་ཆས་བཀླུབས་པའི་ཟླ་བ་ཚེ་རིང་གིས་སྒོ་ཕྱེ་སྟེ་ནང་དུ་ཡོང་མ་ཐག་ཏུ“ཨ་ཕ་ལགས།
ཨ་ཇོས་བཤད་པ་ལྟར་ན་ཁྱེད་ཀྱིས་འུ་ཚང་གིས་གསར་དུ་ལས་པའི་ཁང་པ་དེ་ཁོ་རང་ལ་བྱིན་སོང་ཟེར། ངོ་མ་དེ་འདྲ་ཡིན་
ན། དྲིན་ཆེན་ཕ་རྒན་ལགས། བསགས་དངུལ་ཁྲི་ཕྲག་ལྔ་བོ་དེ་ང་ལ་གནང་དགོས། གལ་ཏེ་དེ་འདྲ་མ་བྱས་ན་ཁྱེད་རང་དྲང་
བཞག་མ་རེད”ཅེས་བཤད་རྗེས་ཁོང་ཁྲོ་ལངས་ནས་རྐུབ་སྟེགས་སྟེང་དུ་བསྡད།
ཟླ་བ་ཚེ་རིང་གིས་དེ་འདྲ་ཞིག་བཤད་པ་ནི་སྤོ་བོ་རིན་ཆེན་ལགས་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་མིན།
“རེད་ཡ། ཉིན་འགའི་སྔོན་ལ་རྡོ་རྗེ་བཟའ་བ་གཉིས་ཀྱང་འདིར་ཡོང་ནས་བྱ་བ་དེ་གླེང་མྱོང་མོད། འོན་ཀྱང་ངས་
རང་ལ་བཀོད་སྒྲིག་བྱེད་ཐབས་ཡོད་ཅེས་པ་ལས་ཁོ་རང་ལ་སྟེར་མི་སྟེར་གྱི་ལན་ཅི་ཡང་མ་བཏབ།”སྤོ་བོ་རིན་ཆེན་ལགས་
ཀྱིས་དེ་ལྟར་བཤད་དུས་ཞལ་མདངས་ནི་སྔར་བཞིན་འཇམ་ཞིང་བརྩེ་སེམས་ལྡན་ལ་སྐྱོ་སྣང་ཡང་འདྲེས་འདུག ཨ་ཡེ་སྒྲོལ་
མ་སྐྱིད་ལོགས་སུ་ངུ་བཞིན་འཇིག་རྟེན་གྱི་སྲོག་ལྡན་ཡོད་ཚད་ལ་དབང་བསྒྱུར་ཐུབ་པའི་ལྷ་ཞེས་པ་ཞིག་ཡོད་མེད་ལ་དོགས་
པ་སྐྱེས་པའི་གནས་སུ་ལྷུང༌། གལ་ཏེ་ ལྷ་ཞིས་པ་དེ་ངོ་མ་ཡོད་ན་ཁོ་རྒན་རྒོན་གཉིས་ཀྱིས་དཀའ་སྡུག་གི་ཁུར་བོ་ཕྲག་ཏུ་
བླངས་ཤིང་གཅིན་སྐྱག་གི་གཙང་བཙོག་རྒྱབ་ཏུ་སྤངས་ཏེ་གཉོར་སྐྱོང་བྱས་པའི་བྱིས་པ་ཚོས་རང་གི་ཕ་རྒན་སྨན་ཁང་དུ་
བསྡད་དེ་ལོ་ཕྱེད་ཙམ་གྱི་རིང་ལ་ཟས་ཐེངས་གཅིག་ཀྱང་སྐྱེལ་རྒྱུ་ཕར་ཞོག ཐ་ན་ཆུ་ཁོལ་དཀར་ཡོལ་གང་ཙམ་ཡང་ཕུལ་མ་
མྱོང་མོད། ད་ལྟ་ཕ་རྒན་ཚེ་ལས་འདའ་སྐབས་རྒྱུ་ནོར་འཕྲོག་རེས་བྱེད་པ་དེ་རྐྱེན་ཅི་ཞིག་ཡིན་ནམ། ངེད་རྒན་རྒོན་གཉིས་
ཀྱིས་རྒྱུ་འབྲས་ཅི་ཞིག་སྣོག་པ་ཡིན་ནམ་སྙམ། དུས་མཚུངས་སུ་ལོ་ངོ་བཅུ་ཕྲག་སྔོན་གྱི་བྱ་བ་ཞིག་དྲན་པའི་མེ་ལོང་ངོར་
