ཨ་ཆུང་གིས་རྟ་ཉོས་པ།

༄༅།། ཨ་ཆུང་གིས་རྟ་ཉོས་པ།

ཐུབ་བསྟན།

མི་རྣམས་ཀྱིས་“པེ་ཅིན་ཅི་ཕུ”ཞེས་འབོད་པའི་ཨ་ཁུ་སྲི་ཐར་གྱི་རྟ་ཝ་ལ་དེས་ན་ནིང་ཤོག་ཁ་ཡོངས་ཀྱི་རྟ་རྒྱུག་
འགྲན་ཚོགས་ཐོག་ཨང་དང་པོ་བླངས་པའི་སྐད་གྲགས་རི་ཀླུང་མང་པོ་བརྒྱུད་དེ་ཉེ་འདབས་ཀྱི་ཤོག་ཁ་དང་རྫོང་ལ་ཁྱབ་
པས་རྟ་དེར་སྨོན་ནས་བལྟ་བར་ཡོང་མཁན་ཟམ་མི་འཆད་པར་ཡོད་པ་དང་འཚང་ག་ཤིག་ཤིག་གིས་གོང་ཆེན་སྤྲད་དེ་ཉོ་
རྩིས་བྱས་ཀྱང་ཨ་ཁུ་སྲི་ཐར་ལ་གདེང་ཚོད་ཡོད་པས་ཧེ་ཧེ་ཞེས་གད་མོ་དགོད་བཞིན་དུ“ས་གནས་གཞན་ན་རྟ་བཟང་
མང་པོ་ཡོད་པ་མ་རེད་དམ”ཞེས་ལན་འདེབས་ཀྱི་ཡོད། དེ་ནི་ཁོང་གིས་གོང་ཆུང་དྲགས་འདུག་སྙམ་པ་མ་ཡིན་པར་
གཅེས་པའི་རྟ་མཆོག་དེ་འཚོང་མི་ཕོད་པ་ཧ་ཅང་གསལ་བོ་རེད།
ཉིན་ཞིག་ས་གནས་གཞན་གྱི་མི་འགའ་ཞིག་སྲི་ཐར་གྱི་ཁྱིམ་དུ་རྟ་ཉོ་བར་འོངས་པ་ལ། སྲི་ཐར་གྱིས་རྟ་རྣམས་རྟ་ར་
ནས་རེ་རེ་བཞིན་རྒྱ་སྒོའི་འགྲམ་དུ་ཁྲིད་ཡོང་བ་རེད། སྲི་ཐར་གྱིས་རྟ་འཚོང་གི་ཡོད་པ་ཐོས་འཕྲལ་མི་མང་པོས་རྟ་ཉོ་མི་
ཐུབ་ཀྱང་ལྟ་ཙམ་བྱས་ན་གནད་འགག་མེད་སྙམ་ནས་ཚང་མ་དེར་རུབ་པས་སྲི་ཐར་གྱིས་རྟ་རྐྱང་པོ་དང༌། གྲོ་དམར། གཡུ་
འབྲུག་སྔོན་མོ་བཅས་ཕྱིར་ཁྲིད་དེ་ཉོ་མཁན་ལ“ཁྱོད་ཚོས་རང་རང་གི་འདོད་པ་ལྟར་འདེམས་ཤིག”ཅེས་བཤད།
སྐབས་དེར་མི་ཚོགས་ཀྱི་ཁྲོད་ནས་མི་ཞིག་གིས་鉊‘པེ་ཅིན་ཅི་ཕུ་’གང་དུ་ཡོད་དམ”ཞེས་དྲིས།
སྲི་ཐར་གྱིས་དྲང་པོ་བཤད་ན་ཡག་པོ་ཨེ་ཡོང་སྙམ་ནས་སྐད་ཆ་བསྐོར་ཏེ“‘ པེ་ཅིན་ཅི་ཕུ’ཨེ། དེ་གོང་ཆེ་
དྲགས་པས་ཁྱེད་ཚོས་ཉོ་ཐུབ་ཨེ་ཡོང་”ཞེས་བཤད།
