༄༅།། ལྷན་དུ་འཛོམས་པ།
གཅན་ཚའི་རྡོ་རྗེ་རིན་ཆེན།
གཅིག།
གྲམ་ཆུ་སྔོན་མོ་ནི་བར་མེད་རྟག་ཏུ་བཞུར་བཞིན་འདུག གྲམ་ཆུ་ཁོ་ནའི་སྟེང་ནས་ཀྱང་ས་འདི་གའི་ལོ་རྒྱུས་ཐུང་
ངུ་ཞིག་བར་མ་ཆད་པར་ངག་ལས་བརྗོད་ཆོག་ཆོག་ཡིན། གྲམ་ཆུའི་འགྲམ་ན་རྡོ་བས་བརྩིགས་པའི་ཆུ་སྟེགས་མི་ཆུང་བ་
ཞིག་ཀྲོང་ངེར་འགྱིང་ཡོད་པ་དེ་ནི་ཆུ་ལེན་མ་རྣམས་ཀྱིས་མི་རབས་ནས་མི་རབས་བར་བཀོལ་སྤྱོད་བྱས་པར་བརྟེན་ཟོ་
ཞབས་ཀྱི་རྗེས་ཀྱང་བབས་འདུག ཆུ་སྟེགས་ཀྱི་འགྲམ་ནས་ལམ་ཕྲན་གྱ་མ་གྱུ་ཞིག་ཁད་རིང་སའི་སྒང་འབུར་ཆུང་ཆུང་
ཞིག་གི་མགོར་ཟུག་ཡོད་ཅིང༌། དེ་ནས་སླར་ཡང་ལུང་བ་ཞིག་གི་ནང་དུ་ཐད་ཀར་བསྲིངས་འདུག
གནའ་ནས་གཞིས་ཆགས་པའི་ཕ་བཞི་ཚོ་བས་མི་རབས་ནས་མི་རབས་བར་ལུང་བ་འདིར་འཚོ་བ་རོལ་བཞིན་ཡོད།
ལུང་ཁོག་ཆེ་ཞིང་རྩྭ་ཡན་མང་པོ་སྐྱེས་ཡོད་པས鉄མི་རོ་རྩེ་སྒྲུང鉅ནང་གི“དུར་ཁྲོད་བསིལ་བ་ཚལ”ཟེར་བ་ནི་འདི་ལོས་
ཡིན་སྙམ་པ་ཞིག་འདུག དཀན་གཟར་གྱི་ལུང་ངོས་དཔངས་མཐོ་ཞིང་རྩྭ་དང་རྩི་ཤིང་ཅི་ཡང་མེད་པས་སྐྱ་ཐིང་ངེར་སྣང་
ལ་སྔ་དྲོའི་ཉི་འོད་ཁེལ་བ་ཤིན་ཏུ་འཕྱིས། ལུང་ཁ་ནས་མར་བལྟས་ཚེ་དུད་ཁྱིམ་རྣམས་ནི་གཤིན་རྗེའི་སླ་ང་དམར་པོ་ཞིག་
གི་ནང་དུ་བཅུག་པ་དང་མཚུངས།
དེ་སྔོན་རྫོང་གི་ས་གཤིས་རུ་ཁག་ཅིག་སྡེ་བ་འདིར་སླེབས་མྱོང༌། ཁོ་ཚོ་ལུང་མགོ་དང་ལུང་སྐེད། ལུང་མདོ་བཅས་
ལ་ཐེངས་མང་པོར་ཉུལ་ནས་རྟོག་དཔྱོད་གང་མང་བྱས་མཐར་འབྲི་དེབ་ཆེན་པོ་ཞིག་གི་ངོས་སུ་ནང་དོན་ཤེས་དཀའ་བའི་
རྒྱ་ཡིག་འགའ་བྲིས་པ་དང་དེ་ནས་སྡེ་བའི་མི་ཡོད་ཚད་གཅིག་ཏུ་བསྡུས་ཏེ་ཕ་བཞི་སྡེ་བའི་ས་གཤིས་མི་ལེགས་ཤིང་ཚྭ་སྒོ་
ཆེ་བས་སོ་ནམ་བྱེད་པའི་མདུན་ལམ་ཆེན་པོ་མེད་པར་མ་ཟད། རང་བྱུང་གི་གནོད་འཚེའང་ཐེབས་སླ་བས་མི་ལུས་ཀྱི་བདེ་
འཇགས་ལ་ཉེན་ཁ་ཧ་ཅང་ཆེ་ཚུལ་ཁྱབ་བསྒྲགས་བྱས།
ཡིན་ན་ཡང༌། ཚིག་དེས་སྡེ་བའི་མི་རྣམས་ལ་འཇིགས་སྣང་སྤུ་ཙམ་ཡང་སྐྱེད་མ་ནུས། རང་བྱུང་ཁམས་ཀྱི་ས་འགུལ་
དང་དྲག་རླུང༌། ཐན་པ། ཁ་ཆར་བུ་ཡུག་གི་གནོད་འཚེ་མུ་ནས་མུ་དང་རབ་དང་རིམ་པར་ཐེབས་ན་ཡང་ཁོ་ཚོས་སྔར་
བཞིན་སེམས་བདེ་བདེ་དང་ཤ་ལྷོད་ལྷོད་ཀྱི་ངང་ནས་འཚོ་བ་རོལ་བཞིན་གདའ།
སྡེ་བ་འདིར་དཔྲལ་བ་ན་གཉེར་མ“ཟ”ཡིག་ལྟར་ཆགས་ཤིང་མགོ་སྐྲ་དཀར་བའི་རྒན་རྒོན་སྐོར་ཞིག་ཡོད་པ་
དེ་དག་ནི་ཡུལ་འདིའི་མི་རབས་སྔོན་མའི་ཁྲོད་ཀྱི་ཆེས་རྗེས་མའམ། ཡང་ན་མི་རབས་རྗེས་མའི་ཁྲོད་ཀྱི་ཆེས་མགོ་མ་ཡིན།
ཁོ་ཚོ་ཉིན་རྒྱུན་མ་ཎི་ཁང་དུ་འདུས་ཏེ་ཐོག་མར་ཚང་མས་ཁ་མུར་མུར་གྱིས་མ་ཎི་འདོན་ཅི་ཐུབ་བྱེད་པ་དང༌། ཅུང་ཙམ་
ཐང་ཆད་པ་ན་ངང་ངམ་ཤུགས་ཀྱིས་ནམ་ཡང་བཤད་ཚར་རྒྱུ་མེད་པའི་མི་རབས་གཉིས་ཀྱི་ཁ་བརྡའི་ནང་དུ་འཁོར་བར་
འགྱུར།
“ཨེ—ཁ་སང་ཡོང་བའི་རྫོང་གཙོ་དེ་ལོ་དེ་འདྲའི་ཆུང་བ་ལ།”ཞེས་རྒད་པོ་ཁ་ན་སོ་མེད་པ་ཞིག་གིས་ཁ་
བརྡའི་མགོ་གླེང༌།
“འོ་ཡ། ངས་ཀྱང་མཐོང་བྱུང༌།”དེ་ནི་རྒན་མོ་མིག་ཡས་མའི་སྐད་རེད།
“ཚོགས་འདུའི་ནང་དོན་ཅི་ཞིག་ཡིན་ནམ། 鉋
“ངེད་ཚང་གི་བུ་མོས་བཤད་ན། ད་ལྟ་ཕྱི་རྒྱལ་དུ་འཁྱམས་པའི་མི་སྐོར་ཞིག་སྔ་ཕྱིར་རང་རྒྱལ་དུ་ལོག་བཞིན་
ཡོད་པ་དང༌། དེ་ལ་སྲིད་གཞུང་གིས་རྒྱབ་སྐྱོར་གནང་བའི་སྐོར་རེད་ཟེར།” རྒན་མོ་སོ་མེད་པ་ཞིག་གིས་དེ་སྐད་སྨྲས།
སྐད་ཆ་དེ་ཐོས་མ་ཐག་ཁོ་ཚོའི་གྲས་ཀྱི་ལོ་ན་ཆེས་བགྲེས་པའི་རྒན་མོ་དེ་གཉིད་ལས་སད་པ་ལྟར་རྣམ་རིག་རྒྱས་
ཤིང༌། མིག་ཟུང་དུ་མཆི་མ་ཀོ་རོ་རོ་འཁྱིལ་བ་དང་གཞན་གྱིས་ཐོས་མི་ཐུབ་པའི་སྐད་ཀྱིས། “དཀོན་མཆོག་གསུམ། ངའི་
བུ་ཡང་ས་དེ་ན་ཡོད་པར་སྨོན” ཟེར་བཞིན་སྙིམ་པ་སྤྱི་བོའི་གཙུག་ཏུ་བཀོད།
“ཆོས་མོ་མཚོ་ལ་དེ་རིང་ཅི་བྱུང་བ་རེད། ད་རུང་མི་སླེབས་པ་འདི། 鉋རྒན་མོ་ཞིག་གིས་མགོ་བོ་ཕར་འཁོར་ཚུར་
འཁོར་བྱས་ཏེ་གཏམ་གློ་བུར་བ་དི་གླེང༌།
“ན་བ་འདྲ་བྱུང་བ་མིན་ནམ།”
“ཁོ་མོའི་བུ་ཚེ་རིང་ཐར་ཡང་ཕྱི་རྒྱལ་ན་ཡོད་ན་ཐང༌། བློ་ཕངས་པ་ཞིག་ལ་ཁོ་མོ་ཚང་གིས་གཞེས་ནིང་ལོར་
གཤིན་པོའི་འདས་མཆོད་བཏང་ཟིན།”
“མིན། ཕྱི་རྒྱལ་དུ་ཡོད་ན་ད་རེག་བར་དུ་མི་ཤེས་རྒྱུ་ག་ལ་ཡོད།” དེ་ནི་རྒན་པོ་ལུས་རིད་ཅིང་ཉམ་ཐག་པ་
ཞིག་རེད།
“ཨ་ཡ། དེ་དུས་གུང་ཁྲན་ཏང་འདི་འདྲའི་བྱམས་སེམས་ཅན་ཡིན་པ་ཤེས་ཡོད་རྒྱུ་ན་ཁོ་ཚོ་ཕ་ཡུལ་དང་ཁ་
འབྲལ་དོན་མེད།”
“ཁ་རོག ཁ་རོག ད་དེའི་སྐོར་གླེང་ན་སེམས་ཇེ་སྡུག་རེད།”
“ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ… …”
རྒན་རྒོན་ཚོས་སླར་ཡང་ཁ་ཏོན་ཟློ་མགོ་བརྩམས།
ཉིན་གུང་ཡོལ་བ་ན། ལུང་བ་འདི་རུ་ཉི་འོད་ཕྲ་མོ་ཙམ་ཡང་མཐོང་དཀའ། འོད་མདངས་ཡལ་བའི་ཉི་མ་སྤྲིན་
རུམ་དུ་ཡིབས་པས་རྒན་རྒོན་ཚོས་ནམ་ཟླ་ཇེ་འཁྱག་ལ་སོང་བ་ཤེས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་ཡར་ལངས་ནས་
ཁ་ཏོན་ཟློ་བཞིན་རང་རང་གི་ཁྱིམ་དུ་ལོག ཨ་ཙི། དཔྲལ་བའི་དཀྱིལ་ན་སྨེ་བ་ནག་པོ་ཅན་གྱི་རྒན་མོ་ཞིག་ད་དུང་སྔར་
གྱི་གནས་སུ་ཁ་མིག་འགུལ་བ་མེད་པར་ཧྲིག་གེར་བསྡད་འདུག དེ་ནི་རྒན་མོ་ཚོའི་ཁྲོད་ཀྱི་ལོ་ན་ཆེས་བགྲེས་པ་དེ་རེད། ཁོ་
མོ་འདང་རྒྱག་གི་ནང་དུ་ལྷུང་ཡོད་པ་འདྲ། ཕལ་ཆེར་རང་གི་ཤ་ཁྲག་ལས་མཆེད་པའི་བུ་བསྟན་པ་དྲན་དྲགས་ཏེ་སྐྱོ་གདུང་
ཚད་མེད་སྐྱེ་བཞིན་ཡོད་ཚོད་རེད།
ཁོ་མོ་ནི་སེམས་སྡུག་གིས་མནར་བཞིན་པའི་ཨ་ཡེ་རྡོ་རྗེ་སྐྱིད་རེད།
ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་གདོང་ན་རྒས་ཉམས་མེད་པའི་སྐབས་ཏེ། ལོ་ངོ་བཞི་བཅུའི་གོང་རོལ་ཏུ། ལུས་ལ་དམག་ལྭ་
སེར་པོ་གྱོན་ཞིང་ཐོད་ལ་རྩེ་ལྔའི་སྐར་དམར་བཏགས་པའི་བཅིངས་འགྲོལ་དམག་མི་ཡོང་སྐབས། མི་ཁ་ཤས་གོ་མིན་ཏང་
གི་གསང་མྱུལ་གྱིས་དཀྲུགས་ཤིང་དང་གཡོ་འོག་ཏུ་ཚུད་དེ་གུང་ཁྲན་ཏང་སླེབས་བྱུང་བས་ད་ནི་ཡག་པོ་ཞིག་ཅི་ནས་ཀྱང་
མི་ཡོང་སྙམ་སྟེ་ཕ་མ་བུ་ཕྲུག་དང་བྲལ་ནས་གར་སོང་ཆ་མེད་དུ་གྱུར།
རྗེས་སུ། ཕྱི་རོལ་ཏུ་འཁྱམས་པའི་ཕ་བཞི་སྡེ་བའི་མི་ཕལ་ཆེར་སྔ་ཕྱིར་ཕ་ཡུལ་དུ་ལོག་སྟེ་སླར་ཡང་ལུང་བ་འདིའི་སྡེ་
གྲལ་དུ་ཞུགས། ཡིན་ན་ཡང་བུ་ཚེ་རིང་ཐར་དང་བསྟན་པ་གཉིས་གཏན་ནས་ལོག་རྒྱུ་མེད་པར་གྱུར། གཉིས།
ལོ་འདི་དག་གི་རིང་ལ། རྫོང་ཐོག་ནས་ཕ་བཞི་སྡེ་བར་བགྲོད་སའི་ལམ་ཕྲན་སྟེང་དུ་ཡིག་སྐྱེལ་བ་བགྲེས་པོ་ཀའོ་
ལགས་ཉིན་འགའ་རེའི་བར་ནས་ཐེངས་རེ་མཐོང་ཐུབ། ཁོ་རྒྱུན་དུ་རྟ་དཀར་པོ་ཞིག་ལ་ཞོན་ནས་ཡོང་བ་དང༌། ལུས་ཡོངས་
སུ་ལ་བ་སྡོན་པོ་ཆ་ཚང་ཐག་བབ་ཅིག་གྱོན་འདུག དགུན་དུས་ས་གཞི་ཧྲིལ་བོ་སྐྱ་ཐལ་བར་སྣང་བའི་སྐབས་སུ་ཡང་ཁོས་ད་
དུང་ལྭ་བ་གཏན་ནས་མི་བརྗེ་བས་བྱིས་པ་ཚོས་ཁོ་ལ“རྒྱ་སྔོ་རིས”ཟེར། ཡིན་ན་ཡང༌། དེ་ནི་ཁོའི་མཚང་མིང་ཞིག་
གཏན་ནས་མིན།
ཡིག་སྐྱེལ་བའི་རྟའི་རྒྱབ་ཀྱི་ཏ་ལེན་དེ་ཡང་ཁ་དོག་སྔོ་ལྗང་ཅན་ཞིག་སྟེ། དེའི་ནང་དུ་སྡེ་མི་རྣམས་དགྱེས་པར་བྱེད་
པའི་དངོས་པོ་རྩ་ཆེན་ཁོ་ནས་བཀང་ཡོད། ཁོ་སྡེ་བའི་ནང་དུ་ཡོང་ཐེངས་རེར་མི་ཚོས་ཁོའི་གདོང་ལ་ལྟ་བཞིན་འཛུམ་
དམུལ་ལེར་རང་གི་བུ་ཕྲུག་དང་སྤུན་ཟླ། ཕ་མ་དག་རྒྱང་རིང་གི་སློབ་གྲྭའམ། ཞོར་ལས་སུ་སོང་བ་ཀུན་གྱི་འཕྲིན་བཟང་ལ་
རེ་སྒུག་བྱས་ཡོད།
རྫོང་མཁར་དང་ཕ་བཞི་སྡེ་བའི་བར་ཐག་ཅུང་རིང་ཞིང༌། རྟ་ལ་ཞོན་ནས་སོང་ན་ཡང་སྔ་དྲོའི་ལམ་ཡིན་པས་ཡིག་
སྐྱེལ་བ་ཀའོ་ལགས་འོང་འཕྱིས་ན་སྐབས་འགར་ཞག་སྡོད་བྱེད་དགོས་པ་དང༌། ཕྱི་ཉིན་སླར་ཡང་སྡེ་བ་གཞན་ལ་ཡི་གེ་སྐྱེལ་
དགོས། དེ་ལྟར་བོད་སྡེ་མང་པོར་འགྲིམས་པས་ཁོས་བོད་སྐད་བཤད་པའི་ཚེ་ཁ་ལྕེ་དེ་འདྲ་མི་དག་པ་མ་གཏོགས་བོད་
རིགས་ཤིག་དང་ཁྱད་པར་མི་འདུག
ཡིག་སྐྱེལ་བ་ལུང་མདོ་ནས་འབུད་ཐེངས་རེར་ཐོག་མར་མཐོང་མཁན་ནི་བྱིས་པ་རྣམས་ཡིན། ཁོ་ཚོས་ཀྱང་ཉིན་
འགའ་རེའི་བར་ནས་ཡིག་སྐྱེལ་བ་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་པས། ཁོ་མཐོང་མ་ཐག་སྐད་གསང་མཐོན་པོས“རྒྱ་
སྔོ་རིས་སླེབས་བྱུང鉋ཟེར་ཞིང་མཆོང་ལྡིང་བྱེད་བཞིན་མདུན་བསུ་བར་རྒྱུག་ངེས་ཡིན། དུས་དེར། ཁོས་ཀྱང་སྐད་གསང་
མཐོན་པོས“བརྒྱུགས་ལ་ཤོག སུ་སྔོན་མ་ཡིན་ན་དེ་ལ་ཀ་ར་མང་པོ་སྟེར།” ཞེས་ཀུ་རེ་མིན་ལ་ཀུ་རེ་དང་མཚུངས་
པའི་སྐད་ཆ་བཤད་སྲིད།
དེ་རིང༌། ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་འདུག
ཡིག་སྐྱེལ་བ་ཀའོ་ལགས་ལུང་མདོར་སླེབས་རྗེས་ལོབས་ཕྱོགས་ཀྱིས་རྟ་ལྭས་བབས་པ་དང༌། རྟའི་རྔོག་མའི་སྟེང་དུ་
ཆགས་པའི་ཁ་བ་སྤྲུགས་སྤྲུགས་ཤིག་བྱས་རྗེས་ཕ་བཞི་སྡེ་བའི་ནང་དུ་སོང༌། ཁོས་མིག་གིས་ཡར་མར་ལ་སྐོར་ལྟ་ཞིག་བྱས་
ཀྱང་བྱིས་པ་གཅིག་ཀྱང་མ་མཐོང༌། གྲང་ནས་འདར་སིག་སིག་བྱེད་པའི་ཁྱི་གུ་འགའ་དུད་ཁྱིམ་གྱི་སྒོ་འགྲམ་ན་མགོ་བོ་
རུམ་ལ་བཅུག་རྗེ་ལུས་སྒོང་སྒོང་བྱས་ནས་ཉལ་འདུག
ཡིག་སྐྱེལ་བས་བྱང་ཆ་ལྡན་པའི་ངང་རྟ་རྒན་ཁྱིམ་ཚང་ཞིག་གི་སྒོ་ཁའི་སྡོང་རྩར་བཏགས་རྗེས། རྒྱལ་སྒོ་ཕྱེས་ཏེ་ནང་ལ་སོང༌།
འཆུག་མི་སྲིད། ཁོས་ཅི་ཡང་ཤེས། ཁོ་ཨ་ཡེ་རྡོ་སྡེ་སྐྱིད་ཚང་ལ་འགྲོ་བཞིན་ཡོད།
ཨ་ཡེ་རྡོ་རྗེ་སྐྱིད་ཚང་གི་ལྷས་ར་ཅུང་གཟར་ཞིང་ཆེ་རྒྱུ་མེད། ལྷས་དཀྱིལ་ན་གྱང་དམའ་མོ་ཞིག་བརྡུངས་ཡོད་པ་དེས་
མི་དང་ཕྱུགས་ཟོག་གི་སྡོད་མཚམས་དབྱེ་འདུག་པ་འདྲ། ཁྱམས་ན་མཐིལ་ཤིང་བཏིང་མེད་ཀྱང་བལ་གདན་ཧྲུལ་བོ་ཞིག་
ཡོད་པ་དེའི་སྟེང་དུ་སུ་ཡང་སྡོད་ཆོག
ཨ་ཡེ་རྡོ་རྗེ་སྐྱིད་ཀྱང་མ་ཎི་ཁང་ནས་ད་སོ་མ་ཁྱིམ་དུ་སླེབས་མ་ཐག་རེད། ཁོ་མོ་མོ་ལོ་བདུན་ཅུའི་སྟེང་གི་མི་ཡིན་
