བོད་ཀྱི་འུར་རྡོའི་རིག་གནས་སྐོར་བཤད་པ།
སོག་རུ་མགོན་པོ་རྡོ་རྗེ།(སོག་ཟུར་དྲུག)
འུར་རྡོའི་བཟོ་རྩལ་འདི་ནི་བོད་རིགས་རང་གིས་གསར་གཏོད་བྱས་པས་རང་སྲུང་གི་མཚོན་ཆ།སྲོག་ཆགས་སོགས་འགུགས་འདུལ་བྱེད་པས་ལག་ཆ་སྟེ། སྟོད་མངའ་རིས་ནས་སྨད་ཨ་མདོ་བར་བོད་ཀྱི་ས་གནས་ཡོངས་ལ་ཁྱབ་པ་མ་ཟད་། འུར་རྡོའི་བཟོ་རྩལ་ལག་རྒྱུན་ནི་ལོ་ངོ་སྟོང་ཕྲག་དང་ཁྲི་ཕྲག་བརྒྱུད་ནས་ད་བར་བོད་མིའི་ཁོར་ཡུག་དུ་གནས་ཡོད་ན་ཡང་། དེང་དུས་སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པའི་འུར་རྡོ་བཟོ་བའི་ལག་རྒྱུན་འདི་ཡང་ཉིན་རེ་བཞིན་ཉམས་འགྲོ་བའི་བཟོ་ཤེས་པའི་རྒན་རབས་རེ་ཟུང་ལས་མེད།
ལོ་རྒྱུས་ཀྱི་འབྱུང་ཁུངས།
འུར་རྡོ་ཞེས་པའི་ཁྱད་དུ་འཕགས་པའི་རིན་བྲལ་གྱི་ནོར་བུ་འདི་ཡི་གསར་གཏོད་མཁན་འདི་དང་ལོ་རབས་འདི་སོགས་བཤད་པར་ཧ་ཅང་དཀའ་མོད་རྒན་རབས་ཤེས་པ་ཅན་གྱི་ངག་རྒྱུན་ལྟར་ན། ཡ་ཐོག་དམུ་བཙན་གྱི་དབང་བསྒྱུར་སྐབས་འུར་རྡོ་འདི་དམུ་བཙན་གྱི་གོ་མཚོན་བཅུ་གཉིས་ཡ་གྱལ་ཞིག་ཡིན་པར་གྲགས། དེ་བཞིན་མ་སངས་སྤུན་དགུའི་དུས་ལ་མ་སངས་ཡ་རུ་ཁྲ་ཡི་ལག་ཆ་ཡིན་པར་གྲགས། རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་བཞི་བཅུ་སྐབས་གཙོ་བོ་སྲོག་ཆགས་འགུགས་འདུལ་ལ་སྤྱོད་པར་གྲགས། སྤུར་རྒྱལ་བཙན་པོའི་སྐབས་སུ་བློན་ཆེན་པོ་རྣམས་ཀྱི་སྐེད་པར་བཏགས་ནས་རང་སྲུང་མཚོན་ཆར་བརྩི། བོད་སིལ་བུའི་སྐབས་དམག་འཛིང་སོགས་ལ་བེད་སྤྱོད་བྱེད་པ་ཙམ་མ་ཟད་སོག་པོ་དང་དབྱིན་འགོག་སྐབས་དམག་འཛིང་གི་མཚོན་ཆར་སྤྱོད་པར་གྲགས། ཕྱིས་སུ་བོད་ཁུལ་ཡོངས་རྫོགས་ལ་སྲོག་ཆགས་འགུགས་འདུལ་དང་ལུས་ཀྱི་རྒྱན་ཆ། རྒྱུན་སྤྱོད་ཀྱི་ལག་ཆ་སོགས་བེད་སྤྱོད་བཞིན་ཡོད།
མིང་འདོག་ཚུལ་དང་བཤད་པ།
འུར་རྡོའི་མིང་གི་གྲུབ་ཚུལ་ལ་འདོད་རྒྱལ། རྗེས་གྲུབ་སོགས་མང་པོ་ཡོད་པ་དཔེར་ན། གྲངས་ཀ་ཡི་དབང་དུ་བྱས་ནས་བཏགས་མིང་ལ་དགུ་རྡོ། བེད་སྤྱོད་སྐབས་སྒྲ་ཡི་དབང་དུ་བྱས་ནས་བཏགས་མིང་འུར་རྡོ། དེ་མིན་འུར་ཐག འུ་རྡོ། རྒུ་ཐོག་བཅས་མིང་མང་པོ་ཡོད་ངེས་ཀྱང་བྱང་འབྲོག་གི་ས་ཆ་གཙོ་བོ་དེ་ལྟར་འབོད་པ་ཡིན།
དེ་བཞིན་བྱང་འབྲོག་ཁུལ་དུ་རྡེའུ་འམ་ཁེད་སོགས་རྩེད་མོ་ལས་མིང་འབོད་སྲོལ་ནི།
