༄༅། །བོད་ཀྱི་ལོ་རྒྱུས་རྨང་གཞི་ཤེས་བྱ། ༼༡༽
སྤུར་རྒྱལ་བཙན་པོ་སྐབས་ཀྱི་དམག་མིའི་གཟུགས་བརྙན།
སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།།
རྟ་མཆོག་ཁྲོས་པའི་བཀའ་ཡི་རྗེས་བཏབ་པས།།
སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།།
གསུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།།
དགེ་འདུན་ཆོས་འཕེལ།
丨ལོ་རྒྱུས་ཞེས་པར་ཇི་ལྟར་འགྲེལ།
འདས་ཟིན་པའི་ལོ་ཟླ་ཡི་ནང་གི་བྱུང་བ་རྣམས་མུ་ཏིག་བསྟར་ལ་རྒྱུས་པ་ལྟར་བཀོད་པས་ན་ལོ་རྒྱུས་ཟེར།
丨བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་ལ་དབྱེ་ན་ཧ་ལམ་གང་འདྲ་ཡིན།
དེ་ཡང་དུས་རིམ་བརྒྱད་ལ་དབྱེ་ཆོག་སྟེ། ༡.ཡ་ཐོག་སྐབས་ཀྱི་ལོ་རྒྱུས། ༢.སྤུར་རྒྱལ་གདུང་རབས་ཀྱི་སྐབས། ༣.བོད་བཙན་པོའི་སྐབས། ༤.བོད་སིལ་བུའི་དུས་སྐབས། ༥.ས་སྐྱ་བའི་དུས་སྐབས། ༦.ཕག་མོ་གྲུ་པ་དང་རིན་སྤུངས་པའི་དུས་སྐབས། ༧.དགའ་ལྡན་ཕོ་བྲང་གི་དུས་སྐབས། ༨.དེང་རབས་ཀྱི་དུས་སྐབས།
丨བོད་མིའི་འགྲོ་བ་བྱུང་ཚུལ་ཅི་འདྲ་ཡིན།
རང་ཅག་རྣམས་ཀྱི་བཤད་རྒྱུན་ལ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེལ་ཕྲུག་མང་དུ་འཕེལ་ཏེ་དེ་དག་གི་རྒྱུད་པ་ལས་བོད་མི་རྣམས་བྱུང་བར་གྲགས།
丨བོད་ཅེས་པའི་མིང་བྱུང་ཚུལ་ཅི་འདྲ་ཡིན།
༡ འདོད་རྒྱལ་གྱི་མིང་ཡིན་ཟེར་མཁན་ཡོད།༢བོན་ཞེས་པ་ལས་ཟུར་ཆགས་པ་བཞེད་མཁན་ཡོད། ༣འབོད་པ་ཞེས་པའི་ཐ་སྙད་ལས་བྱུང་ཟེར།༤འོད་གསལ་ལྷ་ལས་ཆད་པའི་འོད་དེ་བོད་ལ་གྱུར་པ་རེད་ཅེས་གསུང་ཚུལ་མི་འདྲ་བ་མང་།
丨གནམ་གྱི་ཁྲི་བདུན་དེ་གང་དག་རེད།
གཉའ་ཁྲི་བཙན་པོ། མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ།སོ་ཁྲི་བཙན་པོ།མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ་བཅས་སོ། །
丨བོད་རྒྱལ་ཐོག་མའི་མིང་ལ་ཅི་ཟེར།
གཉའ་ཁྲི་བཙན་པོ་ཟེར།
丨རྗེ་གཉའ་ཁྲི་བཙན་པོའི་སྐབས་སུ་བོད་ལ་ཆོས་ཨེ་ཡོད།
བོན་ཆོས་ཡོད་ཟེར།
丨བོད་ཀྱི་མཁར་སྔ་བ་དེ་གང་ཡིན།
ཡུམ་བུ་བླ་མཁར་ཡིན།
丨ཡུམ་བུ་བླ་མཁར་ཡུལ་གང་དུ་བཞེངས།
ཡུལ་ཡར་ལུང་དུ་བཞེངས།
丨གནམ་གྱི་ཁྲི་བདུན་གྱི་བང་སོ་གང་དུ་བཏབ།
རྒྱལ་པོ་དེ་རྣམས་ནམ་མཁར་ཡལ་ནས་བང་སོ་མེད་པར་གྲགས།
丨ཡུལ་ལ་སྔ་བ་གང་ཡིན།
ཡུལ་ལ་སྔ་བ་ཡར་ལུང་སོག་ཀ་ཡིན།
丨གྲོང་ལ་སྔ་བ་གང་ཡིན།
གྲོང་ལ་སྔ་བ་ཕྱིང་བ་སྟག་རྩེ་ཡིན།
丨བོད་དུ་ཞིང་ལ་སྔ་བ་གང་ཡིན།
ཟོ་དང་ཞིང་ཡིན།
丨སྟོད་ཀྱི་སྟེང་གཉིས་དེ་གང་ཡིན།