ཡང་ད་དུང་དྲན་པ་གསལ་ལ་རང་ལྕོགས་ཐུབ། ཡིན་ན་ཡང༌། ལོ་བཅུའི་གོད་ཆག་གི་ཁྲོད་དུ་ཁོ་མོའི་རྐང་པ་གཡོན་མ་
འཐེང་བོར་གྱུར་པས་ལམ་དུ་འགྲོ་ཚེ་ལུས་པོ་གཡོན་ཙམ་གཡོན་ཙམ་བྱེད། བུ་བསྟན་པ་ཁྱིམ་དང་ཁ་བྲལ་ཞིང་ཁྱོ་བོ་ཤི་བའི་
དུས་དེ་ནས་བཟུང་ཁོ་མོ་ཁྱིམ་འདིའི་བཟའ་དཔོན་དུ་གྱུར་ལ། མནའ་མ་གསེར་མོ་མཚོར་ཤ་ཇེ་ཚ་དང་སྙིང་ཇེ་ཉེར་སོང༌།
དེའི་དབང་གིས་གསེར་མོ་མཚོས་ཀྱང་ཤུལ་དུ་ལུས་པའི་བུ་ཆུང་རིག་ལྡན་དང་ཨ་ནེ་གཉིས་ཀྱི་ངོ་མ་ཆོད་པར་བཟོད་བསྲན་
གྱིས་ཉིན་མཚན་རེ་རེར་སྙིང་ནས་ཡལ་མི་ཐུབ་པའི་ཁྱོ་བོ་ཡུལ་གང་ཞིག་ནས་ཕྱིར་ལོག་པར་རེ་སྒུག་བྱས།
ཡིག་སྐྱེལ་བ་ཀའོ་ལགས་ཐབ་ཀའི་ཡར་སྒྱེད་དུ་བོད་རིགས་རྒན་པོ་ཞིག་དང་འདྲ་བར་སྐྱིལ་དྲུང་གིས་བསྡད་དེ། ཏ་
ལེན་ལག་ཏུ་བཟུང་ནས་ཁ་འདིག་འགྲོལ་ཞོར་དུ“དེ་རིང་ཡང་ཡི་གེ་ཞིག་འདུག”ཟེར།
ཁོས་དེ་ལྟར་མ་བཤད་ན་ཡང་ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་སྔར་ནས་ཡི་གེ་ཞིག་ཡོད་པར་ཡིད་ནས་ཁག་ཐེག་བྱས་ཡོད།
དེ་ནི་ཁོ་མོའི་ཉམས་མྱོང་ལས་བྱུང་བའི་གདེང་ཚོད་ཡིན། ཆ་སྟེགས་གོང་མ་ན་ཡིག་ཤུབས་མང་པོ་བརྩེགས་འདུག་པ་དེ་
དག་ཀྱང་ཡིག་སྐྱེལ་བས་ཁྱེར་ཡོང་བའི་ཡི་གེ་རེད། ཚ་བོ་རིག་ལྡན་སློབ་གྲྭ་ཆེན་མོར་འགྲི་མས་པ་ནས་བཟུང་ཡིག་སྐྱེལ་བ་
ཀའོ་ལགས་ཁྱིམ་འདིར་བདེ་སྐྱིད་འབའ་ཞིག་སྐྱེལ་མཁན་གྱི་མགྲོན་པོ་རྩ་ཆེན་དུ་གྱུར།
“རིག་སྡན་གྱིས་ཆུང་མ་ཞིག་བཙལ་སོང་བ་མིན་ནམ”ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་མིག་ཅེ་རེར་ཡིག་སྐྱེལ་བའི་གདོང་
ལ་བལྟས། དཔྲལ་གཉེར་སྟེང་གི་སྨེ་བ་འགུལ་ཙམ་འགུལ་ཙམ་བྱེད།
“སུས་ཤེས། ཡིག་ཤུབས་ཀྱི་ཁ་མ་གཤགས་ན།” ཡིག་སྐྱེལ་བས་འཕྲིན་ཡིག་ཅིག་ཟུར་དུ་བླངས།
“ང་སྐྲག་སྐྲག་ཅིག་རེད། དགུན་གནང་སྐབས་སུ་ཁོས་ངས་བཙལ་བའི་མནའ་མར་ཁས་མ་བླངས། ཚུགས་ཀར་
བལྟས་ན་ཁོར་རང་འཐད་ཀྱི་ཆུང་མ་ཞིག་ཡོད་པ་འདྲ། བླ་མ་རིན་པོ་ཆེ—ཁོས་ས་དེ་ནས་ལས་བྱེད་པ་ཞིག་ཆུང་མར་
བླངས་ན་ཅི་བྱེད། ང་གང་ལྟར་ཤི་འགྲོ་ཡང་ཁྱིམ་ཤུལ… …ཨུན་ཨུ་ཨུན… …ང་ཨ་ཡེ་རྒན་ཚང་ཞིག ཨུན་ཨུན་
ཨུན… …”ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་མིག་ཆུ་དང་སྣ་ཆུ་ལག་པས་འབྱིད་བཞིན་ངུ་ཚུལ་ལ་བལྟས་ན་ཁོ་མོའི་ཁོག་སྡུག་དེ་
གཏན་ནས་སངས་ཐུབ་ཀྱི་མེད་པ་ཤེས་ཐུབ།
“ཨ་ཡེ—ཁྱོད་མ་ངུ༌། རིག་ལྡན་ནི་སློབ་གྲྭ་ཆེན་མོ་བ་ཡིན་པས་ཁྱིམ་གྱི་གནས་ལུགས་དང་འགལ་བའི་བྱ་བ་
སྐྲུབ་མི་སྲིད།”
“སུས་ཤེས། ང་ཤི་ན་དུར་ཁུང་ནས་ལྟ། 鉋 ཟེར་ཞིང་ཨ་ཡེ་རྡོ་རྗེ་སྐྱིད་སྔར་བཞིན་ངུས།
“ཁྱོད་གཉིས་ཀྱིས་དཔྱད་པ་གཏོང་དགོས་དོན་མེད། ཡི་གེའི་ངོས་ལ་བལྟས་ན་ཤེས་ངེས་ཡིན།” གསེར་མོ་
མཚོས་འགྲུལ་བར་འོ་ཇ་གང་བསྣན་རྗེས་ཁ་གྲགས་བྱུང༌།
ཡིག་སྐྱེལ་བས“དེ་རེད། དེ་རེད། ཡང་ཁྱོད་དགེ་རྒན་བསམ་འཕེལ་འབོད་དུ་འགྲོ་དགོས་འདུག ཨ་ཡ——
ངས་ཀྱང་བོད་ཡིག་ཅིག་ཤེས་ན་ཅི་མ་རུང”ཟེར།
ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ་གཉིས་ཀྱིས་ཀྱང་ཀ་ཁའི་མགོ་རྔ་མི་ཤེས། རིག་ལྡན་གྱིས་བསྐུར་པའི་ཡི་གེའི་
ནང་དོན་ཐམས་ཅད་དགེ་རྒན་བསམ་འཕེལ་གྱིས་ཚིག་གཅིག་ཀྱང་མ་ལུས་པར་བཤད་ཐུབ། དེ་བས་ཁོ་མོ་གཉིས་ཀྱིས་
རིག་ལྡན་གྱི་ཡི་གེ་འབྱོར་ཐེངས་རེར་ཁོ་རང་འབོད་པ་ནི་ལུགས་སྲོལ་ཞིག་ཏུ་གྱུར་འདུག
གསེར་མོ་མཚོ་སོང་རྗེས། ཡིག་སྐྱེལ་བས་ཇ་ཧུབ་གང་འཐུངས་ཤིང་གདོང་དུ་སྡུག་མདོག་ཤར་བའི་ཨ་ཡེ་རྡོ་རྗེ་སྐྱིད་
ལ་ལྟ་བཞིན། “ཨ་ཡེ—ཁྱོད་ཀྱི་བུ་བསྟན་པ་འཇིག་རྟེན་འདི་ན་ཡོད་ཁོ་ཐག་ཡིན། འོ་ཡ། ངས་ཁོའི་ཡི་གེ་ཞིག་ཁྱེར་ཡོང་
ནས་ཁྱོད་ལ་འབུལ་ཐུབ་པའི་སྨོན་ལམ་འདེབས།”ཟེར།
ཁོ་མོར་མཚམས་རེར་སྐད་ཆ་འདིར་ཉན་འདོད་ཡོད་ལ་ལན་རེར་ཉན་འདོད་གཏན་ནས་མེད། ཁོ་མོས་རེ་ཐག་
ཆད་པའི་རྣམ་འགྱུར་དང་འཅས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱས། ངོ་མ་བཤད་ན། སྐད་ཆ་འདི་ནི་ཁོ་མོས་ཇི་འདྲའི་
ཐེངས་མང་པོར་ཁོའི་ཁ་ནས་ཐོས་མྱོང་བ་རེད་ཨང༌།
གསེར་མོ་མཚོས་དགེ་རྒན་བསམ་འཕེལ་བོས་ནས་ཁྱིམ་དུ་སླེབས་ཚེ་ཡིག་སྐྱེལ་བ་སྔར་ནས་སོང་ཟིན། ཨ་ཡེ་རྡོ་རྗེ་
སྐྱིད་ཀྱིས་ད་སོ་མ་བཤད་པའི་ཡིག་སྐྱེལ་བའི་སྐད་ཆ་དེ་དག་ལ་བསམ་བློ་གཏོང་བཞིན་འཕྲིན་ཡིག་བཟུང་ནས་ཐབ་ཁུང་
ཁ་ན་ཙོག་པུར་བསྡད་འདུགདགེ་རྒན་བསམ་འཕེལ་གྱིས་འཕྲིན་ཡིག་བཀླགས་ཚར་རྗེས“ངར་བ་རེད། ངོ་མ་ངར་བ་རེད། རིག་ལྡན་གྱིས་
ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་སོང༌།”ཞེས་རང་དབང་མེད་པར་ངག་ལས་ཤོར།
གྲོང་གསེབ་ཀྱི་རྒན་མོ་ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་“ཞིབ་འཇུག་སློབ་མ”ཟེར་བ་ཞིག་དེ་རིང་བར་དུ་གོ་ཡང་མ་མྱོང༌།
དྲང་མོར་བཤད་ན་གསེར་མོ་མཚོས་ཀྱང་གོ་མ་མྱོང༌།
དགེ་རྒན་བསམ་འཕེལ་གྱིས་ཤེས་ཚོད་ནུས་ཚོད་ཀྱིས“ཞིབ་འཇུག་སློབ་མ”ཞེས་པའི་ཐ་སྙད་ལ་འགྲེལ་
བཤད་བརྒྱབ་སྟེ་ཁོ་མོ་གཉིས་ཀྱི་ཧ་ལས་པའི་རྣམ་འགྱུར་སེལ་ཐབས་བྱས།
མཇུག་མཐར། ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་དབུགས་རིང་ཞིག་འཐེན་ཏེ་གསེར་མོ་མཚོ་ལ་བལྟས་ནས། “བླ་མ་རིན་པོ་
ཆེ། ཡང་ལོ་ངོ་གསུམ་ལ་དཔེ་ཆ་འདོན་དགོས་སམ། ཚ་བོས་བྱ་བ་ལོན་དུས་ང་འཆི་རྒྱུ་རེད”ཟེར།
ཉིན་འགའ་འགོར་སོང༌།
ཡིག་སྐྱེལ་བ་ཀའོ་ལགས་ལུང་མདོ་ནས་མངོན་བྱུང༌།
སྡེ་བའི་བྱིས་པ་རྣམས་ནི་ཁོའི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་དང་འདྲ་བར་ཁ་ནང་དུ་ཀ་ར་འཇིབ་བཞིན་ལ་ལ་
ཁོའི་གཡས་ལག་དང༌། ལ་ལ་གཡོན་ལག་ལ་འཇུས། བྱིས་པ་མ་རབས་གཉིས་ཁོའི་རྟ་ལ་འཕོངས་བྱས་ཏེ་ཞོན་
འདུག
ཁོ་ཨ་ཡེ་རྡོ་རྗེ་སྐྱིད་ཚང་གི་སྒོ་ནང་དུ་འཛུལ་སྐབས། བྱིས་པ་རྣམས་ད་གཟོད་ཁ་ཕྱིར་འཁོར་ནས་རང་རང་གི་ཁྱིམ་
དུ་ལོག ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ་གཉིས་ཀྱིས་ནམ་རྒྱུན་དང་འདྲ་བར་ཁོ་ལ་སྣེ་ལེན་ལེགས་པོ་བྱས།
“ཨ་ཡེ—ངས་ཁྱོད་ལ་བཤད་མ་མྱོང་ངམ། ཁྱོད་ཀྱི་བུ་རྒྱ་གར་ན་ཡོད་ཚོད་རེད། འདི། ཁོའི་ཡི་གེ”ཡིག་སྐྱེལ་
བས་ཏ་ལེན་ལས་འཕྲིན་ཡིག་ཅིག་བླངས་ཤིང་གཉེར་མའི་གསེབ་ནས་འཛུམ་ཞིག་མངོན་ཏེ་བཤད།
“མིན། ཁོ་ཕལ་ཆེར་ཤི་སོང་བ་འདྲ། ང་རེ་ཐག་ཆད་ཡོད།” ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་སྐད་ལ་ངུ་ངག་འདྲེས་
བཞིན་སྔར་གྱི་སྐད་ཆ་དེ་བཤད་པ་དང་ཡང“དེ་ཡང་ཚ་བོའི་ཡི་གེ་མིན་ན་ཅི་ཡིན” ཟེར།
“ཚ་བོ་དང་བུས་བསྐུར་པའི་ཡིག་ཤུབས་འདྲ་མི་སྲིད། ལྟོས། འདིའི་སྟེང་ལ་དབྱིན་ཇིའི་ཡི་གེ་བྲིས་འདུག་རྒྱ་
གར་ནས་བསྐུར་ཡོང་བ་རེད།”
ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་སྨེ་བ་ཡོད་པའི་དཔྲལ་གཉེར་བསྡུས་ཏེ་ཡིག་ཤུབས་དམར་ཁྲའི་མཐའ་རྐྱན་ཅན་དེ་ལ་ཅེ་
རེར་ལྟ་ཞིང་མགོ་བོ་འཕྲེད་དུ་གཡུག་གཡུག་ཅིག་བྱས་པའི་མུར་མིག་སྐྱི་སྲབ་མོའི་འོག་ནས་མཆི་མ་ག་ལེར་བརྡོལ་འོངས།
གསེར་མོ་མཚོའི་གདོང་ལ་དམར་མདངས་ཁྱད་པར་བ་ཞིག་མངོན་ཞིང་ངག་འདར་བཞིན“འདི… …འདི་
བདེན་པ་ཡིན་ནམ”ཞེས་ངག་ལས་ཐལ།
གསུམ།
དགུན་དུས་ཡལ་སོང༌།
སྐྱ་ཐལ་བར་སྣང་བའི་ས་གཞི་རིམ་བཞིན་སྔོ་ཡུག་གེར་གྱུར། སྦྲང་མ་དང་སྲིན་བུ་རྣམས་ཀྱང་ཕྱོགས་དང་ཕྱོགས་
མཚམས་ཀུན་ཏུ་འཕུར་ཞིང་རྒྱུ་བར་བྱེད། འཁྱགས་རོམ་གྱིས་ཡོངས་སུ་བཏུམས་པའི་གྲམ་ཆུའི་འགྲམ་གྱི་ཆུ་སྟེགས་དེ་ད་
ལྟ་སླར་ཡང་མིག་ལམ་དུ་སྣང་ཐུབ།
དེ་རིང་ཡང་ཕ་བཞི་སྡེ་བའི་གཞོན་ནུ་མ་སྐོར་ཞིག་གྲམ་ཆུའི་འགྲམ་དུ་ཆུ་ལེན་དུ་འོངས་འདུག ཆུ་ལེན་མའི་གྲས་
སུ་གསར་མོ་ཆ་མེད་འགའ་ཡོད་པ་ནི་སྡེ་བ་གཞན་ནས་གསར་དུ་འོངས་པའི་མནའ་མ་ཡིན་པ་འདྲ།
ཁོ་མོ་ཚོས་ཧ་ཅང་བྱང་ཆ་ལྡན་པའི་ངང་ནས་ཟོ་བའི་ནང་དུ་ཆུ་གང་ལ་ཁད་རེ་བཅུས་ཤིང་བདེ་མྱུར་གྱི་སྒོ་ནས་
རྒྱབ་ལ་ཁུར་ཏེ་ཡ་གིའི་ལ་རིང་བོའི་ངོས་ཀྱི་ལམ་ཕྲན་དེ་བརྒྱུད་ནས་སོང༌། རྗེས་ནས་བལྟས་ན། ཁོ་མོ་ཚོའི་རྐུབ་འཕོངས་
ཕྱི་རུ་འབུར་འདུག་ལ། དེ་ནི་དགོས་ངེས་ཤིག་ཡིན་པ་འདྲ། རྐང་པ་ནང་ཕྱོགས་སུ་གཅུས་ཏེ་གོམ་པ་གང་རེ་གང་རེ་སྤོས་ཏེ་
འགྲོ། དེ་ཡང་དགོས་ངེས་ཤིག་ཡིན་ལས་ཆེ།
“ཨ་རོག་ཚོ། དགེ་རྒན་བསམ་འཕེལ་གྱི་ཆུང་མ་དེ་ཟི་ལིང་མཁར་ནས་ཡོང་བའི་སྨད་ཀྱི་རྒྱ་མོ་ཞིག་རེད་ཟེར་བ་
ཨེ་བདེན།”
“ལོས་བདེན། ཁོ་མོ་ཡུགས་ས་མ་ཞིག་རེད། ཁྱོ་བོ་ཤི་དུས་མིག་ཆུ་རྡོག་གཅིག་ཀྱང་མ་ལྷུང་ཟེར།”
“སྡེ་བ་འདི་ན་གསར་མོ་སེང་ལྕམ་འབྲུག་མོ་འདྲ་བ་མང་པོ་ཡོད་བཞིན་དུ་ཁོ་རྒྱ་མོ་ཞིག་ལ་དགའ་དོན་ཅི་ཡིན་
ནམ།”
“འོ་ཡ། མཁས་པ་འཆུགས་ན་འདོམ་གང་ཟེར་བ་ངོ་མ་རེད།”
“ཁོ་ང་ཚོའི་སྡེ་བའི་མི་མ་རེད། ཅི་བྱེད་ན་བྱེད་དུ་ཆུག ཝེ། ཁྱོད་སང་ཉིན་གང་ལ་འགྲོ་དགོས།”
“རྫོང་མཁར་ལ།”
“ཁྱོད་རྫོང་མཁར་ལ་རྙང་རྐྱལརྒྱུག་རྒྱུག་བྱས་ནས་ཅི་བྱེད།”
“བུ་ལ་ལྷམ་ཉོ་རུ་འགྲོ་དགོས། ངའི་བུའི་ལྷམ་ཡ་གཅིག་ཨ་ཡེ་རྡོ་རྗེ་སྐྱིད་ཚང་གི་ཁྱི་རྒན་གྱི་ཁ་ནང་དུ་ཤོར་སོང༌།”
“ཁྱི་རྒན་དེར་ངོ་ཡ་མ་བྱས་ན་བཟང༌། བཙན་པོ་རྒྱ་སྟག་འདྲ་བ་ཞིག་རེད།”
“དེ་ལོས་ཡིན། ཨ་ཡེ་རྒན་ཚང་གི་ཁྱི་རེད་ཡ།”
ཆུ་ལེན་མ་སྐོར་ཞིག་གིས་ཁ་བརྡ་སྣ་ཚོགས་བྱེད་བཞིན་ཆུ་ཚོད་ཕྱེད་ཙམ་ལ་སོང་མི་ཚར་བའི་ལམ་ཕྲན་བརྒྱུད་དེ་
ཡལ་སོང༌། ད་དུང་རྗེས་ན་ཁོམ་དྲགས་པའི་མོ་གསར་གཉིས་ཀྱིས་ཆུ་སྟེགས་རེའི་སྟེང་ལ་ཟོ་ཞབས་འབབ་ཏུ་བཅུག་ནས་
ངལ་གསོས་འདུག
