༄༅།། ཨ་ཡི་ལྷ་མཚོ།
——-ཚེ་སྒྲོལ།
“དེ་རིང་ཉིན་གང་བོར་སྒོར་ལྔ་ལེན་ཐུབ་ན་ང་རྒན་མོ་དབུགས་ཆད་པའི་ཚུན་ལ་གཏུགས་ཀྱང་འགྲོ་དགོས།
ཁྱིམ་མཚེས་གསང་བདག་ཚང་གིས་མར་གསར་བ་རྒྱ་མ་གང་འཚོང་རྒྱུ་བྱས་ཡོད་པས། སྔོན་ཆད་བསགས་པའི་སྒོར་དྲུག་
པོ་ཁར་བསྣན་ཚེ་མར་རྒྱ་མ་གང་ཁུག་ཐུབ། འདི་ནི་མ་བསམས་ས་ནས་བྱུང་བའི་དོན་བཟང་ཞིག་རེད་ཡ། ”ཨ་ཡེ་ལྷ་
མཚོས་གདོང་ལ་འཛུམ་ཞིག་ལང་བཞིན་དེ་ལྟར་ཁེར་ལབ་ཅིག་བརྒྱབ་རྗེས། ལག་པ་འདར་བཞིན་སླེ་བོ་ཆག་ཧྲུལ་དེ་རྒྱབ་
ལ་ཁུར། ཁོ་མོའི་སེམས་ལ་ཁྱོ་བོ་དྲིན་ཅན་པོས་མ་རངས་པའི་མིག་གིས་ལྟ་བཞིན་པའི (ཁྱོ་བོ་གསོན་དུས་ཁོ་མོ་གང་ཞིག་ལ་
ལམ་ལང་བྱེད་དུས་ཙབ་ཙུབ་མང་ན་དེ་ལྟར་ལྟ་བ་ཡིན) སྣང་བ་ཞིག་ཤར་བས་འཚབ་འཚུབ་ཀྱི་ངང་ནས་ལམ་ལ་ཆས།
སྒོ་ཕྱིར་བུད་མ་ཐག་ཁོ་མོས་ཁྱིམ་མཚེས་གསང་བདག་ཚང་ལ་ད་དུང་ཐེངས་ཤིག་འགྲོ་དགོས་མིན་གྱི་ཕྱོགས་སུ་
བསམ་བློ་ཞིག་བཏང་རྫེས་ཐད་ཀར་ཚེ་རིང་སྐྱིད་ཚང་ལ་སོང༌།
ཚེ་རིང་སྐྱིད་ནི་ཁྱོ་བོ་ཤི་ནས་ལོ་མང་འགོར་བའི་ཡུགས་ས་མ་ཞིག་ཡིན་ལ། ཞི་ལི་ལོ་བདུན་ལ་སོན་པ་ཞིག་ཀྱང་
ཡོད་མོད། ད་དུང་ལོ་ཉི་ཤུའི་ནང་གི་མོ་གསར་ཞིག་དང་འདྲ་བར་གདོང་ལ་སྐག་ཚོས་འབྱུག་པ་དང༌། ལྭ་བ་གང་ཡག་གྱོན་
ནས་སྒེག་ཉམས་སྟོན་པར་དགའ་བར་མ་ཟད། ཕོ་གསར་རྣམས་དང་ཀུ་རེ་ཁ་མཚར་རྩེ་བར་དགའ་བ་ཞིག་ཀྱང་ཡིན་མོད།
ཡིན་ན་ཡང་ཁོ་མོ་ནི་གཞུང་དྲང་སེམས་བཟང་ཞིག་སྟེ། རྒྱུན་པར་ཁོམ་པ་རེ་ཡོད་ན་ཨ་ཡེ་ལྷ་མཚོ་ཚང་ལ་ཡོང་ནས་ཁ་བརྡ་
བྱེད་གྲོགས་དང་ལས་ཀ་ལས་རོགས་བྱེད། མདང་དགོང་ཡང་ཁོ་མོ་བརྒྱུགས་ཡོང་སྟེ“སང་ཉིན་ཁྱིམ་ཚང་རེ་ནས་མི་རེ་
གཡའ་ཆུའི་ཟམ་ཐོག་ལ་ས་འཁུར་བར་འགྲོ་རྒྱུ་རེད། ཁྱོད་སོང་ལ་རུ་གཙོ་སྟོབས་རྒྱལ་ལ་གཅིག་ཤོད་དང༌། གལ་ཏེ་ཁྱོད་
ཀྱང་འགྲོ་རུ་བཅུག་ཚེ་ལས་གླ་སྒོར་ལྔ་ཙམ་ཡོད་པས་མི་བཟང་ངམ”ཟེར།
ཚེ་རིང་སྐྱིད་ལ་མཚོན་ན་ཡང་རང་གི་ས་ཞིང་ཉུང་ངུའི་སྟེང་ནས་ཐོན་པའི་བཟའ་འབྲུ་ཙམ་ལས་ཡོང་སྒོ་གཞན་
མེད་པས། སྒོར་ལྔ་ཙམ་ཡིན་རུང་ཨ་ཡེ་ལྷ་མཚོ་ལྟ་བུའི་རྒན་མོ་བདག་མེད་ཅིག་ལ་མཁོ་གལ་ཇི་འདྲ་ཆེ་བ་ཁོ་མོས་གསལ་
བོར་ཤེས་པ་རེད། དེར་བརྟེན་ཁོ་མོས་སྒོར་ལྔའི་ཡོང་སྒོ་ཡོད་པའི་ལས་ཀ་འདི་འཕྲིན་བཟང་ཞིག་ལ་རྩིས་ནས་ཨ་ཡེ་ལྷ་
མཚོའི་རྣ་ལམ་དུ་བསྐྱལ་བྱུང༌།
ཨ་ཡེ་ལྷ་མཚོས་གཏམ་དེ་ཐོས་མ་ཐག་ཤིན་ཏུ་དགའ་སྟེ་རུ་གཙོ་སྟོབས་རྒྱལ་ཚང་ལ་སོང་ནས་རེ་བ་ཞུས། རུ་གཙོ་
སྟོབས་རྒྱལ་གྱིས་ཀྱང་དེ་ལྟར་ཁས་བླངས་པར་མ་ཟད། ད་དུང“ཨ་ཡེ་ལྷ་མཚོ་ཁྱོད་སོང་ལ་ལས་ཁུལ་ཞིག་བྱོས་དང་ཆོག
ལས་གླ་གཞན་ལས་སྐར་གང་གིས་ཀྱང་མི་ཉུང་བར་སྟེར་ཆོག”ཟེར།
ཨ་ཡེ་ལྷ་མཚོ་ནི་དངོས་གནས་མི་ལས་ངན་ཞིག་རེད། གཞོན་ནུ་མའི་དུས་སུ་མི་ལ་གླ་གཡོག་བྱས་ནས་མི་ཚེ་
བསྐྱལ། བཅིངས་འགྲོལ་ཐོབ་རྗེས་ཁ་བཟའ་བཏུང་དང༌། རྒྱབ་གྱོན་པའི་ཕྱོགས་ལ་སེམས་ཁུར་མི་དགོས་ཙམ་བྱུང་ཡང་
རིང་བོ་མ་ཐོགས་པར་ཁྱོ་བོ་འདས་པས་ཁོ་མོ་གཅིག་པུས་སླར་ཡང་ཁེར་རྐྱང་གི་འཚོ་བ་རོལ་དགོས་བྱུང༌།
དེ་ཡང་སྐྱེ་བ་སྔོན་མའི་ལན་ཆགས་ཤིག་ཡིན་ནམ་ཅི་ཡིན་མི་ཤེས་མོད། གང་ལྟར་ཁོ་བཟའ་མི་གཉིས་ཀྱིས་ཡར་
དཀོན་མཆོག་ལ་མཆོད་པ་ཕུལ། མར་སྤྲང་པོ་ལ་སྦྱིན་པ་བཏང༌། ཁིས་ཉག་གའི་ལབ་ཙེ་བསྟད་ཅིང༌། ཁ་ཏོན་དགེ་སྦྱོར་ཇི་