“མིན། ང་ཚོས་ཉོ་ངེས། ཉོ་ངེས་ཡིན། དེ་མགྱོགས་པོར་ཁྲིད་ཤོག”
སྲི་ཐར་གྱིས་སྐད་སྒྲ་དེའི་ཕྱོགས་སུ་ལྟ་སྐབས་དེ་ནི་ཀུང་ཧྲེ་ཡོངས་སུ་མེད་པོ་སྐད་གྲགས་ཡོད་པའི་ཨ་ཆུང་ཟེར་བ་
དེ་ཡིན་ཞིང་ཁོས་ལོ་འགའ་ཤས་ཀྱི་སྔོན་དུ་འཕྱི་བ་བསད་ནས་གྲོད་པ་བརྒྱགས་ཐབས་བྱེད་པ་དང་ད་དུང་ལྟོ་སློང་བར་
ཐེངས་མང་པོ་སོང་མྱོང་བས་སྲི་ཐར་གྱིས་ཁོང་ལ་མཐོང་ཆུང་དང་བཅས“ཨ་ཙི། ཁྱོད་རང་རེད་ཨང༌། ཁྱོད་འདིར་
འཚང་ག་རྒྱག་པར་ཡོང་བ་ཡིན་ནམ”ཞེས་བཤད་རྗེས་ཁ་ཚུར་འཁོར་ཏེ་མི་གཞན་དག་ལ“འདི་དག་ལས་མེད། ཁྱེད་
ཚོས་འདེམས་ཤིག”ཅེས་བཤད།
ཨ་ཆུང་གིས་ནན་གྱིས“ཨ་ཁུ་སྲི་ཐར། ཁྱོད་ཀྱི‘པེ་ཅིན་ཅི་ཕུ’དེ་དངོས་གནས་ངའི་བློར་འབབ་པ་ཞིག་འདུག
མགྱོགས་པོར་ཕྱིར་ཁྲིད་ཤོག་དང་”ཞེས་གད་མོ་དགོད་བཞིན་དུ་བཤད།
“ཁྱེད་ཀྱིས་ང་བྲེལ་བ་ཆེན་པོ་ཡོད་པ་མཐོང་མ་བྱུང་ངམ། ” སྲི་ཐར་ཅུང་ཁྲོས་ནས“དོན་དག་མེད་ན་ཕར་
སོང”ཞེས་བཤད།
ཨ་ཆུང་སྲི་ཐར་གྱི་མདུན་དུ་གཏུགས་ནས་“ཨ་ཁུ་སྲི་ཐར་ལགས། སྐུ་མཁྱེན། རྟ་དེ་ཁྲིད་ཡོང་རོགས་གནོངས། ང་
དངོས་གནས་རྟ་ཉོ་བར་ཡོང་བ་ཡིན”ཞེས་ནན་གྱིས་ཞུ་བ་ཕུལ།
鉊‘སྤྲང་ཕྲུག’ཁྱོད། རྩེད་མོ་ག་རེ་རྩེ་གི་ཡོད་དམ། ”ཞེས་སྲི་ཐར་གྱིས་ཨ་ཆུང་ལ་སྡང་མིག་བགྲད་དེ་བཤད།
ཨ་ཆུང་གིས་སྲི་ཐར་གྱི་ལག་པར་འཇུས་ཏེ་“སྐུ་མཁྱེན། མགྱོགས་པོར་གནོངས་དང་”ཞེས་བཤད།
“ཁྱོད་ཀྱིས་དངོས་གནས་ཉོ་གི་ཡིན་ནམ”ཞེས་སྲི་ཐར་གྱིས་སྒམ་པོའི་ངང་ནས་དྲིས།
“དངོས་གནས་ཉོ་ཐག་ཆོད་ཡིན”ཞེས་ཨ་ཆུང་གིས་དྲང་པོར་བཤད།
“དེ་སྔ་ཁྱོད་ལ་ཇ་ཉོ་བྱེད་ཀྱི་དངུལ་ཙམ་ཡང་མེད་པར་ད་ལྟ་སྒོར་རྡོག་ཁ་ཤས་ཡོད་དུས་རྟ་ཉོ་འདོད་སྐྱེས་སམ།