“ཨེ། སྒྲོལ་མ་མཚོའི་བྱིས་པ་དེ་སྡེ་དཔོན་བཀྲ་ཤིས་ཀྱི་རྒྱུད་མ་རེད་ཟེར་བ་ཨེ་བདེན།” མོ་གསར་གཟུགས་
རིང་དེས་ཅི་ཞིག་དྲན་པའི་ཚུལ་གྱིས་དྲིས།
“མ་རེད། མ་རེད། དེའི་སྟེང་ནས་ཁོ་མོར་ངན་སྒྲོག་མི་ཉན།”
“འོ་ན་སུའི་རེད།”
“ཁྱོད་ཀྱིསམི་ཤེས་སམ། མིང་གི་མགོ་ན་‘བསམ’ཞིག་ཡོད།”
“བསམ་འགྲུབ་རྒྱ་མཚོ་ཟེར་བ་ཡིན་ནམ ”
“མ་རེད། མ་རེད།”
“འོ་ན། བསམ་འགྲུབ་ཚེ་རིང༌།”
“མ་རེད། རང་སྡེའི་མི་ཞིག་མ་རེད།”
“འོ—ཤེས་ཐལ། དགེ་རྒན་བསམ་འཕེལ།”
“འོ་ཡ། དེ་རེད་ཡ།” ཁོམོ་གཉིས་མཉམ་དུ་གད་མོ་ཤོར།
“ཁྱོད་ཀྱིས་ཇི་ལྟར་ཤེས༌།”
“མི་ཤེས་རྒྱུ་ཅི་ཡོད། དགེ་རྒན་བསམ་འཕེལ་ཁོ་མོ་ཚང་ལ་འགྲོ་བ་ངས་ཐེངས་མང་པོར་མཐོང་མྱོང༌།”
“དེ་ཡིན་ན་ཅི་སྐྱོན། ཨ་ཙི། ཁོ་མོས་ལོ་གཉིས་ལ་མི་ཁ་དེ་ཁུར་བ་རེད།”
“ཁོ་མོའི་བུ་ལོ་གཉིས་ལ་སོན་ཡོད་དམ།”
“རེད། ངའི་བུ་དང་ན་མཉམ་རེད།”
“ཁ་རོག སླེབས་བྱུང༌། འགྲོ།” ཁོ་མོ་གཉིས་ཀྱིས་མཉམ་དུ་ལྕེ་བསྣར་ཅིག་བྱས་རྗེས་ལམ་དུ་ཞུགས།
ཉི་མ་ནུབ་སྐབས། གྲམ་ཆུ་ཁའི་ཆུ་སྟེགས་ཀྱི་འགྲམ་དུ་སླར་ཡང་ཆུ་ལེན་མ་སྐོར་ཞིག་འདུས། ཁོ་མོ་ཚོས་ཁ་བརྡ་སྣ་
ཚོགས་ཤིག་བྱེད་པར་གདོན་མི་ཟ། ངོ་མ་བཤད་ན། ཁོ་མོ་ཚོ་ལ་ཡང་ཁག་མི་འདུག ཁྱིམ་ན་ལས་ཀ་ཙག་ཙིག་ཚར་རྒྱུ་མེད་
པས་ཁ་བརྡ་བྱེད་ཁོམ་ཞིག་གང་ན་ཡོད། ཉིན་གང་བོར་མཚོན་ན་ཁ་བརྡ་བྱེད་ཁོམ་ཅུང་ཙམ་ཡོད་པའི་དུས་ནི་ཆུ་ལེན་པའི་
སྐབས་རེད། ཡིན་ན་ཡང༌། ཆུ་ལེན་པའི་དུས་ཚོད་ཀྱང་ཐུང་བའི་དབང་གིས་རང་གི་མཐོང་ཐོས་མྱོང་གསུམ་བཤད་ཅི་ཐུབ་
བྱེད་པ་ནི་ཕལ་ཆེར་མོ་གསར་རྣམས་ཀྱི་ཁྱད་ཆོས་རེད།“ཉིན་འདི་དག་གི་རིང་ལ་གསེར་མོ་མཚོའི་གདོང་ལ་ནམ་རྒྱུན་འཛུམ་མདངས་ཀྱིས་ཁེངས་འདུག་པ་ཅི་ཡིན་ནམ།”
“གླེན་རྒན་མ། ཁྱོད་ཀྱིས་དེ་ཡང་མ་ཤེས་པར་འདུག ཁོ་མོའི་ཁྱོ་བོ་བསྟན་པ་ད་ལྟ་རྒྱ་གར་ན་ཡོད་ཟེར་བ་མ་ཐོས་སམ།”
“འོ—”བུད་མེད་དེས་མགོ་བོ་ནང་དུ་ལྡེམ་ལྡེམ་བྱེད་བཞིན“འོ་ན། ཁོ་ཕ་ཡུལ་དུ་ད་དུང་མི་ལོག་པ་ཅི་ཡིན་ནམ།”
“རྒྱ་གར་ནས་ཚུར་ལོག་རྒྱུ་དེ་ལས་སླ་མོ་ཞིག་ག་ལ་ཡིན།”
“བསྟན་པ་ད་ལྟ་ཕྱུག་པོར་གྱུར་ཡོད་དམ།”
“དེ་བསམ་རྒྱུ་ཅི་ཡོད། ལོ་འདི་འདྲ་མང་པོའི་རིང་ལ་ཕྱུག་པོར་གྱུར་མེད་ན་ཁོ་ད་བར་ལ་རྒྱ་གར་དུ་བསྡད་ནས་ཅི་བྱེད།”
“འོ་ཡ། ཕྱུག་པོ་ཡིན་རྒྱུ་རེད། ཁོ་མོ་ཚང་གི་སྐྱིད་དེ་གང་ལ་འཇོག”བུད་མེད་དེས་མགྲིན་པ་ནས་མཆིལ་མ་སྒོག་སེ་མིད།
ཉིན་དེ་ནས་བཟུང༌། སྡེ་བའི་ནང་དུ་སྔར་གྲགས་མ་མྱོང་བའི་གཏམ་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་སོང༌། དེ་ནི་ཡུན་རིང་
ཞིག་ལ“བར་དོ”ནས་གཉིད་དུ་ཡུར་བའི་བུ་བསྟན་པའི་མིང་དེ་རེད། ཁོའི་མིང་གི་ཡིག་འབྲུ་གཉིས་པོ་དེ་ལ་དངོས་
གནས་སྲོག་ཞུགས་པ་ལྟར་ཤུགས་ཆེན་པོས་རྒན་གཞོན་ཀུནགྱི་ཁ་ན་ལྷང་ལྷང་དུ་གྲགས་ཤིང་ཁོ་མོ་ཚང་ལ་ཡིད་སྨོན་གཏིང་
ནས་ཤོར་བའི་དུད་ཁྱིམ་མང་པོ་བྱུང༌།
ཉི་མ་རེ་རེ་དང་ཟླ་བ་རེ་རེ་ནི་གྲམ་ཆུ་སྔོན་མོ་དང་བསྡེབས་ནས་ཕར་བཞུར་སོང༌། རྟ་དཀར་པོར་ཞོན་པའི་ཡིག་
སྐྱེལ་བ་བགྲེས་པོ་དེ་ཉིན་བདུན་ཕྲག་རེའི་བར་ནས་ཕེབས་རྒྱུན་མི་ཆད་ལ། ཐེངས་མང་པོར་བསྟན་པའི་འཕྲིན་ཡིག་ཁྱེར་
ཡོང་ནས་ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ། གཞན་སྡེ་མི་དག་ལ་སྤྲོ་བ་ཚད་མེད་བསྐྱེད། དེ་བས་ཆུ་ལེན་མ་རྣམས་ཀྱི་ཁ་
ན་བསྟན་པའི་གནས་ཚུལ་དེ་ཇེ་གསར་ནས་ཇེ་གསར་དང་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་ཡོད།
ད་ལྟ། སླར་ཡང་བསྟན་པའི་གནས་ཚུལ་ཤེས་འདོད་ན། གྲམ་ཆུ་ཁར་བསྡད་དེ་ཕ་བཞི་སྡེ་བའི་ཆུ་ལེན་མ་རྣམས་
ལ་སྒུག་དགོས།
བཞི།
མི་ལོ་ཧྲིལ་བོ་གཉིས་ནི་སེ་གོལ་གཏོགས་པའི་ཡུན་ལྟར་ཧ་ཅང་ཐུང་ལ། ཡང་མི་ལོ་ཉི་ཤུ་དང་འདྲ་བར་ཤིན་ཏུ་རིང་
བ་འདྲ།
ཕ་བཞི་སྡེ་བའི་སློབ་གྲྭས་དབྱར་གནང་བཏང་ཟིན་ལ། རིག་ལྡན་ཡང་དབྱར་གནང་གི་གོ་སྐབས་དང་བསྟུན་ནས་
ཕ་ཡུལ་དུ་ལོག་འདུག ཁོ་ནི་སྐྱེས་པ་གཟུགས་རིང་ཞིག་ཡིན་ལ། རྒྱུན་དུ་རྒྱ་ལྭ་ནག་པོ་ཞིག་གྱོན། གདོང་མདོག་ཅུང་སྨུག་ལ་
སྣའི་གཟེངས་ཧ་ཅང་མཐོ་ཞིང་སྐེ་ན་སྨེ་བ་ནག་པོ་ཞིག་ཡོད་པ་དེའི་སྟེང་དུ་སྤུ་ཉག་རིང་ཐུང་གཉིས་སྐྱེས་ཡོད་ཅིང༌། སྐད་
ཆ་བཤད་པའི་ཚེའམ་ཟ་མ་ཟ་སྐབས་སྤུ་རྣམས་འགུལ་ཙམ་འགུལ་ཙམ་བྱེད། རིག་ལྡན་གྱིས་ཞིབ་འཇུག་སློབ་མའི་འཚོ་བ་
རོལ་ནས་ལོ་གཉིས་ཙམ་འགོར་སོང༌། ད་ནི་ལོ་ངོ་གཅིག་འགོར་ན་མཐར་ཕྱིན་དགོས་པས་ཉིན་འདི་དག་གི་རིང་ལ་ཁོས་
མཐར་ཕྱིན་གྱི་ཆེད་རྩོམ་འབྲི་དགོས་ལ་སྒྲུང་རྩོམ་ཞིག་འབྲི་བཞིན་པའི་མཇུག་ཀྱང་སྡུད་དགོས་པས་བྲེལ་བ་ཧ་ཅང་ཆེ། ཁོ་
སྐྱིལ་ཀྲུང་དུ་བསྡད་ནས་མདུན་ཅོག་གྲུ་བཞི་མ་ཞིག་གི་སྟེང་དུ་སྒུར་ཏེ། 鉄ངའི་ཨ་ཕའི་གཏམ་རྒྱུད鉅ཅེས་པའི་སྒྲུང་གཏམ་
ལ་བཟོ་བཅོས་བྱེད་ཀྱིན་འདུག ཁོས་རང་གི་རྣ་ཐོས་ཀྱི་རྒྱུ་ཆ་དང་ཨ་ཕའི་འཕྲིན་ཡིག འདྲ་པར་ཆེ་ཆུང་ཀུན་ལ་བརྟེན་ནས་
ཨ་ཕའི་ཆུང་དུས་ཀྱི་སྣང་བརྙན་དང༌། འཚོ་བའི་མྱོང་ཚོར། སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་སོགས་བྲིས་པ་གསོན་
ཉམས་ལྡན་ཞིང་དཔྱད་བརྗོད་བཏོན་པའང་ཚུལ་དང་མཐུན་པ་ཞིག་རེད། ཡིན་ན་ཡང༌། ཨ་ཕའི་གོཞོན་ནུའི་དུས་སྐབས་
སུ་སླེབསངདུས། ཁོས་རྟོག་བཟོ་ཁོ་ནར་བརྟེན་ནས་བྲིས་པ་ཡིན་པས་ཡང་བསྐྱར་འབྲི་དགོས་བྱུང༌། སྐབས་དེར། ཁོས་
འཇམ་པའི་ངག་གིས་ཨ་ཡེ་དང་ཨ་མ་ལ་འདྲི་བ་དང༌། ཁོ་མོ་གཉིས་ལ་གསལ་ཆ་མེད་པའི་གནས་ཚུལ་རྣམས་སྡེ་བའི་རྒན་
དར་དག་ལ་འདྲི་རུ་མི་འགྲོ་ཀ་མེད་དུ་གྱུར།
ཁོ་དངོས་གནས་དཀའ་ངལ་ཆེན་པོ་ཞིག་ལ་ཐུག ཨ་ཕ་དང་གོ་མིན་ཏང་གི་གསང་མྱུལ་དེ་དག་གི་བར་དུ་འབྲེལ་
བ་ཅི་ཞིག་ཡོད་དམ། ཁོ་མགོ་སྐོར་དང་གཡོ་སྒྱུའི་འོག་ཏུ་ཇི་ལྟར་ཚུད་པ་ཡིན་ནམ། ཁོས་བཅིངས་འགྲོལ་དམག་ལ་ངན་སྨྲས་
ཅི་ཞིག་བཏང་ཡོད་དམ། ཨེ། དེ་ནི་ཨ་ཕའི་གཏམ་རྒྱུད་ཀྱི་དུམ་བུ་གཙོ་བོ་ཞིག་ཡིན་པས་མ་བྲིས་པར་རང་དགར་བསྐྱུར་ག་
ལ་རུང༌།
རིག་ལྡན་གྱིས་ཕྱི་ཡུལ་དུ་བྲོས་མྱོང་བའི་ཨ་ཕའི་གྲོགས་པོ་རྣམས་ལ་དྲིས་ཀྱང་མི་གཅིག་གིས་ཀྱང་ལན་འདེབས་མ་
ཐུབ། ངོ་མ་བཤད་ན་ཁོ་ཚོར་ཡང་ཁག་ཅི་ཡོད། “རི་བོང་གནམ་རྡིབ”ཀྱི་དོགས་པ་ཁོ་ནར་བརྟེན་ནས་རང་ལ་དང་ལུང་
བ་བརྒྱུད་ནས་ཕྱོགས་མཚམས་ཀུན་ཏུ་བྲོས་པ་རེད། དེ་བས་ཁོས་ཨ་ཕའི་གཏམ་རྒྱུད་ཀྱི་བར་མཚམས་གསལ་ལ་མི་གསལ་བ་
འགའ་ཞིག་ཁ་ཇི་ལྟར་སྐོང་རྒྱུ་ཡང་མ་ཤེས།
དབྱར་གནང་གི་ཉི་ཚད་ལོངས་ལ་ཉེ། རིག་ལྡན་གྱིས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་鉄ངའི་ཨ་ཕའི་གཏམ་
རྒྱུད鉅ཀྱི་བཟོ་བཅོས་མཇུག་རེ་ཞིག་བསྡུས་ཏེ། ཕྱིར་སློབ་གྲྭར་འགྲོ་བའི་སྟ་གོན་བྱས།
རིག་ལྡན་ཕ་བཞི་སྡེ་བར་ཁ་བྲལ་བའི་ཕྱི་ཉིན། ཡིག་སྐྱེལ་བ་སྡེ་བའི་ལུང་མདོ་ནས་བྱིས་པ་རྣམས་དང་ཆབས་ཅིག་
མངོན་བྱུང༌། ཁོང་གི་གཉེར་མ་བབས་པའི་གདོང་གི་ཆ་ཤས་གང་ན་ཡང་ནམ་རྒྱུན་དང་འདྲ་བའི་སྤྲོ་ཉམས་ཡེ་ནས་མི་འདུག་
ཀྱང་བྱིས་པ་ཚོས་དེ་ལ་མཉམ་འཇོག་གི་མེད། ཁོས་འོད་མདངས་རྫོགས་མཐའ་མེད་པའི་དཔྲལ་བའི་མིག་ཟུང་གིས་བྱིས་པ་
རེ་རེར་ལྟ་ཡག་བྱས། མིག་འོད་ཀྱི་ཟེར་མ་རེ་རེས་ཁོ་ཚོའི་ལུས་སྟེང་ནས་ཅི་ཞིག་བསྡུ་བའམ་ཡང་ན་ཅི་ཞིག་སྦྱིན་བཞིན་པ་
འདྲ།
ཡིག་སྐྱེལ་བས་སྔར་བཞིན་རྟ་རྒན་སྡོང་རྩར་བཏགས། ཁྱི་རྒན་གྱིས་ཁོ་མཐོང་མ་ཐག་རྔ་མ་གཡུག་གཡུག་བྱེད་པ་
དང་རྣ་བ་ཉལ་ཉལ་བྱས་ཏེ་གུས་པ་བྱེད་པ་དང་འདྲ། ཁོས་རྒྱལ་སྒོ་ཕྱེས་མ་ཐག་ཡོད་ཚད་ཆ་མེད་རྒྱུས་མེད་ཅིག་ཡིན་པའི་
སྣང་བ་སྐྱེས་འོངས་ལ། ལྷས་རའི་ནང་དུ་མི་མང་པོ་ཞིག་གིས་གྱང་རྡུང་བཞིན་འདུག ཁོ་ཚོས་ཡིག་སྐྱེལ་བ་མཐོང་མ་ཐག་
གཅིག་འཕྲོར་གཅིག་གིས་འཚམས་འདྲི་བྱས་བྱུང༌།
“ཡིག་སྐྱེལ་བ། བདེ་མོ།”
“བདེ་མོ།”
“ཨ་ཁུ་ཀའོ་སླེབས་བྱུང་ངམ།”
“འོ་ཡ། འོ་ཡ།”
“ཁྱོད་ཚོ་བདེ་མོ།”
“བདེ་མོ—བདེ་མོ—”
གསེར་མོ་མཚོས་ལས་མཚམས་བཞག་སྟེ་ཡིག་སྐྱེལ་བ་ཁྱིམ་དུ་བསུས་པ་དང༌། ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་མ་ཎི་འཁོར་ལོ་
སྐོར་བཞིན་གོ་ཁ་ན་ཙོག་པུར་བསྡད་འདུག ཁོ་མོས་ཀྱང་ཡིག་སྐྱེལ་བ་མཐོང་རྗེས་མ་ཎི་འཁོར་ལོའི་ཡུ་བར་ཁེན་ནས་ཡར་
ལང་རྩིས་བྱས།
ཡིག་སྐྱེལ་བའི་གམ་དུ་སྐྱེས་པ་འགའ་རུབ་འདུག ཁོས་དབུགས་རིང་ཞིག་བཏོན་ནས“དེ་རིང་ཁྱོད་ཚང་ལ་
འཕྲིན་ཡིག་མི་འདུག ཁྱིམ་ཚང་གཞན་པ་དག་གི་ཡི་གེ་བྱིས་པ་ཚོར་སྤྲད་ཟིན།”ཟེར་བཞིན་ཏ་ལེན་རང་གི་འགྲམ་དུ་
བཞག
“འོ། དེར་ཅི་སྐྱོན། ཁྱོད་དེ་རིང་ཡོང་བ་ཤིན་ཏུ་འཕྱིས། ལམ་དུ་ལྟོགས་སྐོམ་མྱངས་ཡོད་པས། ཡིད་ཚིམ་པ་
ཞིག་ཐུངས།”
“ཡ་ཡ། ངས་ད་བར་དུ་ཁྱོད་ཚང་ནས་རྫི་བྱས་མ་མྱོང༌།”ཡིག་སྐྱེལ་བས་དེ་སྐད་སྨྲ་བཞིན་ཁུག་མ་ནས་ལག་
ཕྱིས་བླངས་ཏེ་དཔྲལ་བའི་རྔུལ་ཆུ་ཕྱིས། སྐབས་དེར། གསེར་མོ་མཚོས་ཁོའི་གདོང་ལ་ལྟ་བཞིན་མིག་ཟུང་ཅེ་རེར་གདངས་
འདུག
“ཨ་ཁུ་ཀའོ་ལགས། ཁྱོད་རྒས་འདུག… …”གསེར་མོ་མཚོས་ཡུད་ཙམ་ནས་དེ་ལྟར་བཤད།
“ལོས་ཡིན། ཕོ་ལོ་ལྔ་བཅུ་རྩ་བརྒྱད་རེད།”
“ཁྱོད་ཚོའི་ལས་ཁུངས་ན… …ཟོ་ཟོ། ཐུངས་ཐུངས། 鉋
སྐྱེས་པ་རྣམས་གཅིག་འཕྲོར་གཅིག་འབྲངས་ནས་ལྷས་རའི་ནང་ལ་གྱང་རྡུང་དུ་སོང༌། ཡིག་སྐྱེལ་བས་ཇ་ཧུབ་གང་
འཐུངས་རྗེས“ཁྱོད་ཚང་གིས་གྱང་བརྡུངས་ནས་ཅི་བྱེད།” ཅེས་དྲིས།
གསེར་མོ་མཚོས་སྐད་འཇམ་པོས“ང་ཚོའི་སྡེ་བར་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་ལོ་
གཅིག་འགོར་སོང༌། ངེད་ཚང་གིས་ལུག་ར་རྒྱ་ཇེ་ཆེར་གཏོང་བ་ཡིན།”