ལྟར་བྱས་ཀྱང་བུ་བུ་མོའི་གྲིབ་མ་ཙམ་ཡང་མ་མཐོང་བས་བཟའ་མི་གཉིས་སེམས་འཚིག་ནས་སྡོད་བཟོད་མེད་པར་གྱུར།
ཡིན་ན་ཡང་ཁྱོ་བོ་དྲིན་ཅན་པོ་ཡོད་པས་སེམས་བརྟན་པོ་དང་ཁྱིམ་དྲོན་པོ་བྱུང༌། ད་ལྟ་ཁོ་མོ་གཅིག་པུར་ལུས་ཏེ་དགོང་ཉི་
མ་མ་གཏོགས་རེ་ས་དང་ལུས་གྲིབ་མ་མ་གཏོགས་འགྲོགས་ཡ་མེད་པས་ཁོ་མོའི་སེམས་ཀྱི་སྡུག་བསྔལ་ནི་མ་བཤད་ཀྱང་
ཤེས་ནུས།
ཁོ་མོའི་ཁྱོ་བོ་གཤིས་རྒྱུད་ཅུང་རྩུབ་པས་ནམ་རྒྱུན་ཁོ་མོར་གཅར་རྡུང་བྱེད་པར་ཐེ་ཚོམ་མེད་ནའང་སེམས་གཏིང་
ནས་ཁོ་མོར་ཤ་ཚ་བ་ཡིན། ཐེངས་གཅིག་ཁོ་མོར་གློ་ནད་ཚབས་ཆེན་ཞིག་བྱུང་སྟེ་ཉལ་སར་ལྷུང་སྐབས། ཁོས་ཉིན་མཚན་
མེད་པར་ཁོ་མོ་གཉོར་བར་མ་ཟད། རང་གི་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་རྒྱ་གར་ཤར་ལི་ཞིག་ཡོད་པ་དེ་ཡང་སྨན་
ཡོན་གྱི་ཆེད་དུ་གཞན་ལ་བཙོངས། ཁོ་ཚེ་མ་རིང་བའི་རྒྱུ་མཚན་ཡང་དེ་ཡིན་པར་བཤད།
དྲིན་ཅན་པོ་དེ་ཚེ་དུས་བྱས་ནས་ད་བར་དུ་ཁོ་མོའི་རྨི་ལམ་དུ་འཁོར་ཚུལ་ལ་བརྟགས་ན། ཁོ་མོས་འདས་མཆོད་
བཟང་པོ་ཞིག་སྒྲུབ་མ་ནུས་པས་རྣམ་ཤེ་སྐྱེ་མ་ཐུབ་པ་འདྲ། དེར་བརྟེན་ཁོ་མོའི་སེམས་ལ་རྟག་ཏུ་ནོངས་འགྱོད་ཚད་མེད་
སྐྱེས་ཤིང༌། ལོ་རེ་བཞིན་ཁྱོ་བོའི་ཤིད་ཚིགས་ལ་སླེབས་ཚེ་མཆོད་མེ་ཆག་མེད་དུ་སྒྲོན་པར་མ་ཟད། ཚེས་བཅོ་ལྔ་སོགས་དུས་
ཆེན་དང་ཁེལ་ན་ཚ་གསུར་ཡང་འཇོག་གི་ཡོད། དེ་རིང་ནི་ཁྱོ་བོ་དྲིན་ཅན་པོ་འདས་ནས་ལོ་བརྒྱད་ལོན་པའི་ཤིད་ཚིགས་
ཡིན་ལ། ཁྱིམ་མཚེས་གསང་བདག་ཚང་ནས་མར་ཉོ་དོན་ཡང་མཆོད་མེ་འཇོག་རྒྱུའི་ཆེད་དུ་ཡིན།
ཁྱོ་བོ་འདས་རྗེས་ཝ་ལུང་སྡེ་བ་ན་ཡོད་པའི་ནུ་བོས་ཁོ་མོ་ཇི་ལྟར་བོས་ཀྱང་མ་སོང༌། ནུ་བོ་ལ་ཡང་བུ་མནའ་མ་སོཊ་
མང་བས་སྟབས་ག་ལ་བདེ། ནུ་བོར་ཡང་ཐབས་ཟད་དེ་ལོ་རེ་བཞིན་རང་སྐལ་གྱི་ས་ཞིང་སོན་འདེབས་འབྲེག་སྡུད་ཀྱི་
རོགས་བྱེད་པ་ཙམ་ལས་བྱེད་ཐབས་མ་རྙེད། འཚོ་རྟེན་གྱི་ཕྱོགས་ནས་ནུ་བོ་ཡང་ཁྱིམ་ཚང་བཟང་རྒྱུ་མེད་པས་རོགས་རམ་
བྱེད་དཀའ་ལ། བུ་མནའ་མའི་ཕག་ནས་འདི་ཁྱེར་གན་སྟེར་གྱི་དབང་ཅན་ཡང་ཉན་མིན་སུས་ཤེས། ཨེ—མི་རྒས་ན་ཡོད་
ཚད་ཚར་འདུག
ཨ་ཡེ་ལྷ་མཚོ་ཚེ་རིང་སྐྱིད་ཚང་ལ་སོང་ནས་ཁ་བརྡ་ཅུང་ཞིག་བྱས་རྗེས་ལམ་ལ་ཞུགས། གྲོང་སྡེ་འདི་ནས་གཡའ་ཆུ་
ཟམ་ཁའི་བར་དུ་ལམ་ཐག་དེ་ཙམ་རིང་རྒྱུ་མེད་ན་ཡང་ཨ་ཡེ་ལྷ་མཚོ་དབུགས་འཚངས་ཤིང་ཐང་ཆད་དེ་ཤུགས་རིང་ནར་
ནར་དུ་ཕྱུངས། ཁོ་མོས་ལུས་ལ་ར་སླག་རྙིང་ཧྲུལ་ཞིག་གྱོན་ཡོད་པ་དང༌། གདོང་ཡོངས་གཉེར་མས་ཁེབས་ཤིང་འགྲམ་པ་
གཏིང་དུ་བརྡིབས། ཁོང་དུ་ལྷུང་ཞིང་འོད་མདངས་ཉམས་པའི་མིག་འབྲས་ཟུང་གིས་མཆི་མ་འཛར་འཛར་གྱི་ངང་ནས་
སྐབས་རེར་ལམ་ངོས་དང་ལན་རེར་འགྲོ་རོགས་ཚེ་རིང་སྐྱིད་ལ་ལྟ་བར་བྱེད། སླེ་ལུང་ལ་འཇུས་པའི་ལག་ཟུང་འདར་ལྕུག་
ལྕུག་བྱེད་ཀྱང་གོམ་འགྲོས་བརྟན་པོ་འདུག
ཚེ་རིང་སྐྱིད་ནི་བུ་མོ་ཁ་ཡངས་ཤིག་ཡིན་པས་ལམ་བར་དུ་ཨ་ཡེ་ལྷ་མཚོར་སྐད་གསང་མཐོན་པོས་ཁ་བརྡ་སྣ་
ཚོགས་བྱེད་བཞིན་སོང༌། ཁོ་མོས་རས་ལྭ་སྔོན་པོ་ཐགས་བབ་ཅིག་གྱོན་པའི་ཐུ་བ་སྐགས་ལ་གཟེད། དཀར་དམར་སྔོ་གསུམ་
གྱི་རི་མོ་ཁྲམ་ཁའི་རིས་ཅན་གྱི་མགོ་དཀྲི་སོ་མ་ཞིག་གྲུ་བཞིར་བལྟབས་ཏེ་མགོ་ལ་འཕངས། གདོང་ལ་མཆོར་ཉམས་རྒྱས་ཤིང་