གྲི་གུམ་བཙན་པོ་དང་། པུ་དེ་གུང་རྒྱལ་གཉིས་རེད།
ལ་རྒྱ་ནི་རང་རའི་བླ་སྲོག་ཡིན་པ་དང་།ང་རྒྱལ་ནི་རང་གི་གཟི་བརྗིད་རེད།
ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ།གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང་།
ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ།གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན།
རང་རིགས་ཀྱི་གཟི་བརྗིད་དང་།མེས་རྒྱལ་གྱི་ལ་རྒྱ་ཡང་རེད།
དོན་གྲུབ་རྒྱལ།
丨བོད་ཀྱི་རྒྱལ་པོ་རྣམས་ཀྱི་བང་སོ་ཐོག་མ་དང་། ཁྲབ་ཀྱི་ཐོག་མ་དེ་རྒྱལ་པོ་སུ་ཡི་དུས་སུ་བྱུང་།
རྒྱལ་པོ་བརྒྱད་པ་གྲི་གུམ་བཙན་པོའི་དུས་སུ་བྱུང་།
丨ཅིའི་ཕྱིར་པུ་དེ་གུང་རྒྱལ་ཟེར།
ཡུམ་གྱིས་ལྷ་ལ་དམོད་བོར་བས་ནམ་མཁའ་ནས་ཁྱེད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ་ཞེས་པའི་སྒྲ་བྱུང་བས་བྱ་ཁྲིའི་མཚན་ལ་པུ་དེ་གུང་རྒྱལ་ཟེར།
丨ཕྱིང་བ་སྟག་རྩེ་དེ་རྒྱལ་པོ་སུ་ཡི་དུས་སུ་བརྩིགས།
པུ་དེ་གུང་རྒྱལ་གྱི་དུས་སུ་བརྩིགས།
丨བོད་ཀྱི་མཛངས་མི་བདུན་ལས་དང་པོའི་མིང་ལ་ཅི་ཟེར།
རུ་ལས་སྐྱེས་ཟེར།
丨རུ་ལས་སྐྱེས་ཀྱིས་མཛངས་པའི་ལས་སུ་ཅི་བྱས།
མཛངས་པའི་ལས་སུ་ཤིང་སྲེག་སོལ་བ་བྱུང་།དེ་ཡིས་རྡོ་བཞུས་གསེར་དངུལ་ཟངས་ལྕགས་བྱུང་།ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས།ས་ཞིང་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས།རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས།བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས།
丨རུ་ལས་སྐྱེས་དེ་རྒྱལ་པོ་སུ་ཡི་བློན་པོ་ཡིན།
གྲི་གུམ་བཙན་པོ་དང་པུ་དེ་གུང་རྒྱལ་གཉིས་ཀྱི་བློན་པོ་ཡིན།
丨བར་གྱི་ལེགས་དྲུག་དེ་གང་དག་ཡིན།
ཨེ་ཤོ་ལེགས། དེ་ཤོ་ལེགས། ཐི་ཤོ་ལེགས།གུ་རུ་ལེགས། འབྲོང་ཞི་ལེགས། ཨི་ཤོ་ལེགས་དྲུག་ཡིན།
丨མཛངས་མི་གཉིས་པའི་མིང་ལ་གང་ཟེར། དེ་རྒྱལ་པོ་སུ་ཡི་སྐབས་སུ་བྱུང་།
དེ་རུ་ལས་སྐྱེས་ཀྱི་བུ་ལྷ་བུ་མགོ་དཀར་ཡིན།ཨེ་ཤོ་ལེགས་ཀྱི་སྐབས་སུ་བྱུང་།
丨མཛངས་མི་གཉིས་པའི་སྐབས་སུ་མཛངས་པའི་ལས་སུ་ཅི་བྱས།
མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས།འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས།མདའ་ལ་ཆུ་མ་རྨོ་བ་འདི་ནས་བྱུང་།
丨ས་ཡི་ལྡེ་བརྒྱད་དེ་གང་དག་ཡིན།