ངས་བལྟས་ན་ཁྱོད་ཀྱི་དངུལ་ཁུག་ཏུ་སྒོར་མོ་ཁ་ཤས་ཀྱང་འདོན་རྒྱུ་ཡོད་ཀྱི་མ་རེད། ”
“དངུལ་མང་པོ་མེད་ནའང་ཁྱོད་ཀྱི‘པེ་ཅིན་ཅི་ཕུ’དེ་ངས་ཅི་ནས་ཀྱང་ཉོ་དགོས། ”
“དེ་འདྲའི་འུད་ཤོབ་ཚ་བ་ལ་ཨང་”ཨ་ཆུང་གིས་སྲི་ཐར་ལ་ཅ་ཟིང་བཟོས་སྟབས་ཁོང་ཁྲོ་ལངས་ནས་ལག་པ་
གཡས་པའི་མཛུབ་མོ་ལྔ་བོ་བརྐྱངས་ཏེ་“ང་ལ་གྲངས་ཀ་འདི་དགོས། ཁྱེར་ཤོག་”ཅེས་བཤད།
སྐབས་དེར་ཨ་ཆུང་སོམ་ཉིའི་དྲ་བར་ཚུད་ནས་ཡིད་ཆེས་ལ་མ་ཆེས་ཀྱི་སྒོ་ནས“ཁྱེད་ཀྱི་ང་ལ་རྩེད་མོ་རྩེས་པ་མ་
ཡིན་ནམ”ཞེས་དྲིས།
སྲི་ཐར་གྱིས་ཨ་ཆུང་དཔའ་ཞུམ་པ་མཐོང་ནས་ཁོ་ལ་དངུལ་མེད་ཁོ་ཐག་རེད་སྙམ་ནས་སྐད་ཤུགས་སྔར་བས་ཀྱང་
ཆེན་པོས“གཞན་ལ་ཡོད་མེད་ངས་མི་ཤེས། ཨ་ཆུང་ཁྱོད་ཀྱིས་གྲངས་ཀ་འདི་འདོན་ཐུབ་ན”ཞེས་མཛུབ་མོ་གསུམ་
བརྐྱངས་ཏེ་鉊‘པེ་ཅིན་ཅི་ཕུའི’བདག་པོ་ཁྱོད་རང་བྱས་ཆོག”ཅེས་བཤད།
“མགྱོགས་པོར་ཕྱིར་ཁྲིད་ཤོག སྐད་ཆ་མང་པོ་དེ་འདྲ་གསུང་མི་དགོས”ཞེས་ཨ་ཆུང་གིས་བསྐུལ་བ་ཡང་ཡང་བྱས།
ཨ་ཆུང་ལ་ཚོད་ལྟ་བྱེད་ཆེད་སྲི་ཐར་གྱིས་རང་གི་འཁྲིས་སུ་ཡོད་པའི་བུ་ཆུང་བར“འགྲིག་གི རྟ་དེ་ཕྱིར་ཁྲིད་ཤོག
ཨ་ཆུང་ལ་ལྟ་རུ་ཆུགས། ”ཅེས་བཤད།
རྐང་ལག་བཞི་རིང་ཐུང་སྙོམས་པ། སྤུ་གྲ་ལེགས་ལ་འོད་མདངས་ཆེ་བའི’པེ་ཅིན་ཅི་ཕུ’ དེ་ཕྱིར་ཁྲིད་ཡོང་རྗེས་མི་
ཚང་མས་བསྔགས་བརྗོད་ཡང་ཡང་བྱས། སྲི་ཐར་གྱིས་རློམ་སེམས་ཆེན་པོའི་སྒོ་ནས་ཨ་ཆུང་གི་འཁྲིས་སུ་ཕྱིན་ནས“ཁྱེད་
ལ་དངུལ་འདོན་རྒྱུ་ཡོད་དམ”ཞེས་དྲིས།
“ཁྱེད་ཀྱིས་ཁ་དན་ཚིག་ལ་གནས་པ་བྱེད་ཐུབ་བམ”ཞེས་ཨ་ཆུང་གིས་ནན་གྱིས་དྲིས།