རློན་ཤ་ཆགས། ལྷག་པར་དུ་ཟོལ་གྱིས་བཅོས་པའི་འཛུམ་དང་སྒེག་ཉམས་ནི་ཁོ་མོ་དང་མཉམ་དུ་འགྲོ་བཞིན་པའི་ཨ་ཡེ་ལྷ་
མཚོ་དང་ཤིན་ཏུ་མི་འཚམ་པར་འདུག
སྐབས་དེར། གསར་བུ་སྐོར་ཞིག་སྔ་མོ་ནས་ཟམ་པའི་འགྲམ་གྱི་རྡོ་ཕུང་ཞིག་གི་སྟེང་དུ་ཚོགས་ནས་ཁ་བརྡ་བྱེད་
ཀྱིན་གདའ། ཟམ་པ་དེ་ནི་དོན་དངོས་ཐོག་ཤིང་སྡོང་ཆེན་པོ་གཉིས་ཆུའི་སྟེང་དུ་འཕངས་པའི་སྟེང་ལ་དྲལ་ཤིང་རིང་ཐུང་
མཉམ་པ་མང་པོ་གཏུབས་ཏེ་ལྕགས་འཛེར་རིང་བོས་མནན། དེའི་ཐོག་ལ་ལྗོན་པའི་ཡལ་ག་མང་པོ་བཏིང་བ་སས་མནན་
ནས(དེ་རིང་གི་ལས་ཀ་ཡང་ཟམ་སྟེང་དུ་ས་འཁུར་རྒྱུ་དེ་རེད)གྲུབ་པ་ཞིག་ཡིན། ཁོ་གཉིས་འོངས་པ་མཐོང་བས་ཚང་མས་
མིག་ཧྲིག་ཧྲིག་གིས་ཨ་ཡེ་ལྷ་མཚོ་ལ་ལྟ་བཞིན་ཕན་ཚུན་ཧ་མི་གོ་བའི་རྣམ་འགྱུར་སྟོན་པར་བྱེད།
ཨ་ཡེ་ལྷ་མཚོས་ཅི་ཞིག་ཚོར་བ་ལྟར་ཀུན་ལ་ལྟ་བཞིན་ཁ་མུར་མུར་དང་མིག་འཛུམ་འཛུམ་ཙམ་བྱས་ཤིང་སླར་
ཡང་ཅི་ཞིག་དྲན་པའི་ཚུལ་གྱིས་ཕོ་གསར་ཚོའི་ཁྲོད་ལ་ལྟ་ཡག་ཅིག་བྱས་རྗེས་དོགས་མི་བདེ་བའི་ངང་ནས“རྟ་གོ་ལོ་ལོ།
ཁྱོད་ཀྱིས་ང་ལ་ས་ཞིག་བླུགས་དང༌། ངས་སྔ་རག་ལ་འཁུར། ”
ཕོ་གསར་ཚོའི་འདྲེ་མཐོང་བ་ལྟ་བུའི་མིག་འོད་འོག་ཨ་ཡེ་ལྷ་མཚོས་སྔོན་ནས་རང་ཉིད་ཀྱིས་ལས་གོ་མི་ཆོད་ཀྱང་
སྒོར་ལྔ་བསམས་ནས་འོངས་པར་ཀུན་གྱིས་ཅི་ཟེར་འོང་ངམ་སྙམ་པའི་ཐོག་ད་ལྟ་སྔར་བས་ཀྱང་དོགས་མི་བདེ་བར་གྱུར།
ཁོ་མོས་མ་བསམས་ས་ནས་ཚིག་ལོག་ཉོ་བར་སྐྲག་ནས་ཁ་བརྡ་བྱེད་པའམ་ཡང་ན་ལས་བཅོལ་རེ་བྱེད་དགོས་བྱུང་ཚེ་རྟག་
ཏུ་རྟ་གོ་བཙལ་བ་ཡིན། དངོས་གནས་མི་རྒས་ན་ཁྱི་རྒས་པ་དང་ཁྱད་མི་འདུག ལྷག་པར་དུ་དེང་སང་གི་ན་གཞོན་རྣམས་
ལ་བརྩི་བཀུར་ཟེར་བ་ཡེ་ནས་མི་འདུག་པས། ཨ་ཡེ་ལྷ་མཚོས་ཁོ་ཚོ་རིག་ན་ཐོད་པ་ན་བ་ཡིན།
“མི་ཚང་མ་སླེབས་རྗེས་ཁུར་ཀྱང་ཆོག ད་དུང་མི་ཚང་མ་ཡོང་མེད་པས་ཁྱོད་དེ་འདྲའི་བྲེལ་བ་ལངས་ནས་ཅི་
བྱེད། ” རྟ་གོས་མ་རངས་པའི་ཉམས་ཀྱིས་དེ་ལྟར་བཤད།
“ཨ་ཡེ་ལྷ་མཚོ་ཁྱོད་ཀྱིས་ཅི་ཞིག་བཤད་ཀྱིན་ཕོད། ཚང་མ་མ་འོངས་གོང་ལ་ཁྱོད་ཁོ་ནས་འཁུར་དགོས་དོན་ཅི་
ཡོད། འགྲོ—ངེད་གཉིས་ཕ་གིར་ཉི་མ་ལྡེ་བར་འགྲོ། ”ཚེ་རིང་སྐྱིད་ཀྱིས་དེ་ལྟར་ལེ་བདའ་བྱེད་བཞིན་ཨ་ཡེ་ལྷ་མཚོའི་
ལག་མགོ་ནས་བཟུང་སྟེ་ཕར་ཁྲིད།
“འོ་ཡ་འོ་ཡ། ད་ཉི་མར་ལྡེ་ན་ཉི་མར་ལྡེ། ང་རྒན་མོ་རྒས་འཁོགས་ཤིག་གིས་ལས་གོ་མི་ཆོད་པས་སྔ་མོ་ཙམ་ནས་
འཁུར་ན་སྙམ་པ་ཡིན། ”ཨ་ཡེ་ལྷ་མཚོ་ཚེ་རིང་སྐྱིད་ཀྱི་ཕྱིར་འབྲང་བཞིན་དེ་སྐད་ལབ། “ཨ་ཡོ—ཤུ། ” ཨ་ཡེ་ལྷ་མཚོ་རྩི་ཕུང་ཞིག་གི་སྟེང་ལ་དལ་བུར་བསྡད་རྗེས། “ཚེ་རིང་སྐྱིད་ལོ་ལོ། ངའི་སྒལ་
བ་གཅིག་ནོན་དང༌། ལན་ཆགས་འདི་ཡང་ན་གི་འདུག”ཅེས་བཤད་བཞིན་ཁོག་སྟོད་ཀྱི་སློག་པ་མར་ཕུད་དེ་ཚི་དྲེག་གིས་
ཟིན་ཞིང་རལ་ཧྲུལ་དུ་གྱུར་ནས་ཤ་དམར་ཧྲེང་ངེར་མཐོང་བའི་ཚི་ལེན་ཕྱིར་བུད།
ཚེ་རིང་སྐྱིད་ཀྱིས་མི་འདོད་པའི་རྣམ་འགྱུར་ཅི་ཡང་མེད་པར་ལག་པ་སྤར་མོ་བཅངས་ཏེ་ཨ་ཡེ་ལྷ་མཚོའི་སྒལ་གཞུང་
ནས་ཐུར་ལ་མནན། ཨེ། ཇི་འདྲའི་བུ་མོ་བཟང་མོ་ཞིག་རེད་ཨང༌། ཨ་ཡེ་ལྷ་མཚོའི་སེམས་ལ་དེང་སང་འདི་འདྲའི་བུ་མོ་ཞིག་
གང་ན་ཡོད། ཡིན་ན་ཡང་མག་པ་ཞིག་ལག་ལ་མི་ཡོང་བ་འདི་ཅི་ཡིན་ནམ། ཁྱོ་བོ་ཞིག་མེད་ན་ཀུན་གྱིས་བརྙས་བཅོས་བྱེད་