“བཟང་གི། བཟང་གི། ལུག་ར་ཐེངས་གཉིས་པར་རྒྱ་བསྐྱེད་དུས་བསྟན་པ་འོང་ངེས་ཡིན།” ཡིག་སྐྱེལ་བས་
གད་མོ་དགོད་བཞིན་དེ་སྐད་བཤད་པ་དང་གློ་བུར་དུ་ཅི་ཞིག་དྲན་པའི་ཚུལ་གྱིས“ཨ་ཡེ—ཁྱོད་ཚོའི་སྡེ་བ་རྨ་གཞོང་
ཐང་ལ་ནམ་ཞིག་གནས་སྤོར་རྒྱུ་རེད།”
“ད་ལོའི་ཟླ་བརྒྱད་པ་ནས་གྲ་སྒྲིག་བྱེད་དགོས། སང་ལོའི་བརྒྱད་པའི་བར་དུ་གནས་སྤོར་ཚར་དགོས། རྫོང་གི་
ལས་བྱེད་པ་དེ་ཚོར་བཤད་རྒྱུ་མང་བ་ལ།”
“འོ་ན། ཁྱོད་ཀྱིས་འདི་ལྟར… …”
“ང་མི་འགྲོ། ངས་གནས་མི་སྤོར། ང་སྐྱེས་ས་འདི་ཡིན། ངའི་བུ་ཡང་འདི་ནས་སྐྱེས་པ་ཡིན། ངས་འདི་རུ་བུ་ལ་
སྒུག་རྒྱུ་ཡིན།”
“ཁྱོད་ལུང་ཁོག་འདི་ལ་ཞེ་ཆགས་ནས་ཅི་བྱེད། རྨ་གཞོང་ཐང་ན་རྩྭ་མང༌། ཆུ་ཐག་ཉེ། ས་ཡང་བདེ་ཐང… …” ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་མགོ་བོ་འཕྲེད་དུ་ལན་འགར་གཡུགས།
མཚན་མོ་ཡིག་སྐྱེལ་བ་ཐང་ཆད་ཡོད་པས་མགོ་བོ་སྔས་ལ་གླན་མ་ཐག་གཉིད་སོང༌། ཁོས་སྡུར་བ་ཡང་མོར་འབྱིན་
པ་དང་ཁ་རླངས་ཀྱི་ཁྲོད་དུ་ཤ་དྲིས་ཁྱབ་འདུག ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ་གཉིས་ནམ་སྟོད་ལ་གཉིད་གཏན་ནས་
མ་ཁུགས། ཁོ་མོ་གཉིས་ལ་འདང་རྒྱག་རྒྱུ་མང༌། བསྟན་པ—རིག་ལྡན—མནའ་མ—རྨ་གཞོང་ཐང… …
ནམ་གསལ་རྗེས། ཁོ་མོ་གཉིས་ཀྱིས་ཡིག་སྐྱེལ་བ་དང་རྟ་རྒན་གཉིས་མེད་པ་ཤེས། གསེར་མོ་མཚོ་མྱུར་དུ་མལ་ལས་
ལྡང་བ་ན་ཐབ་ཀའི་ཐོག་ཏུ་ཇ་ནག་བག་ཆ་གཉིས་དང༌། ཀ་ར་གོ་རེ་བག་ཆ་གསུམ། ལྕགས་ཀྲིན་གཉིས། མགོ་དཀྲིས་ཆ་
གཅིག་བཅས་བཞག་འདུག་པ་མཐོང༌།
གསེར་མོ་མཚོ་ཡུད་ཙམ་ལ་ཧད་རྗེས“ཨ་ནེ། ཨ་ནེ། ལྟོས་དང༌། ཐབ་ཀའི་ཐོག་ན།” ཞེས་མཛུབ་མོས་བསྟན།
ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་ཉལ་ཐུལ་བཀབ་ནས་ག་ལེར་ཁོག་སྟོད་དགྱེ་ཞིང༌། སྐེ་བསྲིངས་ཏེ་ཁ་གདང་ཁ་ནས་ཐབ་ཀའི་ཐོག་ལ་
བལྟས།
ལྔ།
ཉི་མ་རེ་རེ་བཞིན་ཕར་འདས་པ་དང་བསྟུན་ནས་ཨ་ཡེ་རྡོ་རྗེ་སྐྱིད་ཀྱང་བལྟས་བལྟས་རིག་རིག་ལ་ཇེ་རྒས་སུ་འགྲོ་
བཞིན་པར་མ་ཟད། ན་རྒྱུ་གཟེར་རྒྱུའང་ཇེ་མང་དུ་སོང༌། ཁ་སང་ནས་བཟུང༌། “རིག་གསར”གྱི་སྐབས་སུ་ཁོ་མོར་
དྲན་རྟེན་དུ་བཞག་པའི་རྐང་པའི་ནད་རྙིང་དེ་སླར་ཡང་མགོ་བོ་ཀྲོག་ཀྲོག་ཏུ་དགྱེ་མགོ་བརྩམས་བྱུང༌།
མདང་དགོང་ཞག་གང་བོར་ན་ཟུག་དྲག་པོའི་ཁྲོད་དུ་འགྲེ་ལྡོག་གང་མང་བརྒྱབ་པས་ད་ལྟ་ཁོ་མོའི་ལུས་ཡོངས་ཀྱི་
དབང་རྩ་ཐམས་ཅད་ལྷོད་པར་གྱུར་ཅིང་རོ་སྨད་ཡོངས་རྫོགས་སྦྲིད་ནས་ཚོར་བ་ཅི་ཡང་མེད་པར་གྱུར།
ཁང་པའི་ནང་དུ་ཁོ་མོའི“ཨ་ཡོ” དང “ཨ་ཚ”ཟེར་བའི་ཟུག་རྔུའི་འཁུན་སྒྲ་མ་གཏོགས་ཅི་ཡང་ཐོས་
རྒྱུ་མི་འདུག
གློ་བུར་དུ། “ཙིར”སྒྲ་རིང་བོ་ཞིག་གྲགས་པ་དང་མཉམ་དུ་རྒྱལ་སྒོ་ཆེས་ཆེར་ཕྱེས་སོང༌།
རྒྱལ་སྒོ་ནས་ཐོག་མར་ནང་དུ་འཛུལ་ཡོང་མཁན་ནི་མགོ་ལ་རལ་བ་ལྗིད་མོ་ཞིག་ཁུར་བ་དང་ལུས་སྟོད་ལ་གོན་པ་
སྨུག་ནག་ཅིག་གྱོན་པའི་རྒན་པོ་ཞིག་རེད། འོ། ཁོ་ནི་ས་འདིར་སྙན་གྲགས་ཆེ་བའི་སྔགས་པ་ཉི་མ་རྒྱལ་མཚན་རེད།
ཉི་མ་རྒྱལམཚན་ནི་ལུས་བོངས་ཆེ་ལ་ངོ་གདོང་ཡང་སྨུག་ཅིང་ནག་པས་མཐོང་བ་ཙམ་གྱིས་འཇིགས་ཡེར་བ་ཞིག་འདུག ཁོ་
ལ་མཐུ་ནུས་ཅི་འདྲ་ཡོད་ཟེར་ན། དེ་ནི་ལན་ཧ་ཅང་གདབ་སླ་བའི་དྲི་བ་ཞིག་སྟེ། སུ་ཚང་ལ་ནད་པ་བྱུང་ཚེ། ཁོ་ཁྱིམ་ཚང་
དེར་གཞི་བཅས་ཏེ་མདུན་དུ་ཅོག་ཙེ་ཞིག་བཞག་པ་དང༌། དེའི་སྟེང་དུ་དཔེ་ཆ་སྣ་ཐུང་ཞིག་བཞག་ནས་ལག་པས་རྔ་སྦུབ་
རྡུང་ཅི་ཐུབ་དང་ངག་ལས་དྲག་སྔགས་ཟློ་ཅི་ཐུབ་བྱས་ན་མཇུག་མཐར་ནད་པ་དེ་སངས་དྲག་ཏུ་འགྲོ་ཟེར་བའི་བཤད་རྒྱུན་
ཞིག་ལས་གཞན། ཁོས་རྩིས་བརྒྱབ་ན་འཁྲུལ་བ་མེད་ཅིང་མོ་བཏབ་ན་ནོར་བ་མེད་ཟེར་བ་དེ་ཡིན། མི་ལ་ལས་བཤད་ན་ལོ་
བཅུའི་གོད་ཆག་གི་ཁྲོད་དུའང་ཁོས་ལྐོག་ཏུ་སྔགས་མང་པོ་བཟླས་པ་དང༌། མོ་དང་རྩིས་ལ་བྱང་ཆུབ་པར་སྦྱངས་ཡོད་སྐད།
སྔགས་པ་ཉི་མ་རྒྱལ་མཚན་གྱི་རྗེས་སུ་གསེར་མོ་མཚོ་འབྲངས་ཡོད་ལ། ཁོ་མོས་ཀྱང་སྒ་ཐོག་ལ་ཏ་ལེན་བཀལ་ཡོད་
པའི་རྟ་རྒན་ཞིག་གི་མཐུར་མདའ་བཟུང་འདུག རྟ་རྒན་གྱི་ལུས་ཡོངས་རྔུལ་ཆུས་བརླན་ཞིང་སྣ་ཁུང་ཆེས་ཆེར་གདངས་ཏེ་
དབུགས་ཧལ་ཧལ་བྱེད་པ་ལ་བལྟས་ན་སྔགས་རྒན་ཁུར་ནས་ཡོང་བ་ཤེས་ཐུབ།
སྔགས་པ་ཉི་མ་རྒྱལ་མཚན་གྱིས་གདོང་ལ་སྒྲོབ་ཉམས་ཤིག་ཤར་བཞིན་ཚ་ཐབ་ཐོག་གི་ཨ་ཡེ་རྡོ་རྗེ་སྐྱིད་ལ་མིག་གིས་
ཟུར་ལྟ་ཞིག་བྱས་རྗེས། ཇི་མི་སྙམ་པར་གོ་ཁའི་ཡར་སྒྱེད་ཀྱི་གདན་དཀར་སྟེང་དུ་སྐྱིལ་ཀྲུང་དུ་བསྡད་དེ་གསེར་མོ་མཚོས་
དྲངས་པའི་འོ་ཇ་ལག་ཏུ་བླངས།
ཁོས་འོ་ཇ་ཧུབ་ཀྱིས་འཐུང་བཞིན་དམར་ཙག་གེར་ཡོད་པའི་མིག་ཟུང་གིས་འོ་ཇའི་རླངས་པའི་གསེབ་ནས་གསེར་
མོ་མཚོའི་ངོ་གདོ་དང་སྐྱེས་གཟུགས་ལ་ཞིབ་བལྟ་ཞིག་བྱས། གསེར་མོ་མཚོས་དེ་ལ་མཉམ་མ་བཞག་པར་སྔགས་རྒན་གྱི་
མདུན་ཅོག་སྟེང་དུ་ཟས་རིགས་ཞིམ་པོ་གང་མང་སྣོན་བཞིན་འདུག
ལྟོ་བ་འགྲངས་རྗེས། སྔགས་རྒན་གྱིས་རུམ་ནས་ལག་ཕྱིས་རྙིང་བ་ཞིག་བླངས་ཤི་ང་ཁ་སྣ་གཙང་མར་ཕྱིས་ཏེ།
“གསེར་མོ་མཚོ། ངའི་མདུན་གྱི་ཟས་ལྟག་འདི་ཁྱོད… …ཁྱོད་ཤོག་ལ་འདི་ཕར་ཁྱེར།”ཟེར།
གསེར་མོ་མཚོས་སྔགས་རྒན་གྱི་བཀའ་ལྟར་བསྒྲུབས་རྗེས། ཁོ་ད་གཟོད་གདན་ལས་བཞེངས་ཏེ་ཚ་ཐབ་ཐོག་ཏུ་
བུད་པ་དང༌། ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་འགྲམ་དུ་ཅོག་ཙེ་གྲུ་བཞི་མ་ཞིག་བཞག་སྟེ་རིམ་གྲོ་སྒྲུབ་པའི་སྟ་གོན་བྱས།
ཉིན་གསུམ་ཙམ་ལ་ཨ་ཡེ་རྡོ་རྗེ་སྐྱིད་ཚང་དུ་རྔ་སྦུབ་དྲིལ་གསུམ་གྱི་སྒྲ་མཚམས་མི་ཆད་ཅིང༌། རྒྱལ་སྒོ་ཁ་ན་གཏོར་
མ་ཟ་བའི་ཁྱི་རྒན་ཇེ་མང་ནས་་ཇེ་མང་དུ་གྱུར།
ད་ལྟ། སྔགས་རྒན་ཉི་མ་རྒྱལ་མཚན་ཐང་ཆད་དེ་མིག་འབྲས་ཀྱང་འབུར་འདུག་ཅིང༌། གདོང་ཤ་ཐུར་དུ་ལུག་འདུག
ཁོའི་རྔ་སྦུབ་དྲིལ་གསུམ་གྱི་སྒྲ་དེ་སྔོན་ལྟར་དྲག་པོ་ཞིག་མིན་པར་ཇེ་གཉོམ་ནས་ཇེ་གཉོམ་རེད།
ཡིན་ན་ཡང༌། སྤྲོ་བ་སྐྱེ་དགོས་པ་ཞིག་ནི་ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་ན་བ་ཇེ་ཡང་ལ་སོང་ནས་མཚམས་རེར་སྔགས་རྒན་ལ་
ཁ་བརྡ་བྱེད་ཐུབ།
“… …མདང་དགོང༌། རྨི་ལམ་དུ་དུག་སྦྲུལ་ཞིག་གིས་ངའི་རྐང་པར་དཀྲིས་གསུམ་བརྒྱབ་འདུག མཇུག་མཐར་
སུ་ཞིག་གིས་བདུད་རྩི་དཀར་ཡོལ་གང་དུག་སྦྲུལ་གྱི་ལུས་ལ་གཏོར་བས་དེས་དཀྲིས་རེ་རེ་བཤིག་སྟེ་གར་སོང་ཆ་མེད་དུ་གྱུར།”
“འོ—དེ་ལོས་ཡིན། ངས་དྲག་སྔགས་ཚར་གཅིག་བཟླས་པས་ཀྱང་ཀླུ་གདོན་ཐམས་ཅད་ཐལ་བའི་རྡུལ་དུ་བརླག་
ཐུབ། ཨིན།”སྔགས་རྒན་གྱིས་ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་སྐད་ཆར་ཉན་རྗེས་དེ་ལྟར་བཤད།
“འོ་ཡ། འོ་ཡ། ཁྱེད་སྔགས་རྒན་གྱི་མཐུ་མིན་རྒྱུ་ན་ང་ད་ཐེངས་གཤིན་རྗེ་རྒྱལ་པོར་མཇལ་དུ་ཕྱིན་ཟིན་པ་ཁོ་
ཐག་ཡིན། ཐུགས་རྗེས་གཟིགས།”
“སྐྱོན་མི་འདུག ད་ཐེངས་ཡོང་ཡོང་ལ་ངས་ཁྱོད་ཚང་ལ་ད་ནས་བཟུང་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མི་
ཡོང་བ་ཞིག་བྱེད།”
“ཐུགས་རྗེ་མཁྱེན… …ཐུགས་རྗེ་མཁྱེན… …”ཨ་ཡེ་རྡོ་རྗེ་སྐྱིད་ལ་དད་པ་དང་དུངས་པ་རྫོགས་མཐའ་མེད་པ་
ཞིག་སྐྱེས།
ཉིན་བཞི་བར། ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་ན་བ་སངས་དྲག་ཏུ་སོང་བས་ཁོ་མོ་མལ་ལས་ལངས་ཏེ་གུས་པ་ཆེན་པོས་སྔགས་
རྒན་ཉི་མ་རྒྱལ་མཚན་གྱི་ཁམས་དང་བསྟུན་ཅི་ཐུབ་བྱས།
“ཁྱོད་ཚང་ལ་བཟའ་མི་གཉིས་ལས་མེད་དམ།”
“མིན། གསུམ་ཡོད། བུ་ཞིག་ཡོད་པ་སློབ་གྲྭར་སོང་ཡོད། སང་ལོ་བྱ་བ་ལོན་ཐུབ།”
“སུའི་བུ་རེད།”
“གསེར་མོ་མཚོའི་རེད།”
“བུའི་ཨ་ཕ་གང་ལ་བུད་སོང༌།”
“རྒྱ་གར་ན་ཡོད།”
སྔགས་རྒན་གྱིས་ཡུད་ཙམ་ལ་ཅི་ཡང་མི་བཤད་པར་མིག་ཧྲིག་ཧྲིག་ཏུ་བསམ་བློ་གཏོང་བཞིན་འདུག
ཡུད་ཙམ་འགོར་རྗེས་སྔགས་རྒན་ཁ་གྲགས་བྱུང༌།
“ཕྱི་རྒྱལ་ན་ཡོད་པའི་རང་རེའི་བུ་དང་བུ་མོ་རྣམས་ད་ལྟ་ཕྱིར་ཕ་ཡུལ་དུ་ལོག་བཞིན་ཡོད། ཁྱོད་ཀྱི་བུ་དེ་ད་དུང་
མི་ཡོང་བ་ཅི་རེད།”
ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་མིག་ལ་མཆི་མ་འཁྲིགས་ཏེ། “འོ་ཡ། ངས་ཀྱང་སེམས་ཚེགས་བྱེད་བཞིན་ཡོད། ཕལ་ཆེར་
ལམ་བར་དུ་དོན་རྐྱེན་ཅིག་བྱུང་སོང་བ་འདྲ”ཞེས་བཤད་པ་དང་དེའི་མུར“ཨ་ཁུ་སྔགས་པ། ཁྱེད་ཀྱིས་ཕྱག་མོ་ཞིག་
འདེབས་པར་འཚལ།”ཞེས་ཞུས་མ་ཐག་གསེར་མོ་མཚོས་ཀྱང་ངག་འཇམ་གྱིས“ཨ་ཁུ་སྔགས་པ། ཁྱེད་ཀྱིས་སྐུ་ཚེགས་
ལ་མི་འཛེམ་པར་ཕྱག་མོ་ཞིག་འདེབས་པར་འཚལ།”ཞེས་ནན་ཆེར་ཞུས།
སྔགས་རྒན་གྱི་ཁོག་ཏུ་སྤྲོ་བ་ཞིག་ཞུགས་ཤིང་མིག་ཟུང་གིས་གསེར་མོ་མཚོ་ལ་ཟུར་མདའ་ཙམ་འཕངས་རྗེས་སྨུག་
མདོག་གི་ངོ་གདོང་ལ་སྔར་མེད་ཀྱི་འཛུམ་མདངས་ཤིག་རྒྱས་སོང༌།
ཅུང་ཙམ་འགོར་རྗེས། སྔགས་རྒན་གྱིས་གདོང་ལ་གཟི་སྤོབས་རྒྱས་པའི་ཉམས་ཤིག་མངོན་ཏེ། “ཁྱོད་གཉིས་ཀྱིས་
སེམས་ཚེགས་མ་བྱེད། ངས་མོ་རྩིས་ཤིག་བྱེད། ད་སེམས་ཚེགས་མ་བྱེད། སེམས་ཚེགས་བྱས་ན་ཅི་ཡང་མི་འོང༌།”ཟེར།
སྔགས་རྒན་གྱིས་དཔེ་ཆ་སྣ་ཐུང་ཞིག་གི་ཁ་ཕྱེས་ཤིང་ཤོག་ལྷེ་འགའ་ཕར་སློག་ཚུར་སློག་ཙམ་བྱས་རྗེས། ལག་ཟུང་གི་
གོང་མཛུབ་དང་མཐེབ་ཆེན་གཉིས་ཀྱིས་ཕྲེང་རྡོག་ཕར་འདེད་ཚུར་འདེད་བྱེད་ཅིང་མིག་ཟུང་བཙུམ་ཙམ་མཛད་དེ་ཁ་ནས་
ཅི་ཞིག་ཟློ་བཞིན་མོ་རྩིས་བརྒྱབ།
ཡུད་ཙམ་ནས། ཁོའི་གདོང་ཇེ་སྨུག་ཏུ་སོང་ཞིང་དཔེ་ཆའི་ཁ་བསུམ་པ་དང་ཕྲེང་ནག་ཅོག་ཙེ་ཐོག་ཏུ་བཞག་སྟེ་
དབུགས་རིང་ཞིག་བཏོན།
“ཨ་ཁུ་སྔགས་པ། མོ་ལུང་ཇི་འདྲ་འདུག”ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ་གཉིས་ཀྱིས་སྒུག་མ་ཚུགས་པར་
སྔ་ཕྱིར་དེ་ལྟར་དྲིས།