ཟ་ནམ་ཟིན་ལྡེ། ལྡེ་འཕྲུལ་ནམ་གཞུང་བཙན།སེ་སྣོལ་ནམ་ལྡེ། སེ་སྣོལ་བོ་ལྡེ། ལྡེ་སྣོལ་ནམ།ལྡེ་ནམ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་བཅས་སོ། །
丨ལོ་རྒྱུས་ཐོག་བཙན་ལྔ་ལ་གྲགས་པ་དེ་གང་གང་ཡིན།
རྒྱལ་པོ་ཏོ་རེ་ལོང་བཙན། ཁྲི་བཙན་ནམ།ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་བཙན།ལྷ་ཐོ་ཐོ་རི་གཉན་བཙན་བཅས་སོ། །
丨རྒྱལ་པོ་གང་གི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན།
ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་དབུ་བརྙེས་པའོ། །
丨བོད་ཀྱི་བླ་སྨན་ཐོག་མ་བཙན་པོ་གང་གི་སྐབས་སུ་བྱུང་།མཚན་ལ་ཅི་ཟེར།
ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་བྱུང་། མཚན་ལ་དུང་གི་ཐོར་ཅོག་ཅན་ཟེར།
རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ།
དུས་དང་མཐུན་པའི་སྲོག་གི་དབང་བོ་མ་ཞུགས་ན།
ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ།
སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང༌།
མདུན་བསྐྱོད་ཀྱི་གོམ་པ་ནི་དེ་བས་ཀྱང་ངོ༌།
དོན་གྲུབ་རྒྱལ།
丨སྤུར་རྒྱལ་བཙན་པོ༢༩ནས༣༡པའི་མིང་ཕྲིས།
ཁྲི་གཉན་གཟུངས་བཙན་དང་། འབྲོང་གཉན་ལྡེའུ། སྟག་རི་གཉན་གཟིགས།
丨མཛངས་མི་བདུན་གྱི་གསུམ་པ་གང་ཡིན། དེ་རྒྱལ་པོ་གང་གི་དུས་སུ་བྱུང་།
ཁྲི་དོ་རི་སྣང་ཡིན།སྟག་རི་གཉན་གཟིགས་ཀྱི་དུས་སུ་བྱུང་།
丨མཛངས་མི་བདུན་གྱི་གསུམ་པའི་སྐབས་སུ་མཛངས་པའི་ལས་སུ་ཅི་བྱས།
བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབ།
丨རྒྱལ་པོ་གང་གི་དུས་ཚོང་ལས་ཐོག་མ་དར་བ་ཡིན།
སྟག་རི་གཉན་གཟིགས་ཀྱི་དུས་སུ་ཚོང་ལས་ཐོག་མ་དར།
丨བོད་ཀྱི་རྒྱལ་རབས་སོ་གཉིས་པ་དེ་གང་ཡིན།
གནམ་རི་སྲོང་བཙན་ཡིན།
丨ཆོས་རྒྱལ་སྲོང་བཙན་སྒམ་པོ་དུས་ནམ་ལ་ཡུལ་གང་དུ་རྒྱལ་པོ་སུའི་སྲས་སུ་སྐུ་འཁྲུངས།
གནམ་རི་སྲོང་བཙན་གྱི་སྲས་སུ་ས་མོ་གླང་གི་ལོ་སྟེ་སྤྱི་ལོ༦༡༧ལ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་འཁྲུངས།
丨ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་དུའི་སྟེང་དུ་རྒྱལ་པོའི་ཁྲི་ལ་བཞུགས།
དགུང་ལོ་བཅུ་གསུམ་སྟེང་དུ་རྒྱལ་པོའི་ཁྲི་ལ་བཞུགས།
丨མཛངས་མི་བཞི་པ་སུ་རེད།
ཐོན་མི་ཡིན།
丨བོད་ཀྱི་ཡིག་གཟུགས་འདི་དཔེ་གང་ལ་བྱས།
ལཉྫ་ལ་དཔེ་བྱས་ནས་དབུ་ཅན་དང་། ཝརྟུ་ལ་དཔེ་བྱས་ནས་དབུ་མེད་མཛད།
丨ཆོས་རྒྱལ་སྲོང་བཙན་སྒམ་པོ་དུས་ནམ་ཞིག་ལ་སྐུ་གཤེགས།
ལྕགས་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ༦༥༠ལོ་ལ་སྐུ་གཤེགས།