གསལ་བོར་ཤར་བྱུང༌། ལོ་དེར་ཁོ་ཚོའི་གྲོང་བརྡལ་དེར་ལོ་རྒྱུས་སྟེང་དུ་བྱུང་མ་མྱོང་བའི་གངས་སྐྱོན་ཆེན་པོ་ཞིག་བྱུང་ཏེ་
མཐའ་འཁོར་གྱི་ལེ་བར་བཅུ་ཕྲག་ཁ་ཤས་ཀྱི་ས་ལ་བཀག་སྡོམ་བྱས་ནས་མི་ཕྱུགས་གཉིས་ཀ་འགྲོ་འོང་བྱེད་མི་ཐུབ་པར་གྱུར།
དེ་ལྟ་ན་ཡང་སྤོ་བོ་རིན་ཆེན་ལགས་ཁ་བ་བུ་ཡུག་འཚུབ་པའི་གྲང་ངར་ལ་མ་འཛེམ་པར་ཆུས་སློབ་གྲྭ་ན་སློབ་སྦྱོང་བྱེད་
བཞིན་ཡོད་པའི་བྱིས་པ་གཉིས་ཀ་ལེན་དུ་སོང༌། ཉིན་གཉིས་ཀྱི་རྗེས་སུ་སྤོ་བོ་རིན་ཆེན་ལགས་ཀྱིས་བུ་ཆེ་བ་རྡོ་རྗེ་རྒྱབ་ལ་
ཁུར་ཞིང་བུ་ཆུང་བ་ཟླ་བ་ཚེ་རིང་རུམ་ལ་བཟུང་སྟེ་ཕྱིར་སླེབས་བྱུང༌། ཁོ་རང་ཕྱིར་སླེབས་དུས་བུ་གཉིས་བདེ་འཇགས་ཡིན་
ན་ཡང༌། ཁོ་རང་ཉིད་ཀྱི་རྐང་པའི་མཛུབ་མོ་ཚང་མ་ཕྱིད་སོང་བས་ལམ་དུ་སོང་ནའང་འཐེང་བཞིན་ཡོད་པ་རེད། ཨ་ཡེ་
སྒྲོལ་མ་སྐྱིད་ཀྱིས་དོན་དག་དེ་ཚོ་དྲན་པས་ཡིད་ལ་སྐྱོ་སྣང་དབང་མེད་དུ་སྐྱེས་ཏེ་ངུ་ཁ་ཤོར།སྐབས་དེར་ཐ་མག་རྔུབ་འཐེན་བྱེད་བཞིན་པའི་ཟླ་བ་ཚེ་རིང་གློ་བུར་དུ་ཡར་ལངས་ནས“ཨ་མ་ལགས། ཁྱོད་
ཀྱིས་ངུ་རྒྱུ་ཁོ་ན་ལས་ཅི་ཡང་མི་ཤེས། ངོ་མ་སུན་པ་ཞིག་རེད”ཅེས་བཤད་རྗེས་ཁ་ཕྱིར་འཁོར་ནས“ཨ་ཕ་ལགས། ངས་
བཤད་པའི་དོན་དག་དེར་ཁྱེད་ཀྱིས་བསམ་བློ་ཐོངས་དང༌།”ཞེས་ལབ་པ་དང་མཉམ་དུ་སྒོ་ཐག་སེ་བརྒྱབ་སྟེ་བུད་སོང༌།
དེ་འཕྲལ་རྣ་བར་གཟན་པའི་སྦག་སྦག་འཁོར་ལོའི་སྒྲ་ཞིག་སྙིང་རྗེ་མེད་པར་སྤོ་བོ་རིན་ཆེན་ལགས་ཀྱི་སྙིང་ཁར་ཟུག་བཞིན་
རྒྱང་རིང་དུ་སོང་ཞིང་ཅང་མ་འགོར་བར་གར་སོང་ཆ་མེད་དུ་གྱུར།
སྤོ་བོ་རིན་ཆེན་ལགས་ནི་སླར་ཡང་ཐམ་མེ་ཐོམ་མེར་གྱུར་ཅིང༌། ཅི་ཡིན་འདི་ཡིན་ཤེས་དཀའ་བའི་འཆོལ་གཏམ་
ཀྱང་བཤད་བཞིན་འདུག ཨ་ཡེ་སྒྲོལ་མ་སྐྱིད་ངུ་ཞོར་དུ་མ་ཎི་ཟློ་བ་དང་སྨོན་ལམ་འདེབས་བཞིན་སྤོ་བོ་རིན་ཆེན་ལགས་
དང་མོ་གཉིས་ནི་ཚེ་འདིའི་མཛའ་མཐུན་བློས་ཐུབ་ཀྱི་བཟའ་ཟླ་ཡིན་པས། གལ་ཏེ་སྤོ་བོ་རིན་ཆེན་ལགས་འདས་སོང་ན།
