ཚན་རིག་གིས་སྐྱེ་བ་སྔ་ཕྱི་ལ་གནོད་མིན་དཔྱད་པ། དཀའ་ཆེན་བློ་བཟང་ཉི་མ་མཆོག

ཚན་རིག་གིས་སྐྱེ་བ་སྔ་ཕྱི་ལ་གནོད་མིན་དཔྱད་པ། དཀའ་ཆེན་བློ་བཟང་ཉི་མ་མཆོག

༄༅། །ཚན་རིག་གིས་སྐྱེ་བ་སྔ་ཕྱི་ལ་གནོད་མིན་དཔྱད་པ་གཟུར་གནས་དཔྱོད་ལྡན་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།།

 

 སྣ་མང་ལྟ་གྲུབ་གློག་འོད་འཚེར་བ་ཡིས། །
མཁས་རྒུ་བག་ཡངས་རྩེན་པའི་དོ་ར་ཆེར།  །
གནའ་དེང་ངོ་མཚར་ཤེས་རིག་གར་སྟེགས་སུ།  །
རྣམ་དཔྱོད་གར་སྟབས་བསྒྱུར་བའི་ཟློས་གར་བསྔགས།  །

ཟབ་རྒྱས་རིགས་ཚུལ་ཡིད་འཕྲོག་སྤྲིན་བཞོན་གཞུ།  །
རྟག་ཏུ་ཡིད་མཁར་འཆར་བའི་རིགས་སྨྲའི་བུར།  །
གང་གི་དགྱེས་ཞལ་ཟླ་བ་འཛུམ་པའི་རླབས།  །
བསྟན་པར་འཚལ་ལོ་དྷརྨ་ཀིརྟིའི་ཞབས།  །