鉊‘ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག’ ཟེར་བ་ལྟར་དེ་ལས་ལྡོག་ན་ང་ཁམས་པར་མ་བརྩིས་ཀྱང་ཆོག”
ཅེས་སྲི་ཐར་གྱིས་རང་ཉིད་ཀྱི་ཚོད་དཔག་ལ་ཡིད་ཆེས་བརྟན་པོ་བྱས།
མཐའ་འཁོར་གྱི་མི་ཚང་མས་ཀྱང་ཁ་མང་ལྕེ་མང་གིས་ངར་ཤ་བསླངས་ཏེ“དེ་རེད། ང་ཚོ་ཁམས་པས་བཤད་པ་
ཁ་དན་ཚིག་ལ་གནས་ཀྱི་རེད”“ང་ཚོ་ཚང་མ་བར་དཔང་བྱེད་ཆོག”ཅེས་སྐད་བརྒྱབ།
ཨ་ཆུང་གིས་ལག་པ་གཡས་པའི་མཛུབ་མོ་བརྐྱངས་ཏེ“ད་ཤོག鉋ཅེས་བོས།
སྲི་ཐར་གྱིས་ཨ་ཆུང་གི་མཛུབ་མོ་ལ་འཇུ་ཙམ་བྱས།
དེ་ནས་ཨ་ཆུང་གིས་རུམ་ནས་རས་འཐུམ་ཞིག་བཏོན་པ་དང་ཁ་ཕྱེ་ནས་ལྟ་སྐབས་མི་དམངས་ཤོག་སྒོར་བཅུ་ལོར་
མཐུག་པོ་ཞིག་ཡིན་ཞིང་ཁོས་བསྟུད་མར་བཅུ་ལོར་སུམ་ཅུ་བརྩིས་ནས་སྲི་ཐར་གྱི་ལག་ཏུསྤྲད་པ་དང་སྦྲགས་སྲི་ཐར་གྱི་
ལག་ནས‘པེ་ ཅིན་ཅི་ཕུའི’ མཐུར་མདའ་བླངས་ནས་ཁྲིད་ཕྱིན་པ་ རེད།
སྲི་ཐར་ཧོན་ཐོར་ནས་ལག་ནང་གི་དངུལ་ལོར་རྣམས་སར་ལྷུང༌། ཨ་ཆུང་རྟར་བཞོན་ནས་‘པེ་ཅིན་ཅི་ཕུ’ ལ་
རྐང་པ་གཉིས་ཀྱིས་ཡོབ་རྡུང་ཞིག་བྱས་ཏེ་བྱ་འཕུར་བ་ལྟར་བརྒྱུགས་ནས་ཕྱིན། གྲོང་ཚོའི་སྣེར་སླེབས་སྐབས་ཨ་ཆུང་གིས་
ཕྱིར་ལྟ་ཞིག་བྱས་ཏེ། “ཨ་ཁུ་སྲི་ཐར་ལགས། རྗེས་སུ་མཇལ་ཡོང་”ཞེས་བོས་མ་ཐག་རྟའི་རྨིག་པའི་འོག་ནས་ཐལ་བ་
ལང་བཞིན་གློ་བུར་དུ་ཐག་རིང་གི་སར་མཐོང་རྒྱུ་མེད་པར་གྱུར།
ཁོང་ཁྲོ་ལང་དགོས་པའི་ཚོང་ཐེངས་གཅིག་བརྒྱབ་རྗེས་སྲི་ཐར་ཉིན་གང་ལ་འགྱོད་སེམས་སྐྱེས་ནས་ཁྱིམ་དུ་བསྡད།
བཟའ་ཟླས་ཀྱངཁོང་ལ་“ཁྱོད་ཀྱིས་བལྟས་ན་ཨ་ཆུང་ནམ་ཡིན་རུང་མེད་པོ་བྱས་ནས་སྡོད་སྲིད་དམ། ལོ་གཉིས་ཀྱི་ནང་དུ་
ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་རྗེས་ཁོས་འཕྱི་བ་གསོད་པར་མ་ཟད། རྩྭ་སོན་ཡང་སྡུད་ཀྱིན་ཡོད་པས་
ཡོང་འབབ་མང་པོ་ཡོད་པ་རེད། གོ་ཐོས་སུ་ཁོང་གིས་ད་དུང་བུ་མོ་མཛེས་མ་ཞིག་མནའ་མར་ལེན་རྩིས་ཡོད་པ་རེད། ལྟོས་
དང༌། ཁྱོད་རང་ནི”ཞེས་ལེ་བདའ་བྱས་པས་སྲི་ཐར་གྱིས་མགོ་དབྱུག་ཙམ་བྱས་ཏེ“ང་ནི་དངོས་འབྲེལ་གླེན་པ་རེད།
ད་དུང་གཞན་ལ་ལྟ་སྟངས་རྙིང་པ་བཟུང་”ཞེས་བཤད། ཉིན་ཞིག་སྲི་ཐར་གཅིག་པུར་ཁྱིམ་དུ་སེམས་མི་སྐྱིད་པར་ཆང་
འཐུང་ནས་སྡོད་པའི་སྐབས་དེར་གློ་བུར་དུ་‘པེ་ཅིན་ཅི་ཕུའི’ སྐད་འདྲ་བ་ཞིག་ཐོས་ཏེ་ལམ་སང་ཆང་ཕོར་བཞག་སྟེ་
སྒོ་ཕྱིར་སོང་བ་ན། མདུན་ཕྱོགས་ནས་ རྟ་པ་གཉིས་ཐལ་བ་འཚུབ་འཚུབ་ཏུ་འོང་བ་མཐོང༌། མདུན་དུ་ཡོང་མཁན་ནི
‘པེ་ཅིན་ཅི་ཕུ’ ཞེས་པའི་ རྟ་དེ་ཡིན་ཞིང་སྐད་ཅིག་ཉིད་དུ་རྟ་དེ་སྲི་ཐར་གྱི་མདུན་དུ་བརྒྱུགས་ཡོང་བ་རེད། རྟ་ལ་ཞོན་
མཁན་ནི་ཨ་ཆུང་དང་རྒྱུས་མངའ་མེད་པའི་བུ་མོ་མཛེས་མ་ཞིག་ཡོད་ཅིང་ཁོང་གཉིས་རྟ་ལས་བབས། ‘པེ་ཅིན་ཅི་ཕུ’
ལ་རྟ་སྒ་གསར་པ་ཞིག་བསྟད་ཡོད་པ་དང་རྟ་སྒའི་སྟེང་ལ་རྨ་བྱའི་རིས་ཅན་གྱི་རྟ་འབོག་བརྒྱབ་ཡོད་པ་རེད། ཨ་ཆུང་ལམ་
སང་སྲི་ཐར་གྱི་མདུན་དུ་ཡོང་ནས་སྲི་ཐར་གྱི་ལག་པར་འཇུས་ཏེ“ཨ་ཁུ་སྲི་ཐར་ལགས། ཁྱེད་བདེ་མོ་ཡིན་ནམ། ད་རེས་
ང་ཡོང་ཞོར་དུ་ཁྱེད་ལ་དངུལ་བསྐྱལ་ཡོང་བ་ཡིན”ཞེས་བཤད།
སྲི་ཐར་མགོ་འཐོམས་ནས“ག་རེའི་དངུལ”ཞེས་དྲིས།
“ཁ་སྔོན་རྟ་ཉོ་དུས་ཁྱེད་ལ་དངུལ་མ་འདང་བས”ཞེས་བཤད་བཞིན་པར་རུམ་ནས་སྒོར་ཉིས་བརྒྱ་བཏོན་ཏེ་
སྲི་ཐར་གྱི་ལག་ཏུ་སྤྲད།