ཁོ་མོར་ཡང་འཇིག་རྟེན་འདི་ན་ཞེན་ཆགས་ས་ཅི་ཡང་མེད་ལ་སྡོད་འདོད་ཀྱང་མི་འདུག་པས། སྤོ་བོ་རིན་ཆེན་ལགས་ཀྱི་
རྗེས་འབྲངས་ནས་གཤིན་རྗེའི་ཡུལ་ལ་འགྲོ་རྒྱུའི་སེམས་ཐག་བཅད།
སྨན་བཅོས་ཁང་ནང་དུ་སྨན་པ་དང་ནད་གཡོག་མང་པོ་འདུས་ཏེ་ཚོགས་འདུ་འཚོགས་བཞིན་ཡོད་ལ་ཚང་མ་ཁུ་
སིམ་མེར་བསྡད་འདུག … …
“ངས་བལྟས་ན་ཁོང་ནད་ཚན་ཁག་གཉིས་པའི་ཨང་རྟགས་དང་པོའི་ནད་པ་དེར་ནད་བབ་ཉེན་བཅར་གྱི་བརྡ་
གཏོང་དགོས། ང་ཚོས་ནུས་ཤུགས་ཅི་ཡོད་བཏོན་མོད། གནས་ཚུལ་ལ་བལྟས་ན་ཕལ་ཆེར་རེ་བ་མེད་པ་འདྲ།”ཞེས་ཡོན་
ཀྲང་གིས་དེ་ལྟར་བཤད། སྐབས་དེར་གདོང་ཅུང་སྒོར་བའི་ནད་གཡོག་འགན་འཛིན་པ་སྤོ་བོ་རིན་ཆེན་ལགས་ཀྱི་དཀའ་
སྡུག་ཟུང་འབྲེལ་གྱི་འདས་དོན་དང་ཞུམ་པ་མེད་པའི་སྙིང་སྟོབས། ཁོང་དང་ཨ་ཡེ་སྒྲོལ་མ་སྐྱིད་གཉིས་བར་གྱི་བརྩེ་མདངས་
སོགས་ཀྱིས་ཡིད་འགུལ་དྲག་པོ་ཐེབས་པས་སྔ་ན་མེད་པའི་བཀུར་སྟི་དང་སྙིང་རྗེ་ཞིག་ཁོ་མོའི་སེམས་ཁོང་དུ་དབང་མེད་དུ་
སྐྱེས།
ཕྱི་ཉིན། སྨན་པས་ནད་བབ་ཉེན་བཅར་གྱི་བརྡ་གཏོང་དུས། ཨ་ཡེ་སྒྲོལ་མ་སྐྱིད་སྔར་ལས་ཀྱང་ཞི་ཞིང་ལྷོད་པར་གྱུར་
ཅིང་སྤོ་བོ་རིན་ཆེན་ལགས་ཀྱི་ལག་ཟུང་ལ་དམ་པོར་འཇུས། ཁོ་མོ་ཉིན་ཞག་འགར་གཏན་ནས་གཉིད་མ་མྱོང་ལ་ད་ལྟ་གཉིད་
ལྕོག་རྒྱག་མི་ཕོད་པར་མ་ཟད་གཉིད་འདོད་ཀྱང་མེད། དེ་ཅིའི་ཕྱིར་ཞེ་ན་སྤོ་བོ་རིན་ཆེན་ལགས་སྐད་ཅིག་མའི་ཡུན་ལ་ཁོ་
མོ་དང་བྲལ་ནས་འགྲོ་བར་དོགས་པས་རེད།
སྐབས་དེར། བུ་མོ་ཟླ་སྒྲོན་ཁོ་མོའི་དགའ་རོགས་ཏེ“སྒྱུ་རྩལ་པའི” སྦག་སྦག་འཁོར་ལོའི་འཕོངས་ལས་བབས་
ཏེ་ཐད་ཀར་ཨ་ཕའི་ནད་ཁང་དུ་སོང༌། ཁོ་མོས་ནད་ཁང་གི་གནས་ཚུལ་རྒྱུན་ལྡན་ཞིག་མིན་པ་མཐོང་བས་སྐད་གསང་ཅུང་
དམའ་མོས་ཨ་ཡེ་སྒྲོལ་མ་སྐྱིད་ལ“ཨ་མ་ལགས། ཨ་ཕར་ཅི་བྱུང་བ་ཡིན་ནམ། སྨན་པས་ག་རེ་བཤད་ཀྱིན་འདུག ད་རུང་
རེ་བ་ཡོད་དམ་མེད”ཅེས་ཞིབ་ཏུ་དྲིས། ཨ་ཡེ་སྒྲོལ་མ་སྐྱིད་ཀྱིས་བུ་མོ་གཅིག་པུ་ལ་སྙིང་ནས་གཅེས་ནའང༌། དེ་རིང་ཐང་