丨བོད་ཀྱི་རྒྱལ་བོ་ཐོག་མ་ནི་སུ།
རྗེ་གཉའ་ཁྲི་བཙན་པོ་ཡིན།
丨བོད་ཡིག་ཐོག་མར་གསར་བཟོ་མཛད་མཁན་སུ་ཡིན་པ་རེད།
བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སམ་བྷོ་ཊས་གསར་བཟོ་མཛད་པ་ཡིན།
丨ནོར་བུ་གླིང་ཀ་ཞེས་པ་ས་ཆ་གང་དུ་ཡོད།
དེ་ནི་ལྷ་སའི་གླ་བ་ཚལ་དུ་ཡོད།
丨བོད་ཀྱི་རྒྱལ་བོ་གྲི་གུམ་བཙན་པོ་བཀྲོངས་པའི་བློན་པོ་སུ་ཡིན་པ་རེད།
བློན་པོ་ལོ་ངམ་རྟ་རྫི་ཟེར་བ་དེ་རེད།
丨པོ་ཏ་ལ་ཐོག་མར་བཞེངས་པ་བོ་སུ་ཡིན་པ་དང་།དུས་རབས་ནམ་ཞིག་ཡིན།
སྤྱི་ལོ་དུས་རབས་བདུན་པའི་དུས་འགོར་བོད་རྒྱལ་སྲོང་བཙན་སྒམ་པོས་བཞེངས་པ་ཡིན།
丨ཕོ་བྲང་དཀར་པོ་རྒྱ་བསྐྱེད་རྒྱས་སྐྲུན་མཛད་པ་པོ་སུ།
སྤྱི་ལོ༡༦༤༥ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་གསར་བཞེངས་གནང་བ་ཡིན།
མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ།
བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད།
དོན་གྲུབ་རྒྱལ།
丨གསེར་སྡོང་འཛམ་གླིང་རྒྱན་གཅིག་གསར་བཞེངས་གནང་བ་པོ་དེ་སུ་ཞིག་གི་སྐུ་གདུང་མཆོད་རྟེན་ཡིན་པ་རེད།
བཞེངས་པ་པོ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན་ཞིང་། དེ་ནི་ཏ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐུ་སྡོང་མཆོད་རྟེན་ཡིན།
丨བསམ་ཡས་གཙུག་ལག་ཁང་དེ་དུས་རབས་ནམ་ཞིག་ལ་བཙན་པོ་སུའི་སྐུ་དུས་སུ་ས་ཆ་གང་དུ་བཞེངས་པ་རེད།
དེ་དུས་རབས་བརྒྱད་པ་སྟེ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ལྷོ་ཁ་གྲ་སྣང་རྫོང་ཡར་ཀླུང་གཙང་བོའི་བྱང་ངོས་ཀྱི་ཀ་ཆུའི་ཐང་དུ་བཞེངས་པའོ། །
丨བསམ་ཡས་གཙུག་ལག་ཁང་སྒོ་འགྲམ་གྱི་རྡོ་རིང་ཐོག་བརྐོས་པའི་ཡིག་གཟུགས་དེའི་མིང་ལ་ཅི་ཟེར།
མུ་ཏིག་སྟར་ལ་བརྒྱུས་པའི་ཡིག་གཟུགས་ཟེར།
丨ས་སྐྱ་དགོན་པ་ཞེས་པ་དེ་ས་ཆ་གང་ཞིག་ཏུ་སྤྱི་ལོ་ནམ་ཞིག་ཏུ་སུ་ཞིག་གིས་ཕྱག་འདེབས་མཛད།དགོན་པའི་མིང་དེ་ལྟར་ཐོགས་དོན་ཅི།
ས་སྐྱ་དགོན་པ་ནི་གཞིས་རྩེ་ས་ཁུལ་ས་སྐྱ་རྫོང་གི་བྱང་ངོས་དཔོན་པོ་རིའི་འདབས་སུ་སྤྱི་ལོ༡༠༧༣ལོར་འཁོན་དཀོན་མཆོག་རྒྱལ་པོས་ཕྱག་བཏབ། ཡུལ་དེའི་སའི་ཁ་དོག་ས་ཁྲ་ཁྲའམ་སྐྱ་བོ་ཞིག་ཡོད་པས་ས་སྐྱ་དགོན་ཞེས་མིང་བཏགས་པའོ། །
丨མཛངས་མི་ལྔ་པ་དེ་གང་ཡིན།
ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུ་ཞེས་ཟེར།
丨མཛངས་མི་ལྔ་པས་མཛངས་པའི་ལས་སུ་ཅི་བྱས།
མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ། སྤོ་མཐོ་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས། འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད།དེའི་ཕྱིར་མཛངས་མི་ལྔ་པར་གྲགས།
丨བོད་ཀྱི་རྒྱལ་རབས་སོ་བཞི་པ་གང་ཡིན།
གུང་སྲོང་གུང་བཙན་ཡིན།
丨བོད་ཀྱི་རྒྱལ་རབས་སོ་ལྔ་པ་གང་ཡིན།
མང་སྲོང་མང་བཙན་ཡིན།
丨བོད་ཀྱི་རྒྱལ་རབས་སོ་དྲུག་པ་གང་ཡིན།
འདུས་སྲོང་མང་པོ་རྗེ་ཡིན།
丨བོད་ཀྱི་བཙན་པོ་གང་གི་སྐབས་རྩལ་པོ་ཆེ་མི་བདུན་བྱུང་།
འདུས་སྲོང་མང་པོ་རྗེའི་སྐབས་སུ་བྱུང་།
丨བོད་ཀྱི་རྒྱལ་རབས་སོ་བདུན་པ་གང་ཡིན།
ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་ཡིན།
丨བོད་ཀྱི་སྨན་པ་མཁས་དགུར་གྲགས་པ་དེ་བཙན་པོ་གང་གི་སྐབས་སུ་བྱུང་།
ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བྱུང་།
丨མཛངས་མི་དྲུག་པ་དེ་གང་ཡིན།
མགོས་ཁྲི་བཟང་ཡང་ལྷག་ཡིན།
རོ་དང་མཚུངས་པའི་ལུས་པོ་འདི།།
ག་དུས་ཤི་ཡང་མི་འགྱོད་དེ།།
གསེར་དང་མཚུངས་པའི་རྣམ་དཔྱོད་དག།
མཉམ་དུ་ཤི་ན་ཤིན་ཏུ་ཕངས།།
དགེ་འདུན་ཆོས་འཕེལ།
丨མཛངས་མི་དྲུག་པས་མཛངས་པའི་ལས་སུ་ཅི་བྱས།
ཁྲིམས་གཏུག་ཡིག་བྱང་གཏན་ལ་ཕབ། བློན་ལ་ཆེན་འབྲིང་དགུང་བློན་ནང་བློན་སོགས། འབངས་ཡང་ཐའི་བར་དུ་རིམ་པས་བཅད་དེ་ཁྲིམས་ཡིག་ཏུ་བཀོད་པའོ། །
丨མཛངས་མི་བདུན་པ་དེ་གང་ཡིན།
སྟག་བཙན་གདོང་གཟིགས་ཡིན།
丨མཛངས་མི་བདུན་པས་མཛངས་པའི་ལས་སུ་ཅི་བྱས།
འབངས་མི་ཁྱིམ་རེ་ལ་རྟ་རེ་དང་། མཛོ་རེ། བ་རེ། གླང་རེ་ལ་སོགས་པ་གཉེར་སྐྱོང་བྱེད་དགོས་པ་དང་། དབྱར་དུས་རྩྭ་སྔོན་པོ་བརྔས་ཏེ་བསྐམས་ནས་དགུན་དུས་ཀྱི་ཕྱུགས་གསོས་གསོག་འཇོག་བྱེད་དགོས་པའི་ལམ་ལུགས་བཙུགས་ནས་འབྲོག་ལས་ལ་བྱས་རྗེས་ཆེན་པོ་བཞག་ཡོད།
丨བོད་ཀྱི་རྒྱལ་རབས་སོ་དགུ་པ་གང་ཡིན།
མུ་ནེ་བཙན་པོ་ཡིན།
丨དབུལ་ཕྱུག་ལན་གསུམ་ཙམ་སྙོམས་པ་བྱེད་པའི་བཙན་པོ་དེ་གང་།
མུ་ནེ་བཙན་པོ་ཡིན།
丨བོད་ཀྱི་རྒྱལ་རབས་བཞི་བཅུ་པ་གང་ཡིན།
ཁྲི་སྲོང་ལྡེའུ་བཙན་གྱི་སྲས་བཞི་ལས་གསུམ་པ་མུ་ཏིག་བཙན་པོ་ཡིན།
丨བོད་ཀྱི་རྒྱལ་རབས་ཞེ་གཅིག་པ་གང་ཡིན།
ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་པ་ཅན་ཡིན།
丨བོད་ཀྱི་རྒྱལ་རབས་ཞེ་གཉིས་པ་དང་བོད་གཅིག་གྱུར་གྱི་བཙན་པོ་མཐའ་མ་སུ་ཡིན།
དར་མ་འུ་དུམ་བཙན་པོ་ཡིན།
丨རྒྱལ་པོ་དར་མ་ འུ་དུམ་བཙན དུས་ནམ་ལ་སུས་བཀྲོངས་པ་རེད།
སྤྱི་ལོ༨༤༦ལོ་བོད་མེ་སྟག་ལོར་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིས་བཀྲོངས་པ་རེད།