འདི་ན་ཁ་བའི་ལྷུན་པོར་ཅོ་འདྲི་བའི།  །
གཟུར་གནས་ལྷག་བསམ་འོད་ཀྱི་གུར་ཁྱིམ་ནས།  །
འགོག་མེད་ཀུན་རྟོག་གདོང་པ་བཅུ་པའི་གཟུགས།  །
ཡི་གེའི་རྩིག་ངོས་བཀྲ་ལ་གཟིགས་མོར་སྤྱོན།  །
དེ་ཡང་མཚན་ལྡན་གྱི་ཚན་རིག་པ་དྲང་པོ་ཚོས།  ཚན་རིག་གིས་སྐྱེ་བ་སྔ་ཕྱི་ལ་གནོད་ཅེས་པའི་ཆོད་གཏམ་བཤད་པ་ད་བར་གོ་ཐོས་མ་བྱུང་མོད་འོན་ཀྱང་དེང་སང་ནང་ཆོས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གང་ཙམ་བྱས་ཤིང་དེང་རབས་ཚན་རིག་ལའང་སློབ་སྦྱོང་ཅུང་ཟད་བྱེད་མྱོང་བ་ཁ་ཅིག་གིས།  ཚན་རིག་གིས་སྐྱེ་བ་སྔ་ཕྱི་ལ་གནོད་ཅེས་པའི་རྩོམ་ཡིག་དང་སྐད་ཆ་དྲ་ཐོག་ནས་བསྒྲགས་པར་བྱེད་དོ་ཞེས་པའི་གཏམ་གོ་ཐོས་བྱུང་བའི་རྐྱེན་གྱིས་འདིར་བདག་འདྲའི་བློ་དམན་འགའ་ལ་ཕན་པའི་ཕྱིར་དང་།  གནའ་དེང་གི་ཤེས་རིག་དར་རྒྱས་སུ་འགྲོ་བ་ལ་སྲི་ཞུ་ཅུང་ཟད་དང་མིའི་རིགས་ཀྱི་བླང་དོར་ལ་ལྟ་བའི་ཤེས་རབ་གོང་དུ་འཕེལ་ཕྱིར་བློ་གཟུར་བོར་གནས་པའི་ཐོག་ནས་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་རྩ་དོན་བཟུང་སྟེ་ཚན་རིག་གི་སྐྱེ་བ་སྔ་ཕྱི་ལ་གནོད་མིན་དཔྱད་པ་གཟུར་གནས་དཔྱོད་ལྡན་འཇུག་ངོགས་ཞེས་ཁ་བྱང་དུ་འཁོད་པའི་རྩོམ་ཡིག་འདི་འབྲི་བ་ལ་སྤྲོ་བ་བརྟས་སོ།  །དེ་ལ་སྐྱེ་བ་སྔ་ཕྱི་ལ་ཚན་རིག་གིས་གནོད་མི་གནོད་དཔྱད་པ་ལ་ཐོག་མར་ཚན་རིག་ཅེས་པ་དེ་ཡང་སྙིང་གང་འདྲ་ཞིག་ཡིན་པ་ཤེས་པར་བྱེད་རྒྱུ་གལ་ཆེ་བས་སྤྱིར་ཚན་རིག་ཅེས་པའི་གོ་དོན་ལ་གཅིག་མཐུན་གྱི་འགྲེལ་བཤད་མཐའ་ཆོད་ཅིང་ཡིད་བརྟན་ཕེར་བ་ཞིག་དཀའ་མོད།  དེའི་སྐོར་ཚན་རིག་ངོ་མ་མཁྱེན་པའི་རྣམ་དཔྱོད་ཅན་དག་གིས་བཤད་ཚུལ་ལྟར་བྱས་ན་འདི་ལྟར།  དེ་ཡང་ཚན་རིག་ཅེས་པའི་ཐ་སྙད་དེ་དབྱིན་ཡིག་གི་སྶི་ཨེནྶ་(science)ཞེས་པ་ཡིན་ལ་དེ་ནི་ཡོ་རོབ་ཀྱི་སྐད་ཡིག་རྙིང་པ་ལ་ཊིན་གྱི་སྐད་སན་ཤི་ཡ་(scientia)ཞེས་པ་ལས་བྱུང་བ་ཡིན་ལ་དེའི་གོ་དོན་ནི་རིག་པའམ་རིག་པའི་རྙེད་དོན་ནམ་ཤེས་བྱའམ་ཤེས་ཡོན་ཞེས་པ་ཡིན་པར་བཤད།  དེའི་སྐད་ཡིག་ལ་ང་ཚོ་བོད་ཀྱི་སྐད་ཡིག་ལྟར་ཡུལ་ཡུལ་ཅན་གྱི་ཁྱད་པར་ཁ་གསལ་རང་མིན་པ་ཞིག་ཡིན་ཟེར་བ་ཐོས།  གང་ལྟར་ཚན་རིག་ཅེས་པ་དེ་མཐར་ཐུག་ནས་བཤད་ན་གང་ལ་དཔྱད་སའི་ཡུལ་དང་།  དཔྱད་པའི་གྲུབ་དོན་ཙམ་ལ་མི་འཇོག་པར་ཇི་ལྟར་དཔྱོད་པའི་ཡུལ་ཅན་ནམ་ཐབས་ལམ་དམིགས་བསལ་བ་ཞིག་གི་སྟེང་ནས་འཇོག་དགོས་པར་བཤད།  འགའ་ཞིག་གིས།  ཚན་རིག་ཅེས་པའི་བོད་སྐད་ཀྱི་ཐ་སྙད་དེ་ནི་རྒྱ་སྐད་ཀྱི་ཁའ་ཞོད་(  科学)ཅེས་པ་བསྒྱུར་བ་ལས་བྱུང་བ་ཡིན་གྱི་ལ་ཊིན་གྱི་སྐད་ལས་བྱུང་བ་མིན་པའི་འདོད་ཚུལ་འཛིན་ཅིང་།  དེ་ལྟར་ན་ཤེས་བྱའི་སྡེ་ཚན་ནམ་ཚན་ཁག་རིག་པར་བྱེད་པའི་ཐབས་ལམ་ལ་ཚན་རིག་ཅེས་བརྗོད།  བོད་སྐད་ཐོག་ཚན་རིག་ཅེས་པའི་ཐ་སྙད་དེ་དུས་ནམ་ཞིག་བྱུང་བ་དང་ཐོག་མར་སུས་བསྒྱུར་བ་ཡིན་པ་ནི་ད་བར་གསལ་པོར་བཤད་པ་མི་སྣང་བར་བཤད།  འོན་ཀྱང་དེ་དུས་ཕྱིས་སུ་བྱུང་བའི་ཐ་སྙད་ཅིག་ཡིན་པ་ནི་སྔོན་གྱི་བོད་ཀྱི་བསྟན་བཅོས་ཁག་དང་སྐད་ཡིག་སོགས་ལ་མི་གསལ་བས་ཤེས་ཐུབ།  དུས་རབས་ཉི་ཤུ་པའི་བོད་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་ལགས་ཀྱིས།  གཏམ་རྒྱུད་གསེར་གྱི་ཐང་མའི་ནང་འདི་ལ་རིགས་གསར་ཞེས་པའི་ཐ་སྙད་བཏགས་ཡོད།  ཡང་།  འདི་ལ་བོད་སྐད་དུ་ཐོོག་མར་མཚན་རིག་ཅེས་མཚན་ཉིད་རིག་པ་ཞེས་པ་ཡིན་ཀྱང་ཕྱིས་སུ་ཚན་རིག་ཅེས་པ་འདི་རྒྱ་ཁྱབ་ཏུ་ཕྱིན་པར་བཤད་མཁན་ཡང་ཡོད།  མཚན་ཉིད་རིག་པ་ཞེས་པའི་མཚན་ཞེས་པ་ནི་མཚན་མ་སྟེ་སྣང་ཚུལ་དང་།  ཉིད་ཅེས་པ་ནི་གནས་ཚོད་ལ་ཟེར་བས་སྣང་ཚུལ་ལ་བརྟེན་ནས་གནས་ཚོད་རིག་པར་བྱེད་པས་ན་མཚན་ཉིད་རིག་པ་ཞེས་བརྗོད།  དེ་ཡང་གསལ་པོར་བཤད་ན།  འཇིག་རྟེན་འདིའི་ཐོག་ང་ཚོར་སྣང་ཚུལ་སྣ་ཚོགས་ཤིག་ཡོད་པ་ནི་བརྟག་དཔྱད་དང་ཞིབ་འཇུག་བྱེད་ཡུལ་ཡིན།  སྣང་ཚུལ་དེ་མེད་ན་བརྟག་དཔྱད་བྱེད་སའི་ཡུལ་མེད་པས་སྣང་ཚུལ་དེ་ནི་བརྟག་དཔྱད་བྱེད་རྒྱུའི་གཞི་འཛིན་ས་དེ་ཡིན།  སྣང་ཚུལ་དེ་ལ་མཚན་མ་སྣ་ཚོགས་དང་།  རྟགས་མཚན་སྣ་ཚོགས།  ཁྱད་ཆོས་སྣ་ཚོགས་ཡོད་པ་དེ་དག་ནི་མཚན་ཉིད་རིག་པ་ཞེས་པའི་ཚིག་ཟུར་གྱི་མཚན་ཞེས་པ་སྟེ་མཚན་མ་དེ་ཡིན།  དེ་འདྲའི་མཚན་མའམ་སྣང་ཚུལ་དེ་ལ་དེའི་གནས་ཚོད་དམ་ངོ་བོ་དངོས་གནས་དེ་ཉིད་མཚོན་པའམ་ཤེས་ཐུབ་པ་ཞིག་དང་།  སྣང་ཚུལ་རྫུན་མས་བསྒྲིབས་ཏེ་དེའི་གནས་ཚོད་དམ་ངོ་བོ་དངོས་གནས་དེ་ཉིད་མཚོན་པའམ་ཤེས་མི་ཐུབ་པ་གཉིས་ཡོད།  དེའི་ཕྱིར་སྣང་ཚུལ་དེའི་གནས་ཚོད་དམ་ངོ་བོ་དངོས་གནས་དེ་ཉིད་གང་ཡིན་རིག་པའམ་ཤེས་པར་བྱེད་པའི་ཐབས་ལམ་ཞིག་ལ་མཚན་ཉིད་རིག་པ་ཞེས་བརྗོད།  ནང་བསྟན་ཚད་མ་རིག་པའི་ནང་དུ་མཚན་མཚོན་གཞི་གསུམ་གྱི་རྣམ་གཞག་ཡོང་དགོས་དོན་ཡང་དེ་རེད།  ཆོས་ལུགས་དང་ཚན་རིག་གཉིས་འགལ་བ་ལྟག་སྤྲོད་ཁོ་ནར་བཟུང་བ་ནི། ཆོས་ལུགས་དང་ཚན་རིག་གཉིས་ཀར་ཞིབ་ཕྲའི་རྒྱུས་མངའ་མེད་པ་དང་ལོ་རྒྱུས་ཐོག་ཚན་རིག་གསར་དུ་དར་སྐབས་ཡེ་ཤུའི་ཆོས་ལུགས་དང་ཚན་རིག་གཉིས་བར་ལ་རྣོ་ངར་ཆེ་བའི་འགལ་ཟླ་བྱུང་བའི་ཤུགས་རྐྱེན་གྱི་རྗེས་ཤུལ་ཞིག་ཡིན།  ཆོས་ལུགས་པ་དང་ཚན་རིག་པ་གཉིས་ཀྱང་འགལ་བ་མ་ཡིན།  དོན་དུ་གྷ་ལི་ལི་བ་དང་།  ཌར་ཝུན།  མན་ཌལ་སོགས་གྲགས་ཅན་གྱི་ཚན་རིག་མཁས་དབང་མང་པོ་ཆོས་ལུགས་པ་ཡིན་པ་དང་།  རིག་གཞུང་གང་ཞིག་ལ་གོ་རིམ་ལྡན་པ།  བསྡུ་ཆེ་བ།  གནད་ལ་ཁེལ་བ།  ཚོད་ལྟ་འོས་པ་བཅས་ཀྱི་ཁྱད་ཆོས་ཚང་ན་དེ་ལ་ཚན་རིག་གི་མཚན་ཉིད་ཚང་བར་བཤད།  དེས་ན།  ཚན་རིག་དང་ནང་ཆོས་གཉིས་སུ་ཕྱེ་བའི་དེ་གཉིས་འགལ་ཡང་སྤྱིར་ཚན་རིག་དང་ནང་ཆོས་གཉིས་མི་འགལ་བ་ཙམ་དུ་མ་ཟད་དེ་གཉིས་གཅིག་ཕན་གཅིག་གྲོགས་སུ་འགྲོར་ཡོད་པས་དེའི་སྟབས་ཀྱིས་ནང་པ་སངས་རྒྱས་པའི་གསུང་རབ་ཀྱི་བརྗོད་བྱ་རྣམས་གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་དང་།  གྲུབ་མཐའི་རྣམ་གཞག་སྟེ་ལྟ་གྲུབ་དང་།  ལམ་འགྲོད་པའི་རིམ་པ་དང་འབྲས་བུ་མངོན་དུ་བྱ་ཚུལ་ཏེ་ཆོས་ཉམས་ལེན་གྱི་རིམ་པ་གསུམ་དུ་ངེས་པར་གསུངས་པའི་རླབས་ཆེན་གྱི་ཆོད་བསྡོམས་དེར་རྣམ་དཔྱོད་ཅན་སུ་ཞིག་མི་མགུ།  འོག་ཏུ་ཚན་རིག་ཅེས་པ་ཆོས་དང་ཚན་རིག་གཉིས་སུ་ཕྱེ་བའི་ཚན་རིག་ལ་གོ་བར་བྱའོ།  །ཚན་རིག་གི་མེས་པོར་བརྩི་བ་གྷི་རི་སིའི་ལྟ་གྲུབ་སྨྲ་བ་ཨེ་རི་སི་ཊོལ་ཊལ་གྱིས།  སྶི་ཨེནྶ་ཞེས་པའི་གོ་དོན་ངེས་པ་སྟེར་འོས་པའི་རིག་པའི་གྲུབ་དོན་ཏེ།  གཏན་ཚིགས་ཀྱིས་སྒྲུབ་ཏུ་ཡོད་ཅིང་རིགས་པའི་ལམ་ནས་བཤད་པ་བྱེད་དུ་ཡོད་པའི་གནད་དོན་ཞིག་ལ་བཤད།  དེང་རབས་ཀྱི་འགྲེལ་བརྗོད་པ་མང་པོས།  བཤད་པ་བྱེད་སྟངས་ལྟར་ན།  འཆར་གཞི་ལྡན་པའི་སྒོ་ནས་རིག་པའི་རྙེད་དོན་རྣམས་གུང་བསྒྲིགས་ནས་བརྟག་ཐུབ་པའི་འགྲེལ་བརྗོད་དང་།  དེ་ལ་བརྟེན་ནས་ཕྱིས་གནད་དོན་གཞན་དཔོག་པའམ་དེའི་གསང་བ་བརྟོལ་བའི་ཆ་རྐྱེན་སྟེར་ཞིང་ཡིན་མིན་གང་ལ་བརྟག་དཔྱད་ཀྱི་ཡུལ་དང་གྲུབ་དོན་སོགས་ལ་དཔྱོད་པའི་ཐབས་ལམ་དམིགས་བསལ་བ་ཞིག་ལ་ཚན་རིག་ཅེས་བརྗོད།  ཡང་ན།  རྟོག་ཞིབ་དང་དཔྱད་ཆས་བེད་སྤྱད་པའི་སྒོ་ནས་རང་བྱུང་ཁམས་སམ་སྤྱི་ཚོགས་ཀྱི་སྣང་ཚུལ་ཁག་ར་སྤྲོད་འཕེར་ངེས་ཀྱི་འགྲེལ་བརྗོད་དང་གསལ་བཤད་ཀྱི་སྒོ་ནས་ཤེས་པར་བྱེད་པའི་ཆ་ནས་གཞག་པའི་རིག་ཚན་ཞིག་ལ་ཚན་རིག་ཅེས་བརྗོད།  ཚན་རིག་ལ་དབྱེ་ན།  རང་བྱུང་ཚན་རིག་(Natural Science) (自然科学)དང་།  སྤྱི་ཚོགས་ཚན་རིག་(Social Science)(社会科学)གཉིས་ཡོད།  རྟོག་ཞིབ་དང་དངོས་སྦྱོང་དཔང་རྟགས་ལ་གཞི་བཅོལ་ཏེ།  སྔོན་དཔག་དང་འགྲེལ་བཤད་ཀྱི་ལམ་ནས་རང་བྱུང་ཁམས་ཀྱི་དངོས་པོའི་གནས་ལུགས་ཤེས་པར་བྱེད་པའི་ཆ་ནས་གཞག་པའི་རིག་ཚན་ཞིག་ལ་རང་བྱུང་ཚན་རིག་ཟེར།  དེའི་ནང་གསེས་སྡེ་ཚན་ཆེ་བ་ཁག་ནི་འདི་ལྟར།  དངོས་ཁམས་རིག་པ།  རྫས་འགྱུར་རིག་པ།  སྐྱེ་དངོས་རིག་པ་སྟེ་རྩ་བའི་སྡེ་ཚན་ཆེ་བ་གསུམ་དང་།  དངོས་ཁམས་རིག་པའི་ནང་ཚན།  ས་གཤིས་རིག་པ།  སྐར་དཔྱད་རིག་པ།  སྐྱེ་དངོས་རིག་པའི་ནང་ཚན།  དབང་རྩའི་ཚན་རིག  ཚེ་སྲོག་ཚན་རིག་སོགས་ཡོད།  རྟོག་ཞིབ་དང་དངོས་སྦྱོང་དཔང་རྟགས་ལ་གཞི་བཅོལ་ཏེ།  སྔོན་དཔག་དང་འགྲེལ་བཤད་ཀྱི་ལམ་ནས་ཚོགས་སྡེ་སྤྱི་དང་བྱེ་བྲག་སྒེར་སོ་སོའི་སྤྱི་ཚོགས་ཀྱི་གནས་སྟངས་སྣ་ཚོགས་ཤེས་པར་བྱེད་པའི་ཆ་ནས་གཞག་པའི་རིག་ཚན་ཞིག་ལ་སྤྱི་ཚོགས་ཚན་རིག་ཟེར།  དེའི་ནང་གསེས་སྡེ་ཚན་ཆེ་བ་ཁག་ནི་འདི་ལྟར།  དཔལ་འབྱོར་རིག་པ།  ཆབ་སྲིད་རིག་པ།  མི་འབོར་གྲངས་བཤེར་རིག་པ།  སེམས་ཁམས་རིག་པ།  གནའ་རྫས་དཔྱད་ཞིབ་རིག་པ།  ལོ་རྒྱུས་རིག་པ།  སྐད་ཡིག་རིག་པ་སོགས་ཡོད།  སེམས་ཁམས་རིག་པ་འདི་ཉིད་དབང་རྩ་དང་ཚེ་སྲོག་རིག་པར་ཐེ་ནའང་འགྲིག་སྙམ།  འོ་ན།  ཚན་རིག་ཅེས་པ་འདི་དུས་ནམ་ཞིག་དར་བ་ཡིན་ཞེ་ན།  ཚན་རིག་གི་ལོ་རྒྱུས་དེ་དུས་རིམ་གསུམ་དུ་དབྱེེ་བར་བཤད་དེ།  དང་པོ་ནི།  སྤྱི་ལོའི་སྔོན་གྱི་ལོ་(༥༨༥-༥༨༤)ཡས་མས་ཙམ་དུ་སྐྱེས་པའི་ཐེ་ལེ་སེ་ཡིས་འཇིག་རྟེན་གྱི་རང་བཞིན་ནམ་རྩོམ་གཞི་ཆུ་ཡིན་པའི་བསམ་ཚུལ་གསར་དུ་བཏོན་པ་དང་།དེའི་རྗེས་སྤྱི་ལོའི་སྔོན་གྱི་ལོ་༤༠༠ཙམ་གྱི་ནང་ཌེ་མོ་ཀར་ཌེ་སི་ཡིས་ཆ་མེད་ཀྱི་རྡུལ་ཕྲན་བཤད་དེ་ནུབ་ཕྱོགས་སུ་ཨེ་ཊོམ་ཞེས་པའི་ཐ་སྙད་དེ་བྱུང་བ།  