སྲིད། ཁོ་མོ་ད་དུང་ལོ་ཆུང་བས་ཚེ་གང་པོར་ཉི་མ་ཇི་ལྟར་གཏོང༌། གནམ་རྒན་མས་ཐུགས་རྗེ་གཟིགས་རོགས་ཞེས་སེམས་
གཏིང་ནས་སྨོན་ལམ་བཏབ།
སྒལ་བ་ནོན་མཚམས་བཞག་རྗེས་ཚེ་རིང་སྐྱིད་ཀྱིས་སྐད་ཆུང་ངུས་ལ་གཞས་ལེན་མགོ་བརྩམས། ཨ་ཡེ་ལྷ་མཚོས་མ་
ཎི་འདོན་བཞིན་དོགས་མི་བདེ་བའི་ངང་ནས་ཡར་ལྟ་མར་ལྟ་བྱས།
ཁོ་མོ་གཉིས་ཀྱི་མདུན་ཕྱོགས་ནི་ཁངས་རྒན་ལ་སྟེ། ལ་ངོས་ཀྱི་གྱ་གྱུའི་ལམ་ཕྲན་སྟེང་ན་ར་ལུག་གི་ཁྱུ་འགའ་རེ་གཅིག་
རྗེས་གཅིག་མཐུད་ཀྱིས་འབའ་དིར་སྒྲོགས་བཞིན་འགྲོ་ཞིང༌། མཚམས་མཚམས་སུ་རྫི་བོའི་ཕྲ་ལ་རྣོ་བའི་འུར་ཆའི་སྒྲ་དེ་བྲག་
ཅ་དང་བསྡོངས་ནས་རྣ་ལམ་དུ་ལྷུང་ཡོང༌། ལ་འདབས་ནི་ཐེམ་སྐས་དབྱིབས་ཅན་གྱི་ཞིང་ས་ཡིན་ལ། ཞིང་སའི་ཞོལ་ནི་
དྭངས་ཤིང་བསིལ་ལ་ཤང་ཤང་དུ་འབབ་པའི་གཡའ་ཆུ་རེད། གཡའ་ཆུའི་འགྲམ་ངོགས་ཀྱི་ནེའུ་གསིང་ངོས་སུ་ཁྲ་ཆིལ་ལེར་
བཞད་པའི་མེ་ཏོག་གིས་བརྒྱན་འདུག ཨ་ཡེ་ལྷ་མཚོའི་ཡིད་ལ་ངང་ངམ་ཤུགས་ཀྱིས་ཁྱོ་བོ་འདས་པོ་དང་ཁོ་གཉིས་བར་
བྱུང་བའི་ཆུང་དུས་ཀྱི་འདས་དོན་རེ་གཉིས་ཝ་ལེར་འཁོར་བྱུང༌།
སྐབས་དེར་ཁོ་གཉིས་ཀས་སྡེ་དཔོན་དབང་ཕྱུག་རྒྱལཚང་ལ་གཡོག་བྱེད་བཞིན་ཡོད། དབྱར་དུས་ཁོམ་པ་ཅུང་ཞིག་
ཡོད་ན་ཁོ་གཉིས་གཡའ་ཆུའི་འགྲམ་དུ་འཆམ་འཆམ་ལ་འགྲོ་ངེས་ཡིན། མཛེས་ཤིང་ལྟ་ན་སྡུག་པའི་ནེའུ་གསིང་འཇམ་པོའི་
ངོས་འདིར་ཁོ་གཉིས་ཀྱིས་ཁ་བརྡ་དང་རྩེད་མོ་རྩེ་ནས་དུས་གང་མང་ཞིག་འདའ་བར་བྱས་ལ། ཁོ་གཉིས་ཀྱིས་ཚེ་གང་གི་
འདུན་མའང་སྐབས་དེར་བསྒྲིགས་པ་ཡིན།
ཁྱོ་བོ་དྲིན་ཅན་པོ་དེ་རྩེད་མཚར་ལ་དགའ་ཞིང་སྤྱོད་པ་རྩུབ་པའིཕོ་གསར་གླག་ཕྲུག་འདྲ་བ་ཞིག་ཡིན་ལ་ཁོ་མོ་ཡང་
རྩེ་རྒྱུར་དགའ་ཞིང་འཇུ་རྒྱུ་འཐམས་རྒྱུར་ཐེ་ཚོམ་མེད་པའི་བུ་མོ་པྲ་ཚགས་ཤིག་ཡིན། ཐེངས་ཤིག་ཁོས་ཁོ་མོར་རྩེད་མཚར་
ཞིག་བཤད་པས་ཁོ་མོ་ངོ་ཚ་བ་དང་མཉམ་དུ་འབུད་རྒྱག་ཅིག་བྱས་པས་ཁོ་རང་གཡའ་ཆུའི་ནང་དུ་མགོ་རྟིང་བསློགས་ཏེ་
ལྷུང༌། ཁོས་འཕག་ར་བྱས་ནས་ཡར་ལངས་སྐབས་ལྭ་བ་ཆུས་བངས་ཤིང་རལ་བའི་གསེང་ལ་འདམ་ཁུ་འབྱར་འདུག་པས་ཁོ་
མོ་རེ་ཞིག་དངངས་སྐྲག་གིས་ཧད་པར་གྱུར། དེ་ནས་ཁོས་ལག་པས་གདོང་གི་ཆུ་འབྱིད་ཅིང་ཡར་འཐེན་རོགས་བྱེད་དགོས་
པའི་ལག་བརྡ་བྱེད་པམཐོང་བས་ལག་པ་བརྐྱངས་ཏེ་འཐེན་རྩིས་བྱས། ཡིན་ན་ཡང་ཁོ་མོས་འཐེན་ལོང་མ་བྱིན་པར་ཁོས་
གློ་བུར་དུ་མར་འཐེན་པས་ཁོ་མོ་ཡང་ཆུ་ནང་དུ་ལྷུང༌། དེས་ཁོ་མོས་ཞུ་བ་ཡང་ཡང་བྱས་ཀྱང་མ་བཏང་བར་ཆུ་ནང་དུ་
མནན་ནས་ཆུ་རྒྱགས་ཐོག་ཆོད་པ་ཞིག་འཐུང་དུ་བཅུག……དཀོན་མཆོག་མཁྱེན། དྲིན་ཅན་པོ་དེ་ད་ལྟ་གང་ན་ཡོད་
དམ།
ས་འཁུར་མགོ་བརྩམས་སོང༌། བུད་མེད་རྣམས་ཀྱིས་སྐྱེས་པ་ཚོའི་གམ་ནས་ས་བཟེད་རྗེས་ལེ་ལོའི་གོམ་སྟབས་སྒྱུར་
བཞིན་དལ་བུར་ཟམ་པའི་ཕྱོགས་སུ་བསྐྱོད། དེ་ཚོའི་ཁྲོད་ཀྱི་མང་ཆེ་ཤོས་ནི་ཅི་འདྲའི་བཤད་མི་ཚར་བའི་གསང་གཏམ་ཞིག་
ཡོད་པའི་ཚུལ་གྱིས་ཆ་དང་ཆ་བྱས་ནས་མགོ་གཏུཊ་ཏེ་འགྲོ་ལ། ས་ཟམ་པའི་སྟེང་དུ་བླུགས་རྗེས་ཡུན་རིང་བོར་དེར་ལངས་
ནས་ཁ་བརྡ་བྱེད། དེ་ནས་སྔར་བཞིན་མགོ་གཏུགས་ཏེ་ཚུར་ལོག་འོང་བ་ཡིན། བསམ་ཤེས་ལས་ཀ་ཅན་འགའ་རེས་འཕང་
ལོ་བསྐོར་ཏེ་སྐུད་པ་འཁེལ་བཞིན་འགྲོ་བ་དང༌། མོ་གསར་ཕྲ་ཚགས་འགའ་རེས་ས་ལྡུག་པའི་སྐབས་དང་བསྟུན་ནས་ཕོ་