ཆད་པའི་སྒོ་ནས་མགོ་བོ་གཡུག་གཡུག་འགའ་བྱེད་པ་ལས་ཅི་ཡང་མ་བཤད། ཁོ་མོའི་མིག་མདངས་ལས་བུ་མོ་ཟླ་སྒྲོན་གྱིས་
རང་ལ་སེམས་གསོ་ཞིག་བྱེད་པའི་རེ་འདུན་གྱིས་ཁེངས་འདུག་པ་གསལ་བོར་མཐོང་ཐུབ།
དེ་ནས་བུ་མོ་ཟླ་སྒྲོན་ཨ་ཡེ་སྒྲོལ་མ་སྐྱིད་ཀྱི་གམ་དུ་སོང་མ་ཐག་ཁོ་མོའི་ལུས་ལ་བྱུགས་པའི་དྲི་བསུང་ལྡང་བའི་བྱུག་
ཆུ་དེ་ཨ་ཡེ་སྒྲོལ་མ་སྐྱིད་ཀྱི་སྣ་ལམ་དུ་འཐུལ། “ཨ་མ་ལགས། ཨ་ཕ་དྲན་པ་སོས་རྗེས་ཁྱོད་ཀྱིས་ཁོང་ལ་ཞུ་བ་བྱས་ཏེ་ལོ་
འདི་འགའི་རིང་ལ་བསྡུ་ཉར་བྱས་པའི་གནའ་བོའི་ཐང་ག་དེ་ཚོ་ང་ལ་བྱིན་དང༌། ངའི་དགའ་གྲོགས་ཟླ་རྗེས་མར་ཨ་མེ་རི་
ཀར་འགྲོ་རྒྱུ་ཡིན་པས། མེ་སྒོར་མང་པོར་བརྗེ་ཐུབ་པ་དང༌། སྐབས་དེར་ཨ་ཕ་ཁྲིད་ནས་ཨ་རི་རྒྱལ་ཁབ་ལ་སྨན་བཅོས་བྱེད་
དུ་སོང་ཡང་ཆོག་ཅེས་བཤད་དུས། ཨ་ཡེ་སྒྲོལ་མ་སྐྱིད་ཀྱི་དྲན་པ་མོག་མོག་པོར་གྱུར་སོང༌།
“ཨ་ཕས་དུས་ནམ་ཡང་ཁྱོད་ཀྱི་ཁ་ལ་ཉན་པས། ཁྱོད་ཀྱིས་བཤད་ན་ཁ་ལེན་ངེས་རེད། ཁྱོད་ཀྱིས་བལྟས་ན་ཅི་
འདྲ་འདུག”ཅེས་སྨྲ་བཞིན་ཨ་ཡེ་སྒྲོལ་མ་སྐྱིད་ཀྱི་ཕྲག་པར་འཇུས་ནས་ཕར་གཡོ་ཚུར་གཡོ་བྱས།
བྱིས་པ་གསུམ་གྱི་ཐོག་ལ་མཛུབ་མོ་གཅིག་ཀྱང་འགུལ་མ་མྱོང་བའི་ཨ་ཡེ་སྒྲོལ་མ་སྐྱིད་ཁོང་ཁྲོ་གཏིང་ནས་ལངས་ཏེ་
དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་པའི་བུ་མོར་འགྲམ་ལྕག་ཅིག་གཞུ་འདོད་ཀྱང༌། བུ་མོའི་མཛེས་ཤིང་སྙིང་རྗེ་
བོའི་ངོ་གདོང་དེ་མཐོང་བ་དང༌། ཡང་དྲ་མའི་ཕྱི་རོལ་ན་ཡོད་པའི་གསར་བུ་སྐྲ་རིང་དེ་རིག་པས་ཁོ་མོའི་སྙིང་མིད་པར་
འཚངས་ཏེ་དབུགས་འབྱིན་དཀའ་བའི་ཚད་ལ་སླེབས་ཀྱང་ཅི་བྱེད་འདི་བྱེད་མེད་པར་གྱུར། སྐབས་དེར་ཟླ་སྒྲོན་གྱིས་
བསམ་བཞིན་དུ་དྲ་མའི་ཕྱི་རོལ་ལ་བལྟ་ཙམ་བྱས་རྗེས“ཨ་མ་ལགས། ང་ལ་ད་རུང་བྱ་བ་གཞན་ཞིག་ཡོད་པས། འགྲོ་རན་