དེའི་རྗེས་སྤྱི་ལོའི་སྔོན་གྱི་ལོ་༣༥༠ཙམ་གྱི་ནང་དུ་ཨེ་རི་སི་ཊོལ་ཊལ་གྱིས་དེར་བསྒྱུར་བཅོས་བྱས་ཏེ་དངོས་གཟུགས་ཐམས་ཅད་ས་ཆུ་མེ་རླུང་བཞི་ལས་གྲུབ་ཚུལ་བཤད་པ་སོགས་གནའ་བོའི་གྷི་རི་སིའི་རང་བྱུང་ལྟ་གྲུབ་སྨྲ་བའི་དུས་རིམ་དང་།  གཉིས་པ་ནི།  དུས་རབས་(༡༥-༡༦)ནང་དུ་པོ་ལན་གྱི་ཚན་རིག་མཁས་པ་ནི་ཁུ་ལ་སི་ཁོ་པཱ་ནི་ཁ་སི་(༡༤༧༣-༡༥༤༣)ཡིས་ཉི་མ་དབུས་གནས་ཀྱི་རྣམ་གཞག་གསར་དུ་གཏོད་དེ་ཚན་རིག་གི་རྩ་བའི་འགྱུར་འགྲོས་ཀྱི་སྒོ་མོ་ཕྱེ་བ་དང་།  དེའི་རྗེས་སུ་ཨི་ཊ་ལིའི་ཚན་རིག་མཁས་པ་གྷ་ལི་ལི་བས་(༡༥༦༤-༡༦༤༢)གནམ་མཐོང་རྒྱང་ཤེལ་གསར་གཏོད་བྱས་ཏེ་དེ་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་།  མྱུར་སྣོན་གྱི་རྣམ་གཞག་གཏན་ལ་ཕབ་པ་སོགས་དང་།  དེའི་རྗེས་དབྱིན་ཇིའི་རླབས་ཆེན་གྱི་ཚན་རིག་མཁས་ཅན་ཨའེ་སད་ནེའུ་ཊོན་(༡༦༤༣-༡༧༢༧)གྱིས་འགུལ་བསྐྱོད་གཏན་ཁྲིམས་གསུམ་གསར་གཏོད་བྱས་པ་སོགས་ཚན་རིག་གི་གསར་བརྗེ་ཆེན་པོའི་དུས་རིམ།  གསུམ་པ་ནི།  དུས་རབས་(༡༩)ནང་དུ་དབྱིན་ཇིའི་ཚན་རིག་མཁས་པ་ཆ་ལི་སི་ཌར་ཝུན་(༡༨༠༩-༡༨༨༢)གྱིས་ལྷོ་ཨ་མེ་རི་ཀའི་མཚོ་འགྲམ་ཞིག་ནས་དངོས་མཐོང་བྱུང་བའི་སྲོག་ཆགས་ཀྱི་རིགས་སྣ་ཚོགས་དང་།  དམིགས་བསལ་བྲག་ཏུ་གནས་བཅའ་བའི་བྱིའུའི་ཚོགས་ཤིག་ལ་ཞིབ་འཇུག་བྱས་མཐར་སྐྱེ་དངོས་འཕེལ་འགྱུར་རིག་པ་གསར་གཏོད་བྱས་པ་དང།  ཕྱོགས་མཚུངས་དུས་རབས་དེའི་ནང་ཨོ་སི་ཊོ་རི་ཡའི་ཚན་རིག་མཁས་པ་རིགས་རྫས་རིག་པའི་ཡབ་ཆེན་དུ་འབོད་པའི་ཡི་ཤུའི་དགེ་སྦྱོང་མེན་ཌལ་(༡༨༢༢-༡༨༨༤)གྱིས་སྲན་མའི་རྩི་ཤིང་ཉིས་ཁྲི་དགུ་སྟོང་ལྷག་ལ་རྟོག་ཞིབ་ཐེངས་མང་བྱས་མཐར་ཇིན་ཞེས་པའི་རིགས་རྫས་གསར་རྙེད་བྱུང་བ་(འོན་ཀྱང་མན་ཊལ་འཚོ་བཞུགས་སྐབས་ཇིན་ཞེས་པའི་ཐ་སྙད་དངོས་སུ་བྱུང་མེད་པར་བཤད།  )དང་།  སྐྱེ་དངོས་ཀྱི་ངེས་གཏན་གྱི་ཁྱད་རྣམ་ཇི་ལྟར་བརྒྱུད་གཏོང་བྱེད་ཚུལ་དང་རིགས་རྫས་ཀྱི་བྱེད་ལས་དང་གྲུབ་ཆ་ལ་བརྟག་པ་སོགས་གསར་གཏོད་བྱས་པ་དང་།  དུས་རབས་(༡༩-༢༠)ནང་དུ་འཇར་མན་གྱི་ཚན་རིག་མཁས་དབང་དེང་རབས་དངོས་ཁམས་རིག་པའི་ཕ་ཡབ་ཅེས་པའི་མཚན་སྙན་ཐོབ་མཁན་ཨའེ་དབྱིན་སི་ཊན་(༡༨༧༩-༡༩༥༥) གྱིས་འོད་ཀྱི་མགྱོགས་ཚད་དང་།  སྤྱིའི་བལྟོས་གྲུབ་དང་དམིགས་བསལ་བལྟོས་གྲུབ་སོགས་བལྟོས་བཅས་སྨྲ་བ་གསར་གཏོད་བྱས་པ་དང་།  ཁྱད་པར་དུ་དུས་རབས་དེའི་ནང་འཇར་མན་གྱི་དངོས་ཁམས་མཁས་དབང་མ་ཁི་སི་ཕུ་ལམ་ཁི(༡༨༥༨-༡༩༤༧) ཡིས་ནུས་ཚད་ནུས་རྡུལ་གསར་རྙེད་བྱུང་བ་དང་།  ནུས་རྡུལ་ཤུགས་རིག་གསར་གཏོད་བྱས་པ་སོགས་ཆེས་དེང་རབས་ཅན་གྱི་ཚད་མཐོའི་ནུས་རྡུལ་ལམ་ཚད་རྡུལ་འགུལ་ཤུགས་དངོས་ཁམས་ཚན་རིག་གི་དུས་རིམ་བཅས་སོ།  །འོན་ཀྱང་ཚན་རིག་དང་ལག་རྩལ་ནི་གསར་གཏོད་གཅིག་པུ་ལས་བྱུང་བ་མིན་པར་ལག་ལེན་དངོས་ནང་བརྒྱུད་རིམ་ངེས་ཅན་བརྒྱུད་དེ་ཆ་ཤས་མང་པོ་རེ་རེ་ནས་མཉམ་སྡེབ་དང་ཁ་སྣོན་བརྒྱབ་སྟེ་འཕེལ་རྒྱས་བྱུང་བ་ཞིག་ཡིན་པར་བཤད།  ཚན་རིག་གིས་ཤེས་བྱའི་གནས་ལ་དཔྱད་ཐབས་ཀྱི་གོ་རིམ་དྲུག་ཡོད་པར་བཤད་དེ།  རང་བྱུང་གི་སྣང་ཚུལ་ལམ་ཡ་མཚན་དང་དཀའ་རྙོག་ཕན་ནུས་སོགས་ཀྱི་སྒོ་ནས་དོན་གནད་ཅིག་ལ་དོ་སྣང་བྱེད་པས་༡དང་པོ་རྟོག་ཞིབ་དང་།  དེ་ནས་དེ་ལྟར་ཡིན་པ་དང་ཡང་ན་མིན་པའི་རྒྱུ་མཚན་གང་ཡིན་སྙམ་དུ་དོགས་འདྲི་ངང་གིས་འབྱུང་བས་༢གཉིས་པ་དྲི་བ།  དེ་ནི་ཐོག་མར་ཧ་ཅང་གལ་ཆེ་བ་ཡིན་ཏེ།  ཧྥ་རན་སེའི་རྩོམ་པ་པོ་པའར་ཀྲ་ཁེས།  ལེགས་གྲུབ་ཀྱི་གསང་བ་ཞེས་པ་ལས།  ཚན་རིག་ཀུན་གྱི་སྒོ་མོ་ཕྱེ་བའི་ལྡེ་མིག་ནི་འདྲི་རྟགས་ཡིན་ཞེས་ཐེ་ཚོམ་སྤུ་ཙམ་མེད་པར་བཤད་ཆོག  ང་ཚོའི་རླབས་ཆེན་གྱི་གསར་རྙེད་མང་ཆེ་བ་ཚང་མ་ཅི་འདྲ་བྱེད་དམ་ཞེས་པ་ལས་བྱུང་བ་ཤ་སྟག་ཡིན།  འཚོ་བའི་བློ་གྲོས་དེའང་ཧ་ལམ་བྱ་བ་གང་འཕྲད་ཚང་མར་རྒྱུ་མཚན་གང་ཡིན་ཞེས་དྲི་བའི་ནང་གནས་ཡོད་པའོ།  །ཞེས་དང་།  རྒྱལ་སྲས་སེང་གེ་བཟང་པོས།  འགྲེལ་པ་དོན་གསལ་ལས།  དོན་ལ་ཐེ་ཚོམ་སྐྱེད་པ་ཉིད་ཀྱིས་འཇུག་པའི་ཡན་ལག་ཅེས་སོགས་དང་།  སློབ་དཔོན་ཆོས་མཆོག་གིས།  གང་ཕྱིར་འཇིག་རྟེན་དོན་གཉེར་ནི།  །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ།  །ཞེས་གསུངས།  དོན་དེ་ལ་དོགས་པ་དང་ཐེ་ཚོམ་མེད་ན་དོན་དེ་རྩད་གཅོད་བྱེད་འདོད་མི་ཡོང་བ་དང་།  རྩད་གཅོད་བྱེད་འདོད་མ་བྱུང་ན་རྩད་མི་གཅོད་ཅིང་།  རྩད་མ་བཅད་ན་དོན་དེ་དཔྱིད་ཕྱིན་པ་ཤེས་མི་ཐུབ་པའི་གནད་ཀྱིས་ཡིན། དེའི་ཕྱིར་ཤེས་རིག་མཐའ་དག་གི་སྒོ་མོ་འབྱེད་བྱེད་ཀྱི་ལྡེ་མིག་ནི་དོགས་འདྲི་ཡིན།  དེ་ནས་དྲི་བ་དེ་ལ་བསམ་ཚོད་ཀྱིས་སྒྲུབ་བྱེད་ཅིག་བཙལ་ཏེ་ལན་ཞིག་ཡོང་བས་༣གསུམ་པ་ཚོད་གཞག  དེ་ནས་ལན་དེ་ལ་གཞི་བཅོལ་ནས་དཔྱད་ཆས་སོགས་བེད་སྤྱད་དེ་དངོས་གནས་དེ་ལྟར་ཡིན་མིན་བརྟག་པ་བྱེད་པས་༤བཞི་པ་བརྟག་དཔྱད།  དེ་ནས་ད་དུང་དཔྱད་འབྲས་དེ་ཙམ་ལ་ཆ་མ་བཞག་པར་ཡང་བསྐྱར་མི་གཞན་དག་གིས་དཔྱད་ཐབས་སྔར་བཞིན་བྱས་པས་གྲུབ་དོན་གཅིག་པ་ཡིན་མིན་ནན་ཏན་དཔྱོད་པས་༥ལྔ་པ་ནན་དཔྱད།  དེ་ནས་གྲུབ་དོན་དེ་གཅིག་པ་ཡིན་ན་གཞི་ནས་གཏན་ཁེལ་བྱེད་པས་༦དྲུག་པ་མཇུག་བསྡོམས་རྣམས་སོ།  །འོན་ཀྱང་ཚན་རིག་གི་མཇུག་བསྡོམས་རྣམས་ནི་ད་ལྟའི་གནས་སྐབས་སམ་ཆ་ལ་བདེན་པ་ཡིན་པའི་བརྒྱ་ཆ་མཐོ་ཤོས་དེ་ཡིན་པའི་ངོས་འཛིན་བྱེད་པ་ལས་ནམ་ཡང་དེ་རང་ཡིན་དགོས་པའི་ངོས་འཛིན་བྱེད་ཀྱི་མེད།  དེ་ལ་འཁྲུལ་པ་སྒྲུབ་རུང་བ་དང་འཁྲུལ་པ་ཡོང་ཆོག་པ་མ་ཟད་མ་འོངས་པར་དེ་ལས་ལྷག་པའི་ཆོད་བསྡོམས་གསར་པ་ཡོང་སྲིད་པར་འདོད་ཅིང་དེ་ནི་ལྟ་གྲུབ་གཞན་ལ་མེད་པའི་ཚན་རིག་གི་ངོ་མཚར་ཡིན་པར་འདོད།  དེ་ལྟར་ན་ཚན་རིག་གི་གཞི་རྩའི་ཁ་ཕྱོགས་སམ་ལངས་ཕྱོགས་ནི།  གང་ལ་ཁེ་ཕན་དང་རིན་ཐང་ཡོད་པ་དགོས་མཁོ་ཡོད་པ་དང་།  གང་ཞིག་ཡིན་དགོས་པ་དེ་ལྟར་ཡིན་པའི་རྒྱུ་མཚན་དང་གང་ཟག་གང་རུང་ཞིག་གིས་བཤད་པ་ལྟ་བུ་གཙོར་གཟུང་མི་བྱེད་པར།  དངོས་དོན་ལ་འཇུག་སྟེ་གང་ཡིན་པ་དང་དེ་ལྟར་ཡིན་པ་གཞི་དངོས་པོའི་གནས་སྟངས་ངོ་མ་ཇི་ལྟར་གནས་པ་དེ་ལྟར་ཚུར་གསལ་དུ་བཅུག་པ།  རང་བྱུང་ཁམས་ཀྱི་གནས་ཚུལ་དང་བདེན་པ་དེ་ལྟར་ཡིན་པའི་ཐབས་ལམ་རྩལ་འདོན་བྱེད་པ་ལས་དེ་ལྟར་ཡིན་དགོས་པ་རྩལ་འདོན་མི་བྱེད་ཅིང་།  ཡུལ་དངོས་པོའི་གནས་ཚུལ་ལ་དང་པོ་ཉིད་ནས་རང་གི་ལྟ་གྲུབ་ཀྱི་ཁས་ལེན་ཞིག་གཞི་ལ་བཞག་ནས་དེ་དང་གང་མཐུན་གྱི་འགྲེལ་བཤད་རྗེས་སུ་འཚོལ་བ་དང།  དེ་བཞིན་སྔོན་དུ་ཐག་བཅད་ཟིན་པའི་དོན་ཞིག་ཞེ་ཕུགས་ལ་བཞག་སྟེ་དེའི་རྒྱུ་མཚན་ནམ་སྒྲུབ་བྱེད་ཕྱིས་འཚོལ་བ་ལྟ་བུ་མིན་པར་བཤད།  གལ་ཏེ་སྔར་རང་ཉིད་ཀྱིས་དེ་ལྟར་ཡིན་སྙམ་པའི་བསམ་ཚོད་ཅིག་ཡོད་ནའང་།  ཕྱིས་དེ་མ་ཡིན་པའི་གནས་ཚུལ་དངོས་མཐོང་ར་སྤྲོད་འཕེར་ངེས་ཞིག་གསར་རྙེད་བྱུང་ན།  སྔར་གྱི་ལྟ་སྟངས་དེ་དོར་ནས་དངོས་མཐོང་གི་གསར་རྙེད་བྱུང་བའི་དོན་དེ་ཁས་ལེན་དགོས་པ་ལས་ཨུ་ཚུགས་ཀྱིས་སྔར་བཤད་ལྟར་མི་བྱེད་པ་དེ་ནི་ཚན་རིག་གི་གཞི་རྩའི་ལྟ་བ་འཛིན་སྟངས་ཡིན་པར་བཤད་དོ།  །ཚན་རིག་གི་གཏན་ཚིགས་འདྲེན་ལུགས་ནི།  ཁྱད་པར་ལས་སྤྱི་དཔོག་པའི་རིགས་པ་དང་།  སྤྱི་ལས་ཁྱད་པར་དཔོག་པའི་རིགས་པ་སོགས་ཡོད།  དང་པོ་ནི།  དཔེར་ན།  སྒམ་ནང་གི་བྱ་སྒོང་དང་པོ་གསུམ་རུལ་འདུག་པས།  དེས་ན་དེའི་ནང་གི་བྱ་སྒོང་གཞན་རྣམས་ཀྱང་རུལ་ཡོད་པ་རེད།  རྒྱུ་མཚན་ནི་སྔར་གྱི་རུལ་བ་གསུམ་དང་བཟོ་གྲྭའི་ཚོང་རྟགས་འདྲ་བའི་སྒམ་གཅིག་གི་ནང་བླུགས་ཡོད་པས་སོ།  །ཞེས་པ་ལྟ་བུ་དང་།  གཉིས་པ་ནི།  བོད་མི་ཚང་མ་ཇ་འཐུང་རྒྱུར་དགའ་པོ་ཡོད་པས།  དེས་ན་བཀྲ་ཤིས་ཡང་ཇ་འཐུང་རྒྱུར་དགའ་པོ་ཡོད་པ་རེད།  རྒྱུ་མཚན་ནི་བོད་མི་ཡིན་པས་སོ།  །ཞེས་པ་ལྟ་བུ་ཡིན་པར་བཤད།  ནང་བསྟན་མཚན་ཉིད་རིག་པ་ལྟར་ན་འདི་དག་ནི།  དཔེར་ན།  ཕྲུ་ནང་ནས་བླུགས་པའི་འབྲས་ཕོར་བ་གང་པོ་འདི་ཚོས་ཡོད་པས།  དེས་ན་ཕྲུ་འབྲས་ལྷག་མ་རྣམས་ཚོས་ཡོད་པ་རེད།  རྒྱུ་མཚན་ནི་ཚོས་པའི་འབྲས་དང་ཕྲུ་བ་གཅིག་གི་ནང་བཙོས་པར་མཚུངས་པས་སོ།  །ཞེས་པ་དང་།  ཟོས་པའི་ཤིང་ཐོག་གཉིས་གསུམ་དེ་རོ་མངར་དང་ལྡན་འདུག་པས།  དེས་ན་ཤིང་ཐོག་ལྷག་མ་རྣམས་རོ་མངར་དང་ལྡན་པ་རེད།  རྒྱུ་མཚན་ནི་སྔར་ཟོས་པའི་ཤིང་ཐོག་དང་ཁ་དོག་སྨུག་པོ་དང་ཤིང་ཕུང་གཅིག་ལས་སྐྱེས་པར་མཚུངས་པས་སོ།  །ཞེས་པ་དང་འདྲ་བར་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་ཏེ།  བསྟན་བཅོས་ཆེན་པོ་ཚད་མ་རྣམ་འགྲེལ་ལས།  མི་མཐུན་ཕྱོགས་ལ་མ་མཐོང་བ།  །ཙམ་གྱིས་འབྲས་སྤྱི་མཐོང་བ་ལས།  །གཏན་ཚིགས་ཤེས་པ་ཚད་ལྟར་སྣང་།  །ཚིག་ལས་ཆགས་ཅན་ལ་སོགས་བཞིན།  །ཞེས་དང་།  གལ་ཏེ་མ་མཐོང་བས་ལྡོག་འགྱུར།  །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན།  །ཞེས་དང་། རོ་འདྲ་ངོ་བོ་མཚུངས་པའི་ཕྱིར།  །སྣོད་གཅིག་ལ་ཡང་ཚོས་པ་བཞིན།  །ལྷག་ལྡན་འཁྲུལ་པ་ཅན་ཉིད་ཕྱིར།  །རིགས་པ་ཤེས་པས་འདི་འདྲ་བཀག  །ཅེས་དང་།  ཚད་མ་ཀུན་བཏུས་རང་འགྲེལ་ལས།  དེ་ཡང་འཁྲུལ་པ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ཏེ།  གཟུགས་མཚུངས་པ་ཙམ་གྱིས་རོ་མཚུངས་པར་འགྱུར་བའི་ངེས་པ་ནི་ཡོད་པ་མ་ཡིན་ནོ།  །ཞེས་གསུངས། དེ་བཞིན་དུ་སྐྱེས་བུའི་ལུས་རྒྱས་པ་དང་།  དབང་པོ་དྭངས་པ།  བློ་གསལ་བ་ཙམ་ལས་སྐྱེས་བུ་ཕ་རོལ་པོ་ལ་འདོད་ཆགས་ཡོད་པ་དཔོག་མི་ནུས་པར།  དེ་ཉིད་ལས།  རྒྱུ་མ་ཚོགས་པའི་འབྲས་བུ་ནི།  །རྗེས་སུ་དཔོག་པ་གང་ཡིན་དེ།  །ལྷག་མ་དང་ལྡན་ནུས་མེད་ཕྱིར།  །ལུས་ལས་འདོད་ཆགས་རྗེས་དཔོག་བཞིན།  །ཞེས་སོགས་ཀྱིས་བསྟན།  དེ་དག་གིས་གཏན་ཁེལ་གྱི་ངེས་པ་སྦྱིན་མི་ཐུབ་ཀྱང་།  ཤེས་ཡོན་རྒྱ་བསྐྱེད་གཏོང་རྒྱུར་ཕན་པ་དང་གཟུགས་ཅན་གྱི་ཁྱབ་ཁོངས་ལ་གང་ཙམ་གྱིས་ཤེས་རྟོགས་བྱེད་ཐུབ་པས་ཚན་རིག་གི་གཞི་རྩའི་ཐབས་ལམ་དུ་བེད་སྤྱོད་བྱེད་ཀྱི་ཡོད།  འདི་དག་ལ་རྟགས་ཆོས་ཀྱི་འབྲེལ་པ་མེད་པས་མཐའ་གཅིག་ཏུ་འཁྲུལ་མེད་ཡང་དག་གི་ངེས་པ་སྟེར་མི་ཐུབ་སྟེ།  དེ་ཉིད་ལས།  ལྡན་པ་ཅན་སོགས་གང་དག་ལ།  །དེ་འདྲའི་འབྲེལ་པ་ཡོད་མིན་པས།  །དེ་དག་འཁྲུལ་པ་སྲིད་པའི་ཕྱིར།  །གཏན་ཚིགས་མིན་ཞེས་བཤད་པ་ཡིན།  །ཞེས་དང་།  རྟགས་ཡོད་ན་ཡང་དེ་དང་དེ།  །ལྷན་ཅིག་འབྲེལ་པ་མཐོང་མེད་པར།  །ཅི་ལྟར་རྟོགས་འགྱུར།  ཞེས་གསུངས།  དེའི་ཕྱིར་ཡོད་ཕྱིན་ཆད་ངེས་པར་དུ་ཚན་རིག་གིས་སྒྲུབ་ཐུབ་པ་དང་།  དེས་སྒྲུབ་མ་ཐུབ་ན་མེད་དགོས་ཞེས་པ་ནི་ཆེས་ཤིན་ཏུ་དཀའ་བ་ཞིག་ཡིན།  ཚན་རིག་གིས་གཏན་ལ་ཕབ་པའི་དོན་ཡིན་ན་བདེན་དོན་ཡིན་དགོས་སམ་ཞེ་ན།  དེ་ནི་མཐའ་གཅིག་ཏུ་བདེན་དོན་ཡིན་པས་ཁྱབ་པ་མེད་དེ།  དཔེར་ན།  སྔ་དུས་གྱི་ཚན་རིག་གིས་རྒྱུ་སྐར་རིག་པའི་འདོད་ཚུལ་ལ་སའི་གོ་ལ་འདི་མི་འཁོར་བར་ཉི་ཟླ་སོགས་དེའི་མཐའ་ལ་འཁོར་བའི་རྒྱུ་ཚུལ་བཤད་པ་དེ་ལ།  འགལ་ཟླ་དམིགས་པ་དང་།འབྲེལ་ཟླ་མ་དམིགས་པའི་སྣང་རུང་མ་དམིགས་པའི་རྟགས་ཀྱིས་གནོད་པ་མཐོང་བས་དུས་ཕྱིས་ཉི་མ་དབུས་གནས་ཀྱི་རྣམ་གཞག་བྱུང་བ་ལྟ་བུ་དང་།  སྤྱི་ལོ་(༡༩༢༢)ཙམ་ལ་ང་ཚོས་མཐོང་རུང་གི་འཇིག་རྟེན་ཁམས་འདིའི་རྒྱ་ཁྱོན་ལ་གཞོགས་གཅིག་ནས་ཅིག་ཤོས་བར་ལ་འོད་ལོ་འབུམ་གཅིག་ཡོད་པར་ཐག་བཅད་ཀྱང་སྤྱི་ལོ་(༢༠༡༧)སྐབས་དེའི་རྒྱ་ཁྱོན་ལ་འོད་ལོ་ཐེར་འབུམ་གོ་གསུམ་ཡོད་པར་བཤད་པ་ལྟ་བུ་ཚན་རིག་གི་གྲུབ་དོན་རིགས་འགའ་ཞིག་གནས་སྐབས་དེའི་ཆ་ལ་བདེན་པར་བརྩིས་མོད།  ཕྱིས་གནད་དོན་གསར་རྙེད་བྱུང་བའི་རྐྱེན་གྱིས་སྔར་བདེན་པར་བརྩིས་པའི་དོན་དེ་དོར་དགོས་པའང་དེ་དག་གིས་མཚོན་པའི་མང་པོ་ཡོད།  རྣམ་འགྲེལ་རང་འགྲེལ་ལས།  མཚན་ཉིད་དང་ལྡན་པ་གཅིག་ལ་གནོད་པ་སྲིད་ན་དེའི་མཚན་ཉིད་ཐམས་ཅད་སུན་ཕྱུང་བ་ཁོ་ནར་གྱུར་པས་ཐམས་ཅད་ལ་ཡིད་བརྟན་མི་རུང་ངོ་།  །ཞེས་གསུངས་པས་དེའི་རིགས་ཅན་གཞན་ཐམས་ཅད་ལའང་མཐའ་གཅིག་ཏུ་ཡིད་བརྟན་དཀའ།  དབྱིན་ཇིའི་ཚན་རིག་མཁས་ཅན་ཐུའོ་མ་སི་ཡང་གིས།  ནེའུ་ཊོན་གྱི་མཚན་སྙན་ལ་ངས་ཡིད་སྨོན་ཆེན་པོ་ཞུས་མོད།  ཡིན་ནའང་དེའི་རྐྱེན་གྱིས་ཁོང་སྐྱེས་མཆོག་དམ་པ་ཞིག་ཏུ་ངོས་འཛིན་མཐའ་གཅིག་ཏུ་མི་བྱེད།  ཁོང་ལའང་ནོར་འཁྲུལ་ཡོད་པ་ངས་བློ་ཕམ་པོའི་ངང་ནས་མཐོང་བ་ལགས།  ཁོང་གི་མཚན་སྙན་ལས་གཅིག་ན་ཚན་རིག་ཡར་ཐོན་ལ་སྐབས་རེ་འགོག་རྐྱེན་བཟོ་དོགས་ཡོད་པའོ།  །ཞེས་དང་།  དངོས་ཁམས་རིག་པའི་ཕ་ཡབ་ཚན་རིག་མཁས་དབང་ཨ་དབྱིན་སི་ཊན་གྱིས།  ངས་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཤེས་ཁུལ་བྱ་མི་འདོད།  ཁོ་ནི་ང་ལ་ལྟོས་ན་ཤིན་ཏུ་ཆེ་དྲགས་འདུག་ཅེས་དང་།  ངས་རང་ཉིད་ཀྱིས་ཐག་བཅད་པ་དག་ལས་བརྒྱ་ཆ་དགུ་བཅུ་གོ་དགུ་ནོར་བ་ཡིན་པར་ཁས་ལེན་བཞིན་ཡོད།  ཅེས་དང་།  ཡང་།  ཁོང་ལ་སློབ་ཕྲུག་གཅིག་གིས་རྒན་ལགས།  ད་ལོའི་ཚན་རིག་གི་ཡིག་རྒྱུགས་ཀྱི་དྲི་བ་ན་ནིང་དང་གཅིག་པ་ཨེ་ཡིན།  ཞེས་དྲིས་པར་ཁོང་གིས།  འོ་ཡིག་རྒྱུགས་ཀྱི་དྲི་བ་ན་ནིང་དང་གཅིག་པ་གཅིག་རྐྱང་ཡིན།  འོན་ཀྱང་ལན་དེ་ན་ནིང་དང་གཅིག་པ་མ་རེད།  ཅེས་གསུངས་པ་དང་།  ཀྭན་ཊུམ་གྱི་མཁས་པ་ནོ་བེལ་གཟེངས་རྟགས་ཐོབ་པའི་ཨ་རིའི་ཚན་རིག་པ་རི་ཆར་ཌ་ཧྥ་མན་གྱིས།  ཚན་རིག་གི་གྲུབ་དོན་ཐམས་ཅད་མཐའ་གཅིག་ཏུ་ངེས་པ་ཡོད་པ་དེ་འདྲ་མིན།  ཞེས་དང་།  ད་ལྟ་ང་ཚོས་ཚན་རིག་པས་ཤེས་པའི་དོན་ཞེས་བཤད་པ་རྣམས་ནི་ངེས་པའི་རིམ་པ་མི་འདྲ་བ་ཅན་གྱི་འགྲེལ་བརྗོད་ཀྱི་ཕུང་པོ་འབའ་ཞིག་ཡིན་ཞིང་།  དེ་དག་ལས་ཁག་གཅིག་ངེས་པ་མེད་པ་ཤུགས་ཆེ་བ་དང་།  འགའ་ཤས་ཕལ་ཆེར་ངེས་པ་ཡོད་པའི་རིགས་ཡིན་མོད།  མཐར་ཐུག་ངེས་པ་ཡོད་པ་ནི་གཅིག་ཀྱང་མེད་དོ།  །ཞེས་གསུངས་ཡོད།  དེའི་ཕྱིར་ད་ལྟ་གང་དང་ཅི་ལ་ཚན་རིག་དང་མཐུན་པ་ཞེས་ཧ་ལམ་བདེན་དོན་དང་།  ཚན་རིག་དང་མཐུན་པ་གཉིས་གཅིག་པ་ཡིན་པ་ལྟ་བུའི་ཤོད་ཚུལ་ཡོད་ཀྱང་ཚན་རིག་པ་དྲང་པོ་ངོ་མ་ཚོས་བཤད་པ་ལྟར་ན་དེ་གཉིས་རྦད་དེ་ཁག་ཁག་ཡིན་པ་རེད།  འོན་ཀྱང་སྤྱིར་ཚན་རིག་གི་གྲུབ་དོན་མང་ཆེ་བ་ནི།  དངོས་མཐོང་གི་མྱོང་བ་ལ་གཙོ་བོར་བརྟེན་པའམ།  གཞལ་བྱ་མངོན་གྱུར་གྱི་དོན་གཞིར་བྱས་པའི་ཅུང་ཟད་ལྐོག་གྱུར་གྱི་གནད་དོན་དང་འབྲེལ་བ་ཞིག་ཡིན་སྟབས་གཏན་ལ་ཕབ་པའི་དོན་རྣམས་གཟུགས་ཅན་མངོན་གྱུར་གྱི་རིམ་པའི་སྟེང་དུ་ཕལ་ཆེར་སྤྱི་ཐོག་ནས་བདེན་པའི་དོན་ཅན་དུ་འཇོག་དགོས་པར་བཤད།  དེ་བཞིན་དུ་བདེན་དོན་ཡིན་ན་ངེས་པར་དུ་ཚན་རིག་གིས་གཏན་ལ་འབེབས་ཐུབ་པས་ཁྱབ་བམ་ཞེ་ན།  དེའི་ལན་ལ་ཚན་རིག་པའི་ནང་ལའང་འདོད་ཚུལ་ཕྱོགས་གཉིས་ཡོད་པར་བཤད་དེ།  ཁག་ཅིག་གིས།  ཡོད་ཕྱིན་ཆད་གཟུགས་ཅན་ཡིན་པས་ཁྱབ་པ་ཁས་ལེན་ཞིང་།  དེ་ལྟར་ན་བདེན་པའི་དོན་ནི་གཟུགས་ཅན་གྱི་ཆོས་ཁོ་ན་དང་འབྲེལ་བས་བདེན་པའི་དོན་ཞིག་ཡིན་ཕྱིན་སྔ་ཕྱི་ཙམ་མ་གཏོགས་ཚན་རིག་གིས་སྒྲུབ་ཐུབ་པར་འདོད་པ་དང་།  ཡང་།  འགའ་ཞིག་གིས།  ཚན་རིག་ལ་ཡུལ་དུས་གནས་སྐབས་ཐམས་ཅད་དུ་བདེན་པར་གནས་པའི་གཟུར་གནས་ཀྱི་རིགས་ཚུལ་ཞིག་ཡོད་པར་འདོད་པ་ནི་ཡིད་ཆེས་ཙམ་ཡིན་གྱི།  གལ་ཏེ་དེ་ལྟ་བུའི་ཐབས་ཚུལ་ཡོད་ཚེ་ཚན་རིག་ལ་དུས་ནམ་ཡང་ནོར་འཁྲུལ་མི་སྲིད་པ་དང་།  ཚན་རིག་ཡར་རྒྱས་འགྲོ་མི་སྲིད་པ་དང་།ལྷག་པར་ལོ་རྒྱུས་ཀྱི་ཆ་ནས་ཤིན་ཏུ་གལ་ཆེ་བའི་ཚན་རིག་གི་རྩ་བའི་འགྱུར་འགྲོས་ཁོ་པཱ་ནི་ཁ་སིའི་འགྱུར་བ་ལྟ་བུ་ཡོང་མི་སྲིད་པར་འགྱུར་བས།  ཚན་རིག་གི་སྡེ་ཚན་བྱེ་བྲག་པ་དེའི་ནང་ཡོངས་གྲགས་སུ་ཁས་ལེན་པའི་དངོས་དོན་མང་པོ་ཞིག་དང་འགལ་བར་སྣང་བ་དང་།  མི་མཐུན་པའི་དཔེ་ཇེ་མང་ཇེ་མང་དུ་སོང་བ་མང་དུ་བསགས་པ་ན།  ནམ་ཞིག་རྩ་བའི་སྒྲོམ་གཞི་དེ་རང་ལ་འགྱུར་བ་མ་བཏང་ན་འགལ་འདུའི་ཕུང་པོའི་ཁུར་གྱིས་ནོན་པར་འགྱུར་བ་མཐོང་ནས།  སྔར་གྱི་འགྲེལ་བཤད་ལ་རྩ་འགྱུར་མི་གཏོང་ཀ་མེད་བྱུང་སྟེ་རྩ་བའི་སྒྲོམ་ལ་འགྱུར་བ་ཐེབས་ཚུལ་བཤད།  དེ་ལ་གཞི་སྒྲོམ་གྱི་འཕོ་འགྱུར་ཞེས་བརྗོད།  དེའི་ཕྱིར་བདེན་པའི་དོན་ཡིན་ན་ཚན་རིག་གིས་རྙེད་པའམ་གཏན་ལ་འབེབས་ཐུབ་པས་མ་ཁྱབ་པར་བཤད།  དེ་ལ་ནང་བསྟན་མཚན་ཉིད་རིག་པ་ལྟར་ནའང་གཞལ་བྱའི་གནས་གསུམ་གྱི་རྣམ་གཞག་སོགས་ལ་བརྟེན་ནས་ཕྱོགས་ཕྱི་མ་འདི་བཞིན་འདོད་དགོས་པ་ཤིན་ཏུ་གསལ་བས་སྐྱེ་བ་སྔ་ཕྱི་ཡོད་ཀྱང་ད་ཡོད་ཚན་རིག་གིས་སྒྲུབ་མི་ཐུབ་པ་ལ་འགལ་བ་ཅི་ཞིག་ཡོད།  ཚན་རིག་པས་ཕྲ་མཐོང་ཆེ་ཤེལ་དང་།  རྒྱང་ཤེལ།  ཨང་རྩིས་སོགས་བེད་སྤྱད་དེ་ཆུང་བ་རྡུལ་ཕྲན་ནས་ཆེ་བ་དགུ་ཚིགས་བར་གྱི་ཆེས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་ཁམས་ཀྱི་བཟོ་དབྱིབས་སོགས་ལ་ཞིབ་འཇུག་བྱས་ཏེ།  དབང་པོའི་བློས་གསར་མཐོང་གི་ནུས་ཚད་ལ་གཞི་བཅོལ་ནས་རྗེས་དཔག་གིས་དཔྱད་པས་དངོས་མཐོང་ཤེས་རྟོགས་གསར་པ་དུ་མ་ཞིག་བྱུང་ཡོད།  དེ་ཡང་ཚན་རིག་གིས་ཚོད་དཔག་བྱེད་པའི་དོན་དེར་ར་སྤྲོད་པར་མཐར་མྱོང་བ་ལ་གཏུག་དགོས་པ་བཞིན།  ནང་བསྟན་མཚན་ཉིད་རིག་པར་ཡང་ལུང་གི་རྒྱབ་རྟེན་རིགས་པ་དང་རིགས་པའི་རྒྱབ་རྟེན་མྱོང་བ་ལ་གཏུག་དགོས་པར་གསུངས་པས་དེང་རབས་ཚན་རིག་དང་ནང་བསྟན་མཚན་ཉིད་རིག་པ་གཉིས་ཀས་དཔྱད་པའི་གཞི་རྩ་མྱོང་བ་ལ་བརྟེན་པར་མཚུངས་པས་དེ་གཉིས་བདེན་པའི་གནས་ལུགས་གཏན་ལ་འབེབས་ཚུལ་གྱི་རྩ་བའི་འགྲོ་ཕྱོགས་གཅིག་གྱུར་ཞིག་ཡོད་པ་གསལ་པོ་ཡིན་པར་གསུངས།  འོན་ཀྱང་ཚན་རིག་གིས་མཇུག་བསྡོམས་བྱས་ཚད་གང་ཡིན་ད་ལྟ་དངོས་སུ་ར་སྤྲོད་ཐུབ་པས་མ་ཁྱབ་པ་ནི།  དཔེར་ན།  འཇིག་རྟེན་འདི་ཐོག་མར་འགས་གཏོར་ཆེན་པོ་ལས་བྱུང་བ་དང་།  ཚེ་སྲོག་གི་དང་པོ་རྒྱ་མཚོའི་ནང་གི་ཕྲ་ཕུང་རྐྱང་ལྡན་ལས་བྱུང་བ་རེད་ཅེས་ཟེར་བ་ལྟ་བུ་མཐར་ཐུག་ན་ཚོད་དཔག་བྱས་པ་ཙམ་ལས་སྙོན་མེད་ཀྱི་དཔང་རྟགས་ད་ལྟ་དངོས་སུ་བསྟན་རྒྱུ་མེད་པ་བཞིན་ནོ།  །བཤད་ཚུལ་དེར་ནང་བསྟན་མཚན་ཉིད་རིག་པའི་སྟེང་ནས་གཞལ་ན།  འགས་གཏོར་ཆེན་པོ་དང་ཐོག་མའི་ཕྲ་ཕུང་རྐྱང་ལྡན་དེ་རྒྱུ་མེད་གློ་བུར་དུ་བྱུང་བའམ་ཡང་ན་མི་མཐུན་པའི་རྒྱུ་ལས་བྱུང་བར་ཐལ་བས་དེ་ལྟར་ན་ལྡོག་ཏུ་མེད་པའི་ཉེས་པ་དུ་མ་འབྱུང་བར་འདོད་དོ།  །