“མོ་ལུང་ཡག་པོ་མི་འདུག”སྔགས་རྒན་གྱིས་མགོ་དགྱེ་སྟེ་གསེར་མོ་མཚོ་ལ་ཐེངས་ཤིག་བལྟས་ནས། “
བསྟན་པ་ཁོ་ལོ་འགའི་སྔོན་ལ……ཨིན……ཆོམ་པོའི་མཚོན་གྱི་འོག་ཏུ་ཤི་ཟིན། འོ། དགེ་རྩ་བསྒྲུབ་རྒྱུ་གལ་ཆེ་བར་
འདུག”
སྔགས་རྒན་གྱི་གཏམ་འཇིགས་སུ་རུང་བ་དེ་ཐོས་མ་ཐག ཨ་ཡེ་རྡོ་རྗེ་སྐྱིད་གློ་བུར་དུ་གན་རྐྱལ་དུ་འགྱེལ་ཞིང་
བརྒྱལ་བར་གྱུར་ཏེ། རྐང་ལག་རྣམས་རྐྱོང་སྐུམ་མེད་པར་རེངས་པོར་གྱུར། གསེར་མོ་མཚོ་ཡང་ངུ་སྔངས་དྲག་པོས་མཆི་མ་
མཚམས་མེད་དུ་བཞུར་ཞིང་ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་ལུས་ལ་འཐམས་ཏེ་སྐད་ཤུགས་གང་ཡོད་ཀྱིས་མིང་ནས་བོས།
སྔགས་རྒན་ཉི་མ་རྒྱལ་མཚན་གྱིས་ཡ་ང་བའི་སྣང་ཚུལ་དེ་མཐོང་ནས་ལུས་པོ་འདར་འདར་བྱེད་ཅིང༌། སྙིང་ལྟིག་
ལྟིག་ཏུ་ལྡིང་བཞིན་ལག་པས་ཕར་སྙོབ་ཚུར་སྙོབ་བྱེད་པ་དང་མགོ་བོ་ཕར་འཁོར་ཚུར་འཁོར་བྱས།
ཅུང་ཙམ་འགོར་བ་ན། ཨ་ཡེ་རྡོ་རྗེ་སྐྱིད་ཚང་གི་རྔ་སྦུབ་དྲིལ་གསུམ་གྱི་སྒྲ་དེ་སླར་ཡང་གྲགས་བྱུང༌། གསེར་མོ་
མཚོའི་ངུ་འབོད་ཀྱི་སྐད་སྒྲ་དེ་རྔ་སྦུབ་ཀྱི་སྒྲས་མནན་སོང༌།
དྲུག།
ཟླ་ཕྱེད་ལྷག་འདས་སོང༌།
འཇིག་རྟེན་གྱི་བྱ་བ་མཐའ་དག་ནི་སྟོན་ཀའི་གནམ་ངོ་དང་འདྲ་བར་འགྱུར་ལྡོག་ཧ་ཅང་ཆེ། གནམ་འོག་གི་ཡོད་
ཚད་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་ལ་ཕ་བཞི་སྡེ་བར་ཡང་འགྱུར་ལྡོག་བྱུང་འདུག
ད་ལྟ། མི་སུས་ཀྱང་ཨ་ཡེ་རྡོ་རྗེ་སྐྱིད་ཚང་ལ་སྨོན་པ་སྤུ་ཙམ་ཡང་མི་སྐྱེ་བར་སྔར་ལས་ལྡོག་སྟེ་སྙིང་རྗེ་ཚད་མེད་ཤོར་
བཞིན་འདུག དེ་ནི་ཁོ་མོ་ན་རྒས་གཙེས་ཏེ་ཉིན་རྒྱུན་སྔ་དྲོ་ཉལ་སར་ལྷུང་བ་དང་ཕྱི་དྲོ་ད་གཟོད་ལང་ཐུབ་མི་ཐུབ་ཀྱིས་ཉལ་
ས་དང་ཁ་འབྲལ་ཙམ་བྱས་ཏེ་ཁྱམས་ཀྱི་བལ་གདན་ཧྲུལ་བོའི་ཐོག་ཏུ་ཙོག་པུར་སྡོད་པ་ལས་མ་ཎི་ཁང་དུ་གོམ་པ་གང་ཡང་
སྤོ་ཐུབ་ཀྱི་མེད་པ་དེ་རེད།
འཇིག་རྟེན་གྱི་ཧ་ལས་པའི་བྱ་བ་ཐམས་ཅད་ནི་མ་བསམ་ས་ནས་འབྱུང་བ་ཡིན། ཨ་ཡེ་རྡོ་རྗེ་སྐྱིད་ཚང་ལ་བྱུང་བའི་
དོན་དག་འདི་ཡང་ཕ་བཞི་སྡེ་བའི་མི་རྣམས་ཀྱི་བསམ་ཡུལ་ལས་འདས་པ་དང་ཐམས་ཅད་ཧང་སངས་པར་བྱས། མ་གཞི་ཕ་
སུ་ཡིན་མི་ཤེས་པའི་སྒྲོལ་མ་མཚོའི་བྱིས་པ་དེ་ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་བུ་བསྟན་པའི་རྣམ་ཤེས་ཡིན་པའི་གཏམ་ཞིག་ཁུང་བུ་གང་
ཞིག་ནས་ཤོར་ཡོང་བ་མི་ཤེས་པར། སྡེ་བའི་མི་ཀུན་གྱི་ཁ་ན་འུ་རུ་རུ་གྲགས་མགོ་བརྩམས།
ད་ནི་ཕ་བཞི་སྡེ་བའི་ཆུ་ལེན་མ་རྣམས་ལ་སླར་ཡང་གཅིག་སྡུད་ཀྱི་ཁ་བརྡ་གསར་བ་ཞིག་བྱ་རྒྱུ་ཡོད་པས། མ་མཐའ་
ཡང་ཉིན་བདུན་བརྒྱད་ཙམ་ལ་མཇུག་བསྡུ་མི་སྲིད།
ཉིན་ཞིག་གི་སྔ་མོ། ཆུ་ལེན་མ་སྐོར་ཞིག་གིས་ཟོ་སྟོང་ཁུར་ནས་གྲམ་ཆུ་ཁར་འོངས། ཐོག་མར་སུས་ཀྱང་ཨ་ཡེ་རྡོ་རྗེ་
སྐྱིད་ཚང་མི་གླེང་བར་ཡར་བཤད་མར་བཤད་མང་པོ་ཞིག་བྱས་པ་དེ་ནི་ཨ་ཡེ་རྡོ་རྗེ་སྐྱིད་ཚང་གི་དོན་དག་གླེང་བར་རྨང་
གཞི་འདིང་བཞིན་པ་སུས་མི་ཤེས།
ཡུད་ཙམ་ནས་བུད་མེད་གཟུགས་ཐུང་ཅིག་ཁ་གྲགས་བྱུང༌།
“ཨ་རོག་ཚོ། ཉིན་འདི་དག་གི་རིང་ལ་ཡིག་སྐྱེལ་བའི་རྟ་རྒན་མཐོང་རྒྱུ་མེད་པ་ཅི་རེད།”
“ཡིག་སྐྱེལ་བ་ཨེ། འདྲེ་རྒན་དེ་ས་འདི་རུ་ཡོང་ས་གང་ན་ཡོད།”བུད་མེད་ངོ་དམར་མ་ཞིག་གིས་མཐུད་ནས་
བཤད།
“ཨ་ཡེ་རྡོ་རྗེ་སྐྱིད་ཚང་ལ་རྫུན་བཤད་པ་རེད་ཟེར་རམ།”
“དེ་ལོས་ཡིན་རྒྱ་ལ་འཕྲུལ་ཆེ་བོད་ལ་དད་པ་ཆེ་ཟེར་བ་ཅིས་མ་བདེན། ཁོས་ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་ཁོག་ལ་སྡུག་
བཞག་བཞག་ཅིག་སུས་ཀྱང་བཞག་མེད།”
“ཁོས་རྫུན་དེ་འདྲ་ཞིག་བཤད་དོན་ཅི་ཡིན་ནམ།”
“དེ་མི་ཤེས་རྒྱུ་ཅི་ཡོད། ཁོ་ས་ཐག་རིང་ནས་ཡོང་བ་ཡིན་པས་འཐུང་ས་དང་སྡོད་ས་མི་དགོས་སམ། ཨེ། ཨ་ཡེ་
རྡོ་རྗེ་སྐྱིད་ཀྱིས་ཁོ་ལ་སྣེ་ལེན་བྱེད་ཐེངས་རེར་ཤ་མ་བཙོས་པའི་སྐབས་ཤིག་མེད།”
“འོ—”བུད་མེད་གཟུགས་ཐུང་དེས་མགོ་བོ་ནང་དུ་གུག་གུག་བྱས།
སྐབས་དེར། ཁོ་མོ་ཚོའི་ཟོ་བའི་ནང་དུ་ཆུས་བཀང་འདུག་ཅིང་རེ་རེ་བཞིན་ལམ་དུ་ཆས། ཡིན་ན་ཡང༌། ཟོ་བ་ལྩི་མོ་
དེས་ཁོ་ཚོའི་ཁ་བརྡའི་མཚམས་གཅོད་ག་ལ་ཐུབ།
“ཉིན་འགའི་སྔོན་ལ་སྔགས་རྒན་ཉི་མ་རྒྱལ་མཚན་ཨ་ཡེ་རྡོ་རྗེ་སྐྱིད་ཚང་ལ་ཕེབས་པ་ཅིའི་དོན་རེད།”
“བསྟན་པའི་རྣམ་ཤེས་གང་ན་ཡོད་པ་མོ་རྩིས་རྒྱག་ཏུ་འོངས་པ་རེད།”
ཆུ་ལེན་མ་རྗེས་མ་དེ་གཉིས་ཀྱིས་ཟུར་ནས་ཁ་བརྡ་བྱས་བྱུང༌།
“སྒྲོལ་མ་མཚོའི་བུ་རབ་བརྟན་དེ་བསྟན་པའི་རྣམ་ཤེས་ཡིན་པ་སྔགས་རྒན་གྱིས་གསུངས་པ་ཡིན་ནམ།”
“མ་རེད། ཁྱོད་ཀྱིས་ཅི་ཡང་ཤེས་ཀྱི་མི་འདུག”
“དེས་ན། ང་ལ་ཐེངས་གཅིག་བཤ་ད་རོགས།”
“སྒྲོལ་མ་མཚོའི་བུ་དེས་ནམ་ཡིན་ཡང་‘ང་བསྟན་པ་ཡིན། བཅིངས་འགྲོལ་དམག་སླེབས་བྱུང༌། འབྲོ་ཡ།
འདུག་མི་ཉན’ཟེར་བའི་སྐད་ཆ་དེ་གཅིག་གིས་གཅིག་ལ་བཤད་དེ་མཇུག་མཐར་ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ་
གཉིས་ཀྱི་རྣ་བར་འོངས་པ་རེད།”བུད་མེད་དེས་བཤད་གང་ཐུབ་བྱས།
ནངས་སྔ་མོ་འདིར་བཤད་པའི་སྐད་ཆའི་མཇུག་ཆུ་ལེན་མ་སུ་ཞིག་གིས་བསྡུས་པ་མི་ཤེས། ཁོ་མོ་ཚོ་སྡེ་འདབས་སུ་
སླེབས་པ་ན་བྱང་ཆར་སོང་བའི་ལམ་ཕྲན་རྣམས་བརྒྱུད་དེ་རང་རང་གི་ཁྱིམ་དུ་ལོག
ཕྱི་དྲོ། སྒྲོལ་མ་མཚོས་བུད་ཤིང་ཁུར་བོ་ཞིག་ཁུར་ནས་ཁྱིམ་དུ་སླེབས་བྱུང༌། ཉིན་རེར་ཐེངས་གཅིག་ལ་ནགས་སུ་
འགྲོ་བ་ནི་ཁོ་མོའི་ཉིན་གང་གི་ལས་ཀའི་གོ་རིམ་ཁྲོད་ཀྱི་ཆ་ཤས་ཤིག་ཡིན། ཡིན་ན་ཡང༌། ནགས་ཐག་རིང་བས་ནམ་གསལ་
མ་ཐག་སོང་ན་ཉིན་གུང་ཡོལ་བའི་དུས་སུ་ད་གཟོད་ཕྱིར་ཁྱིམ་དུ་སླེབས་ཐུབ་པ་ཙམ་ཡིན། ཁོ་མོའི་དཀར་ཞིང་གཙང་བའི་
གདོང་གི་དཔྲལ་བ་དང་སྣ་མགོ་ན་རྔུལ་ཆུའི་དོག་པ་འཛུམ་ཚུལ་ལ་བལྟས་ན་བུད་མེད་གྲུང་མ་ཞིག་ཡིན་པ་ཤེས་ཐུབ་ཅིང༌།
རིང་ཞིང་གནག་པའི་སྐྲའི་ལན་བུ་མགོ་ལ་དཀྲིས་ཡོད་པ་དེ་ལས་ཀྱང་ལས་ཀ་པ་མཛངས་མ་ཞིག་ཡིན་པ་རྟོགས་ནུས།ཁོ་མོས་ཁུ་སིམ་པའི་རང་ཁྱིམ་དུ་ཁུར་བོ་ས་ལ་ཕོག་མ་ཐག་ཤ་དང་ཁྲག་ལས་མཆེད་པའི་བུ་རབ་བརྟན་དྲན་བྱུང༌།
“རབ་བརྟན། རབ་བརྟན་ད་ལྟ་གང་ན་ཡོད་དམ། ཨ་ཙི། ཁོ་བསྟན་པའི་རྣམ་ཤེས་ཡིན་པས… …”
སྒྲོལ་མ་མཚོ་དང་ཨ་ཡེ་རྡོ་རྗེ་སྐྱིད་ཚང་གཉིས་ནི་བར་གྱང་གཅིག་གི་ཁྱིམ་མཚེས་ཡིན་ན་ཡང༌། སྔོན་ཆད་རྩ་བ་ནས་
ཁ་བསྲེ་མེད། ངོ་མ་བཤད་ན་དེ་ནི་འདས་ཟིན་པའི་དོན་དག་ཅིག་གི་སྟེང་ནས་བྱུང་བ་རེད།
ཟིང་འཚུབ་ཆེ་བའི་ལོ་ཟླའི་ནང་དུ། སྒྲོལ་མ་མཚོའི་ཨ་ཕ་ནི“གདོང་མཆོང་དཔའ་བོའི”མགོ་གཙོ་ཞིག་རེད།
ཉིན་ཞིག་ཕ་བཞི་སྡེ་བའི་ནང་དུ་རྡོ་རྗེ་སྐྱིད་ཚང་ལ་དགག་པ་རྒྱག་པའི་ཚོགས་འདུ་ཚོགས།
“ཤོད། རྡོ་རྗེ་སྐྱིད། ཁྱོད་ཀྱི་བུས་བཅིངས་འགྲོལ་དམག་དུ་བསད་པ་ཡིན།” སྒྲོལ་མ་མཚོའི་ཨ་ཕས་སྐད་གསང་
མཐོན་པོས་དྲིས།
“མི་ཤེས། ངས་ངོ་མ་མི་ཤེས།”
“ཧིན གྲལ་རིམ་གྱི་དགྲ་བོ།”ཟེར་བཞིན་ཁོ་མོར་འགྲམ་ལྕག་གཅིག་གཞུས།
“ཁྱོད་ཀྱིས་ཤོད། རང་ཉེས་ཞུས་ན་གུ་ཡངས་དང་ངོ་ཡ་བྱས་ན་དྲག་གནོན་བྱེད་རྒྱུ། གསེར་མོ་མཚོ། ཁྱོད་ཀྱི་ཁྱོ་
བོས་བཅིངས་འགྲོལ་དམག་དུ་བསད་པ་རེད།”
“མི་ཤེས། ངས་ངོ་མ”
“ཧིན། ཞིང་ནང་གི་ལྡུམ་བུ། རང་ཉེས་མི་ཞུ་ན་དྲག་གནོན་བྱོས།”
ཉིན་འགའ་ལ་གཅར་རྡུང་མྱངས་པས་ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་ལུས་ཡོངས་ལ་སྔོ་ཐིག་ལྷུང་ཞིང་རྐང་པ་ཡ་གཅིག་དུས་དེ་
ནས་བཟུང་འཐེང་བོར་གྱུར། གསེར་མོ་མཚོས་ཀྱང་ན་ཟུག་བསྲན་མ་ནུས་པར་ཅུང་ཙམ་མིན་ན་ཨམ་གཙིགས་བསྡམས་ནས་
བྲག་ལ་ལྡིང་སོང༌། རྗེས་སུ… …རྗེས་སུ་སྒྲོལ་མ་མཚོའི་ཨ་ཕ་ཤི་སོང༌།
“རིག་གསར”གྱི་མཇུག་བསྡུས་རྗེས། ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ་གཉིས་ཀྱི་མགོ་ནས“གསར་བརྗེར་
ངོ་ལོག་པའི་ཁྱིམ་རྒྱུད”ཀྱི་ཞྭ་མོ་ཕུད་པ་དང༌། ཚ་བོ་རིག་ལྡན་ལ་སློབ་གྲྭ་གཞན་དུ་རྒྱུགས་སྤྲོད་པའི་སྐལ་བ་བྱུང་བས་ཁོ་
མོ་གཉིས་ཀྱི་སེམས་ངལ་རིམ་གྱིས་དྭངས་མོད། འོན་ཀྱང༌། སྐབས་འགར་དགོས་དབང་གིས་ཕན་ཚུན་ལ་ཁ་གྲག་པ་ཙམ་
ལས་ཕར་འགྲོ་ཚུར་འོང་གི་ཁྱིམ་གྱི་འབྲེལ་བ་གཏན་ནས་མེད།
སྒྲོལ་མ་མཚོས་ཅི་ཡང་ཤེས། ཁོ་མོ་རང་གི་ཨ་ཕར་སྙིང་རྗེ་དང་དུངས་པ་སྐྱེས་ཤིང༌། བུ་རབ་བརྟན་གྱི་ཕ་ལ་ཡང་ཞེ་
སྡང་དང་དུངས་པ་སྐྱེས་ཏེ་འགྱོད་གདུང་དྲག་པོས་གཟིར་བར་བྱས། ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་ཁོ་མོར་བུ་རབ་བརྟན་གྱི་ཕ་སུ་
ཡིན་ཚུལ་ཡང་དང་ཡང་དུ་དྲིས་ཀྱང་ཁོ་མོས་ངོ་གདོང་དམར་པོར་འགྱུར་བཞིན་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད།
སྐབས་འགར། ཁོ་མོས་ལུས་སྟོད་ཀྱི་དབུགས་ཡོད་ཚད་གཅིག་ཏུ་བསྡུས་ཏེ་ཅི་ཞིག་བཤད་རྩིས་བྱས་ཀྱང་མཇུག་མཐར་ཅི་
ཡང་བཤད་མ་ཐུབ།
རེད་ཡ། བུ་རབ་བརྟན་གྱི་ཨ་ཕ་སུ་ཡིན་པ་ནི་ཁོ་མོ་གཅིག་པུས་མ་གཏོགས་སུས་ཀྱང་མི་ཤེས།
སྒྲོལ་མ་མཚོ་ནམ་རྒྱུན་ལྟར་བུ་ལ་བལྟ་རུ་སོང༌། ཁོ་མོས་ཨ་ཡེ་རྡོ་རྗེ་སྐྱིད་ཚང་གི་རྒྱལ་སྒོ་ཕྱེས་པ་ན། ཨ་ཡེ་རྡོ་རྫེ་སྐྱིད་
ཀྱིས་ཁྱམས་ན་དམག་ལྭ་ཆུང་ཆུང་གསར་བ་ཆ་ཚང་ཞིག་གྱོན་པའི་བུ་རབ་བརྟན་པང་འདུག་པ་མཐོང༌། རབ་བརྟན་གྱིས་
སྒྲོལ་མ་མཚོ་མཐོང་མ་ཐག་དགའ་དྲགས་ཏེ། “ཨ་མ—”ཞེས་འབོད་བཞིན་ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་པང་ནས་ཐར་གང་
ཐུབ་བྱེད་པ་དང༌། རྒྱུག་ཞོར་དུ་ད་མ་དིག་གིས་“ཨ་མ། ཨ་ཡེས་ང་ལ་བཅིངས་འགྲོལ་དམག་དྲིས་པ་རེད། ང་བཅིངས་
འགྲོལ་དམག་ལ་སྐྲག་གི”ཟེར།
སྐད་ཆ་འདི་ནི་དུག་ཚེར་ཞིག་དང་འདྲ་བར་སྒྲོལ་མ་མཚོའི་སྒྲ་འཛིན་གྱི་བུ་ག་བརྒྱུད་དེ་སྙིང་དབུས་སུ་ཟུག་སྟེ་ཁོ་མོ་