སོང”ཞེས་བཤད་ཅིང༌། ནད་ཁྲི་སྟེང་དུ་དྲན་པ་ཐོར་འདུག་པའི་ཕ་རྒན་ལ་ལྟ་བཞིན་ལྕེ་སྣར་ཞིག་བྱས་རྗེས་སྒོར་བུད་
སོང༌། དེ་ནས་ཅང་མ་འགོར་བར་ཟླ་སྒྲོན་ཡང་བསྐྱར་ཡོང་ནས“ཨ་ཇོ་དོ་རྗེས་ཁོས་ཨ་ཕར་བཤད་པའི་བྱ་བ་དེ་ཅི་འདྲ་
ཡིན་པ་གཅིག་དྲིས་དང༌། ཁོ་རང་ལ་བྱ་བ་མང་པོ་ཡོད་པས་སྨན་ཁང་དུ་ཡོང་ཁོམ་མེད། གལ་ཏེ་བྱ་བ་འདྲ་ཡོད་ན་ཁོར་ཁ་
པར་བརྒྱབ་ཆོག་ཟེར་གི་འདུག”ཅེས་བཤད་རྗེས་སྒོ་ཐག་སེ་བརྒྱབ།
ཨ་ཡེ་སྒྲོལ་མ་སྐྱིད་དྲ་མ་ཁར་སོང་སྟེ་དྲན་པ་ཐོར་བ་ལྟར་ཧད་འདུག … …
ཉིན་ཞག་གསུམ་གྱི་ཞོགས་པར། སྤོ་བོ་རིན་ཆེན་ལགས་ཀྱི་ལག་པ་འགུལ་ཙམ་བྱས་ཤིང་མཆུ་ཤ་འདར་འདར་འགའ་
བྱས་ཏེ་དྲན་པ་ཕྱིར་སོས་བྱུང༌། ཨ་ཡེ་སྒྲོལ་མ་སྐྱིད་དགའ་སྤྲོ་ཚད་མེད་སྐྱེས་ནས་鉊རིན་ཆེན་ལགས། ཁྱོད་རང་ཅི་འདྲ་
རེད”ཅེས་འདྲི་དུས་མཆི་མའི་ཐིགས་ཕྲེང་གིས་ངོ་གདོང་ཡོངས་སུ་ཁེབས། དེ་ནས་སྤོ་བོ་རིན་ཆེན་ལགས་ཀྱི་ངོ་མདངས་
རིམ་བཞིན་ཇེ་ལེགས་སུ་སོང་པས། ཨ་ཡེ་སྒྲོལ་མ་སྐྱིད་ཀྱིས་དེ་ནི་འཆི་རྟགས་ཡིན་པར་དོགས་ནས་སེམས་མི་བདེ་བར་གྱུར།
“ང་རང་དྲན་པ་ཐོར་བའི་སྐབས་དེར་བྱིས་པ་ཚོ་འདིར་ཡོང་མྱོང་ངམ།”སྤོ་བོ་རིན་ཆེན་ལགས་རེ་བའི་ཁེངས་
ནས་ནན་འདྲི་བྱས།
ཨ་ཡེ་སྒྲོལ་མ་སྐྱིད་ཀྱིས་གནས་ཚུལ་ངོ་མ་བཤད་མ་ཕོད་མོད། སྤོ་བོ་རིན་ཆེན་ལགས་ཀྱིས་ཁོ་མོའི་སྐྱོ་སྣང་དང་ཡིད་
ཆད་ཀྱི་མིག་མདངས་ལས་བྱ་བ་གང་འདྲ་ཞིག་བྱུང་ཟིན་པ་རྟོགས་འདུག་པས་མིག་ཟུང་བཙུམ་སྟེ་སེམས་བག་ཕེབས་ནས་
ཅི་ཞིག་ལ་བསམ་བློ་གཏོང་གིན་འདུག ཅུང་ཙམ་འགོར་རྗེས་གློ་བུར་དུ་ཅུང་སྤྲོ་སྣང་སྐྱེས་པའི་ཚུལ་གྱིས་“སྒྲོལ་མ་སྐྱིད་
ལགས། སང་ཉིན་ངེད་གཉིས་མཇལ་སྐོར་ལ་འགྲོ་ཟེར།ཕྱི་ཉིན། ཨ་ཡེ་སྒྲོལ་མ་སྐྱིད་དང་སྤོ་བོ་རིན་ཆེན་གཉིས་མཇལ་སྐོར་ལ་སོང༌། སྤོ་བོ་རིན་ཆེན་ལགས་ལ་ན་ཟུག་དང་
ངལ་དུབ་ཟུང་འབྲེལ་གྱིས་མནར་བཞིན་ཡོད་ན་ཡང༌། ཁོས་རང་གི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་ལྷ་ས་གྲོང་