མདོར་ན།  བློ་གཟུར་བོར་གནས་པའི་ཚན་རིག་པ་མཚན་ལྡན་དྲང་པོ་ཚོས།  ད་ལྟ་མི་ཤེས་པའི་དོན་དེ་གང་ཡང་ཡོང་སྲིད་པ་དང་།  གང་ཡང་ཡིན་སྲིད་པས་རང་ཉིད་ཀྱིས་ཡོད་ཅེས་པ་དང་མེད་ཅེས་ཐག་གཅོད་མི་བྱེད་པར་ཅི་ཡང་ཡིན་ཆོག་ཅེས་བརྗོད་པ་ནི་ཚན་རིག་པའི་ཁྱད་ཆོས་ཡིན་པར་བཤད།  དེས་ན་ཚན་རིག་པས།  སྐྱེ་བ་སྔ་ཕྱི་ཡང་ད་ཡོད་ཚན་རིག་གིས་ཡོད་མེད་གང་དུ་ཡང་ར་མ་འཕྲོད་པས་དེ་ཡོད་མེད་གང་ཡང་ཡིན་སྲིད་པར་འདོད་པ་ལས་མཐའ་གཅིག་ཏུ་མེད་ཅེས་པའམ་ཡང་ན་མཐའ་གཅིག་ཏུ་ཡོད་ཅེས་ད་ལྟའི་ཆ་ལ་ཐག་གཅོད་མི་བྱེད།  གལ་སྲིད་བརྟག་པ་མཐའ་བཟུང་གི་ཚན་རིག་གིས་ལམ་ནས་བརྟག་དཔྱད་བྱས་ཏེ་སྐྱེ་བ་སྔ་ཕྱི་མེད་པར་ར་སྤྲོད་འཕྱུག་མེད་ཐུབ་པ་ཡིན་ན་ང་ཚོ་ནང་པ་སངས་རྒྱས་པས་ཀྱང་དེ་ལྟར་ཁས་ལེན་བྱེད་ངེས།  རྒྱུ་མཚན་ནི་ནང་པ་སངས་རྒྱས་པས་མངོན་སུམ་ལ་སྙོན་པར་མི་བྱེད་ཅིང་བདེན་དོན་ལས་བྲོས་བྱོལ་དུ་འགྲོ་མི་རིགས་པ་དང་།  ནང་བསྟན་མཚན་ཉིད་རིག་པར།  ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་དུ་གསུངས་ཡོད་པས།  ཚད་མས་དམིགས་མ་དམིགས་ཀྱི་ཐོག་ནས་ཡོད་མེད་ཐག་གཅོད་བྱེད་པ་ལས་ལུང་དུ་གསུངས་ཡོད་མེད་ཀྱི་སྒོ་ནས་ཡོད་མེད་ཐག་གཅོད་བྱེད་ཀྱི་མེད་པས་ཡིན།  དང་པོ་ཉིད་ནས་རྒྱུ་མཚན་མཐའ་མ་ཆོད་པར་འདི་ཡང་དག་པ་རེད།  དེ་ཡང་དག་པ་མ་རེད་ཅེས་སྔོན་ལ་གཏན་ཁེལ་ཟིན་པ་དེ་འབེན་ལྟ་བུར་བཙུགས་ཏེ།  རྗེས་སུ་གཞི་ནས་དེའི་སྒྲུབ་བྱེད་འཚོལ་བ་ཡིན་ན་དེ་ནི་ཕྱོགས་སུ་ལྷུང་ཟིན་པ་རེད།  ཚན་རིག་པས་ལུང་གཙོར་བཟུང་མི་བྱེད་ཀྱང་ཚན་རིག་པ་སྔ་མ་ཚོས་ཞིབ་འཇུག་བྱས་པའི་མཇུག་འབྲས་ཁག་ལ་རང་གིས་བརྟག་དཔྱད་དངོས་སུ་མ་བྱས་ཀྱང་སྔ་མས་བཤད་པ་དེར་ཆ་བཞག་བྱས་ཏེ་དེ་ལྟར་ཁས་ལེན་བྱེད་ཀྱི་ཡོད།  ནང་པ་སངས་རྒྱས་པས་གཞལ་བྱའི་གནས་དང་པོ་གཉིས་ལ་ལུང་གནོད་སྒྲུབ་ཏུ་མི་འདོད་ཀྱང་གཞལ་བྱའི་གནས་གསུམ་པར་འཕོ་བ་ན་གཞི་ནས་ལུང་གནོད་སྒྲུབ་ཏུ་ཁས་ལེན་གྱི་ཡོད།  དེའི་ཐད་ལའང་དེང་རབས་ཚན་རིག་དང་ནང་བསྟན་མཚན་ཉིད་རིག་པ་གཉིས་ལ་འདྲ་བའི་ཆ་ཡོད།  གང་ལྟར་སུ་ཡིན་ཡང་གུ་དོག་མཐའ་གཅིག་འཛིན་གྱིས་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་འགྲོ་བའི་སྒོ་མ་བཀག་པར་གང་ཡང་ཡིན་སྲིད་པའི་གུ་ཡངས་དཀྱེལ་ཆེའི་ལྟ་ཚུལ་འཛིན་དགོས་པ་ནི་དེང་གི་དུས་རབས་དང་མཐུན་ཞིང་སྐྱེ་བོ་ཀུན་ཀྱི་མ་འོངས་ཕུགས་རྒྱང་གི་བདེ་རྩར་ཕན་པ་ཡོད་པ་ཞིག་ཡིན།  དེའི་ཕྱིར་འཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོས།  འདི་མཐའ་འདི་ཙམ་ཁོ་ནར་གནས་སོ་ཞེས།  །དེ་ལྟ་དེ་ལྟར་ཁོ་ནར་ངེས་མི་བྱ།  །འགྲོ་བའི་བླ་མའི་གསུང་ལས་འགལ་བའི་ཕྱིར།  །དེས་ན་མཐའ་མིན་དགོངས་པ་དཔྱད་པར་བྱ།  །ཞེས་དང་།  མཁས་གྲུབ་ཆེན་པོ་གུང་ཐང་བསྟན་པའི་སྒྲོན་མེས།  དཔྱད་པས་ངེས་པ་ལམ་ཙམ་རྙེད་ན་ཡང་།  །ཆོས་ཚུལ་ཟབ་པས་ཐག་གཅོད་མི་སྔ་ཞིང་།  །འགྲིག་འགྲིག་མང་པོའི་རྣམ་རྟོག་རྒྱ་བསྐྱེད་དེ།  །དཔྱད་པ་མ་ཐལ་གཞུང་ལ་འཁྲིལ་བཞིན་དུ།  །རྒྱས་བསྡུས་འཚམ་པའི་དཔྱད་ཚུལ་གྱིས་ཤིག་ཨང་།  །ཞེས་གསུངས།