丨ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་མཁན་སུ་ཡིན།
ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་གཉིས་ཡིན།
丨ཇོ་བོ་རྗེ་བོད་ལ་ལོ་ག་ཚོད་བཞུགས།
ཐོག་མ་བོད་དུ་ལོ་གསུམ་བཞུགས་རྗེས་ཕྱིར་རྒྱ་གར་ཕེབས་རྒྱུ་བྱས་ཀྱང་འབྲོམ་སྟོན་སོགས་ཀྱིས་ཞུ་བ་ལྟར་ལོ༡༧བོད་དུ་བཞུགས།
མཐར་དགུང་ལ་དོན་གསུམ་ཐོག་(སྤྱི་ལོ༡༠༥༤ལོར)སྐུ་གཤེགས།
༄༅།།བོད་ཀྱི་ལོ་རྒྱུས་རྨང་གཞི་ཤེས་བྱ། ༼༢༽
སློབ་ཕྲུག་བཞི་དབྱིན་ཇིར་མ་ཕྱིན་པའི་སྔོན། ལྷ་སའི་ལུང་ཤར་ཤག་ནས་བླངས་པའི་པར་རིས།
丨ས་སྐྱ་པས་བོད་ལ་ལོ་ག་ཚོད་དབང་བསྒྱུར།
སྤྱི་ལོ༡༢༥༣ནས༡༣༤༩བར་སྲིད་དབང་ལོ༩༦འཛིན་ཡོད།
丨ས་པཎ་ཧོར་ཡུལ་དུ་དུས་ནམ་ལ་ཕེབས།
སྤྱི་ལོ༡༢༤༤ལོར་ཚ་བོ་འགྲོ་མགོན་འཕགས་པ་དང་ཕྱག་ནག་རྡོ་རྗེ་ཁྲིད་དེ་སྤྱི་ལོ༡༢༤༦ལོར་ལང་ཀྲོའུ་ལ་འབྱོར།
丨དཔལ་ས་སྐྱའི་སྲིད་དབང་ཅིའི་ཕྱིར་ཉམས་པ་དང་དེ་སུ་ལ་ཤོར།
༡༣༤༩ལོ་ནས་ས་སྐྱའི་བླ་བྲང་ཁག་བཞིའི་ནང་འགལ་བ་ཤུགས་དྲག་བྱུང་བའི་རྐྱེན་གྱིས་མཐའ་ས་སྐྱའི་སྲིད་དབང་དེ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་འཕྲོག
丨སྡེ་སྲིད་ཕག་མོ་གྲུ་པས་སྲིད་དབང་ལོ་ག་ཚོད་ལ་བཟུང་།
ཕག་གྲུ་ཁྲི་རབས་བཅུ་གཅིག་གིས་ལོ་བརྒྱད་ཅུ་གྱ་དྲུག་ལ་སྲིད་དབང་བཟུང་།
丨ཨ་ཅེ་ལྷ་མོ་ཞེས་པའི་ཟློས་གར་དེ་སུའི་སྐབས་སུ་དར།
གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐབས་སུ་དར།
丨བོད་ཀྱི་ལོ་རྒྱུས་སྟེང་གསུང་རྩོམ་ཆེས་མང་བའི་མཁས་པ་སུ་ཡིན།
ཕག་གྲུའི་སྐབས་སུ་འཁྲུངས་པའི་མཁས་དབང་བོ་དོང་ཕྱོགས་ལས་རྣམ་རྒྱལ་ཡིན་ཞིང་།སྐུ་ཚེ་གཅིག་ལ་དཔེ་ཆ་པོ་ཏི༡༣༠ལྷག་བརྩམས།
丨སྡེ་བ་རིན་སྤུངས་པས་ཆབ་སྲིད་ལོ་ག་ཚོད་བསྐྱངས།
རིན་སྤུངས་པའི་མི་ཐོག་བཞིས་ཆབ་སྲིད་ལོ༡༣༠ལ་བསྐྱངས།
རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
丨སྡེ་བ་གཙང་པས་ཆབ་སྲིད་ལོ་ག་ཚོད་བསྐྱངས།
སྡེ་བ་གཙང་པས་མི་ཐོག་གསུམ་གྱིས་ཆབ་སྲིད་ལོ༧༦ལ་བསྐྱངས།
丨གཙང་རྒྱལ་ཐོག་མ་དེ་གང་ཡིན།
ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ཡིན།
丨དགའ་ལྡན་ཕོ་བྲང་པས་ལོ་ནམ་ནས་ནམ་བར་དུ་སྲིད་བསྐྱངས།
རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོ་སྤྱི་ལོ༡༦༥༤ལོ་ནས་རབ་བྱུང་བཅུ་དྲུག་པའི་མེ་ཕག་ལོ་སྤྱི་ལོ༡༩༤༧ལོ་བར་དུ་སྲིད་བསྐྱངས།
丨དགའ་ལྡན་ཕོ་བྲང་གི་སྲིད་དབང་འཛུགས་མཁན་སུ་ཡིན།
རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ་ཡིན།
丨རྒྱལ་དབང་སྐུ་ཕྲེང་རིན་བྱོན་གང་དག་ཡིན།
རྒྱལ་བ་དགེ་འདུན་གྲུབ་པ། དགེ་འདུན་རྒྱ་མཚོ།བསོད་ནམས་རྒྱ་མཚོ།ཡོན་ཏན་རྒྱ་མཚོ། ངག་དབང་བློ་བཟང་རྒྱ་མཚོ།ཚངས་དབྱངས་རྒྱ་མཚོ།བསྐལ་བཟང་རྒྱ་མཚོ། འཇམ་དཔལ་རྒྱ་མཚོ། ལུང་རྟོགས་རྒྱ་མཚོ།ཚུལ་ཁྲིམས་རྒྱ་མཚོ།མཁས་གྲུབ་རྒྱ་མཚོ། འཕྲིན་ལས་རྒྱ་མཚོ། ཐུབ་བསྟན་རྒྱ་མཚོ།བསྟན་འཛིན་རྒྱ་མཚོ་བཅས་སོ། །
丨ཏཱ་ལའི་ཞེས་པའི་དོན་གང་ཡིན་པ་དང་།དེ་སུས་རྒྱལ་བ་སྐུ་ཕྲེང་དུ་བ་ལ་གསོལ་བ་རེད།
ཏཱ་ལའི་ཞེས་པ་ནི་སོག་སྐད་ཡིན་ལ་བོད་སྐད་དུ་རྒྱ་མཚོ་ཞེས་པའི་དོན་ཡིན།སོག་པོའི་ཨལ་ཐན་རྒྱལ་པོས་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ལ་ཕུལ་བ་རེད།
丨པཎ་ཆེན་སྐུ་ཕྲེང་རིམ་བྱོན་གང་དག་ཡིན།
མཁས་གྲུབ་དགེ་ལེགས་དཔལ་བཟང་།བསོད་ནམས་ཕྱོགས་གླང་།དབེན་ས་བློ་བཟང་དོན་གྲུབ།པཎ་ཆེན་བློ་བཟང་ཆོས་རྒྱན།པཎ་ཆེན་བློ་བཟང་ཡེ་ཤེས། བློ་བཟང་དཔལ་ལྡན་ཡེ་ཤེས།བློ་བཟང་བསྟན་པའི་ཉི་མ།བློ་བཟང་བསྟན་པའི་དབང་ཕྱུག བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ།འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་བཅས་ཡིན།
པཎ་ཆེན་སྐུ་ཕྲེང་དགུ་བ། ༡༩༣༧ལོ་ཁམས་ཡུལ་ཤུལ་ནས།
丨ཨེར་ཏི་ནི་ཞེས་པ་མི་རིགས་གང་གི་སྐད་དང་པཎ་ཆེན་སྐུ་ཕྲེང་དུ་བ་ལ་གསོལ་བ་རེད།
སོག་སྐད་ཡིན་ལ་བོད་སྐད་དུ་རིན་པོ་ཆེ་ཞེས་པའི་དོན་ཡིན་ལ། པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ལ་གསོལ་བ་ཡིན།
丨རྩེ་སློབ་གྲྭ་གསར་དུ་འཛུགས་མཁན་སུ་ཡིན།
རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་ལོ་སྤྱི་ལོ༡༧༥༤ལོར་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་གསར་དུ་བཙུགས་པ་ཡིན།
丨བོད་ཀྱི་ལོ་ཙཱ་བ་ཐོག་མ་དེ་གང་།
ཐོན་མི་ཡིན།
丨བོད་ཀྱི་སྤྲུལ་སྐུ་དང་པོ་དེ་གང་།
ཀརྨ་པཀྴི་ཡིན།
丨བོད་ཀྱི་པཎྟི་དང་པོའི་མཚན་ལ་ཅི་ཟེར།
ས་པཎ་ཀུན་དགའ་རྒྱལ་མཚན་ཟེར།
丨དགའ་ལྡན་ཁྲི་བ་དང་པོ་དེ་གང་།
རྗེ་བླ་མ་བློ་བཟང་གྲགས་པ་ཡིན།
丨བོད་ཀྱི་གསོ་རིག་གི་སློབ་གྲྭ་ཐོག་མ་བཙུགས་མཁན་སུ་ཡིན།
གཡུ་ཐོག་ཡོན་ཏན་མགོན་པོ་ཡིན།
མེ་མདའ་ཉར་ཆོག་པའི་ལག་ཁྱེར།
丨བོད་ཀྱི་བཀའ་བློན་ཐོག་མ་སུ་ཡིན།
ཁང་ཆེན་བསོད་ནམས་རྒྱལ་པོ་ཡིན།
丨བོད་ལ་ཐོག་མ་དར་བའི་གསོ་བ་རིག་པ་ནི་གང་གི་ལུགས་ཡིན།
གཡུང་དྲུང་བོན་གྱི་ལུགས་ཡིན།