གསར་ཚོར་རྒྱག་རེས་དང་འདྲུད་རེས་གཡུག་རེས་བྱས་ནས་རྩེ་བས་དགོད་སྒྲ་དང་འུར་སྒྲ་དི་རེར་བྱེད།
ཨ་ཡེ་ལྷ་མཚོས་སྐེ་རིང་བོར་བསྲིངས་ཤིང་ལྗིད་ཏིག་པའི་གོམ་སྟབས་སྒྱུར་བཞིན་མིག་ཟུང་གིས་དྲང་མོར་ཟམ་པའི་
ཕྱོགས་སུ་ལྟ་བ་དང༌། དབུགས་འཚངས་ནས་མ་ཎིའི་རྒྱུན་ཀྱང་གཅོད་ལ་ཁད་བྱེད། ཁོ་མོའི་སེམས་སུ“སླེབས་བྱུང༌།
སླེབས་བྱུང༌། ”ཞེས་ཡིག་འབྲུ་གཉིས་ཟློ་བཞིན་ཡོད་པ་དང་ཁོ་མོར་མཚོན་ན་དེ་རིང་གི་ལས་ཀ་ནི་ཤུཊ་ཐད་པའི་ཆུ་བ་
ཞིག་ཆུ་རླབས་ཀྱི་འཇིངས་དབུས་སུ་འཕག་ར་བྱེད་པ་ལས་ཀྱང་དཀའ་བར་སྙམ།
“སླེབས་བྱུང༌། … … སླེབས་བྱུང༌། … … དངོས་གནས་སླེབས་བྱུང༌། ”སླེ་བོ་ནང་གི་ས་ཐང་ལ་
བླུགས་མ་ཐག་ཁོ་མོའི་རྒྱབ་ནས་ཕ་བོང་ཞིག་ཕོག་པ་ལྟ་བུའི་སྣང་བ་ཞིག་ཤར། སྒལ་གཞུང་ཧྲིལ་བོ་འཁྱག་སིལ་ལེར་སོང་
བས་ད་གཟོད་རྒྱབ་ལ་རྔུལ་ནག་གིས་ཁྱབ་འདུག་པ་ཤེས།
ས་ལྡུག་སར་ཡོད་པའི་རུ་གཙོ་སྟོབས་རྒྱལ་སོགས་བསམ་ཤེས་འགའ་རེས། “ཨ་ཡེ་ལྷ་མཚོར་དེ་འདྲ་མང་པོ་ལྡུག་
མི་ན། ཉུང་ཙམ་བླུགས། ”ཞེས་ཕོ་གསར་རྣམས་ལ་གསལ་འདེབས་བྱས་ཀྱང་ཁོ་མོས“སྐྱོན་མེད། སྐྱོན་མེད། གང་ལྟར་
འགྲོ་རྒྱུ་ཞོར་གཅིག་ཡིན་པས་གང་བླུགས་དང་དལ་བུར་སོང་བས་དགའ། ” ཟེར་བཞིན་ཨུ་ཚུགས་མཐར་སྐྱེལ་བྱེད་ཅིང་
སླེ་བོའི་ཁ་མ་གང་ཚེ་གཏན་ནས་མི་འགྲོ། ཁོ་མོའི་སེམས་ལ་རྒན་མོ་རྒས་འཁོགས་ཤིག་གིས་མ་ཎི་མི་འདོན་པར་སྒོར་མོ་ལྔའི་
དོན་དུ་འདིར་ འོངས་ན་གཞན་གྱིས་ཅི་ཟེར་སྙམ་པའི་སེམས་ངལ་གྱི་ཁུར་པོ་དེ་རྒྱབ་ཀྱི་ས་ལས་ཀྱང་ལྩི་བའི་སྣང་བ་ཞིག་
ཤར།
འཁུར་ཐེངས་འགའ་བྱས་རྗེས། ཨ་ཡེ་ལྷ་མཚོས་བུད་མེད་གཞན་དག་གིས་འཁུར་བའི་སའི་མང་ཉུང་དང༌། གོམ་
པའི་མགྱོགས་དལ་སོགས་གང་ལ་བལྟས་ཀྱང་རང་ཉིད་ལས་མང་རྒྱུ་མེད་པ་མཐོང་བས་གཞི་ནས་སེམས་ཅུང་བདེ་བར་
གྱུར།
གློ་བུར་དུ་མདུན་ན་དལ་བུར་འགྲོ་བཞིན་པའི་བུད་མེད་འགའི་ཁ་བརྡ་ཨ་ཡེ་ལྷ་མཚོའི་རྣ་ལམ་དུ་ལྷུང༌།
“ཁྱོད་ཚང་གི་བཟོད་པར་ད་ལྟ་ཁོམ་པ་ཨེ་ཡོད། ཁོམ་པ་ཡོད་ན་ངས་ཚ་རུ་ཞིག་བཟོ་འདོད། ཚ་རུ་ཞིག་གི་བཟོ་
ཡོན་སྒོར་ཅི་ཙམ་ཡིན། ” དེ་ནི་ཀླུ་མོ་ཐར་བཤད་ལ་དགའི་སྐད་རེད། ཁོ་མོའི་སྐད་ཧ་ཅང་མཐོ་བས་བསམ་གཟས་ནས་
ཉེ་འཁོར་གྱི་མི་ཀུན་ལ་གོ་རུ་འཇུག་པ་དང་འདྲ།
“ཁོམ་པ་མེད་རྒྱུ་མི་འདུག ཚ་རུ་ཞིག་གི་བཟོ་ཡོན་སྒོར་བཞི་བཅུ་ཡིན་ཟེར། ” བཟོད་པའི་ཆུང་མ་བསོད་
ཉེའི་སྐད་ཀྱང་ཀླུ་མོ་ཐར་གྱི་སྐད་དང་མཉམ་པར་འདུག
“ཨ་ཙི། དེ་འདྲའི་དཀའ་བ་ལ། ”
“དཀའ་རྒྱུ་ཅི་ཡོད། འབྲོག་ཕྱོགས་ནས་ཚ་རུ་རེར་སྒོར་དྲུག་ཅུ་བླངས་པ་ཡིན་ཟེར། ”
“ ……”
“ད་ཐེངས་བཟོད་པས་ཅི་ཞིག་ཁྱེར་ཡོང་འདུག”དེ་ནི་རིག་མོ་ཡག་གི་སྐད་རེད།
“ཅང་ཁྱེར་ཡོང་མི་འདུག ངེད་གཉིས་ལ་ཚ་རུ་རེ། བྱིས་པ་ཚོར་ཕྲུག་རེ། སྒོར་རྐྱང་སྟོང་ལྷག་ཁྱེར་ཡོང་འདུག”
བསོད་སྟེའི་སྐད་མགོ་སྔར་བས་མཐོ་བའི་སྐད་སྒྲའི་ཁྲོད་དུ་ཁེངས་རློམགཞན་ངོམ་ཞིག་གིས་ཁེངས་འདུག
“ཨ་ཙི། ཨ་ཙི་དེ་འདྲའི་མང་བ་ལ། ”བུད་མེད་རྣམས་ཀྱིས་ཧ་ལས་པའི་སྐད་བརྒྱབ།
“མང་རྒྱུ་ཅི་ཡོད། བཟོ་བ་ཞིག་གིས་ལོ་ཕྱེད་ལྷག་ལ་དེ་ཙམ་ཡང་ཁྱེར་ཡོང་མ་ཐུབ་ན་བཟོ་ཤེས་པ་དོན་མེད་མིན་