ཧ་ནེ་ཧོན་ནེར་བཏང༌།
ཡང་ཕལ་ཆེར་ཟླ་གཅིག་ལྷག་འགོར་སོང༌།
ཕ་བཞི་སྡེ་བའི་མི་ཁ་ཤས་ཀྱིས“རྒྱ་ཡ་ཡེ་ལ་བློ་གཏད་མེད”ཟེར་ནས་ཡིག་སྐྱེལ་བ་ཀའོ་ལགས་ལ་ཞེ་སྡང་སྐྱེས་
ཤིང་ཁོང་ཁྲོ་ལངས་ཏེ་སྡོད་བཟོད་མེད་པར་གྱུར།
དྲོས་ཇ་ཡོལ་མ་ཐག་པའི་སྐབས་ཤིག་ལ། ཕ་བཞི་སྡེ་བའི་ལུང་མདོ་ནས་སྐྱ་མི་ཞིག་མངོན་བྱུང༌། དེའི་ལུས་ཧྲིལ་བོར་
ལྭ་བ་སྔོ་ལྗང་ཁ་ཚང་ཞིག་གྱོན་ཡོད་ལ་བཞོན་པའི་ཁ་དོག་ནི་གངས་རི་ལས་ཀྱང་དཀར། ཨ་ཙི། དེ་ནི་ཡིག་སྐྱེལ་བ་མ་ཡིན་ནམ།
བདུན།
ཕ་བཞི་སྡེ་བར་ཡོང་བའི་ཡིག་སྐྱེལ་བ་དེ་ནི་གསར་བུ་ཆུང་ཆུང་ཞིག་ཡིན་ཞིང༌། ཕལ་ཆེར་ཕོ་ལོ་ཉི་ཤུའི་ནང་གི་
གསར་བུ་ཞིག་སྟེ། ངོ་གདོང་ཟླ་བ་ལྟར་དཀར་ལ་མིག་ཟུང་ནག་འཁྱུག་སེ་འདུག སྔོ་ལྗང་གི་ལྭ་བ་ཆ་ཚང་དེ་གྲ་དག་པོར་
གྱོན་འདུག་པས་མིག་དབང་འཕྲོག་པ་ཞིག་རེད།
སྡེ་བའི་མི་ཞེ་སྡང་ཅན་སྐོར་ཞིག་གིས་ཁོ་རང་མི་ཆ་མེད་ཅིག་ཡིན་པ་རྟོགས་རྗེས་ཁ་ཡ་ཙམ་ཡང་མི་བྱེད། ཁོས་དེ་
དག་ལ་ཅི་ཞིག་འདྲི་འདོད་སྐྱེས་ཀྱང་བོད་སྐད་ཚིག་གཅིག་ཙམ་ཡང་ངག་ལས་མ་ཐོན། མཇུག་མཐར་ཁོས་རྒྱ་སྐད་ཀྱིས་
ཚིག་འགའ་བཤད་ན་ཡང་ཁོ་ཚོས་སྔར་བཞིན་ཁ་ཡ་གཏན་ནས་མ་བྱས།
ཡིག་སྐྱེལ་བ་དེ་འུ་ཐུག་པ་དང་ཁོག་ལ་སྡུག་གིས་ཁེངས་ཤིང་རྟ་རྒན་ཁྲིད་དེ་བྱིས་པ་མང་པོ་མཐོང་ཐུབ་པའི་སློབ་
གྲྭའི་ནང་དུ་སོང༌། དགེ་རྒན་བསམ་འཕེལ་གྱིས་ཁོ་མཐོང་མ་ཐག་འཛུམ་དམུལ་དམུལ་གྱིས་ཁྱིམ་དུ་བསུས་པ་དང༌། རྟ་རྒན་
སློབ་གྲྭའི་ར་སྐོར་གྱི་ཕུར་བ་སྦོམ་པོ་ཞིག་ལ་བཏགས།
དགེ་རྒན་བསམ་འཕེལ་ནི་མི་གཞན་ལ་རྩིས་འཇོག་ཆེ་ཞིང་འགྲུལ་རྩིས་ཆེ་བའི་མི་ཡ་རབས་ཤིག་སྟེ། རིག་ལྡན་དང་
ཁོ་གཉིས་དེ་སྔོན་སློབ་གྲོགས་ཡིན་ལ། ཁོ་རང་བློ་དང་རིག་པ་དེ་འདྲ་རྣོ་རྒྱུ་མེད་ན་ཡང་གཡོ་སྒྱུ་དང་ལེ་ལོ་ཡོངས་སུ་སྤངས་
པའི་མི་ཚུལ་ལྡན་ཞིག་ཡིན།
ཡིག་སྐྱེལ་བ་རྐུབ་སྟེགས་སྟེང་དུ་བསྡད་མ་ཐག སྐྱེས་གཟུགས་དྲང་ཞིང་ངོ་གདོང་མཛེས་པའི་བུད་མེད་ཅིག་གིས་
མྱུར་དུ་ཁོ་ལ་འོ་ཇ་དཀར་ཡོལ་གང་དྲངས། བྱིས་པ་རྣམས་ཀྱིས་སྐད་གསང་མཐོན་པོས་ཀློག་འདོན་བྱེད་པའི་སྒྲ་དབྱངས་
ཀྱི་ཁྲོད་ནས་ཁོ་གཉིས་ཀྱིས་རྒྱ་སྐད་ཀྱི་ལམ་ནས་གླེང་མོལ་བྱས།
“ཁྱོད་རྫོང་མཁར་ནས་ཡོང་བ་ཡིན་ནམ།”དགེ་རྒན་བསམ་འཕེལ་གྱིས་ངག་འཇམ་པོས་དྲིས།
“ཨིན། ཡིན་ཡ།”ཡིག་སྐྱེལ་བའི་ངག་ཀྱང་འཇམ།
“ཁྱོད་སྡེ་བ་གང་གི་ཡིག་སྐྱེལ་བ་ཡིན།”
“ཕ་བཞི། ཆུ་ནག མདའ་ཁོག… …”
“འོ་ན། ཨ་ཁུ་ཀའོ་ལགས་གང་དུ་ཕེབས་སོང༌།”
“ཁོས་ངལ་གསོ་བྱས་ཟིན། ང་ཁོའི་བུ་ཡིན།”
“ཨ—”དགེ་རྒན་བསམ་འཕེལ་ཧད་པར་གྱུར་ཅིང་རེ་ཞིག་མིག་ཟུང་ཧྲིག་གེར་ཡིག་སྐྱེལ་བའི་གདོང་ལ་ཅེར།
ཡུད་ཙམ་ནས“ཁྱོད་ཀྱི་མིང་ལ་ཅི་ཟེར།”ཞེས་དྲིས།
“ཀའོ་ཆང་ཧྲིན།”ཡིག་སྐྱེལ་བས་ཁ་ལ་ཁྱེར་བའི་ཕོར་བ་ཕྱིར་ཅོག་ཙེ་སྟེང་དུ་བཞག་སྟེ་བཤད།
“ཁྱོད་ཀྱིས་བོད་སྐད་མི་ཤེས་སམ།”
“ཨ་ཕས་ང་ལ་ཚིག་འགའ་བསླབས་མྱོང༌། ཡིན་ན་ཡང་ངས་བཤད་མི་ཤེས།”
དགེ་རྒན་བསམ་འཕེལ་གྱིས་མགོ་བོ་གུག་གུག་མཛད།
“ཁྱོད་འདི་གའི་དགེ་རྒན་ཡིན་ནམ།”
“ཨིན།”
“དེས་ན་ཁྱོད་ཀྱི་མིང་ལ་བསམ་འཕེལ་ཨེ་ཟེར།”
“ཨིན། ངའི་མིང་ལ་བསམ་འཕེལ་ཟེར།”
“ཁྱོད་ལ་འདི་ན་ཡི་གེ་ཞིག་འདུག”ཡིག་སྐྱེལ་བས་ཏ་ལེན་ཚུར་བླངས་རྗེས་ཁ་ཕྱེས་ནས་ཕར་གློང་ཚུར་གློང་
འགའ་བྱས་ཏེ་འཕྲིན་ཡིག་ཅིག་བླངས་འོངས།
དགེ་རྒན་བསམ་འཕེལ་གྱིས་འཕྲིན་ཡིག་དེ་ཚུར་བླངས་ནས“བཀའ་དྲིན་ཆེ”ཞེས་བཤད་རྗེས་ལྟ་ཙམ་ཡང་
མི་བྱེད་པར་ཕར་བཞག ཁོས་ཤེས་ཡོད། དེ་ནི་རིག་ལྡན་གྱིས་བསྐུར་པ་ཐག་ཆོད་རེད།
ཡིག་སྐྱེལ་བས་ཁ་བརྡ་བྱེད་ཞོར་དུ་ལུག་ཤ་ལེབ་མོ་གཅིག་ཟོས་ཤིང༌། འོ་ཇ་ཕོར་བ་དོ་ཙམ་འཐུངས་རྗེས་ཏ་ལེན་
ལས་འཕྲིན་ཡིག་མང་པོ་ཞིག་བཏོན་ཏེ་དགེ་རྒན་བསམ་འཕེལ་གྱི་ལག་ཏུ་འཇོག་བཞིན“འདི། ཕ་བཞི་སྡེ་བའི་འཕྲིན་
ཡིག་ཤ་སྟག་ཡིན། ཁྱེད་ཀྱིས་དུས་ལྟར་ཁོ་ཚོར་འཕྲོད་ཐབས་བྱེད་རྒྱུ་མཁྱེན། དུས་ཚོད་འགོར་འགྱངས་དྲགས་པས་ཁྱེད་ཀྱིས་
ངའི་ཚབ་བྱས་ནས་སྡེ་བའི་མི་ལ་བཟོད་སྒོམ་ཞུ་རོགས། ངོ་མ་བཤད་ན། ཨ་ཕས་ལས་འཁྱུར་ངལ་གསོ་བྱས་པ་ནས་བཟུང་
ལས་ཁུངས་སུ་མི་མ་འདང་བའི་རྐྱེན་གྱིས་ད་བར་དུ་ཡི་གེ་སྐྱེལ་མཁན་མ་བྱུང༌། ང་ནི་ཨ་ཕའི་རེ་བ་ལྟར་ནགས་ལས་ཅུས་
ནས་ཆེད་དུ་ཡིག་སྐྱེལ་ལས་ཁུངས་སུ་ལས་གནས་བརྗེས་པ་ཡིན། ཕྱིན་ཆད་དུས་ལྟར་འཕྲིན་ཡིག་སྐྱེལ་ཡོང་ངེས། བཀའ་
དྲིན་ཆེ། ད་ང་འགྲོ་རན་འདུག ཁྱོད་ཀྱིས་ཆུ་ནག་སྡེ་བར་བགྲོད་སའི་ལམ… …”
“ངས་ཁྱོད་ལ་བསྟན་ཆོག འཆུག་མི་སྲིད།”
དགེ་རྒན་བསམ་འཕེལ་དང་ཆུང་མ་གཉིས་ཀྱིས་ཡིག་སྐྱེལ་བ་སྒོ་ལ་བསྐྱལ་བ་དང༌། རི་སྨུག་པོ་ཞིག་གི་ཕྱོགས་སུ་
ཟུག་པའི་ལམ་ཕྲན་གྱ་མ་གྱུ་ཞིག་བསྟན། ཡིག་སྐྱེལ་བས་རྟ་ལ་ཡོབ་རྡེབ་བྱེད་བཞིན་གཞུག་ལ་ལྟ་ཙམ་བྱས་རྗེས་མདུན་དུ་
བཞུད། ཁོ་དངོས་གནས་གློག་བརྙན་ནང་གི་འཐབ་མོ་བ་ཆུང་ཆུང་ཞིག་དང་མཚུངས།
ཕྱིར་ལོག་རྗེས། དགེ་རྒན་བསམ་འཕེལ་གྱིས་ཡིག་ཤུབས་ཀྱི་ཁ་ཕྱེས་ཏེ་བལྟས།
གྲོགས་བསམ་འཕེལ་ལ་སྟབས་བདེར་ཞུ་བ།ཁྱེད་བཟའ་ཟླ་གཉིས་བདེ་མོ་ཡིན་ནམ།
ཞུ་སྙིང་ནི། དབྱར་གནང་སྐབས་སུ་ཁོ་བོས་鉄ངའི་ཨ་ཕའི་གཏམ་རྒྱུད鉅ཅེས་པའི་སྒྲུང་གཏམ་ཞིག་བྲིས་མྱོང༌། དེ་ནི་
གཙོ་བོ་ཕ་ཡུལ་གྱི་གཉེན་ཉེ་དང༌། སྐྱེས་ཕོ་མོ་རྒན་གཞོན་མང་པོ་ཞིག་ལ་བརྟེན་པ་ཡིན། དེའི་ནང་དུ་གཉེན་ཉེ་ཕ་མ་གང་
ཡང་མེད་པའི་གཞུང་དྲང་རྒྱུད་འཇམ་གྱི་སྒྲོལ་མ་མཚོ་ཡང་འདུས། ཁོ་མོས་ང་ལ་མེད་དུ་མི་རུང་བའི་རྒྱུ་ཆ་སྟེ། ངའི་ཨ་ཕ་
རྒྱ་གར་དུ་བྲོས་རྗེས་ཀྱི་ཟིང་འཚུབ་ཆེ་བའི་ལོ་ཟླའི་ནང་དུ་ངེད་ཚང་ལ་དགག་པ་རྒྱག་པའི་ཚོགས་འདུ་ཚོགས་པའི་སྔ་གཞུག་
གི་གསང་བ་རེ་གཉིས་དང༌། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་གསལ་འདོན་བྱས། དེ་དུས་ཁོ་མོའི་ཨ་ཕ་ནི“གདོང་
མཆོང་དཔའ་བོའི”མགོ་གཙོ་ཡིན་པས་ཁོ་མོར་དེའི་ཕྱོགས་ཀྱི་གསལ་ཆ་ཅུང་འཛོམས་པོ་འདུག
ད་ལྟ། ངས་སླར་ཡང鉄ངའི་ཨ་ཕའི་གཏམ་རྒྱུད鉅ལ་འདོར་ལེན་དང་ཁ་གསབ་རྒྱག་བཞིན་ཡོད། གལ་ཏེ་ཁྱོད་ལ་
ཡང་གཞན་དུ་མ་གྲགས་པའི་རྒྱུ་ཆ་གསར་པ་དང༌། ལྟ་བ་ཐུན་མོང་མ་ཡིན་པ་རེ་འདོན་རྒྱུ་ཡོད་ན་ང་ལ་བསྐུར་ཏེ་རྒྱབ་སྐྱོར་
གནང་རོགས་མཛོད།
མཐར་སྐུ་ལུས་བདེ་བར་སྨོན། གཞན། ཁྱོད་ཀྱིས་ངའི་ཚབ་བྱས་ཏེ་ཡིག་སྐྱེལ་བ་ལ་འཚམས་འདྲི་ཞིག་བྱེད་པར་
འཚལ།
(ཉེ་ཆར་བྱ་བ་བྲེལ་ཆེ་བས་ད་ནས་བཟུང་ཡི་གེ་སྐུར་ཁོམ་ཡང་མི་འདུག་པས) ངའི་ཨ་ཡེ་དང་ཨ་མར་ཡང་འདི་
ལྟར་བཤད་རོགས)
ཞེས་རིག་ལྡན་གྱིས་ཟླ་ཚེས་བཟང་པོར་ཕུལ།
ཡི་གེ་ནི་དེ་ལྟར་ཐུང་ཞིང་སྟབས་བདེ་ཡིན་ན་ཡང༌། ཁོས་རང་དབང་མེད་པར་སླར་ཡང་ཀློག་དགོས་བྱུང༌།
ཟླ་གཅིག་འགོར་སོང༌། ཨ་ཡེ་རྡོ་རྗེ་སྐྱིད་རེ་ཐག་ཆད་འདུག ཁོ་མོ་རྒས་དྲགས་ནས་མིག་མདངས་ཉམས་ཤིང་མགོ་སྐྲ་
ཚ་རུ་ལྟར་དཀར་པོར་གྱུར། དཔྲལ་བའི་སྨེ་བ་ནག་པོ་དེ་གཉེར་མ་ཟབ་མོའི་བར་དུ་ཚུད་ནས་རིག་དཀའ། གསེར་མོ་མཚོའི་
ཁོག་གི་སྡུག་བསྔལ་ནི་ཨ་ཡེ་རྡོ་རྗེ་སྐྱིད་ལས་ཀྱང་ལྩི། དཀར་ལ་དམར་མདངས་ཆགས་པའི་ཁོ་མོའི་ཆུང་དུས་ཀྱི་ངོ་གདོང་དེ་
སྨུག་མདོག་ཏུ་གྱུར་ཡོད་ལ། དེ་ཡང་དམར་ནག་ཅིག་ཏུ་མངོན་འདུག མཁུར་ཚོས་གཉིས་ཀ་འགྲམ་པའི་གཡས་གཡོན་ན་
འབུར་ཡོད་པ་དེས་གདོང་གི་དབྱིབས་ཚུགས་ཀྱང་འགྱུར་ཟིན་པའི་སྣང་བ་སྟེར།
ཁོ་མོ་གཉིས་ཀྱིས་གཅིག་གིས་གཅིག་ལ་སེམས་གསོ་བྱས་ཏེ་ལ་མགོའི་ཉི་མ་འཁྱོལ་ཐབས་བྱས། ཡིག་སྐྱེལ་བ་གཞོན་
ནུ་དེ་ཟླ་འདིའི་ནང་དུ་ཐེངས་མང་པོར་འོངས་མྱོང་ན་ཡང་ཁོ་མོ་གཉིས་ལ་ལག་པ་བསྲིང་རྒྱུའི་སྐལ་མི་འདུག ཁོ་མོ་གཉིས་
ལ་སྒྲོལ་མ་མཚོའི་བུ་བདག་སྙོར་བྱེད་རྒྱུ་ལས་གཞན་འགན་ཁུར་ཅི་ཡང་མེད། བུ་རབ་བརྟན་ལ་མིག་ཆུས་བརླན་པའི་
འགྲམ་པ་རེ་གླན་སྐབས་སེམས་སྐྱ་མོ་སྡུག་གིས་བཀང་ཞིང༌། ཡིག་སྐྱེལ་བ་བགྲེས་པོ་དྲན་ཚེ་སྙིང་ལ་མེ་ལྕེ་ལྷབ་ལྷུབ་ཏུ་
མཆེད་འོངས། ཉིན་རེ་རེ་སྡེ་བའི་ནང་གི་སྐད་ཆ་སྣ་ཚོགས་དང་ཨ་ཡེ་རྡོ་རྗེ་སྐྱིད་ཚང་གི་སྡུག་ཅིང་སྐྱིད་ལ་ཁྲོ་ཞིང་དུངས་
པའི་འཚོ་བའི་ཁྲོད་ནས་འདས། ཡིག་སྐྱེལ་བ་གཞོན་ནུ་དེ་སྔར་བཞིན་ཉིན་འགའ་རེའི་བར་ནས་ཐེངས་རེ་མཐོང་ཐུབ། ཁོ་
ད་ལྟ་ཕ་བཞི་སྡེ་བའི་བྱིས་པ་ཕལ་ཆེ་བར་ལོབས་ཡོད་པ་དང་མི་དར་མའམ་ལོ་ལོན་སྐོར་ཞིག་ཀྱང་ངོ་ཤེས་པར་མ་ཟད།
བོད་སྐད་ད་མ་དིག་ཚིག་འགའ་ཡང་བཤད་ཐུབ།
ལྟོས་དང༌། ཡིག་སྐྱེལ་བ་གཞོན་ནུ་དེ་ཡང་ལུང་མདོ་ནས་ཡར་བུད་ནས་ཐད་ཀར་སློབ་གྲྭའི་ཕྱོགས་སུ་ཆས།
བརྒྱད།
རྫོང་གི་ལས་བྱེད་པ་མང་པོ་གཅིག་འཕྲོར་གཅིག་འོངས་ནས་ཉིན་མང་པོར་ཕ་བཞི་སྡེ་བའི་མི་རྣམས་ལ་སློབ་གསོ་
གང་མང་བཏང་ཞིང༌། སྡེ་བ་ཧྲིལ་བོ་རྨ་གཞོང་ཐང་ལ་འབབ་དགོས་ཚུལ་གྱི་གནས་ལུགས་ཟབ་མོ་བཤད། རྨ་གཞོང་ང་ནི་མུ་
མེད་ཀྱི་རྒྱ་མཚོ་ལྟར་བདེ་ཞིང་ཡངས་ལ། མཐའ་འཁོར་ནཊ་ཀྱིས་བརྒྱན་ཅིང་རི་དྭགས་སྣ་ཚོགས་རྒྱུ། ཉེ་འདབས་ན་གྲམ་ཆུ་
སྡོན་མོ་ཤར་དུ་ལྷུང་ལྷུང་བཞུར་བཞིན་ཡོད། སྔོན་ཇིང་གིར་རྒྱལ་པོས་དབང་བསྒྱུར་དུས་སོག་དམག་སྐོར་ཞིག་འོངས་ཏེ་
སྒར་བཏབ་ཅིང་ཞིང་ས་བསློགས་ཏེ་འདི་རུ་འཚོ་བ་རོལ་མྱོང༌།
ད་ལྟ། སྡེ་མི་སྐོར་ཞིག་གི་རྙིང་ཞེན་གྱི་བསམ་བློར་གཞི་ནས་བཅིངས་འགྲོལ་ཐོབ་སྟེ་འཚུབ་ལང་ལོང་གིས་རྨ་གཞོང་
ཐང་ལ་མཁར་རྡུང་དུ་འགྲོ་བཞིན་འདུག
ཡིན་ན་ཡང༌། ཨ་ཡེ་རྡོ་རྗེ་སྐྱིད་ཚང་སོས་དལ་བག་ཕེབས་ཀྱི་ངང་ནས་སྡོད་པ་ལས་གྲ་སྒྲིག་གི་བྱ་བ་སྤུ་ཙམ་ཡང་སྒྲུབ་