丨བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཐོག་མ་དེ་གང་།
གསོ་རིག་མདོ་དགུ་འབུམ་བཞི་ཡིན།
丨བོད་ཀྱི་ལོ་རྒྱས་ཡིག་ཚང་གི་ཐོག་མ་དེ་གང་དང་།རྩོམ་པ་པོ་སུ་ཡིན།
སྦ་བཞེད་ཡིན་ཞིང་། རྩོམ་པ་པོ་ནི་སྦ་གསལ་སྣང་ཡིན།
丨བོད་དུ་ནང་པ་སངས་རྒྱས་པའི་གཙུག་ལག་ཁང་དང་པོ་གང་ཡིན།
དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཡིན།
丨བསྟན་པ་ཕྱི་དར་གྱི་ལོ་ཙ་བ་ཐོག་མ་དེ་གང་།
ལོ་ཙ་བ་རིན་ཆེན་བཟང་པོ་ཡིན།
丨བོད་ཀྱི་རབ་བྱུང་གི་ཐོག་མ་གང་ཡིན།
སད་མི་མི་བདུན་ཡིན།
བོད་ཀྱི་ལོ་རྒྱུས་ཐོག་ཆེ་ཐོག་མའི་རྐང་རྩེད་པོ་ལོ་རུ་ཁག
མིང་ཆ་ཚང་ལ་ལྷ་སའི་མཉམ་འབྲེལ་རུ་ཁག་ཟེར།
丨བོད་ཀྱི་པར་སྐྲུན་གྱི་སྲོལ་ཐོག་མ་ནམ་ཙམ་དར།
རྗེ་ཙོང་ཁ་པའི་སྐབས་སུ་དར།
丨འཛམ་གླིང་ཐོག་ཆེས་རིང་བོའི་ལོ་རྒྱུས་ཀྱི་སྙན་སྒྲུང་དེ་གང་ཡིན།
གླིང་རྗེ་གེ་སེར་རྒྱལ་པོའི་སྒྲུང་ཡིན།
丨རི་བོ་དགེ་ལྡན་པའི་དགོན་པ་ཁག་ཏུ་དུས་ནམ་ཞིག་ལ་མི་སུས་མེ་ཏོག་མཆོད་པའི་སྲོལ་བཏོད།
བོད་རབ་བྱུང་བདུན་པའི་ས་གླང་ལོ་སྤྱི་ལོ༡༤༠༩ལོར་བོད་ཟླ་དང་པོའི་ཚེས་བཅོ་ལྔ་བའི་མཚན་མོར། རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མེ་ཏོག་མཆོད་པའི་སྲོལ་བཏོད།
丨སྐུ་འབུམ་བྱམས་པ་གླིང་དུ་དུས་ནམ་ཞིག་ལ་མི་སུས་མེ་ཏོག་མཆོད་པའི་སྲོལ་བཏོད།
དུས་རབས་བཅུ་པའི་ཤིང་རྟ་ལོ་སྤྱི་ལོ༡༥༨༢ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་བའི་མཚན་མོར།བླ་མ་ཟི་ན་དཔལ་འབྱོར་རྒྱལ་མཚན་དང་དཔལ་འབྱོར་རིན་ཆེན་ཁུ་དབོན་གཉིས་ཀྱིས་མེ་ཏོག་མཆོད་པའི་སྲོལ་བཏོད།
丨སྡེ་དགེ་དཔར་ཁང་དུས་ནམ་ཞིག་ལ་མི་སུས་བཞེངས་པ་ཡིན་ནམ།
སྤྱི་ལོ༡༧༢༩ལོར་ཡུལ་དེའི་དཔོན་པོ་བསྟན་པ་ཚེ་རིང་གིས་བཞེངས་པ་ཡིན།
丨དུས་ནམ་ཞིག་ལ་བོད་ཡིག་འབྲི་སྲོལ་དར།
དུས་རབས་བདུན་པར་རྒྱལ་བོ་སྲོང་བཙན་སྒམ་པོའི་སྐབས་སུ་དར།
丨སྲོང་བཙན་སྒམ་པོས་སྔ་རྗེས་སུ་བཙུན་མོ་གཉིས་བཞེས། གང་ནས་ཡིན་ཞིང་མཚན་ལ་ཅི་ཟེར།
རྒྱ་ནག་གི་ཡུལ་ནས་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་དང་བལ་ཡུལ་ནས་བལ་བཟའ་ཁྲི་བཙན་གཉིས་བཞེས་པ་རེད།
丨ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐབས་ཀྱི་སྲིད་སྐྱོང་བ་སུ་ཡིན།
ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐབས་ཀྱི་སྲིད་སྐྱོང་མཁན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན།
ཡོང་ཁུངས། བཙན་པོའི་རིག་གནས།