ནམ། ” བསོད་བྷེས་ཅི་མི་སྙམ་པའི་ཚུལ་ཀྱིས་དེ་ལྟར་བཤད།
“ཐན་ལྟས། དེང་སང་གི་མི་རྣམས་ཀྱི་འདོད་པ་ཚིམ་རྒྱུ་ཞིག་མི་འདུག ད་དུང་མི་འདང་ན་ཁྱོད་ཀྱི་ཁ་དེ་ཐལ་
བས་གཅོད་དགོས་པ་ལོས་ཡིན། ” བསོད་བྷེའི་སྐད་ཆ་དེ་ཐོས་པས་ཨ་ཡེ་ལྷ་མཚོ་ཞེ་མེར་ནས་སེམས་ལ་དེ་ལྟར་དྲན་པ་
དང༌། དེ་མུར་ཡང“གླེན་རྒན་མ། འདོན་དགོས་པའི་མ་ཎི་མི་འདོན་པར་ཉེས་པ་བསགས་ནས། དཀོན་མཆོག་ཐུགས་རྗེ་
ཅན། ”ཞེས་སེམས་གཏིང་ནས་བཤགས་པ་བྱས།
དངོས་གནས། དེང་སང་གི་མི་རྣམས་ཀྱིས་རྒྱུ་ནོར་བསམས་ནས་མི་ལས་པ་གཅིག་ཀྱང་མི་འདུག དགེ་འདུན་ཚེ་
རིང་ལ་ལྟོས་དང༌། ར་ལུག་ཁྱུ་དང་ཁྱུ་བྱས་ནས་མཁར་ནང་ལ་དེད་ནས་ཤན་པ་ཚོར་འཚོང་གིན་འདུག་པས། ཚེ་ཕྱི་མའི་
ཡུལ་ལ་ཇི་ལྟར་འགྲོའམ། གོ་ཚོད་ཡིན་ན་ཁོ་རང་ལ་ཁེ་བག་སྒོར་སུམ་སྟོང་ལྷག་ཡོད་ཀྱང་ད་དུང་ཆོག་མི་ཤེས་པར་སྡིག་པ་
གསོག་དོན་ཅི་ཡིན་ནམ། ཁོ་མོར་མཚོན་ན་སྒོར་སྟོང་ཟེར་པ་ནི་ནརྣ་བས་ཐོས་ཚོད་ཙམ་ཡིན་ཞིང༌། ཁྱོ་བོ་དྲིན་ཅན་པོས་ཚེ་
གང་བོར་ཚ་རུ་ཕར་ཞོག སློག་པ་གཡོགས་མ་ཞིག་ཀྱང་གྱོན་རྒྱུ་མ་བྱུང་བར་ཚེ་ལས་འདས་པའི་ཁར། གཤིན་ཆོས་ཡག་པོ་
ཞིག་ཀྱང་སྒྲུབ་མ་ཐུབ་པས་མི་ཞིག་གི་སྐྱེ་བ་ལེན་ཐུབ་ཡོད་མེད་སུས་ཤེས་ཞེས་ཀུན་གྱིས་གླེང་བཞིན་ཡོད་པ་སེམས་ལ་དྲན་
ནས་སྐྱོ་སེམས་དྲག་པོ་ཞིག་སྐྱེས་ཤིང༌། ཁོ་མོའི་སེམས་ལ་གནམ་རྒན་མ་ལ་ཡང་རྒྱུ་འབྲས་མི་འདུག གཞན་རྣམས་ཀྱིས་གོས་
ཚ་རུ་ཡིན་རུང་རྩུབ་སྣང་དང༌། ཟས་བུ་རམ་ཡིན་རུང་ཁ་ཚུལ་བཤད་པ་ལ། ངས་འདས་པོར་མཆོད་མེ་ཞིག་སྒྲོན་རྒྱུའང་
འདི་འདྲའི་དཀའ་བ་ཅི་ཡིན་ནམ། ང་ཅི་འདྲའི་ལས་ངན་ཞིག་རེད་ཨང་སྙམ། “ཨ་ཡོ་ཤུ། ” ཨ་ཡེ་ལྷ་མཚོས་སླེ་བོ་ནང་གི་ས་བླུགས་པ་དང་རང་དབང་མེད་པར་དབུགས་རིང་ཞིག་ཕྱུང༌།
ཁོ་མོས་མགོ་དཀྲི་བཀྲོལ་ནས་གདོང་གི་མིག་ཆུ་དང་རྔུལ་ཆུ་ཆབས་ཅིག་ཕྱིས།
“དངོས་གནས་མཇུག་མཐའི་ཐེངས་ཤིག་རེད། ” ཁོ་མོས་ཟམ་པའི་སྟེང་ལ་ཞིབ་ལྟ་བྱེད་བཞིན་ས་སླེ་བོ་ཅི་
ཙམ་དགོས་པར་ཁོག་རྩིས་ཤིག་བརྒྱབ་རྗེས་གཞི་ནས་དེ་ལྟར་ཁ་ཚོན་བཅད། ད་ནི་ས་སླེ་བོ་བརྒྱད་དགུ་ཙམ་ལས་མི་དགོས་
པ་འདྲ། ཁོ་མོའི་མདུན་ན་འགྲོ་བཞིན་པའི་བུད་མེད་ཀྱང་རེ་གཉིས་ཡོད་པས། ད་ནི་གཞོན་པ་འགས་སླེ་བོ་སྐེད་རེ་འཁུར་
ན་འདང་སྙམ་ཞིང་རྗེས་ན་ད་དུང་སྐེ་བསྲིངས་ནས་འཁུར་འོང་བཞིན་པའི་བུད་མེད་འགའ་རེ་འདུག་བསམས་ཏེ་སྤྲོ་སྣང་
ཞིག་རྒྱས། རེད་ཡ། སྒོར་མོ་ལྔ་བསམས་ནས་ཡོང་ཡང་ཀུན་གྱི་མདུན་ནས་བླ་མ་བསྒུལ་པར་མ་ཟད། ད་དུང་བུད་མེད་
གཞན་ལས་ཀྱང་མང་བ་ཞིག་ཁུར།
དེ་ནས་གློ་བུར་དུ་ཨ་ཡེ་ལྷ་མཚོར་ཤིན་ཏུ་ཐང་ཆད་པའི་སྣང་བ་ཞིག་སྐྱེས་པས་འཕྲལ་དུ་ཐང་ལ་བསྡད་དེ་ངལ་གསོ་
ཞིག་བྱས་ན་སྙམ། ཁོ་མོའི་ལུས་ཀྱི་རུས་ཚིགས་རྣམས་ཐོར་འདུག་སྙམ་པ་བྱུང་ལ་ལྟོགས་དྲཊ་པའི་དབང་གིས་ལུས་པོ་ལྕུག་
ལྕུག་ཏུ་འདར་བཞིན་འདུག ཡིན་ན་ཡང་ཁོ་མོའི་སེམས་སུ་འཕྲལ་མར་རུ་གཙོ་སྟོབས་རྒྱལ་གྱི་ལག་ནས་སྒོར་ལྔ་བོ་བླངས་
ཏེ་མྱུར་དུ་མར་ཉོ་རུ་འགྲོ་དགོས་སྙམ་ནས་ཨ་ཡེ་ལྷ་མཚོ་མྱུར་དུ་ས་ལྡུག་སར་ཕྱིན།
རུ་གཙོ་སྟོབས་རྒྱལ་གྱི་གམ་དུ་སླེབས་སྐབས་ཨ་ཡེ་ལྷ་མཚོས་ད་གཟོད་དོན་དག་དེ་འདྲའི་སླ་མོ་ཞེག་མིན་པ་མཐོང༌།