ཕུགས་རྒྱང་ལྟ་བའི་འདྲེན་བྱེད་དཀྱུས་རིང་ཞིང་།  །

ལེགས་བཤད་དོན་དུ་གཉེར་བའི་ཐོས་འཛིན་གསལ།  །
ཕྱོགས་སུ་མ་ལྷུང་ཁོག་ཡངས་ཡིད་གཞུངས་པའི།  །
བློ་གསལ་གཞོན་ནུ་དུས་རབས་གསར་པའི་རྒྱན།  །

ཞེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།  །དེས་ན།  སྐྱེ་བ་སྔ་ཕྱི་ཡོད་མེད་ཐག་གཅོད་བྱེད་པའི་གནད་འགག་ཆེ་ཤོས་ནི་ཤེས་པ་ཡོད་མེད་ཐག་གཅོད་རྒྱུ་དེ་ཡིན་པ་རེད།  ནང་བསྟན་མཚན་ཉིད་རིག་པ་ལྟར་ན།  བསྟན་བཅོས་ཆེན་པོ་ཚད་མ་རྣམ་འགྲེལ་ལས།  དེས་ན།  མངོན་སུམ་དང་ནི་བདག་རིག་གྲུབ།  །ཅེས་པས་རང་རྒྱུད་ཀྱི་ཚོར་བ་བདེ་སྡུག་རང་ཉིད་ཀྱིས་མངོན་སུམ་དུ་གྲུབ་པར་གསུངས་པ་དང་།  བློ་ནི་མངོན་སུམ་མིན་སྨྲ་བ།  །གང་ཡིན་དེ་ལའང་ལན་བཏབ་བོ།  །ཞེས་པས་རང་བློ་རང་ལ་མངོན་གྱུར་མ་ཡིན་པར་སྨྲ་བའི་སྤྱོད་པ་བ་བཀག་པ་དང་།  དེ་ཡང་དབང་པོ་དོན་ནམ་བློ།  །ཡང་ན་ཡིད་བྱེད་སྔ་མར་འགྱུར།  །རྒྱུ་འབྲས་ཚོགས་པ་འདི་དག་ལས།  །འབྲེལ་པ་ཅན་གཞན་ཡོད་མིན་ཏེ།  །ནུས་པ་མཐོང་བ་མེད་ཕྱིར་རོ།  །དེ་ལ་འཁྲུལ་ཕྱིར་དབང་པོ་མིན།  །དོན་ཡང་དེ་བཞིན་བློ་ཡིད་བྱེད།  །ཤེས་ཡིན་དེ་ཡང་མ་གྲུབ་ཉིད།  །མ་གྲུབ་པ་ནི་རྟགས་ཉིད་མིན།  །ཞེས་སོགས་དང་།  རྟགས་ཡོད་ན་ཡང་དེ་དང་དེ།  །ལྷན་ཅིག་འབྲེལ་པ་མཐོང་མེད་པར།  །ཅི་ལྟར་རྟོགས་འགྱུར་རྟགས་དག་ནི།།མ་མཐོང་བ་ཡི་གསལ་བྱེད་མིན།  །ཞེས་སོགས་ཀྱིས་རང་རྒྱུད་ལ་བློ་སྒྲུབ་པའི་རྟགས་ཡང་དག་མི་སྲིད་པར་གསུངས་པ་དང་།  དེ་ཕྱིར་བློ་ལས་དོན་གྲུབ་ཀྱི།  །དོན་ལས་ཇི་ལྟར་ཡང་དེ་མིན།  །དེ་མ་གྲུབ་པར་དོན་རང་ཉིད།  །རབ་ཏུ་གྲུབ་པ་མེད་ཕྱིར་རོ།  །མངོན་སུམ་བློ་དང་བློ་ལས་ནི།  །བརྗོད་དང་གཡོ་འགུལ་སོགས་མཐོང་ནས།  །གཞན་སེམས་རྗེས་དཔག་མི་འགྱུར་ཏེ།  །བདག་ལ་འབྲེལ་པ་མཐོང་མེད་ཕྱིར།  །ཞེས་སོགས་ཀྱིས་རང་བློ་རང་ལ་མངོན་གྱུར་དུ་གསུངས་པས།  ཚན་རིག་པ་འགའ་ཤས་ཀྱིས་ཤེས་པ་དང་།  རྣམ་ཤེས་ཁས་མི་ལེན་པ་ནི།  དེ་དག་གིས་རང་རྒྱུད་ཀྱི་བསམ་པ་དང་དྲན་པ།  བདེ་སྡུག་དང་དགའ་སྐྱོ་ཆགས་སྡང་སོགས་རང་གི་མྱོང་བ་མངོན་སུམ་གྱིས་གྲུབ་ཀྱང་།  གསལ་རིག་གི་རྣམ་ཤེས་ཁས་མི་ལེན་པ་ནི་མངོན་སུམ་ལ་བསྙོན་པ་ལྟ་བུ་ཆགས་ཡོད།  དཔེར་ན།  རྒྱང་འཕེན་པ་འགའ་ཞིག་གིས་རང་གི་ཕ་མྱོང་བ་མངོན་སུམ་གྱིས་གྲུབ་ཀྱང་ཕ་མེད་ཅེས་སྐུར་བ་འདེབས་པ་བཞིན་ཡིན་ཏེ།  མཁས་གྲུབ་སྨྲ་བའི་ཉི་མས།  ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས།  གཉིས་པ་ལྟར་ན།  ཡིད་མངོན་དུས་མཐའི་སྐད་ཅིག་མ་ཡིན་པའི་རྒྱུ་མཚན་ཅི་ཡིན།  རྒྱུན་ལྡན་ཡིན་ན་མེད་དོ་ཞེས་ལོག་པར་རྟོག་པར་མི་འགྱུར་ཏེ།  ངེས་སླ་བའི་ཕྱིར་རོ་ཞེ་ན།  འོ་ན།  སྐྱེ་བ་སྔ་ཕྱི་ཡང་མེད་དོ་ཞེས་སྐུར་བ་འདེབས་པར་མི་འགྱུར་བར་ཐལ།  དེ་དག་རྒྱུན་ལྡན་ཡིན་པའི་ཕྱིར་རོ་ཞེ་ན།  མི་མཚུངས་ཏེ།  སྐྱེ་བ་སྔ་ཕྱི་རྒྱུན་ལྡན་ཡིན་ཡང་མྱོང་བས་མ་གྲུབ་ལ།  ཡིད་མངོན་རྒྱུན་ལྡན་ཡིན་ན་རང་རྒྱུད་ཀྱི་མྱོང་བས་གྲུབ་དགོས་པའི་ཕྱིར་རོ་ཞེ་ན།  མྱོང་བས་གྲུབ་ན་མེད་དོ་ཞེས་སྐུར་བ་འདེབས་པ་མི་སྲིད་མི་དགོས་ཏེ།  གཞན་དུ་ན།  རྒྱང་འཕེན་གྱི་རྒྱུད་ལ་ཕ་མེད་པར་འཛིན་པའི་ལོག་ལྟ་མི་སྲིད་པར་ཐལ།  རྒྱང་འཕེན་རང་ཉིད་ཀྱིས་ཕ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར།  ཡང་ན་ནི་དོན་གྲུབ་ཀྱང་ཐ་སྙད་མ་ཐོག་པ་ཙམ་ཡིན་པར་མངོན་ནོ།  །གལ་ཏེ་ཚན་རིག་གིས་སྐྱེ་བ་སྔ་ཕྱི་ཡོད་པ་ལ་གནོད་ཅིང་སྐྱེ་བ་སྔ་ཕྱི་མེད་ན་སྐྱེ་བ་སྔ་མ་གསལ་པོ་དྲན་མཁན་ཡོད་པ་དེ་ཧ་ཅང་གི་ར་འཕྲོད་པོ་ཞིག་ཡོད་པས།  དེའི་ཐད་ལ་འགྲེལ་བཤད་གང་ཞིག་རྒྱབ་དགོས་སམ།  གང་ཟག་ཉུང་ཤས་ཤིག་གི་སྐྱེ་བ་སྔ་མ་ཡོད་པས་སྐྱེ་བ་སྔ་མ་ཡོད་པའི་གོ་མི་ཆོད་ཅེས་ཟེར་ན་མི་འགྲིག་པས་གང་ཟག་གཅིག་གི་སྐྱེ་བ་སྔ་མ་ཡོད་ནའང་སྐྱེ་བ་སྔ་མ་ཡོད་ཚར་བ་རེད།  སྐྱེ་བ་སྔ་ཕྱི་ཡོད་པ་ལ་ད་ཡོད་ཚན་རིག་གིས་མི་གནོད་དེ།  དེ་ད་ཡོད་ཚན་རིག་གི་དཔྱད་པའི་ཡུལ་ལས་འདས་པའི་ཕྱིར།  ད་ཡོད་ཚན་རིག་གི་ལམ་ནས་དེ་ཡོད་པའི་བདེན་དཔང་མ་རྙེད་པ་ཙམ་ལ་དེས་གནོད་པར་བཟུང་མི་རིགས་ཏེ།  གཞན་དུ་ན།  མིག་ཤེས་ཚད་མས་སྒྲ་ལ་གནོད་པར་ཐལ་ལོ།  །དེ་སོགས་གནོད་བྱེད་བགྲང་ལས་འདས།  དེ་བས་ཚན་རིག་གི་གལ་གནད་ངོ་མ་མི་ཤེས་པར་གསར་ཞེན་གཡམ་རྒྱུག་ཧབ་ལངས་ཐལ་དྲགས་པ་ནི་རང་ཉིད་བྱིས་པའི་ངང་ཚུལ་གསལ་བར་བྱེད་པ་ཙམ་མོ།  །ཚན་རིག་ནི་ཕྱིའི་གཟུགས་ཅན་གྱི་དངོས་པོ་གཙོ་བོར་གྱུར་པའི་གཞལ་བྱ་མངོན་གྱུར་དང་ཅུང་ཟད་ལྐོག་གྱུར་གྱི་རིགས་ཁ་ཤས་ལ་དཔྱོད་པའི་རིག་ཚན་ཞིག་ཡིན་པས་དེ་ལ་བརྟེན་ནས་ཕྱིའི་དངོས་ཁམས་ལ་ཞིབ་འཇུག་གང་ཙམ་བྱེད་ཐུབ་ཅིང་འཕྲུལ་ཆས་འདྲ་མིན་བཟོས་ཏེ་ད་ལྟའི་མིའི་རིགས་ཀྱི་འཚོ་བའི་ཡོ་བྱད་དང་འགྲེམ་འགྲུལ་སོགས་སྟབས་བདེ་དང་།  དཔལ་འབྱོར་འཕེལ་རྒྱས་སོགས་ལ་ཁ་ཡོད་ལག་ཡོད་ཀྱི་ལེགས་སྐྱེས་གལ་ཆེ་འབུལ་བཞིན་ཡོད་པ་ནི་དོན་དངོས་ཤིག་རེད།  དེ་དང་ཆབ་ཅིག་དེས་མིའི་རིགས་ཀྱི་བཟང་སྤྱོད་དང་ཞི་བདེ་ཁོར་ཡུག་སོགས་ལ་ཤུགས་རྐྱེན་གཞན་དག་ཅིག་ཀྱང་ཐེབས་བཞིན་ཡོད་པའང་ཤེས་རྟོགས་བྱེད་དགོས་པ་ཡོད།  དེ་ལྟར་ཡིན་ཀྱང་ད་ཡོད་ཚན་རིག་ལ་བརྟེན་ནས་ནང་སེམས་ཁམས་དང་ལས་འབྲས་ཀྱི་འབྲེལ་པ་ཕྲ་མོ་སོགས་ལ་ཞིབ་འཇུག་བྱེད་རྒྱུར་ད་དུང་རྒྱང་ཐག་རིང་པོ་ཡོད་སྟབས་ད་ཡོད་ཚན་རིག་ཤིན་ཏུ་ཕྲ་བའི་སྐྱེ་བ་སྔ་ཕྱི་ལ་གནོད་སྒྲུབ་ཏུ་མི་འཇུག  ནང་བསྟན་དབུ་ཚད་ཀྱི་གཞུང་དུ་ཚད་མ་དེས་མ་རྟོགས་པ་དང་དེས་མེད་པར་རྟོགས་པ་ལ་ཁྱད་པར་ཤིན་ཏུ་ཆེ་བར་གསུངས་ཡོད།  སྐབས་འདིའི་དོན་དེ་ལ་རིགས་པའམ་ཚད་མ་དེས་གནོད་ཅེས་པའི་གོ་དོན་ནི།  ཡོད་ན་དེས་ངེས་པར་གྲུབ་དགོས་པའི་དོན་ཞིག་དེས་མ་གྲུབ་ན་གཞི་ནས་དེས་དོན་དེ་ལ་གནོད་པར་འཇོག་དགོས་པ་ཡིན་ཏེ།  གངས་ཁྲོད་བུ་རམ་ཤིང་པ་ཡབ་རྗེ་འཇམ་དཔལ་སྙིང་པོས།  ལྷག་མཐོང་ཆེན་མོ་ལས།  ཡོད་ན་རིགས་པ་དེས་འགྲུབ་དགོས་པ་ལས་དེས་མ་གྲུབ་ན་ཁེགས་པ་ཡིན་ནོ།  །ཞེས་དང་།  རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་མ་རྙེད་པའི་དོན་རིགས་པས་གནོད་པའི་དོན་དུ་འདོད་པ་ནི་དབུ་མའི་ཚུལ་ལས་ཆེས་ཆེར་འཁྱམས་པ་ཡིན་ནོ།  །ཞེས་བཀའ་བསྩལ་བས་སྐྱེ་བ་སྔ་ཕྱི་ཡོད་ན་དེ་ངེས་པར་ད་ཡོད་ཚན་རིག་གིས་གྲུབ་དགོས་སམ།  ཐོག་མར་དོན་དེ་ལ་ཚན་རིག་གིས་གནོད་ཅེས་པའི་གོ་དོན་དང་གནོད་ལུགས་གནོད་སྟངས་ལ་བློ་ཁ་ཕྱོགས་དགོས།  ཡང་།  ཚ་རེག་གིས་གྲང་རེག་ལ་དང་།  སྣང་བས་མུན་པ་ལ།  སྨན་གྱིས་ནད་ལ།  བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་ལ་གནོད་ཚུལ་ནི་འདི་དང་གོ་དོན་མི་གཅིག  འདིར་བརྒལ་བརྟག་སྐབས་རྟགས་གསལ་རྩོད་གཞི་གསུམ་ཀ་གཟུང་སྟེ་རིགས་ལམ་གྱི་ལུགས་ཆ་ཚང་བར་མ་བྱས་པ་ནི།  རིགས་ལམ་ལ་མ་སྦྱངས་པ་རྣམས་ཀྱིས་གོ་བདེ་བའི་ཕྱིར་དང་།  ཅུང་ཟད་བྱས་པ་ནི་སྐད་ཆ་རྡོག་འདྲིལ་བའི་ཕྱིར་ཡིན་ནོ།  །ཕ་མར་རང་གི་ཕྲུ་གུའི་ལུས་སེམས་གཉིས་ཀ་འགྲུབ་བྱེད་ཀྱི་རིགས་རྫས་ཀྱི་ནུས་པ་རང་ཆས་སུ་ཡོད་ན།  འོ་ན།  ཕོ་མོ་རེ་འགའ་འདུས་ནས་ཕྲུ་གུ་ཡོང་ཐབས་ཇི་ལྟར་བྱས་ཀྱང་ཕྲུ་གུ་ནམ་ཡང་མི་ཡོང་བ་ལ་འགྲེལ་བརྗོད་ཇི་ལྟར་བྱེད།  ཚེ་སྔ་མའི་ལས་སོགས་ནི་ཚན་རིག་གིས་མ་རྙེད་པའི་ཕྱིར།  ཕ་མར་ཕྲུ་གུའི་སེམས་འགྲུབ་པའི་ནུས་པ་རང་ཆས་སུ་ཡོད་ན།  དེ་ལ་ཕྲུ་གུའི་སེམས་ཀྱི་ཉེར་ལེན་རང་ཆས་སུ་ཡོད་དགོས་པས་དེ་ཕ་མའི་སེམས་ཀྱི་ཆ་ཤས་ཤིག་ཡིན་ནམ།  དེ་ལས་གཞན་ཞིག་ཡིན།  དང་པོ་ལྟར་ན།  ཕ་མའི་ཤེས་རིག་ཇི་ལྟ་བ་བཞིན་དུ་བུ་ཕྲུག་ལ་ཡང་ཡོད་དགོས་པས་མངོན་སུམ་དང་འགལ།  གཉིས་པ་ལྟར་ན།  ཕྱི་རོལ་གཟུགས་ཀྱིས་སེམས་ཀྱི་ཉེར་ལེན་བྱེད་པ་ཡོད་པར་ཐལ་བས་ཚན་རིག་གི་དངོས་ཁམས་དང་།  རྫས་འགྱུར་རིག་པ་སོགས་དང་ཇི་ལྟར་མི་འགལ།  གལ་ཏེ་ཕ་མར་ཕྲུ་གུའི་ལུས་སེམས་གཉིས་ཀ་འགྲུབ་བྱེད་ཀྱི་ནུས་པ་དེ་འདྲ་ཞིག་རང་ཆས་སུ་ཡོད་པའི་དབང་དུ་བཏང་ནའང་།  དེའི་སྟབས་ཀྱིས་ཕྲུ་གུའི་སྐྱེ་བ་སྔ་མ་མེད་དགོས་ན།  འོ་ན།  ལོ་ཏོག་གི་ཞིང་ལ་ལོ་ཏོག་གི་མ་ལག་འགྲུབ་བྱེད་ཀྱི་ནུས་པ་རང་ཆས་སུ་ཡོད་དམ་མེད།  ཡོད་ན།  ལོ་ཏོག་གི་ས་བོན་སྔ་མ་དགོས་མེད་དུ་ཐལ་ལོ།  །མེད་ན། ཕ་མ་ལ་ཕྲུ་གུའི་ལུས་སེམས་འགྲུབ་བྱེད་ཀྱི་ནུས་པ་རང་ཆས་སུ་ཡོད་པ་ཇི་ལྟར་སྒྲུབ།  དེ་རིང་གི་མི་ལ་རང་གི་རྫས་རྒྱུན་གྱི་རིགས་འདྲ་ཕྱི་མའི་སང་ཉིན་གྱི་མི་འགྲུབ་པའི་ནུས་པ་རང་ཆས་སུ་ཡོད་པས་དེ་རིང་གི་མི་དེའི་རྫས་རྒྱུན་གྱི་རིགས་འདྲ་སྔ་མར་གྱུར་པའི་ཁ་སང་གི་མི་དེ་དང་།  དེ་བཞིན་དུ་ད་ལྟའི་ནས་འབྲུ་དེ་ལ་རང་འབྲས་ནས་མྱུག་སྐྱེ་བའི་ནུས་པ་རང་ཆས་སུ་ཡོད་པས་དེའི་ཉེར་ལེན་དུ་གྱུར་པའི་སྔོན་གྱི་ནས་འབྲུ་དེ་མེད་ཟེར་ན་འགྲིག་གམ།  གཞན་ཡང་།  ཕ་མ་ལ་ཕྲུ་གུ་བུའམ་ཡང་ན་བུ་མོའི་ལུས་སེམས་འགྲུབ་བྱེད་ཀྱི་ནུས་པ་རང་ཆས་སུ་ཡོད་མེད་དང་། ཕྲུ་གུ་ཚེ་རིང་པོ་དང་ཚེ་ཐུང་ངུ་།  ནད་མང་བ་དང་ཉུང་བ།  དཔལ་འབྱོར་ཆེ་བ་དང་ཆུང་བ་སོགས་ལ་སྦྱར་ནས་དཔྱད་དོ།  །ད་ལྟའི་ཚན་རིག་ནི་བདེན་དོན་འཚོལ་བའི་བརྒྱུད་རིམ་ཞིག་དང་འཕེལ་རྒྱས་འགྲོ་བཞིན་པ་ཞིག་ཡིན་པས་ད་དུང་སྐྱོན་དོར་ལེགས་སྤེལ་གྱི་གྲུབ་དོན་གསར་རྙེད་མང་པོ་ཡོང་རྒྱུ་ཡིན་པ་ནི་གདོན་མི་ཟའོ།  །སྐྱེ་བ་སྔ་ཕྱི་ལ་ཚན་རིག་གིས་གནོད་ན་སྐྱེ་བ་སྔ་མ་དྲན་མཁན་གྱི་མི་ལའང་ཚན་རིག་གིས་གནོད་དགོས་པས་དེ་ལྟར་ན་དངོས་མཐོང་དུ་མ་ལ་བསྙོན་དགོས་པས་ཚན་རིག་གི་རྩ་བའི་འགྲོ་ཕྱོགས་དང་འགལ་བར་དོགས་སོ།  །མིའི་བསམ་བློ་མིའི་ཀླད་པའི་བྱེད་ལས་ཡིན་ན།  འོ་ན།  མིའི་བསམ་བློ་དེ་མིའི་ཀླད་པ་ཁོ་རང་ཡིན་ནམ།  དེ་ལས་གཞན་ཞིག་ཡིན།  དང་པོ་ལྟར་ན།  དེའི་བྱེད་ལས་ཡིན་པ་འགལ།  གཉིས་པ་ལྟར་ན།  ཙི་ཙིའི་ཀླད་པར་སེམས་སྡུག་ཇི་ལྟར་ཡོད།  དེ་མེད་ན་སྨན་བཅོས་ཀྱིས་དེ་མེད་པར་བཟོ་དགོས་དོན་མེད།  སྡུག་བསྔལ་མྱོང་མཁན་ཀླད་པ་ཡིན་ན།  ལུས་ཀྱི་གནས་གཞན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་རྒྱུ་ཡོད་པ་མྱོང་བས་གྲུབ་པས་མངོན་སུམ་དང་འགལ།  གསོན་པོའི་རྐང་མཐིལ་ལ་ཚོར་ཤེས་མེད་ན།  དེ་རྒྱུད་ཀྱིས་མ་འདུས་པར་ཐལ་ལོ།  །ཤེས་པ་དེ་ཀླད་པ་ལ་གནས་པས་ཀླད་པས་སྡུག་བསྔལ་མྱོང་དགོས་ན།  སེམས་ཀྱི་སྡུག་བསྔལ་ལུས་ཀྱིས་དང་།  ལུས་ཀྱི་སྡུག་བསྔལ་སེམས་ཀྱིས་མྱོང་བར་ཐལ་བས་དེ་ལས་འབྲེལ་མེད་པ་ཅི་ཞིག་ཡོད།  ལྗོན་ཤིང་དང་རྩའི་རིགས་མང་པོར་ཟས་འཚོལ་ཤེས་པ་དང་དགྲ་ལ་གཡོལ་ཤེས་པ་ཡོད་ན་ཤེས་པ་དེ་ཀླད་པའི་བྱེད་ལས་མ་ཡིན་པར་གྲུབ་པས་བསམ་བློ་ཀླད་པའི་བྱེད་ལས་ཡིན་ཟེར་བ་དང་འགལ།  མིའི་ཀླད་པ་ནས་ཤེས་རིག་དྲན་འཛིན་ལོགས་སུ་ཟུར་འདོན་ཉར་ཚགས་ཐུབ་ཀྱི་ཡོད་ན་ཤེས་རིག་དྲན་འཛིན་དེ་ཀླད་པའི་བྱེད་ལས་ཡིན་པ་དང་འགལ།  དེ་ཀླད་པའི་བྱེད་ལས་མ་ཡིན་ན་མིའི་བསམ་བློ་ཀླད་པའི་བྱེད་ལས་ཡིན་ཚུལ་ཇི་ལྟར་ཡིན།  གཞན་ཡང་།  ཀླད་པར་འགྱུར་ལྡོག་གང་ཡང་མ་ཕྱིན་ཀྱང་སྙིང་བརྗེས་པས་མི་གཤིས་ཀ་འགྱུར་ཏེ་སྔར་སྙིང་མ་བརྗེ་བའི་གནས་སྐབས་ཀྱི་མི་དེ་ལས་མི་གཞན་ཞིག་ལྟ་བུ་ཆགས་པ་དང་།  ལག་དམར་བ་བཟུང་ཐུབ་པ།  རང་ལ་བྱུང་བའི་སྙིང་དེ་ཐོག་མར་སུའི་ཡིན་པའི་མི་དེ་ཤེས་ཐུབ་པ་སོགས་ཀྱི་གཡོལ་ཐབས་མེད་པའི་དངོས་དོན་ལ་འགྲེལ་བརྗོད་ཇི་ལྟར་བྱེད།  གང་ཟག་གཞན་གྱི་ལུས་ལ་གཞན་གྱིས་བསམ་བློ་ཞུགས་པ་ཡོད་པ་ནི་དངོས་མཐོང་དུ་ཡོད་པས་རང་བརྟེན་སའི་ཀླད་པ་དེ་བཞག་ནས་རྒྱུད་ལམ་“གང་ཞིག་ལ་བརྟེན་ནས་གཞན་གྱི་ཀླད་པར་ཞུགས།  དེ་དག་ལྷུ་འགྲིག་དཀའ་བས་མུ་མཐུད་དེ་བརྟག་དཔྱད་དང་ཤེས་པའི་དོན་དཔྱིད་ཕྱིན་པ་རྩད་གཅོད་དགོས་པའང་གནད་ཀྱི་དོན་པོར་མཐོང་ངོ་།  །ལྗོན་ཤིང་དང་རྩ་རྩི་ཤིང་གི་རིགས་མང་པོ་ཞིག་ལ་ཟས་འཚོལ་ཤེས་པ་དང་། གཉེན་ལ་བསྟེན་ཤེས་པ།  དགྲ་ལ་གཡོལ་ཤེས་པའི་ནུས་པ་ཡོད་པ་ལྟ་བུར་སྣང་བ་ནི་དེ་དག་ལ་ཚོར་ཤེས་ཡོད་པས་མིན་གྱི།  རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་འབྲེལ་གྱི་གཤིས་དང་རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་བྱེད་ལས་ཡིན་པར་འཐད་དོ།  །ནང་བསྟན་མཚན་ཉིད་རིག་པའི་མེས་པོ་དམ་པ་འཛམ་གླིང་མཛེས་བྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས།  རྩ་ཤེའི་རབ་བྱེད་ཉེར་བཞི་པ་ལས།  གང་ལ་སྟོང་པ་ཉིད་རུང་བ།  །དེ་ལ་ཐམས་ཅད་རུང་བར་འགྱུར།  །གང་ལ་སྟོང་ཉིད་མི་རུང་བ།  །དེ་ལ་ཐམས་ཅད་རུང་མི་འགྱུར།  །ཞེས་པའི་ཆོས་རྣམས་ཀྱི་གསང་བ་རྟོལ་བྱེད་ཀྱི་ལེགས་བཤད་དེ་ཅི་འདྲའི་རིན་ཐང་ཆེ་བ་ལ་ཨང་།