ཁྱེར་རམ་དེའི་ཉེ་འདབས་ན་ཡོད་པའི་དགོན་ཆེན་ཁག་ཚང་མར་མཇལ་ཏེ་རང་གི་སེམས་པའི་དོན་བྱ་གལ་ཆེན་དེ་འགྲུབ་
པར་བྱས། ཕྱིར་སྨན་ཁང་དུ་སླེབས་དུས་སྤོ་བོ་རིན་ཆེན་ལགས་ངལ་དུབ་ཀྱིས་རོ་ལྟར་གྱུར་མོད། ཁོས་སྔར་བཞིན་སྤྲོ་སེམས་
འཁོལ་བའི་ངང་ནས“སྒྲོལ་མ་སྐྱིད་ལགས། སང་ཉིན་ཕྱི་དྲོ་ཁྱོད་ཀྱིས་བྱིས་པ་གསུམ་པོ་ཡུལ་ལ་བོས་དང༌། ད་ང་རང་ཤི་བ་
ལས་འོས་མེད་པས། སྨན་པ་ལ་གནང་བ་ཞུས་ཏེ་ཕྱིར་སོང་སྟེ་ཁྱིམ་ནོལ་བགོས་ན་བཟང༌། སྔ་དྲོ་ཁྱོད་ཚོང་རར་སོང་ནས་སྔོ་
ཚོད་སྣ་འགའ་ཉོས་དང༌། ང་ཚོ་ཚང་མ་དགའ་འཛོམས་ཐེངས་ཤིག་བྱེད”ཅེས་ལབ་པ་ན། ཨ་ཡེ་སྒྲོལ་མ་སྐྱིད་ཀྱིས་དགའ་
སྐྱོ་མཉམ་འཆར་གྱིས་མགོ་བོ་སྒུར་སྒུར་ལན་འགའ་བྱས། ཁོ་མོ་དགའ་བ་ནི་སྤོ་བོ་རིན་ཆེན་ལགས་དྲན་པ་སོས་ནས་ཁོ་མོ་
དང་ཁ་བརྡ་བྱེད་ཐུབ་པ་དེ་ཡིན་ལ། སེམས་སྡུག་བྱེད་ས་ནི་རང་ཉིད་དང་བྲལ་ཏེ་གཤིན་རྗེའི་ཡུལ་དུ་འགྲོ་ལ་ཉི་བ་དེ་རེད།
ལོས་ཡིན་ཆུང་དུས་ནས་རྒས་པའི་བར་དུ་སྐྱིད་སྡུག་མཉམ་མྱོང་བྱས་པ་ད་ལྟ་ཉིད་དུ་གཏན་དུ་འབྲལ་བའི་དུས་ལ་བབས་
པས་སྡུག་བསྔལ་མེད་པ་ག་ལ་སྲིད།
ཕྱི་ཉིན། སྤོ་བོ་རིན་ཆེན་ལགས་ཀྱི་ས་ན་ཟུག་གི་སྡུག་བསྔལ་ཡོད་ཚད་བསྲན་ཏེ་སྔ་མོ་ནས་ལངས་ཤིང་སྨན་ཁང་གི་
སྒོ་ཁ་ནས་ཕྱིར་རང་ཉིད་ལོ་ཕྱེད་ཙམ་གྱི་རིང་ལ་བསྡད་མྱོང་བའི་ནད་ཁང་དེར་བལྟས་བལྟས་ནས་འཁོར་ལོ་གསུམ་ཅན་གྱི་
རྐང་འཁོར་ཞིག་ལ་བསྡད་དེ་རང་ཡུལ་དུ་ལོག ཡུལ་དུ་སླེབས་རྗེས་ཁོ་རང་རྒྱུན་དུ་སྡོད་པའི་རྐུབ་སྟེགས་དེར་བསྡད་དེ་ཅི་
ཞིག་ལ་འདང་རྒྱག་གིན་འདུག སྐབས་དེར། ཨ་ཡེ་སྒྲོལ་མ་སྐྱིད་ནི་ཁོས་བཤད་པ་ལྟར་ཚོང་རར་སྔོ་ཚོད་ཉོ་བར་སོང་བས་
ཡུལ་ན་མི་གཅིག་ཀྱང་མེད།
སྤོ་བོ་རིན་ཆེན་ལགས་མཆོད་མདུན་དུ་སོང་ནས་སྤོས་བསྒྲོན་ཅིང་ཕྱག་བཙལ་རྗེས། དངོས་པོ་ཙག་ཙིག་བཟུང་སྟེ་
ཁོ་རང་ལ་མཚོན་ན་གལ་ཧ་ཅང་ཆེ་བའི་བྱ་བ་ཞིག་བསྒྲུབ་ཏུ་སོང༌།