དེར་འདུས་པའི་བུད་མེད་རྣམས་ཀྱིས་གཅིག་གིས་གཅིག་ལ་བལྟས་ནས་སུས་ཀྱང་མཇུག་མཐའི་ས་སླེ་བོ་བཞི་ལྔ་བོ་དེ་
འཁུར་མ་འདོད་པར་འདུག་པས། རུ་གཙོས་ཐབས་བཀོད་གཞན་ཞིག་མི་འཐེན་ཐབས་མེད་བྱུང༌། “ཡ། འོ་ན་རྒན་པ་
རྣམས་ཀྱིས་ངལ་གསོས། གསར་མོ་འགའ་ཤོག་དང་སླེ་བོ་གང་རེ་ལས་འཁུར་མི་དགོས། ”
གསར་མོ་ཡང་བཅུ་གྲངས་ལོངས་པ་ཙམ་ཡོད་པས་ཡང་སྙིང་སུ་ཞིག་གིས་འཁུར་དགོས་སམ། འདི་ནི་དོན་དག་གི་
གནད་ཀ་ཡིན། དེར་བརྟེན་བུད་མེད་རྒན་པ་རྣམས་ཀྱིས་རྒྱབ་ཀྱི་སླེ་བོ་ཕོག་པར་བརྩམས་ཀྱང༌། གསར་མོ་ཚོས་ཕན་ཚུན་
གྱི་རྣམ་འགྱུར་ལ་བལྟས་ནས་ཕྱི་ནུར་བྱེད་པ་ལས་མདུན་དུ་འགྲོ་མཁན་གཅིག་ཀྱང་མ་བྱུང༌།
སྤྱིར་ཨ་ཡེ་ལྷ་མཚོས་ཀྱང་ལོ་ལོན་རྣམས་(ཚང་མ་ཁོ་མོ་ལས་ཆུང)དང་མཉམ་དུ་སླེ་བོ་སར་ཕོག་ན་འགྲིག་པ་ཡིན་
མོད། ལས་ལམ་ལ་མི་འགྲོ་བའི་སྐབས་སུ་དོན་རྣམས་རང་དབང་ལ་འོང་དཀའ། སྐབས་འདིར་བུད་མེད་རྣམས་ཕྱི་བཤོལ་
བརྒྱབ་པའི་དབང་གིས་ཨ་ཡེ་ལྷ་མཚོ་ཀུན་གྱི་སྔོན་མར་གྱུར་ཅིང་ཚང་མའི་མིག་འོག་ནས་མི་ཐར་བས་ཁོ་མོ་མདུན་དུ་སོང་
ནས་ས་བཟེད་དགོས་བྱུང༌། ཡིན་ན་ཡང་ཁོ་མོའི་སེམས་ནས་ད་དུང་ཐེངས་གཅིག་འཁུར་ཐུབ་མིན་ལ་གདེང་ཚོད་མི་འདུག
“ཨ་ཡེ་ལྷ་མཚོ། ཁྱོད་ཀྱིས་ངལ་གསོས་དང་བུ་མོ་ཚོས་འཁུར་ཆོག”རུ་གཙོ་སྟོབས་རྒྱལ་གྱིས་ཨ་ཡེ་ལྷ་མཚོ་དེ་
ལྟར་བཀག་པའི་དུས་མཉམ་དུ་སླར་ཡང་སྐད་ཆེན་པོས། “གསར་མོ་ཚོ། ཁྱོད་ཚོས་དངོས་གནས་ཨ་ཡེ་ལྷ་མཚོ་ལྟ་བུའི་
རྒན་མོ་ཞིག་ལ་འཁུར་དུ་འཇུག་རྒྱུ་ཡིན་ནམ། ”ཞེས་ཚང་མར་སྐུལ་སློང་བྱས།
སྔར་བཞིན་འོང་མི་གཅིག་ཀྱང་མི་འདུག མ་གཞི་ལས་ཀ་པ་རྣམས་ལྟོགས་ནས་འགུལ་འདོད་མ་སྐྱེས་པ་རེད།
སྐབས་འདིར་ཨ་ཡེ་ལྷ་མཚོས་རུ་གཙོ་སྟོབས་རྒྱལ་གྱིས་ཁོ་མོའི་མིང་གཡར་ནས་བོས་ཀྱང་མ་འགུལ་བ་མཐོང་ནས་ཚང་མས་
རང་ཉིད་ལ་ལྟད་མོ་ལྟ་བཞིན་པའི་སྣང་བ་ཞིག་སྐྱེས་པ་དང་མཉམ་དུ་ཁོ་མོའི་སེམས་ལ་ཞེ་སྡང་ཆེན་པོ་ཞིག་ལངས་ཤིང་ཨུ་
ཚུགས་ཀྱིས་ས་འཁུར་དུ་སོང་བས་ལྡུག་མཁན་རྣམས་ཀྱིས་ཀྱང་མི་ལྡུག་ཐབས་མེད་བྱུང༌།
“ཤོག་ཤོག ཚང་མ་ཤོག་ལ་མི་རེ་ནས་སླེ་བོ་གང་རེ་འཁུར། ” ཨ་ཡེ་ལྷ་མཚོ་འགོག་ཐབས་མ་བྱུང་བས་རུ་
གཙོ་སྟོབས་རྒྱལ་གྱིས་ཁོང་ཁྲོ་ཆེན་པོས་ཚང་མར་སྐད་ཅོར་བརྒྱབ།
མི་ཞིག་ཞེ་སྡང་གིས་ཁེངས་པའི་དུས་སྐད་ཅིག་མ་དེར་ལུས་ཀྱི་སྟོབས་ཤུགས་ལྡབ་འགྱུར་གྱིས་ཇེ་ཆེར་འགྲོ་སྲིད།
སྤྱིར་ཡིན་ན་སྐབས་འདིར་ཨ་ཡེ་ལྷ་མཚོ་ཡང་འདི་འདྲ་ཡིན་འོས་ཀྱང་ཁོ་མོ་རྒ་བའི་ཁུར་གྱིས་ནོན་པའི་ཁར་ཐང་ཆད་ཅིང་
ལྟོགས་དྲགས་པའི་དབང་གིས་ལུས་གྱིས་མི་ལྕོགས་པར་ཨམ་གཙིགས་བསྡམས་ནས་གོམ་པ་གང་རེ་གང་རེ་མདུན་དུ་སྤོས།
རྒྱབ་ཕྱོཊ་ནས་མི་ཞིག་གི་ལྡོག་སྒྲ་ཐོས་བྱུང༌། དེ་ནི་ས་འཁུར་མཁན་གྱི་བུད་མེད་ཅིག་ཡིན་པར་གདོན་མི་ཟ།
“སྔོན་ལ་འཚོར་དུ་འཇུག་མི་རུང༌། ” སྔར་གྱི་ཁོང་ཁྲོ་ད་དུང་མ་སངས་པ་ལོས་ཡིན། ཨ་ཡེ་ལྷ་མཚོ་ལ་དེ་
འདྲའི་འགྲན་སེམས་ཤིག་སྐྱེས་བྱུང༌། ཁོ་མོས་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་གོམ་སྟབས་ཇེ་མགྱོགས་སུ་གཏོང་
དགོས་བསམས་ཀྱང་དེ་ལྟར་བྱེད་མ་ནུས། ཁོ་མོའི་རྗེས་ཀྱི་གོམ་སྒྲ་དེ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཕྱིན་ཏེ་ཅང་མ་འགོར་