འདིར་སྨྲས་པ།
དོན་གཉེར་མེད་པ་རིགས་པའི་བཀག་རྡོ་ཡིན།  །
ཐག་གཅོད་སྔ་བ་རིགས་པའི་སྒོ་རྒྱག་ཡིན།  །
དོགས་སློང་སྣ་ཚོགས་རིགས་པའི་སྒོ་འབྱེད་ཡིན།  །
དྲི་བྲལ་ལུང་ཁུངས་རིགས་པའི་དཔུང་རོགས་ཡིན།  །
བཤེས་གཉེན་ཞལ་གདམས་རིགས་པའི་མན་ངག་ཡིན།  །
ངོ་སྲུང་ཚུལ་འཆོས་རིགས་པའི་འཆིང་ཐག་ཡིན།  །
ཕྱོགས་སུ་ལྷུང་བ་རིགས་པའི་གཡང་ས་ཡིན།  །
དཔེ་ཁྲིད་མང་བ་རིགས་པའི་སོ་ནམ་ཡིན།  །
དོགས་གནས་ཞིབ་དཔྱད་རིགས་པའི་ལོ་ཏོག་ཡིན།  །
ང་རྒྱལ་ཤེས་རེངས་རིགས་པའི་ཐན་སྙེ་ཡིན།  །
ཀུན་སློང་ངན་པ་རིགས་པའི་དུག་ཐིགས་ཡིན།  །
དམའ་འབེབས་ཁྱད་གསོད་རིགས་པའི་ཚེར་མ་ཡིན།  །
རྣམ་དག་ཀུན་སློང་རིགས་པའི་ལམ་བཤངས་ཡིན།  །
མང་ཐོས་བརྩོན་པ་རིགས་པའི་རྒྱུ་ཚོགས་ཡིན།  །
གནའ་དེང་ཟུང་འབྲེལ་རིགས་པའི་མཐུན་འཇུག་ཡིན། །
གཞི་ཡི་གནས་ཚུལ་རིགས་པའི་རྒྱབ་ལྗོངས་ཡིན།  །
ལམ་གྱི་བགྲོད་ཚུལ་རིགས་པའི་ཉམས་ལེན་ཡིན།  །
འབྲས་བུ་མངོན་གྱུར་རིགས་པའི་ཉིང་དགོས་ཡིན།  །
ཞེས་པ་ནི་སྐབས་འདིའི་དྲན་རྟོག་གི་འཆར་སྣང་ངོ་།  །
དེས་ན།  གཞན་དག་གིས་སྐྱེ་བ་སྔ་ཕྱི་མེད་ཟེར་བ་ཙམ་གྱིས་དེ་མེད་པར་མི་འགྲོ་ལ།  །འགའ་ཞིག་གིས་སྐྱེ་བ་སྔ་ཕྱི་ཡོད་ཟེར་བ་ཙམ་གྱིས་ཀྱང་དེ་ཡོད་པར་མི་འགྲོ    བདེན་དོན་ངོ་མ་ནི།  དངོས་པོའི་གནས་སྟངས་དངོས་ལ་ཐུག་ཡོད།  དེ་དང་མཐུན་པའི་རྒྱུ་མཚན་ཡང་དག་ཇི་བཞིན་ཤེས་ནས་ཚུལ་བཞིན་ཤོད་ཐུབ་མིན་ལ་རག་ལས་ཡོད།  དབང་པོའི་མངོན་སུམ་གྱི་ཡུལ་དུ་གྱུར་པ་སྦྱར་བའི་སྨན་ལ་སོགས་པ་གཟུགས་ཅན་རགས་པ་རྣམས་ལ་ཡང་རོ་ལ་སོགས་པའི་ཁྱད་པར་མི་འདྲ་བ་ཐ་དད་པ་མང་པོ་ཡོད་ཀྱང་ཐ་མལ་པས་ཇི་བཞིན་ཤེས་པར་མི་ནུས་ན།  སྐྱེ་བ་སྔ་ཕྱི་ནི་གཟུགས་ཅན་མ་ཡིན་ཞིང་།  ཆེས་ཤིན་ཏུ་དཔོག་པར་དཀའ་བའི་གནད་ཡིན་པས་སྤྱིར་བཏང་གི་མིས་ཇི་ལྟ་བ་བཞིན་རྟོགས་མི་ནུས་པ་སྨོས་ཅི་དགོས།  བསོད་ནམས་ཆུང་ཞིང་ཡང་དག་པའི་རྣམ་དཔྱོད་མེད་པའི་སྐྱེ་བོ་འགའ་ཞིག་ལ་མཐོང་བ་མངོན་གྱུར་ཚེ་འདིའི་རགས་པའི་གནད་དོན་མང་པོར་དབྱེ་འབྱེད་ཀྱི་ནུས་པ་མེད་ཅིང་།  སེམས་རྒྱུད་ལ་མ་རིག་པའི་མུན་པ་འཐུག་པོ་ཡོད་པ་དེས།  ཇི་ལྟར་བྱས་ནས་ཤིན་ཏུ་ཕྲ་བའི་སྐྱེ་བ་སྔ་ཕྱི་ཡོད་ཀྱང་རྟོགས་པར་ནུས་ཏེ་མི་ནུས་སོ།  །འོན་ཀྱང་དེས་མ་རྟོགས་ན་མེད་ག་ལ་དགོས་ཏེ།  རིགས་པའི་རྒྱལ་པོས།  མ་མཐོང་ཕྱིར་ན་མེད་པ་མིན།  །ཞེས་དང་།  སློབ་དཔོན་ཞི་བ་འཚོས།  ཀུན་གྱིས་མ་མཐོང་ཐེ་ཚོམ་དང་།  །རང་གིས་མ་མཐོང་འཁྲུལ་པ་སྟེ།  འབིགས་བྱེད་རི་ཕུག་དུར་པ་སོགས།  །མ་མཐོང་བར་ཡང་ཡོད་ཕྱིར་རོ།  །ཞེས་གསུངས་པའི་ཕྱིར།  ཐ་ན་འཇིག་རྟེན་གྱི་གཏམ་དཔེར་ཡང་།   ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་།   །བོང་བུས་མ་བགྲོད་ལམ་འཕྲང་མང་།  །ཞེས་གྲགས་པ་མ་ཡིན་ནམ།  སྐྱེ་བ་སྔ་ཕྱིར་བཟུང་བའི་ལྟ་ཚུལ་མི་འདྲ་བའི་དབང་གིས་མི་སོ་སོའི་རིན་ཐང་གི་ལྟ་བ་དང་།  མི་ཚེའི་ལྟ་བ་སོགས་ལ་འགྱུར་བ་ཆེན་པོ་འགྲོ་བས་དེའི་དབང་གིས་ལེགས་ཉེས་ཀྱི་བྱ་བ་གལ་ཆེན་མང་པོར་ཤུགས་རྐྱེན་ཐེབས་བཞིན་ཡོད་པས་གནད་དོན་དེ་ནི་ཆུང་ཆུང་ཞིག་ག་ལ་ཡིན།  སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་གནད་དོན་དེ་ནི།  འགྲོ་བ་མིས་མཚོན་པའི་སྲོག་ལྡན་གང་ཟག་ཀུན་གྱི་བདེ་རྩར་ཐུག་པའི་གནད་དོན་ཞིག་ཡིན།  དེ་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་གསལ་དོན་ལྟར་ན། དང་པོ་འཇིག་རྟེན་གྱི་ཁམས་འདིའི་སྨྲ་ཤེས་དོན་གོའི་སྐྱེས་བུ་རྣམས་སྐྱེ་བ་སྔ་ཕྱི་ཡོད་པའི་ལྟ་ཚུལ་འཛིན་མཁན་ཡིན་པ་ནས།  ཐོག་མར་སུམ་རྩེན་གནས་སུ་ཕུར་བུ་ཡིས།  །ལྷ་མིན་གཡུལ་ལས་རྒྱལ་ཕྱིར་ལས་འབྲས་སོགས།  །མེད་པར་སྟོན་པའི་བསྟན་བཅོས་བརྩམས་ཏེ་བཤད།  །རིམ་གྱིས་མི་ཡི་ཡུལ་དུ་བབས་པ་ལས།  །འཇིག་རྟེན་མིག་གིས་རང་གི་སྲིང་མོ་ལ།  །འདོད་པ་སྤྱོད་པར་འདོད་ནས་སྔ་ཕྱི་སོགས།  །མེད་པར་སྟོན་པའི་བསྟན་བཅོས་བརྩམས་པ་ལས།  །གྲུབ་མཐའ་སྨྲ་བའི་ཐ་ཆད་དེ་བྱུང་ངོ་།  །ཞེས་པ་ལྟར་རིམ་བཞིན་བརྒྱུད་པ་ལས་ད་ལྟ་འཛམ་གླིང་འདིར་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་ཅིང་དེའི་ནང་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་ཅིང་དེ་ལྟར་ཤོད་མཁན་དང་།  དེ་མེད་པར་འདོད་ཅིང་དེ་ལྟར་ཟེར་མཁན།  ཡོད་མེད་གང་དུ་ཡང་མི་དཔྱོད་མཁན་བཅས་རིགས་གསུམ་ཡོད་ཅིང་།  འདོད་ཚུལ་དང་ཤོད་ཚུལ་མི་འདྲ་བ་འདི་དག་སྤྱིར་ཡོད་ཆོག་ཅིང་ད་དུང་མུ་མཐུད་ནས་ཡུན་རིང་གནས་རྒྱུ་ཡིན་པའང་སྨོས་ཅི་དགོས།  གནའ་བོའི་གྲུབ་མཐའ་སྨྲ་བ་རྒྱང་འཕེན་པས།  སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་བསྡུ་ན་རིགས་པ་བརྒྱད་སོགས་འགོད་ཚུལ་དང་།  ནང་བསྟན་མཚན་ཉིད་རིག་པའི་གཞུང་ནས་དེ་དག་འགོག་ཚུལ་དང་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་གསུངས་པ་ཞིབ་གསལ་གཞན་དུ་བྱ་བར་འདོད་པས་འདིར་མི་སྤྲོ།  གཞན་ཡང་།  ནང་བསྟན་མཚན་ཉིད་རིག་པའི་གཞན་ཕན་དང་བྱམས་བརྩེ།  སེམས་སེམས་བྱུང་སོགས་བློ་རིག་གི་སྐོར་དང་།  རྟེན་འབྲེལ།  གཞལ་བྱའི་གནས་གསུམ།  གཞན་སེལ།  མ་དམིགས་པའི་རྟགས།  འགལ་འབྲེལ་གྱི་རྣམ་གཞག་སོགས་ཀྱིས་དེང་རབས་ཚན་རིག་ལ་ཕར་ཁ་བསྐང་འོས་པ་དང་།  དེང་རབས་ཚན་རིག་གི་རྡུལ་ཕྲན་གྱི་རྣམ་གཞག་དང་།  གནམ་རིག་སྐར་དཔྱད་རིག་པ།  འོད་རིག་པ།  དབང་རྩའི་ཚན་རིག་སོགས་ཀྱིས་ནང་བསྟན་མཚན་ཉིད་རིག་པར་ཚུར་ཁ་བསྐང་འོས་པའང་མི་ཉུང་བ་ཞིག་ཡོད་ཚོད་སྣང་བས་དེང་རབས་ཚན་རིག་དང་ནང་བསྟན་མཚན་ཉིད་རིག་པ་གཉིས་ཟུང་འབྲེལ་གྱིས་སྐྱེ་འགྲོ་སྤྱི་དང་ཁྱད་པར་དུ་མིའི་རིགས་ཀྱི་ལུས་སེམས་གཉིས་ཀའི་ཕན་བདེའི་དགོས་མཁོར་གནས་སྐབས་དང་མཐར་ཐུག་གི་ཤེས་ཡོན་གྱི་གཞུང་ལུགས་ཆ་ཚང་ཞིང་ཕུལ་དུ་བྱུང་བ་ཞིག་གཏོད་ཐུབ་པ་བྱ་དགོས།  འཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོས།  སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ།  །དེ་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན།  །རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི།  །དོན་དེ་རྟོགས་ཀྱང་དེ་ལ་ངོ་མཚར་མེད།  །ཅེས་དང་།  ཚན་རིག་མཁས་པ་ཨ་དབྱིན་སི་ཊན་གྱིས།  དོགས་པ་གསར་པ་ཞིག་སློང་བ་ནི།  དོགས་པ་རྙིང་པ་ཞིག་གཅོད་པ་ལས་ཀྱང་ཆེས་ཆེར་གལ་ཆེ།  ཞེས་དང་།  དབྱི་ཊ་ལིའི་རིག་རྩལ་བསྐྱར་དར་དུས་ཀྱི་གྲགས་ཅན་དངོས་ཡོད་རིང་ལུགས་ཀྱི་སྒྱུ་རྩལ་དང་རྩིས་རིག་དངོས་ཁམས་བཟོ་སྐྲུན་བཅས་མཁས་པ་ཡིན་པའི་ཏ་ཧྥེན་ཆིས།  གསར་སྐྲུན་དང་གསར་གཏོད་ཐུབ་མཁན་གྱི་སྐྱེ་བོ་ཚོ་དང་རང་བྱུང་ཁམས་དང་འགྲོ་བ་མིའི་རིགས་དབར་སྐད་བརྡ་འཕྲོད་མཁན་གྱི་སྐྱེ་བོ་དག་ནི།  མི་གཞན་གྱི་རྩོམ་ཡིག་ངག་འཛིན་ཐུབ་པ་ཙམ་གྱིས་རང་བསྟོད་ཆེན་པོ་བྱེད་མཁན་མི་དང་སྡུར་དུས་ཤེལ་སྒོའི་ཕྱི་ནང་གི་མངོན་སུམ་དང་འཕྲུལ་སྣང་གི་རང་གཟུགས་མངོན་པ་ཙམ་མོ།  །ཞེས་གསུངས་པ་ལྟར་ཁོ་བོ་ཅག་གིས་སྔར་སྲོལ་བཟང་པོ་རྣམས་མི་ཉམས་དར་སྤེལ་བཏང་བའི་རྨང་གཞིའི་ཐོག་བབ་བསྟུན་འོས་འཚམ་གྱི་གསར་སྐྲུན་དང་གསར་གཏོད་ཡང་གང་ལེགས་མ་བྱས་པ་ཡིན་ན་དུས་རབས་ཀྱི་འཁོར་ལོས་བརྫི་ཉེན་ཤིན་ཏུ་ཆེའོ།  །
མཇུག་ཏུ་སྨྲས་པ།
རབ་ཡངས་འཇིག་རྟེན་མཐའ་ཡས་རྒྱ་མཚོ་ཆེར།  །
སྣ་ཚོགས་སྐྱེ་བོ་གསེར་མིག་འཁྱིལ་བའི་ཚོགས།  །
རང་རང་ལྟ་བའི་འཁྱུག་འགྲོས་ངོམས་པ་ལ།  །
གཟུར་གནས་དཔྱོད་ལྡན་སུ་ཞིག་དེ་ལ་བཤུང་།  །