དུས་ཚོད་གཅིག་ལྷག་ཙམ་གྱི་རྗེས་སུ། སྤོ་བོ་རིན་ཆིན་ལགས་ཀྱི་གདོང་ལ་ཡིད་ཚིམས་པའི་སྤྲོ་སྣང་ཞིག་འཆར་
བཞིན་ཕྱིར་རང་ཁྱིམ་དུ་ལོག ཁོས་ཁྱིམ་གྱི་རིན་ཐང་ཡོད་པའི་དངོས་པོ་ཡོད་དོ་ཅོག་ཁང་པའི་དཀྱིལ་དུ་སྤུངས་ཤིང་སྟེང་
དུ་རླངས་སྣུམ་མང་པོ་བླུགས་རྗེས། རང་ཉིད་དེའི་སྟེང་དུ་སྐྱིལ་ཀྲུང་དུ་བསྡད་དེ་འབར་ཞུན་བསྒྲོན … …
འུར་འུར་དུ་ལྡང་བའི་རླུང་འཚུབ་ཀྱིས་ལང་ལོང་འཕྱུར་བའི་དུ་ནག་ནམ་མཁའི་དབྱིངས་སུ་དྲངས་ཤིང༌། སྙིང་རྗེ་
མེད་པའི་མེ་ལྕེས་ཡོད་ཚད་ཁྱུར་མིད་གཏོང་གིན་འདུག ཅང་མ་འགོར་བར་སྤོ་བོ་རིན་ཆེན་ལགས་ཀྱི་རྒྱུ་རྫས་དང་ཁང་པ།
སེམས་ཁོང་གི་སྐྱོ་སྣང༌། ཆད་ཟིན་པའི་རེ་འདུན་སོགས་ཁོའི་ཆེས་མཐའ་མའི་དུས་སྐབས་དང་གཅིག་ཏུ་བསྡོངས་ནས་ཐལ་
བར་གྱུར་ཅིང༌། ལང་ལོང་དུ་འཕྱུར་བའི་དུ་ནག་དང་མཉམ་དུ་བར་སྣང་ལ་འཐིམ།
ཨ་ཡེ་སྒྲོལ་མ་སྐྱིད་ཚོང་ར་ནས་ཕྱིར་ཡོང་དུས་རང་ཚང་གི་སྒོ་ཁ་ན་མི་མང་པོ་ཚོགས་ཡོད་པ་དང་ཁང་པ་ཚང་མ་
ཐལ་བར་གྱུར་ཡོད་པ་མཐོང་འཕྲལ། དོན་དག་ཅི་ཞིག་བྱུང་བ་མྱུར་མོར་ཚོར་བྱུང་བས་གནམ་ས་ཁ་ལོ་བརྗེས་པ་ལྟར་ཐང་
ལ་འགྱེལ་ནས་ཅི་ཡང་མི་ཤེས་པར་གྱུར། དྲན་པ་སོས་དུས་ཁྱིམ་མཚེས་དབྱངས་ཅན་མ་ཚང་གི་ཚ་ཐབ་སྟེང་དུ་ཉལ་འདུག
སྙིང་རྗེ་ཅན་གྱི་དབྱངས་ཅན་མ་ཁོ་མོའི་ལོགས་སུ་ཙོག་པུར་བསྡད་ཡོད་ཅིང༌། སྐྱོ་སྣང་དང་སྙིང་རྗེའི་སྒོ་ནས“རླུང་འཚུབ་
ཧ་ཅང་ཆེ་བས་ང་ཚོར་སྐྱོབ་ཐབས་བྲལ་སོང༌། ཁྱོད་རང་ཐུགས་རྒྱལ་བཞེངས་མི་ཉན། མི་ཤི་རྗེས་གསོན་ཐབས་མེད་པས།
སེམས་སྡུག་བྱས་ཀྱང་ཅི་ཡོང༌། འོ། ཉིན་དེར་ཁོ་རང་ངེད་ཚང་ལ་ཡོང་ནས་དངོས་པོ་འདི་དག་ཁྱོད་ལ་སྤྲོད་ཅིག་ཟེར།
སྐབས་དེར་ང་ལ་དོགས་པ་སྐྱེས་རུང་འདྲི་མ་ཕོད”ཅེས་བཤད་བྱུང༌།
དབྱངས་ཅན་མས་སྤོ་བོ་རིན་ཆེན་ལགས་ཀྱིས་ཁོ་མོར་སྤྲད་པའི་དངོས་པོ་དེ་ཁྱེར་ཡོང་ནས་ཨ་ཡེ་སྒྲོལ་མ་སྐྱིད་ཀྱི་