ཀི་མི་འདུག སྡེ་དཔོན་གྱིས་རྫོང་གི་ལས་བྱེད་པ་ཞིག་ཆེད་དུ་ཁྲིད་འོངས་ཏེ་གཟས་ནས་ཁོ་མོ་གཉིས་ལ་སློབ་གསོ་བཏང་ན་
ཡང་ཁོ་མོ་གཉིས་ཀྱིས་མིག་ཟུང་ཆ་གཅིག་ལས་མཆི་མ་ཤ་ར་ར་འབབ་བཞིན་མགོ་བོ་འཕྲེད་དུ་གཡུག་རེད་ཡ། ཁོ་མོ་གཉིས་
ལུང་བ་འདི་ལ་བརྩེ་མདངས་ཟབ་ཅིང་མཁར་ཁྱིམ་གྲུ་བཞི་འདི་ལ་ཞེན་ཆགས་ཆེ་བར་མ་ཟད། ཡོད་ཚད་རང་གི་ཤ་ཁྲག་
ལས་མཆེད་པ་ཇི་བཞིན་ཁ་འབྲལ་མི་ཕོད།
ཉིན་ཞིག་སྡེ་བའི་ལུང་མདོ་ནས་ཡིག་སྐྱེལ་བ་དེ་མངོན་བྱུང༌། ཁོའི་གྲོགས་སུ་ད་དུང་སྐྱེས་པ་ཞིག་ཡོད་ལ། མགོ་སྐྲ་
གྱེན་དུ་ཤད་ཡོད་དེ་སྐྲ་གསེབ་ན་རྒས་ལམ་དུ་སོང་ཟིན་པའི“ཕོ་ཉ་དཀར་པོ”རེ་གཉིས་སྐྱེས་འདུག གདོང་ཤ་ཅུང་
ནག་ལ་སྣ་གཟེངས་མཐོ། ཤེལ་མིག་དཀར་པོ་གསེར་གྱི་མཐའ་ཤན་ཅན་གྱི་འོག་ཏུ་མིག་འབྲས་གསོན་པོ་ཟུང་གཅིག་རྒས་
ཐུབ་མེད། ལུས་ལ་རྒྱ་ལྭ་སྨུག་པོ་ཆ་ཚང་ཞིག་གྱོན་ཞིང༌། སྐེ་ལ་མགུལ་ཆིངས་དམར་ནག་ཅིག་ཀྱང་དཀྲིས་འདུག ཕར་
བལྟས་པ་ཙམ་གྱིས་ཕོ་ལོ་ལྔ་བཅུའི་ཡན་གྱི་མི་ཞིག་ལོས་ཡིན་སྙམ། ཁོ་གཉིས་ཀྱིས་གླེང་མོལ་ཅི་ཞིག་བྱེད་བཞིན་པ་འདྲ།
སྡེ་བའི་སྲང་ན་མི་གཅིག་ཀྱང་མི་འདུག སློབ་གྲྭའི་བྱིས་པ་དག་གི་སྐད་སྒྲ་ལས་གཞན་ཁྱི་སྐད་ཙམ་ཡང་ཐོས་རྒྱུ་མེད། ཁོ་
གཉིས་ཀྱིས་ཡར་མར་ལ་སྐོར་ལྟ་ཞིག་བྱས་རྗེས་ཐད་ཀར་ཨ་ཡེ་རྡོ་རྗེ་སྐྱིད་ཚང་ལ་སོང༌། སྟབས་ལེགས་ནས་སྒོ་ཁའི་ཁྱི་རྒན་
བཙན་པོ་དེ་སྔར་ནས་ལྡོམ་སོང་བ་འདྲ།
“ཨ་ཡེ་རྡོ་རྗེ་སྐྱིད།”ཁོ་གཉིས་མཉམ་དུ་ནང་སྒོ་རུ་འཛུལ་སྐབས་ཡིག་སྐྱེལ་བས་རྒྱ་སྐད་ཀྱིས་བོས།
ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་གོ་ཁའི་ཡར་སྒྱེད་དུ་མ་ཎི་འཁོར་ལོ་སྐོར་བཞིན་འདུག་ལ། གསེར་མོ་མཚོས་ཐབ་ཁུང་ཁ་ན་ཙོག་
པུར་བསྡད་དེ་བུ་ཆུང་རབ་བརྟན་གྱི་ཁ་རྩེ་བཞིན་འདུག ཁོ་མོ་གཉིས་ཀྱིས་ཡིག་སྐྱེལ་བ་མཐོང་མ་ཐག་སྙིང་རླུང་སྟོད་ལ་
འཚང་འོངས་ཤིང༌། མི་ཆ་མེད་དེ་མཐོང་ཚེ་རེ་ཞིག་ཅི་བཤད་རྒྱུ་ཡང་མ་ཤེས།
“ཨ་མ—”མི་ཆ་མེད་དེ་སྨྱོན་པ་ལྟར་ཕར་མཆོངས་ཏེ་ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་ལུས་ལ་འཐམས། མཆི་མ་འཛག་
པའི་མིག་ཟུང་གིས་ཁོ་མོའི་གདོང་ལ་གཡས་ལྟ་གཡོན་ལྟ་བྱས་ཤིང༌། ལག་པས་དཀར་པོར་གྱུར་པའི་སྐྲ་ལོར་བྱིལ་བྱིལ་དང་
དཔྲལ་བའི་སྨེ་བ་ནག་པོ་དེར་རེག་རེག་བྱས། ཨ་ཡེ་རྡོ་རྗེ་སྐྱིད་དངངས་སྐྲག་ཅིག་གིས་ལག་ནས་མ་ཎི་འཁོར་ལོ་ས་ལ་ལྷུང་
བ་དང༌། དྲན་པ་འཐོར་བ་ལྟར་ཧ་ནེ་ཧོན་ནེ་ཞིག་ཏུ་གྱུར། ཡིག་སྐྱེལ་བ་དང་གསེར་མོ་མཚོ། བུ་ཆུང་རབ་བརྟན་བཅས་ཀྱིས་
ལྟ་ཚུལ་མི་གཅིག་པའི་ངང་མིག་ཅེ་རེར་མགྲོན་པོ་ཆ་མེད་དེ་ལ་བལྟས་འདུག
“ཨ་མ—ང་ལ་ལྟོས་དང་ང་བསྟན་པ་ཡིན།”མི་དེས་ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་མིག་སྐྱག་འབྱིད་བཞིན་“ཨ་མ—
ཁྱོད་ཀྱིས་མིག་ཕྱེས་དང༌། ང་ནི་ཁྱོད་ཀྱི་བུ་བསྟན་པ་ཡིན། རྒྱ་གར་ནས་ཡོང་བ་ཡིན།”
“རྒྱ་གར”ཞེས་པའི་ཚིག་དེས་ཨ་ཡེ་རྡོ་རྗེ་སྐྱིད་ཀྱི་རྣམ་རིག་ཇེ་གསལ་དུ་བཏང་བ་དང༌། མིག་ཟུང་ལས་ཡིད་
ཆེས་ལ་མ་ཆེས་པའི་མདངས་ཤིག་་འཕྲོས་ཏེ། “ཁྱོད… …ཁྱོད་སུ་ཡིན”ཟེར་བཞིན་ལག་ཟུང་གིས་ཕར་འདེད་ཙམ་བྱས།
མི་ཆ་མེད་དེས་མིག་ཟུང་གི་མཆི་མ་འབྱིད་བཞིན“ཨ་མ—ང་ངོ་མ་ཁྱོད་ཀྱི་བུ་བསྟན་པ་ཡིན།”ཞེས་བཤད་
རྗེས་ཕར་སོང་ནས་གསེར་མོ་མཚོའི་ལག་པར་འཇུས་ཏེ། “གསེར་མོ་མཚོ། ཁྱོད་ཀྱིས་ང་ངོ་མི་ཤེས་སམ། ང་ཁྱོད་ཀྱི་ཁྱོ་བོ་
བསྟན་པ… …”
བསྟན་པ་ཕ་ཡུལ་དུ་ལོག་པའི་གཏམ་དེ་སྐད་ཅིག་མའི་ཡུན་ལ་སྡེ་བའི་མི་རྣམས་ཀྱིས་ཐོས་པར་གྱུར། མི་རེ་རེ་བཞིན་
ཁོ་ལ་འཚམས་འདྲི་བྱེད་དུ་ཡོང་བས་ཁང་པ་གྲུ་བཞི་དེའི་ནང་དུ་ཕར་འགྲོ་ཚུར་འོང་གི་མི་རྒྱུན་མི་ཆད་པ་དང༌། སྤྲོ་སྐྱིད་ཀྱི་
དགོད་སྒྲ་མཚམས་མེད་པར་ཕྱིར་གྲགས་འོངས།ཡིན་ན་ཡང༌། ཆི་ཁི་ཧྥུས་བརྩམས་སྒྲུང་གང་ཞིག་ལས“སྤྲོ་སྐྱིད་ནི་མ་གཞི་ནས་སྡུག་བསྔལ་དང་འགྲོགས་པའམ་
ཡང་ན་ཕྱི་ཡུལ་གྱི་ཆ་རྐྱེན་གང་ཞིག་གིས་རློག་པར་བྱེད་པ་ཡིན།” ཞེས་གསུངས་པ་ལྟར་ཐེངས་འདིར་ཡང་དེ་ལས་མ་
འདྭས་པར་མི་རྣམས་ལ་ཧ་ལས་ཤིང་འཇིགས་ཡེར་བར་བྱེད་པའི་དོན་ཞིག་བྱུང་སོང༌། མ་གཞི། བུ་རབ་བརྟན་གྱི་ཨ་མ་
སྒྲོལ་མ་མཚོ་གར་སོང་ཆ་མེད་ཏུ་གྱུར།
བསྟན་པ་དང་སྡེ་བའི་མི་རྣམས་སེམས་ཚིག་ནས་ཕྱོགས་བཞིར་འཚོལ་དུ་སོང༌། ནགས་གསེབ། ལུང་བ། བྲག་ཁ།
ཆུ་འགྲམ་སོགས་ཁོ་ཚོ་མ་སོང་བའི་ས་ཞིག་མེད།
ཡུལ་མི་ཚོས་ཕྱོགས་གཅིག་ནས་སེམས་ཚེགས་བྱེད་པ་དང་ཕྱོགས་གཅིག་ནས་བསྟན་པ་ཁྱིམ་ཚང་རེ་རེར་གདན་
དྲངས་ཏེ་བཟའ་བཏུང་གི་ཡོ་ལང་རྒྱུན་མི་ཆད། ཁོའི་གྲོགས་པོ་ཚོས་ཁོ་ལ་སྔོན་ཆད་ཡུལ་གང་དུ་བྲོས་ཚུལ་དང་ས་གང་དུ་
བསྡད་ཚུལ། མཇུག་མཐར་ཇི་ལྟར་ལོག་ཚུལ་སོགས་ལབ་པར་མ་ཟད། ཁོས་ཀྱང་སྔོན་གྱི་ལོ་རྒྱུས་རེ་རེ་བཞིན་ཞིབ་ཏུ་བཤད་
པ་དང༌། རྒྱ་གར་གྱི་འཚོ་བ་དང་ཡུལ་སྲོལ་གོམས་འདྲིས་སོགས་ཀྱང་རྒྱས་པར་གླེང༌། རྗེས་སུ། ཁོས་གྲོགས་པོ་དག་གི་ཁ་
ནས་ཨ་ཡེ་ཆོས་མོ་མཚོའི་བུ་ཚེ་རིང་ཐར་གཏན་ནས་ཕ་ཡུལ་ལ་ལོག་རྒྱུ་མ་བྱུང་བ་ཤེས་ནས་སེམས་བློང་བློང་པོར་གྱུར།
ཁ་སང༌། ཁོས་ཇ་ནག་དང་ཀ་ར་ཀོ་རེ་སོགས་དངོས་པོ་དགའ་རབ་ཅིག་བཟུང་ནས་ཨ་ཡེ་ཆོས་མོ་མཚོ་ཚང་ལ་ཕྱིན།
“ཨ་ཡེ། ད་ཁྱོད་མ་ངུ༌། 鉋ཨ་ཡེ་ཆོས་མོ་མཚོས་བསྟན་པ་མཐོང་མ་ཐག་ངུས་བྱུང་བས་ཁོས་དེ་ལྟར་སེམས་གསོ་བྱས།
“ང་སྐྱེ་བ་གཅིག་ལ་བུ་གཅིག་ལས་མ་བྱུང༌། དེ་ཡང་ཕྱིར་ཡོང་མེད་པས། ཨིན་ཨིན་ཨིན… …”ཨ་ཡེ་ཆོས་མོ་
མཚོ་དྲག་ཏུ་ངུས།
“ཁྱོད་སེམས་མ་སྡུག་ཚེ་རིང་ཐར་ཕྱིར་ལོག་ངེས་ཡིན།”
“ཁྱོད་ཀྱིས་དེ་ལྟར་མ་གླེང༌། ཁོ་ཕལ་ཆེར་ཤི་སོང་བ་འདྲ། 鉋
“ཁོ་འཆི་མི་སྲིད། ད་ལྟ། ཁོས་ཀྱང་ཕ་ཡུལ་ལ་སྐྱིད་ཀྱི་ཉི་མ་ཤར་ཡོད་པ་ཤེས་ཏེ་ཡུལ་གང་ཞིག་ན་ཕྱིར་ལོག་བཞིན་
ཡོད་པ་ཐེ་ཚོམ་སྐྱེ་མི་དགོས། … …”
སྔ་དྲོ་ཞིག་གི་རིང་ལ་གནས་ལུགས་མང་པོ་ལབ་པའི་མཐར། ཨ་ཡེ་ཆོས་མོ་མཚོ་གཞི་ནས་ངུ་མཚམས་བཞག་པ་
དང་སེམས་ཀྱང་རབ་བེ་རིབ་བེར་གྱུར།
བསྟན་པ་ཚང་ལ་ད་ལྟ་བཟའ་མི་བཞི་ཡོད་དེ། ཁྱིམ་འདིར་སླར་ཡང་དགའ་སྤྲོའི་ཡོ་ལང་རྒྱས། བུ་རབ་བརྟན་སྔ་མོ་
ནས་ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ་གཉིས་ཀྱི་དཔྲལ་བའི་མིག་དང་ཁོང་གི་སྙིང་དུ་གྱུར་ཟིན་པ་དང༌། བསྟན་པ་ཕྱིར་
ལོག་པར་སྤྲོ་སྐྱིད་ཚད་མེད་སྐྱེས་པའི་དབང་གིས་ལྷག་པར་ཤ་ཚ་ཞིང་སྙིང་ཉེ་བར་གྱུར། བསྟན་པས་ལན་རེར་བུ་རབ་
བརྟན་པང་དུ་བཟུང་ནས་འགྲམ་པའི་རྫུན་ཀོང་ལ་འོ་བྱེད་པའི་ཚེ་སྐབས་འགར་དགོད་བྲོ་ལ། རེ་འགར་ངུ་བྲོ་བའི་སྣང་
བ་སྐྱེས་འོངས།
བསྟན་པ་ཕ་ཡུལ་དུ་ལོག་སྟེ་ཉིན་འགའ་འགོར་སོང༌། ཁོའི་ཕ་ཡུལ་དང་བྲལ་བའི་སྐྱོ་གདུང་ལས་བྱུང་བའི་སེམས་
ངལ་དེ་སྨུག་པ་དྭངས་པ་བཞིན་ཡལ་བར་གྱུར་ཅིང་སེམས་དགའ་བས་མྱོས། ད་ནི་ཡིག་སྐྱེལ་བ་གཞོན་ནུ་དེ་ཡོང་ན་དེ་
དང་འགྲོཊ་ནས་རྫོང་མཁར་དུ་སོང་ནས་ཕྱི་སྡོད་རང་མི་སྣེ་ལེན་ཁང་ལ་ཐོ་འགོད་བྱེད་དུ་འགྲོ་རྩིས་ཡོད། སྤྱིར་ན་ཁོ་རྫོང་
ཐོག་ཏུ་སླེབས་མ་ཐག་ཐོག་མར་ཐོ་འགོད་བྱེད་བསམས་མོད། ཡིན་ན་ཡང༌། ཕ་མ་དང་གཉེན་ཉེ་དྲན་དྲགས་པའི་དབང་
གིས་ཐོག་མར་ཡུལ་ལ་ཡོང་བ་རེད།
སྡེར་མའི་ནང་དུ་བརྩིགས་པའི་ལུག་ཤ་བཙོས་མ་རླངས་པ་ཏོ་ལོ་ལོ་འཕྱུར་ཞིང༌། ཅོག་ཙེའི་མཐའ་ན་ཨ་ཡེ་རྡོ་རྗེ་
སྐྱིད་ཚད་གི་བཟའ་མི་རྣམས་བསྡད་འདུག རབ་བརྟན་གྱིས་མེ་མདའ་ཆུང་ཆུང་དེ་སར་གཡུགས་ཏེ། “ཨ་མྱེས—ཤ་
ཤང་ཤ་ཤ… …”ཟེར་བཞིན་ལག་པ་བསྲིངས་འོངས།
ཁོ་ཚོས་ཤ་ཟ་བཞིན་པའི་སྐབས་དེར་གསར་བུ་ཞིག་ནང་དུ་འཛུལ་འོངས། དེའི་རྗེས་སུ་བུད་མེད་ཅིག་ཀྱང་
འབྲངས་འདུག གསར་བུ་དེས་ཁོ་ཚོ་མཐོང་མ་ཐ“ཨ་ཕ—”ཞེས་འབོད་བཞིན་ཚུར་མཆོངས་འོངས། བསྟན་པས་
ཁོ་རང་ས་གང་ཞིག་གམ་འདྲ་པར་གང་གི་ངོས་ལས་མཐོང་མྱོང་བ་འདྲ། ཁོས་མྱུར་དུ་རྟོགས་སོང༌། དེ་ནི་རང་གི་ཤ་ཁྲག་
ལས་མཆེད་པའི་བུ་རིག་ལྡན་རེད། ཁོ་གཉིས་ཀྱིས་གཅིག་གིས་གཅིག་ལ་ལྟ་བཞིན་མིག་ཟུང་ཆ་གཅིག་ལས་མཆི་མ་དལ་
གྱིས་བཞུར། བུ་གཉིས་ཀྱིས་ཅི་ཞིག་བཤད་རྩིས་ཡོད་པ་ལྟར་ཨོལ་མདུད་ཤིག་ཤིག་ཏུ་འགུལ་ཡང༌། ངག་ལས་ཚིག་གཅིག་
ཀྱང་མ་ཐོན།
བུད་མེད་དེ་ནང་སྒོ་ཁ་ན་ཀྲོང་ངེར་འགྱིང་ཞིང༌། བུ་རབ་བརྟན་ཁོ་མོའི་སྒྱིད་པར་འཐམས་ཏེ། “ཨ་མ”ཞེས་
འབོད་བཞིན་མིག་ཟུང་གིས་རིག་ལྡན་གྱི་ཉམས་འགྱུར་རེ་རེར་མཚར་ལྟ་བྱེད།
སྒྲོལ་མ་མཚོའི་ངོ་གདོང་དམར་རྐྱང་དུ་གྱུར་འདུག
ཐོག་མར་ཕྲད་སྐབས་ཀྱི་ཕ་བུ་ཟུང་གི་རྣམ་འགྱུར་ངོ་མཚར་བ་དེ་མཇུག་རྫོགས་རྗེས། སྒྲོལ་མ་མཚོ་ཡང་རིག་ལྡན་
གྱི་གམ་དུ་སླེབས་འདུག ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ་གཉིས་ཀྱིས་ཁོ་མོའི་གདོང་ལ་བལྟས་ནས་ཧ་ལས་པར་གྱུར།
“ཁྱོད… …ཁྱོད་གང་ལ་སོང་བ་ཡིན།”ཡུད་ཙམ་འགོར་རྗེས་གསེར་མོ་མཚོས་མིག་ལ་མཆི་མ་འཁྱིལ་བཞིན་དྲིས།
སྒྲོལ་མ་མཚོས་མགོ་བོ་སྨད་ཅིང་སྐྱེངས་པའི་ཉམས་ཀྱིས“ང་རིག་ལྡན་འབོད་དུ་སོང་བ་ཡིན།”ཞེས་ལན་བཏབ།
རིག་ལྡན་གྱིས་ཚུལ་དེ་མཐོང་ནས་གདོང་དམར་པོར་གྱུར་ཅིང་སྤོབས་པ་བསྐྱེད་དེ། “ཨ་མ། ཨ་ཡེ། ཁོ་མོ་ནི་ངའི་
ཁྲིམས་མཐུན་གྱི་ཆུང་མ་ཡིན། འདི། གཉེན་སྒྲིག་ཡི་གེ་ལོ་བཞིའི་སྔོན་ནས་བླངས་ཟིན། ད་བར་དུ་གསང་བ་ལ་ཁོང་ཁྲོ་མ་
ལང༌། ང་འཆུག་མེད། ཁོ་མོ་ནི་བུད་མེད་ཡ་རབས་ཤིག་རེད།” ཅེས་བཤད་བཞིན་གཉེན་སྒྲིག་ཡི་གེ་ཞིག་བླངས་ཏེ་ཨ་
མར་བྱིན་རྗེས། རབ་བརྟན་པང་དུ་འཐེན་ནས “ཨ་ཕ། འདི་ཁྱོད་ཀྱི་ཚ་བོ་རེད”ཟེར།
ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ་གཉིས་ནི་སྔར་ལས་ཀྱང་ཧ་ལས་པར་གྱུར།