སྐབས་དེར་སྲི་ཐར་གྱིས་དངུལ་ལེན་རྒྱུ་ལྟ་ཅི། “མིན། མིན། ཁ་དན། ཁ་དན་ཚིག་ལ་གནས་དགོས”ཟེར་བར།
ཨ་ཆུང་གིས“ཁྱེད་ཀྱི་རྟ་ལ་རིན་ཐང་དེ་འདྲ་གནས་ཀྱི་རེད། ཨ་ཁུ་ལགས། ཁྱེད་ཀྱིས་ཐུགས་འཛེམ་མ་གནང༌། བཞེས་
དང་”ཞེས་ཟེར་བའི་མོད་ལ་བུ་མོའང་མདུན་དུ་ཡོང་སྟེ་དེ་ལྟར་བཤད།
སྲི་ཐར་གྱིས་སོམ་ཉིའི་ངང་ནས་བུ་མོ་དེར་བལྟས་པས་ཨ་ཆུང་གིས་ལམ་སང་“ཨ་ཁུ་ལགས། ཁོ་མོ་ནི་ངའི་ཟླ་བོ་
རེད། མིང་ལ་པད་སྒྲོན་ཟེར”ཞེས་ངོ་སྤྲོད་བྱས།
སྲི་ཐར་གྱིས་དགའ་སྤྲོའི་ངང་ཁོང་ཚོའི་ཕྲག་པར་གཞུ་ཙམ་བྱས་ཏེ་སྤྲོ་སེམས་འཁོལ་བའི་ངང་“དངོས་འབྲེལ་ཆ་
འགྲིག་པོ་འདུག”ཅེས་བཤད་རྗེས་ཁོང་གཉིས་ཀྱི་ལག་ནས་འཐེན་ཏེ“འགྲོ། འགྲོ། མགྱོགས་པོར་ནང་ལ་འགྲོ”ཞེས་
བཤད།
སྲི་ཐར་གྱིས་ཤ་ཆང་གིས་ཁོང་གཉིས་ཀར་སྣེ་ལེན་ཞུས་པར་མ་ཟད། རྟ་གཉིས་ཀར་གཟན་ཆས་ཡག་གྲས་ཀྱང་བྱིན།
ཁོ་གཉིས་འགྲོ་ཁར་སྲི་ཐར་གྱིས‘པེ་ཅིན་ཅི་ཕུའི’ གདོང་ལ་འགྲམ་པ་སྦྱར་བ་དང་ཡུད་ཙམ་སོང་རྗེས་རྔོག་མ་ལ་བྱིལ་ཙམ་
བྱས་པ་དང་རྟའི་མཇིང་པར་གཞུས་ཙམ་བྱས་ཏེ་རྟ་ལ་“ངའི་ནོར་བུ། ཁྱེད་ཀྱི་བདག་པོ་གསར་པ་ནི་ཁྱེད་ལ་གཟབ་མཆོར་
ང་ལས་སྤྲས་མཁས་ཀྱི་རེད། ཁྱེད་བདག་པོ་གསར་པའི་རྗེས་སུ་ཡག་པོར་རྒྱུགས”ཞེས་ཆིག་ལབ་བརྒྱབ།
རྟ་མཆོག་གཉིས་པོ་མཉམ་གཤིབ་ཀྱིས་ལུང་ཤུར་བརྒྱུད་དེ་བྱ་འཕུར་བ་ལྟར་བརྒྱུགས་ནས་སོང༌།
སྲི་ཐར་གྱིས་མགོ་ནས་མཇུག་བར་ཁོང་གཉིས་མིག་སྐྱེལ་བྱས་པ་དང་འཛུམ་མདངས་རྒྱས་ཤིང་དགའ་བའི་གཉེར་
མས་ཁེངས་པའི་གདོང་ནས་ལྷག་བསམ་རྣམ་དག་གི་སྨོན་ལམ་མཚོན་པ་རེད།

བརྒྱུད་སྐུལ།

མཆན་སྤེལ།