མདུན་དུ་བཞག་སྟེ་ཁ་ཕྱེ་བ་ན། དེའི་ནང་དུ་རིན་ཐང་བྲལ་བའི་གནའ་བོའི་ཐང་ག་གསུམ་པོ་ལས་གཞན། གོས་དམར་པོས་
བཏུམ་པའི་རས་ཐུམ་ཆུང་ཆུང་ཞིག་ཀྱང་ཡོད། ཨ་ཡེ་སྒྲོལ་མ་སྐྱིད་ཀྱིས་རས་ཐུམ་དེ་མཐོང་མ་ཐག་འོད་མདངས་ཡལ་ལ་ཉེ་
བའི་མིག་ཟུང་གློ་བུར་དུ་ཇེ་གསལ་ལ་སོང་ནས། མྱུར་དུ་ཐུམ་པོ་དེའི་ཁ་ཕྱེ … …
ཁོ་མོ་སླར་ཡང་བརྒྱལ་སོང༌། དྲན་པ་སོས་དུས། ལོ་ངོ་ཉི་ཤུའི་སྔོན་དུ་སྤོ་བོ་རིན་ཆེན་ལགས་ཀྱིས་གཞན་ལ་བཙོངས་
པའི་བྱུ་རུ་ཆུང་ཆུང་དེ་གཉིས་སྤར་མོས་དམ་པོར་བཅངས་འདུག ཆ་འགྲིག་པའི་བྱུ་རུ་དེ་གཉིས་སྔར་བཞིན་འོད་འཚེར་
ཞིང༌། ཆ་རྒྱུས་ཡོད་པའི་དངུལ་འཛེར་དེ་གཉིས་ཀ་སྔར་བཞིན་རེ་རེའི་སྟེང་དུ་འཛེར་ཡོད་པ་སོགས་མཐོང་བས། ཨ་ཡེ་སྒྲོལ་
མ་སྐྱིད་བསམ་རྒྱུ་དྲན་རྒྱུ་ཅི་ཡང་མེད་པར་གྱུར་སོང … …
ཉིན་གསུམ་གྱི་རྗེས་སུ། ཨ་ཡེ་སྒྲོལ་མ་སྐྱིད་གར་སོང་ཆ་མེད་དུ་གྱུར་ལ། དེ་ནས་བཟུང་ཁོ་མོ་གང་ལ་སོང་བ་དང༌།
ད་རུང་འཇིག་རྟེན་འདི་ན་ཡོད་མེད་ནི་གསང་བ་ཞིག་ཏུ་གྱུར་ཏེ་སུ་ལའང་བཤད་རྒྱུ་མེད།
ཐོག་མར་མི་ལ་ལས་ཁོས་ཆ་འགྲིག་པའི་བྱུ་རུ་དེ་གཉིས་ཁྱེར་ནས་མངའ་རིའི་ཕྱོགས་སུ་གངས་རིན་པོ་ཆེར་མཇལ་
སྐོར་དུ་སོང་ཟེར། ཡང་ལ་ལས་སྤོ་བོ་རིན་ཆེན་ལགས་ཀྱི་རྣམ་ཤེས་དང་མཉམ་དུ་ནུབ་ཕྱོགས་བདེ་བ་ཅན་ལ་སོང་ཞེས་སྨྲ་
ཞིང༌། ལ་ལས་དམོད་མོའི་ཚུལ་གྱིས་ཁོ་གཉིས་འདྲེ་རུ་སྐྱེས་ནས་མཉམ་དུ་འགྲོ་བཞིན་པ་མཐོང་མྱོང་ཟེར་མཁན་ཡང་ཡོད།
ཡིན་ན་ཡང༌། དོན་དག་དེ་དངོས་གནས་ཅི་འདྲ་ཞིག་ཡིན་པ་གོང་ནས་བཤད་པ་ལྟར་སུས་ཀྱང་མི་ཤེས་ལ་སུ་ལའང་བཤད་
རྒྱུ་མེད། དུས་ཀྱི་འགྲོས་དང་བསྟུན་ནས་དོན་དག་འདི་མི་རྣམས་ཀྱིས་རིམ་བཞིན་བརྗེད་དེ་ཨ་ཡེ་སྒྲོལ་མ་སྐྱིད་རང་ཉིད་
དང་མཚུངས་པར་གར་སོང་ཆ་མེད་དུ་གྱུར་འདུག
(ཚེ་རིང་མཁར་གྱིས鉄བོད་ཀྱི་རྩོམ་རིག鉅ལས་བདམས་ཏེ་བསྒྱུར)
(རྩོམ་སྒྲིག་པ་བསྟན་གོ་ཡིན)