སྐྱེ་འགྲོ་བུང་བའི་བདེ་སྐྱིད་ཉེར་འཚོའི་གཞི།  །
རིན་བྲལ་ཤེས་རིག་པདྨ་དཀར་པོའི་ཚལ།  །
བརླང་སྤྱོད་རྡོག་པས་རྫི་བའི་གླང་སྨྱོན་ཚོགས།  །
བག་མེད་སྟོབས་ཤེད་རྒྱས་པའི་དེང་གི་ཆར།  །

རང་རིགས་ཕལ་ཆེར་སེམས་ཤུགས་སྟོབས་བྲི་སྟེ།  །
གྱི་ནར་ཉི་མ་འཕུལ་བར་གཞོལ་མཐོང་ནས།  །
རང་ཉིད་ཚུལ་འདིར་འབད་པས་འཇུག་པ་ནི།  །
རིགས་མཐུན་མིག་ལྟོས་ཡར་འགྲན་བྱ་ཕྱིར་ཡིན།  །

འོན་ཏང་མི་བཟོད་གུ་དོག་ཤ་བ་རིས།  །
ཁོག་ཡངས་དཀྱེལ་ལྡན་རི་སྐྱེས་བུ་མོ་ལ།  །
གྱ་གྱུའི་སྨོད་ཚིག་སྒྲོ་ལྡན་འཕེན་འདོད་ན།  །
ལྕེ་བརྒྱ་སྤྲུལ་ནས་ཅི་དགར་ཕོངས་ཤིག་ཨང་།  །

བདག་ནི་ཚན་རིག་མཁས་པའི་དེད་དཔོན་ལ།  །
བརྟེན་ནས་ཚན་རིག་གཞུང་གི་ཆུ་གཏེར་ཆེར།  །
སྦྱངས་བརྩོན་གྲུ་ལ་དངོས་སུ་མ་ཞུགས་པས།  །
དགོངས་དོན་ནོར་བུ་མ་ལོན་བཟོད་པར་འཚལ།  །

འདི་བྲིས་ལེགས་བྱས་ཀུན་ད་པད་རྩ་ལིས།  །
བསྒྲུན་མིན་རྣམ་པར་དཀར་བས་སྐྱེ་བོ་ཀུན།  །
སྡེ་བཞིའི་ཕུན་ཚོགས་རྫོགས་ལྡན་གསར་པ་ཡི།  །
དགའ་སྟོན་ཆེ་ལ་ངོམས་མེད་ལོངས་སྤྱོད་ཤོག །

ཤེས་རིག་པདྨོ་རྒྱས་པའི་དྭངས་བསིལ་མཚོར།  །
མང་ཐོས་བློ་ལྡན་མཁའ་ལྡིང་དཀར་པོའི་ཁྱུ།  །
མཁས་པའི་བགྱི་བ་འཆད་རྩོད་རྩོམ་གསུམ་གྱི།  །
བག་ཡངས་རྩེ་དགའི་གར་ལ་རོལ་གྱུར་ཅིག  །

ཅེས་པ་འདི་དཀའ་ཆེན་བློ་བཟང་ཉི་མའམ་ཚངས་སྲས་རིགས་པའི་འདོད་འཇོར་འབོད་པས་སྤྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༧ པའི་གྲལ་ཚེས་དགེ་བར་གཙང་ལྗོངས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་རང་ཤག་མདོ་སྔགས་བཤད་སྒྲུབ་དགའ་ཚལ་གླིང་དུ་སྦྱར་བ་དགེའོ།  །ཀུན་ལ་ཕན་པར་གྱུར་ཅིག།   །།

བརྒྱུད་སྐུལ།

མཆན་སྤེལ།