བར་ཁོ་མོའི་སྔོན་ལ་ཤོར། དེ་ནི་ཀླུ་མོ་ཐར་བཤད་ལ་དགའ་རེད། ཨ་ཡེ་ལྷ་མཚོའི་སེམས་ལ་རང་ཉིད་དངོས་གནས་རྒས་
སོང༌། བློ་གཏོད་སའི་བྱིས་པ་ཞིག་ཀྱང་མེད་པས་རྗེས་སུ་ཅི་བྱེད་སྙམ་ནས་ཤུགས་རིང་ཞིག་བཏོན།
ཁོ་མོ་གཞི་ནས་ཟམ་ཁར་སླེབས། སླེ་བོ་ནང་གི་ས་ཐང་ལ་ལྡུག་གྲབས་བྱེད་སྐབས་ཟམ་པའི་གཡས་མཐའ་རུ་ད་དུང་
སླེ་བོ་གང་དགོས་པ་” མཐོང༌། བལྟས་ཚོད་ལ་གོམ་པ་ལྔ་དྲུག་ལས་མེད་ན་ཡང་ཨ་ཡེ་ལྷ་མཚོར་མཚོན་ན་དེར་སླེབ་རྒྱུ་དེ་
ཉིན་ལམ་གྱི་སྣང་བ་ཞིག་སྐྱེས། ལྷག་པར་དུ་དེ་ནི་ཟམ་པའི་མཐའ་ཁ་ཡིན་པས་ཁོ་མོ་ལྟ་བུའི་རྐང་ལག་མི་བདེ་བ་ཞིག་སོང་
ན་ཉེན་ཁ་ཡང་ཆེ། གལ་ཏེ་མ་སོང་ན་ས་དེ་མཉམ་འཇོག་ས་ཞིག་མིན་པས་གཞན་གྱིས་མཐོང་དཀའ་ལ། མཐོང་ཡང་དེར་
འགྲོ་མིན་མི་ཤེས་པས་ལུས་རྒྱུ་ཡིན་པ་ཁོ་ཐག་རེད་སྙམ།
ཐེ་ཚོམ་ཅུང་ཞིག་ཟོས་རྗེས་ཨ་ཡེ་ལྷ་མཚོས་“གཞི་ནས་སེམས་ཐག་བཅད་དེ་ཟམ་མཐར་གོམ་ཁ་བསྒྱུར། བསྡོམས་
པས་གོམ་པ་བདུན་ལས་མ་སྤོས་ཤིང༌། གོམ་པ་རེ་རེ་ཡང་དེ་འདྲའི་ལྗིད་ཆེ་ཞིང་ཤུགས་མེད་པ་དང༌། དེ་ནི་འཆི་བདག་གི་
དྲུང་དུ་སྤོ་བཞིན་པའི་གོམ་པ་བདུན་ཡིན་པ་སུ་ཞིག་གིས་”ཤེས་སམ།
གོམ་པ་བདུན་པོ་སྤོས་རྗེས་ཁོ་མོས་ལུས་པོ་དགྱེ་ཙམ་བྱས་ཏེ་དབུགས་རིང་ཞིག་ཕྱུང༌། དེ་ནས་རྐང་བ་གཉིས་ཇེ་
བརྟན་དུ་བཏང་ནས་ས་ལྡུག་གྲབས་བྱས། སྐབས་དེར་ཨ་ཡེ་ལྷ་མཚོས་སླེ་བོས་འདྲུད་དོགས་ཀྱིས་ཁ་ཟམ་པའི་ཕྱི་རོལ་ཏུ་
འཁོར་ཡོད་ལ་རྒྱབ་ཟམ་པའི་དཀྱིལ་དུ་གཏད་འདུག ལྡུག་གྲབས་བྱེད་པའི་སྐད་ཅིག་མ་དེར་སླེ་ལུང་ཆད་ཅིང་མདུན་དུ་
ཤུགས་ཀྱིས་སྒུར་བཞི་ཨ་ཡེ་ལྷ་མཚོའི་ལུས་ཀྱིས་མ་ལྕོགས་པར་ཟམ་འོག་གི་ཆུ་ནང་དུ་” མགོ་རྟིང་བསློགས་ཏེ་ལྷུང༌།
མི་རྣམས་ཀྱིས་ཆུ་ལས་བསྐྱབས་ཏེ་སྐམ་སར་བླངས་སྐབས་ཁོ་མོ་དྲན་མེད་དུ་བརྒྱལ་འདུག དེར་རུ་གཙོས་ཁོ་མོའི་
མགོ་རྟིང་བསློགས་ཏེ་ཁོག་པའི་ཆུ་བཞུར་དུ་བཅུག་ཅིང་མིང་ནས་ཡང་ཡང་བོས་པས་དྲན་པ་སོས་ཙམ་བྱུང༌། ཁོ་མོས་འོད་
ཉམས་པའི་མིག་ཟུང་གིས་མི་ཚོགས་ལ་སྐོར་ལྟ་ཞིག་བྱས་རྗེས་རུ་གཙོའི་གདོང་ལ་ཅེར། རུ་གཙོས་ཀྱང་ཧ་གོ་བའི་ངང་ནས་
སྒོར་ལྔ་བླངས་ཏེ་ཁོ་མོར་གཏད། འོན་ཀྱང་ཁོ་མོས་མགོ་གཡུག་གཡུག་ཙམ་བྱས་ཏེ་ལག་པ་འདར་འདར་གྱིས་ཚེ་རིང་སྐྱིད་
བསྟན། རུ་གཙོ་སྟོབས་རྒྱལ་གྱིས་སྒོར་མོ་ཚེ་རིང་སྐྱིད་ལ་བྱིན་པ་མཐོང་བས་ཁོ་མོས་གཞི་ནས་མགོ་ནང་དུ་ལྡེམ་ཙམ་བྱས་
ཤིང༌། དེ་ནས་སྐེ་གཞོགས་སུ་འཁོར་ཏེ་དབུགས་ཆད་པར་གྱུར།
ཁོ་མོའི་གདོང་ཡོངས་སུ་ཤིན་ཏུ་ཐང་ཆད་པའི་རྣམ་པ་ཙམ་ལས་གཞན་སྐྱོ་བའམ་འཁང་ར། འཇིགས་སྐྲག་སོགས་
ཀྱི་རྣམ་འགྱུར་ཅི་ཡང་མི་སྣང༌། འོན་ཀྱང་ཆེས་ཆེར་གདངས་པའི་མིག་གཉིས་ཀྱིས་འཇིག་རྟེན་གྱི་མི་ཡུལ་འདིར་ཧ་མི་གོ་
བའི་ཚུལ་སྟོན་པ་འདྲ།
“ཨ་ཡེ—ལྷ་མཚོ—”རེ་ཞིག་ཧང་སངས་པའི་ཚེ་རིང་སྐྱིད་ཀྱིས་ཁོག་གི་དོན་ལྔ་བལ་བ་ལྟ་བུའི་ངུ་སྐད་ཕྱུང༌།
བུད་མེད་གཞན་རྣམས་ཀྱང་ཆོ་ངེ་བཏབ།
རུ་གཙོ་སྟོབས་རྒྱལ་གྱིས་ལག་པས་དལ་བུར་བེམ་པོའི་གདོང་ལ་བྱིལ་བྱིལ་བྱས་ཏེ་མིག་ཟུང་ཟུམ་པར་བྱས། དེ་
མུར་ཨ་ཡེ་ལྷ་མཚོས་མིག་ཟུང་གཏན་དུ་འབྱེད་རྒྱུ་མེད་པར་གྱུར།
གཡའ་ཆུ་སྔར་བཞིན་ལྷུང་ལྷུང་དུ་འབབ་པ་དང་ཨ་ཡེ་ལྷ་མཚོའི་མི་ཚེའི་བརྒྱུད་རིམ་འདི་ནས་མཇུག་བསྡུས་པར་
སྣང་དོགས་ཙམ་ཡང་མི་འདུག