མཚན་མོ་བཟའ་མི་རྣམས་ལྷན་དུ་འཛོམས་ཤིང་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཁ་བརྡ་སྣ་ཚོཊ་བྱས་ཏེ་ཕལ་ཆེར་
ནམ་གསལ་བར་བྱས། བསྟན་པས་རང་གི་འདས་པའི་ལོ་རྒྱུས་རེ་རེ་མགོ་ནས་མཇུག་བར་སླར་ཡང་བཟའ་མི་གང་བོར་
ཐེངས་གཅིག་པཤད། བཟའ་མི་དག་གི་མིག་ཟུང་དུ་སྐབས་འགར་སྡུག་བསྔལ་གྱི་མཆི་མ་འཁོར་ཞིང་མཚམས་རེར་བདེ་
སྐྱིད་ཀྱི་ཟེར་མ་འཁྱུགས།
ཕྱི་ཉིན་རྒྱལ་སྒོའི་ཕྱི་རོལ་ན་སྡེ་བའི་མི་རྣམས་འུར་འུར་ཟང་ཟིང་བྱེད། དེ་དག་ནི་རྨ་གཞོང་ཐང་ལ་མཁར་བརྡུང་
དུ་འགྲོ་བའི་ལས་ཀ་པ་དག་རེད། ལ་ལས་གླུ་ཆུང་རེ་ལེན་ཞིང༌། ལ་ལས་ཀི་སྒྲ་ཡང་མོར་འབྱིན་པས། སུའི་ཁོག་ན་ཡང་བདེ་
སྐྱིད་ཀྱི་མེ་ཏོག་བཞད་འདུག
སྐབས་དེར། ཨ་ཡེ་རྡོ་རྗེ་སྐྱིད་ཚང་གིས་ཀྱང་ནངས་ཇ་འཐུངས་ཟིན། རིག་ལྡན་གྱིས鉄ངའི་ཨ་ཕའི་གཏམ་རྒྱུད鉅
ཅེས་པའི་སྒྲུང་གཏམ་བྲིས་ཡོད་པའི་འབྲི་དེབ་མཐུག་པོ་ཞིག་ཁྱེར་ཡོང་ནས། “ཨ་ཕ་ལགས། ངས་མདང་དགོང་བཤད་
པ་དེ་འདི་ཡིན། དོན་གྱི་བྱུང་རིམ་སྟེང་ནས་བཤད་ན་མི་བདེན་ས་དང་ལྷད་འདྲེས་ཡོད་ས་ཡོད་ལས་ཆེ། ཁྱེད་ཀྱིས་ཐེངས་
ཤིག་ལ་གཟིགས་རོགས།”ཞེས་ཨ་ཕའི་ལག་ཏུ་གཏད།
བསྟན་པ་འཛུམ་བཞིན་དུ “ང་མ་ཡོང་གོང་ལ་ངའི་གཏམ་རྒྱུད་བྲིས་ཚར་བ་ནི་ཡ་མཚན་རེད་ཨང༌། ཡིན་ན་
ཡང༌། ངས་ཅི་ཡང་མི་ཤེས་པས་ཁྱོད་ཞིབ་འཇུག་སློབ་མ་ཞིག་གི་རྩོམ་ལ་དཔྱད་པ་གཏོང་བའི་སྤོབས་པ་ག་ལ་ཡོད། གཞན་
དུ་ན་ང་མི་ཕལ་བ་ཞིག་གི་གཏམ་རྒྱུད་ལ་རིན་ཐང་ཅི་ཡོད། ཡ་ཡ་ཡ། ད་རང་གི་གཏམ་རྒྱུད་བྲིས་ཡོད་པའི་རྩོམ་ལ་རང་
གིས་མི་ལྟ་བའི་སྲོལ་ག་ལ་ཡོད། ཆོག་གི། ཆོག་གི། ངས་ལྟ།”
བསྟན་པས་གདོང་ལ་འཛུམ་གྱིས་ཁེངས་ཏེ་ཤོག་བུ་རེ་རེ་བཞིན་ཕར་བསློགས་པ་དང༌། བཟའ་མི་རྣམས་ཀྱིས་ཁོའི་
གདོང་གི་འགྱུར་བག་ལ་ལྟ་བཞིན་གོ་ཁ་ན་དལ་ཅག་གེར་འདུག
གློ་བུར་དུ། བསྟན་པ་གད་མོ་ཐག་གེ་བ་ཞིག་བགད་དེ་ཁྱིམ་གྱི་ལྷིང་འཇགས་དེ་དཀྲོགས་པར་བྱས་ཤིང“ནོར་
འདུག ནོར་འདུག འདི་རྩ་བ་ནས་ནོར་འདུག”ཟེར།
“ཨ་ཕ། ཁྱེད་ཀྱིས་གང་ཟེར་བ་ཡིན”རིག་ལྡན་འཚུབ་ཆ་ལངས་བྱུང༌།
“ཧ་ཧ་ཧ།”བསྟན་པ་སླར་ཡང་གད་མོ་ཤོར་ནས། “ལྟོས་དང༌། མཚམས་འདི་རེད་ཡ། སྐབས་དེར་ང་འདི་
འདྲ་ཞིག་ག་ལ་ཡིན། བཅིངས་འགྲོལ་དམག་སླེབས་བྱུང༌། འབྲོ་ཡ། འདུག་མི་ཉན་ཟེར་བའི་སྐད་ཆ་ཞིག་བཤད་རྒྱུ་ལྟ་ཞོག་
སེམས་ལ་ཡང་ཤར་མ་མྱོང༌། ཧ་ཧ་ཧ། ཧི་ཧི་ཧི… …སྐབས་དེར་ང་ནི་རི་བོང་ཅལ་འདྲོག་ཁོ་ན་རེད་ཡ།”
རིག་ལྡན་ཨ་ཕའི་དགོད་སྒྲའི་ཁྲོད་ནས་གདོང་དམར་པོར་གྱུར་པ་དང་སྒྲོལ་མ་མཚོ་ཡང་གདོང་དམར་པོར་གྱུར་
ནས་མགོ་བོ་བྲང་ཁར་དུད། ཨ་ཡེ་རྡོ་རྗེ་སྐྱིད་དང་གསེར་མོ་མཚོ་གཉིས་ཀྱིས་ཐོག་མར་ཕན་ཚུན་ལ་ཅེ་རེར་ལྟ་ཞིང་དེ་ནས་
བུ་རབ་བརྟན་གྱི་གདོང་ལ་བལྟས། ཁོ་མོ་གཉིས་ཀྱིས་བལྟས་པ་དེ་འདྲའི་ཤུགས་དྲག་ལ་མིག་གི་རྣོ་མདངས་ཇེ་གྲིམ་ནས་ཇེ་
གྲིམ་དུ་འགྲོ་ཚུལ་ལ་བལྟས་ན་ཡོད་ཚད་རྟོགས་ཟིན་པ་འདྲ།
ཉིན་འདིར། རིག་ལྡན་གྱིས་ཨ་ཕར་བརྟེན་ནས། 鉄ངའི་ཨ་ཕའི་གཏམ་རྒྱུད鉅ལ་ཡང་བསྐྱར་ཞུ་དག་ཐེངས་འགའ་
བྱས་ཤིང༌། དགེ་རྒན་བསམ་འཕེལ་ཁྱིམ་དུ་བོས་ཏེ་ཨ་ཕ་དང་མཉམ་དུ་ཁ་བརྡ་བྱས།
“ཨ་ཁུ་བསྟན་པ། རྒྱ་གར་དུ་བསྡད་ན་མི་སྐྱིད་དམ།”དགེ་རྒན་བསམ་འཕེལ་གྱིས་མིག་ལ་འབྱེད་འཛུམ་མེད་
པར་དྲིས།
“བྱ་རྒས་ན་ཚང་དང༌། མི་རྒས་ན་ཡུལ་རེད་ཡ།”
“ཁྱོད་མེས་རྒྱལ་དུ་ལོག་རྒྱུའི་སྙིང་སྟོབས་ཇི་ལྟར་བྱུང་བ་ཡིན།”
鉊‘དབུས་ཐག་རིང་དང་སྐད་ཆ་ཐག་ཉེ’། མེས་རྒྱལ་གྱི་སྲིད་ཇུས་བཟང་པོ་དངོས་འབེབས་བྱས་ཡོད་པ་
ལོས་ཤེས… …”
“ཁྱོད་ཀྱིས་རྒྱ་གར་དུ་བྱ་བ་ཅི་ཞིག་བསྒྲུབས་པ་ཡིན།”
“རྒྱ་གར་ཏུ་སླེབས་པའི་ལོ་དེར། ངས་བྲག་རོང་རྩུབ་ས་ནས་གཞུང་ལམ་ལས་པ་སོགས་སྡུག་ལས་མང་པོ་བྱས་
ཏེ་དཀའ་ངལ་བསམ་བརྗོད་ལས་འདས་པ་ཞིག་མྱངས། ཕྱིས་སུ་བཟོ་གྲྭ་ཞིག་གི་ནང་དུ་ཚུད་ཅིང༌། ལས་ཀའི་བར་གསེང་
དང་བསྟུན་ནས་བརྩོན་པ་ཆེར་བསྐྱེད་ཀྱིས་བོད་ཡིག་སློབ་སྦྱོང་བྱས་པ་ཡིན། དེ་ལྟར་ང་རང་སློབ་འབྲིང་ཞིག་གི་བོད་ཡིག་
ཟུར་ཁྲིད་དགེ་རྒན་བྱེད་ཐུབ་པ་བྱུང… …”བསྟན་པས་ངག་སྒོ་ཡོངས་སུ་ཕྱེས་ཏེ་སྐད་ཆ་ཆུ་བཞུར་བཞུར་བྱེད། ཁོ་
གཉིས་ཀྱིས་རྣམ་ཤེས་བསྒྲིམས་ནས་ཉན་བཞིན་མཚམས་མེད་པར་མགོ་བོ་ལྡེམ་ལྡེམ་བྱེད།
ཉིན་གཉིས་པའི་ཞོགས་པར་རིག་ལྡན་གནང་ཚད་ལོངས་ཏེ་ལམ་དུ་ཆས། ཁོས་རང་གི་ཤ་ཁྲག་ལས་མཆེད་པའི་བུ་
རབ་བརྟན་གྱི་འགྲམ་པར་འོ་ཞིག་བྱས་ཤིང་ཨ་ཡེ་དང་ཨ་ཕ་སོགས་ལ་གུས་ལུགས་བསྟན། སྐབས་དེར། སྒྲོལ་མ་མཚོའི་མིག་
ཟུང་ལ་བརྩེ་དུང་གི་མཆི་མ་ཞིག་འཁྱིལ་འདུག
ཉིན་བཞི་བར་ཡིག་སྐྱེལ་བ་གཞོན་ནུ་དེ་སླེབས་བྱུང༌། བསྟན་པས་ཁོ་ཁྱིམ་དུ་བསུས་ཤིང་ཨ་ཡེ་རྡོ་རྗེ་སྐྱིད་དང་
གསེར་མོ་མཚོ་གཉིས་གྱིས་ཤ་ཚ་ཞིང་སྙིང་ཉེ་བའི་ངང་མིག་ལ་འགྱོད་གདུང་གི་མཆི་ཞགས་འཁྱིལ་བཞིན་སྣེ་ལེན་ལེགས་
པོ་བྱས།
“ཁྱོད་ཆུ་ནག་དང་མདའ་ཁོག་སོགས་ལ་སོང་ན་དོ་དགོང་ཕྱིར་ཨེ་སླེབས།” ཡུད་ཙམ་ནས་བསྟན་པས་ཇ་
འཐུང་ཞོར་དུ་རྒྱ་སྐད་ཀྱིས་དྲིས།
ཡིག་སྐྱེལ་བས་ལག་མགོའི་ཆུ་ཚོད་འཁོར་ལོར་ལྟ་ཙམ་བྱས་རྗེས“ཨིན། མྱུར་དུ་སོང་ན་ཕྱིར་སླེབས་ཐུབ།”
ཅེས་ལན་བཏབ།
“ཁྱོད་དོ་དགོང་ཕྱིར་སླེབས་ཐབས་བྱོས། སང་ཉིན་འུ་གཉིས་འགྲོགས་ནས་རྫོང་མཁར་ལ་འགྲོ། ང་ལ་ཡང་ཞོན་
རྟ་ཡོད།”
ཡིག་སྐྱེལ་བ་གཞོན་ནུ་དེས་མགོ་བོ་ལྡེམ་ལྡེམ་བྱས། ས་རུབ་མ་ཐག་ཡིག་སྐྱེལ་བ་སླར་ལོག་བྱུང༌། བསྟན་པ་བཟའ་
མི་གང་བོས་སླ་ངའི་ནང་ཤ་བཙོས་་ཏེ་ཁོ་ལ་བསྒུགས་འདུག
“ཁྱོད་ཀྱི་ཨ་ཕ་ལ་ན་བ་འདྲ་བྱུང་མེད་དམ།” ཟ་འཐུང་གི་སྐབས་སུ་བསྟན་པས་ཨ་མ་དང་ཆུང་མའི་རེ་བ་
ལྟར་དེ་སྐད་དྲིས།
“མེད། ཁོ་ལས་འཁྱུར་ངལ་གསོ་བྱས་ཡོད་ན་ཡང༌། ‘མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣའི’མཚན་
སྙན་གནང་ཡོད་པས་ཞིང་ཆེན་གྱི་གདན་འདྲེན་ལྟར་ཚོགས་འདུར་ཞུགས་སུ་སོང༌། སང་ཉིན་ཕལ་ཆེར་ཕྱིར་ལོག་ངེས་
ཡིན།”
“ཁོང་གིས་ངའི་ཨ་མ་དང་བུད་མེད་ལ་སྡིགས་ཀི་ཡོད་དམ།”
“ཧེ་ཧེ། ཁོས་ཡོད་ཚད་སྔར་ནས་ཤེས་འདུག་པས་སྡིགས་ག་ལ་སྲིད།”ཁ་བརྡ་མང་པོ་བྱས་རྗེས། བསྟན་པས་
ཡིག་སྐྱེལ་བས་བཤད་པ་ཐམས་ཅད་ཁོ་མོ་གཉིས་ལ་སྐད་སྒྱུར་བྱས།
ཞོགས་པར་ཁོ་གཉིས་ལམ་དུ་ཆས་རྩིས་བྱེད་སྐབས་བསྟན་པས་ལུག་ཤ་ཤ་ཁོག་གཅིག་བཅུག་ཡོད་པའི་ཏ་ལེན་
ཆེན་པོ་ཞིག་ཁུར་འོངས་ཏེ། “འདི། ངའི་ཨ་མ་དང་བུད་མེད་གཉིས་ཀྱིས་ཁྱོད་ཀྱི་ཨ་ཕར་བཟོད་སྒོམ་དུ་ཕུལ་བ་ཡིན།
བཞེས་རོགས་མཛོད། ཁོ་མོ་གཉིས་ལ་དངོས་གནས་འགྱོད་གདུང་ཚད་མེད་སྐྱེས་འདུག”ཅེས་ཡིག་སྐྱེལ་བའི་རྟའི་
འཕོངས་ལ་བསྐྱོན།
ཡིག་སྐྱེལ་བས་ཇི་ལྟར་བཤད་ཀྱང་ཁོ་ཚོའི་ཨུ་ཚུགས་དེ་བཟློག་མ་ནུས། འགྲོ་ཁར། ཨ་ཡེ་རྡོ་རྗེ་སྐྱིད་ཀྱིས་གདོང་
མཆི་མས་བརླན་ཏེ། “སེམས་ཆུང་བྱོས་ཨ—”ཞེས་བཤད་པ་ན་ཡིག་སྐྱེལ་བས་ཧ་གོ་བ་ལྟར་གདོང་ལ་འཛུམ་གྱིས་
ཁེངས་ཏེ་མགོ་བོ་ནང་དུ་གུག་གུག་ལན་མང་མཛད།
ཉི་མ་རེ་རེ་དང་ཟླ་བ་རེ་རེ་ནི་གྲམ་ཆུ་དང་འདྲ་བར་ཕར་འདས། དུས་ཚོད་ཅི་ཙམ་སོང་བ་མི་ཤེས་པར་སླར་ཡང་
སྟོན་ཟླ་བརྒྱད་པའི་དུས་ཚིགས་ཤར་ཡོང༌། ཕ་བཞི་སྡེ་བ་ཧྲིལ་བོ་རྨ་གཞོང་ཐང་ལ་བབས་ཚར་འདུག ཨ་ཡེ་རྡོ་རྗེ་སྐྱིད་ཚང་
ནི་འབབ་མཁན་ཆེས་རྗེས་མ་ཡིན་པས་སྡེ་བའི་མཐའ་འདབས་ན་ཆགས་ཡོད། ཡིན་ན་ཡང༌། སྲིད་གཞུང་གིས་བསྟན་པ་ལ་
སྒོར་མོ་མང་པོས་རོགས་སྐྱོར་གནང་བས་ཁོ་ཚང་གི་ཁང་པའི་བཟོ་བཀོད་དང་ཆ་རྐྱེན་ནི་སྡེ་བའི་རྒྱན་དུ་མངོན། ངོ་མ། རྨ་
གཞོང་ཐང་ལ་འཇིག་རྟེན་གསར་བ་ཞིག་ཆགས་འདུག ཡུལ་མི་རྣམས་ནི་དོང་ཞབས་མེད་ཅིག་ལས་ཐར་བ་འདྲ། ཁོ་ཚོས་
ཞོགས་པའི་ཉི་གཞོན་མཐོང་ཐུབ་ཅིང༌། ནུབ་ཁའི་མཚམས་སྤྲིན་ལའང་མཇལ་ནུས། སྟོད་ནས་བབས་པའི་གྲམ་ཆུ་དེ་སྡེ་
བའི་འདབས་ནས་མདུན་ཕྱོགས་སུ་བཞུར་བཞིན་འདུག སྡེ་བའི་ནང་དུ་སྦག་སྦག་ལ་ཞོན་པའི་སྐྱེས་པ་ཞིག་ཉིན་འགའ་
རེའི་བར་ནས་ཐེངས་རེར་མཐོང་ཐུབ་པ་ནི་ཡིག་སྐྱེལ་བ་གཞོན་ནུ་དེ་རེད།
ཁེ་ཉིན་ཡིག་སྐྱེལ་བ་དེ་སྦག་སྦག་ལ་ཞོན་ཏེ་རྨ་གཞོང་ཐང་ལ་སླེབས་བྱུང༌། ཁོ་ཨ་ཡེ་ཆོས་མོ་མཚོ་ཚང་གི་སྒོ་ཁར་
འགྲེང་ནས་བོད་སྐད་ད་མ་དིག་གིས“ཨ་ཡེ་ཆོས་མོ་མཚོ—”ཞེས་སྐད་ཆེན་པོས་འབོད་བཞིན་འདུག
ཕྱི་ཉིན། ཉི་རྩེ་ས་ལ་མ་བརྒྱབ་གོང་སྡེ་བའི་ཆུ་ལེན་མ་གཉིས་གྲམ་ཆུ་ཁར་སླེབས། གཅིག་ནི་སྒྲོལ་མ་མཚོ་རེད། ཁོ་མོ་གཉིས་
ཀྱིས་གླེང་མོལ་གྱི་མགོ་བརྩམས་བྱུང༌།
“ཁྱོད་ཀྱི་ཁྱོ་བོ་མཐོང་རྒྱུ་མེད་པ་ཅི་རེད” དེ་ནི་སྒྲོལ་མ་མཚོའི་སྐད་རེད།
“ད་ལོ་འབྲུ་རིགས་ལྷག་མ་མང་བས་རྫོང་མཁར་ལ་འཚོང་དུ་བུད་སོང༌།”
“འོ་ན། ར་ལུག་གི་རྗེས་སུ་སུ་སོང་བ་ཡིན།”
“གཟའ་ཉི་མར་ངེད་མ་བུ་གཉིས་སོང༌། དེ་རིང་ང་གཅིག་པུ་འགྲོ་དགོས། ཨེ། ཁྱོད་ཀྱི་ཁྱོ་བོ་ནམ་མཐར་ཕྱིན་ཐུབ།”
“མཐར་ཕྱིན་ནས་པེ་ཅིན་དུ་ལས་བགོ་བྱས་ཟིན། སང་ཉིན་ཕལ་ཆེར་ཡུལ་ལ་སླེབས་ངེས་ཡིན།”
“བཟང་གི། ད་ཁྱོད་སྐྱིད་སོང་བ་རེད།”
“ཁ་སང་གོ་དམར་བཙོས་འདུག་ཟེར་བས་སུལ་སྟོན་མོ་བྱེད་རྒྱུ་རེད།”
“ཡིག་སྐྱེལ་བ་ཕ་བུ་གཉིས་ལ་བཀའ་དྲིན་ཞུ་རྩིས་ཡིན།”
“ཨ་རོག་དེས་ན་ཨ་ཡེ་ཆོས་མོ་མཚོའི་བུ་ཚེ་རིང་ཐར… …”
“འོ། ཁོ་མོ་ཡང་ལས་ཅན་ཞིག་རེད།”
སྒྲོལ་མ་མཚོར་སེམས་གཏིང་ནས་དུངས་པ་སྐྱེས།
“ཡིག་སྐྱེལ་བ་གཞོན་ནུ་དེ་དྲིན་ཆེ་བ་ལ།
“འོ་ཡ། ཕ་བུ་གཉིས་ཀ་དྲིན་ཆེ།”
ཁོ་མོ་གཉིས་ཀྱི་སྐད་སྒྲ་དེ་གྲམ་ཆུའི་རླབས་སྒྲ་དང་གཞི་གཅིག་ཏུ་འདྲེས་ཤིང༌། དེས་མདུན་ནས་མདུན་ཕྱོགས་སུ་
སྒྲོག་བཞིན་པ་དང་མཚུངས།