༡ རྡོ་ཡར་ལ་ཟ་ཞིང་མར་ལ་སྐྱུག ཀླད་ལ་སྐོར་ན་འུར་སྒྲ་ཅན། རྒྱང་ལ་འཕེན་ན་ཐག་སྒྲ་ཅན། ཞེས་དང་།
༢ དཀར་ནག་འདྲེས་མ་སྦྲུལ་ཀྱི་ལུས། རྔ་མ་དཀར་པོ་དུང་གི་ལྕེ། མགོ་བོ་མི་ཡིས་ལག་པར་བཅངས་། སྐྱུག་པ་སྐྱུག་དུས་འུར་སྒྲ་ཅན།
༣ ①ཚང་དུ་ཉལ་ན་ཞེ་སྡང་སྦྲུལ་དང་འདྲ། ཕྱི་རུ་ཐོན་ན་བར་སྣང་འབྲུག་དང་འདྲ། དྲག་དུ་ཁྲོས་ན་རྡོ་ཡི་ཐོག་མདའ་འཕེན། རྐན་སྒྲ་བརྡབ་ན་གློག་དམར་འཁྱུག་དང་མཚུངས།
༤ ②མགོ་བོ་དཔའ་ལུང་རྡོ་རྗེ་མདུད། སྐེད་པ་གཡུང་དྲུང་པ་ཏྲའི་རིས། རྔ་མ་དཀར་པོ་དུང་གི་མདོག མགོ་ལུས་ཚང་མ་མིག་གིས་གང་། ཁ་རེ་གདངས་ན་རྡོ་རེ་ཟ། བསྡད་ན་གློ་ཆས་ལུས་ཀྱི་རྒྱན། སོང་ན་གཡང་དཀར་ལུག་གི་རྫི། ཉག་ཕྲན་མིན་དེ་འདྲ་ལ་ཁད།
༥ ③རྒྱུད་ཀྱི་མ་བཀུག་གཉེན་མོའི་གཞུ། སྒྲོ་ཡི་མ་རྒྱན་སྲ་མོའི་མདའ། འཕང་ན་ལག་པ་ཅིག་གིས་མཆོག ཕོག་ན་མགོ་སྟོང་ཀླད་རྒྱ་གཏོར།
༦ ④ཕ་མགར་བའི་ལག་གིས་མ་བརྡུང་བས། བོའུ་ཕྲ་རིང་དུང་གི་རྣ་ཅོག་ཅན། རྫས་མདེའུ་མི་དགོས་ཐང་ནས་སྒྲུག མེ་སྦི་ཏི་མི་དགོས་རང་འབར་རྒྱག
༧ ཤིང་དང་ལྕགས་ལས་མ་གྲུབ་མདའ་གཞུ་ཡིན། རྫས་དང་སྦི་ཏི་མི་དགོས་རང་འབར་འདི། དགྲ་བོ་ཀླད་རྒྱ་གཏོར་བའི་ཁྲ་རིང་མདའ། ནོར་ལུག་ལྷས་ལ་བཙུད་པའི་རྫི་རོགས་ཡིན།
གཞན་ཡང་མང་ཚོགས་ཁ་རྒྱུན་ལས་མཆེད་པའི་བཤད་པ་རྒྱག་སྲོལ་དུ་མ་ཡོད་པ་ལས་དཔེ་མཚོན་འགའ་རེ་བཀོད་ན།
༨ དཀར་པོ་དུང་དང་འདྲ་ལེ། ཁྲ་བོ་གཟི་དང་འདྲ་ལེ། ནག་པོ་སྐྲ་དང་འདྲ་ལེ།
༩ འུར་ཡ་མཆོག་ཡར་ངོ་ཚེས་གསུམ་བསླས། མཛུབ་ལུང་ཚེས་གསུམ་གུག་འདྲ་ཡོད། མ་མཆོག་ཉི་ཤུ་དགུ་ལ་བསླས། དཔའ་ལུང་མུན་པ་རུབ་འདྲ་ཡོད། འུར་མཐིལ་སྨིན་དྲུག་སྐར་ལ་གྲུབ། མཐིལ་ཁྲ་སྐར་ཚོགས་བཤམས་འདྲ་ཡོད། རྡོ་འགྲིམས་བྲག་དཀར་གཏོར་ཉིན་བསླས། ཨོལ་ཀྲོང་རྡོ་ཆེན་སྒྲིག་འདྲ་ཡོད། ལྗགས་རྩེ་བླ་མ་མཇལ་ཉིན་བསླས། ལྗགས་ལུང་དར་དཀར་མདུད་འདྲ་ཡོད། ཁ་མཚར་དཔའ་དར་བཏགས་ཉིན་བསླས། འུར་ཁྲ་རིང་དཔའ་དར་བཏགས་འདྲ་ཡོད།
༡༠ ར་རྩིད་འུར་རྡོ་སྔོ་སྐྱ་དེ། ར་ཁམ་པའི་རྐང་པ་བཅོག་བྱེད་ཡིན།
༡༡ སྡང་དགྲ་འཇོམས་པའི་མཚོན་ཆ་ཡིན། དགྲ་ལྷ་འཁོར་བའི་སྲུང་མདུད་ཡིན། རི་སྤྱང་གཏོར་བའི་ཐོག་མདའ་ཡིན་སོགས་བཤད་པ་མང་པོ་ཞིག་བརྒྱག་སྲོལ་ཡོད།
རྩ་བའི་ཁྱད་ཆོས།
འུར་རྡོ་ནི་བོད་མི་རང་གིས་གསར་གཏོད་བྱས་པ་ཞིག་ཡིན་པས། མི་རིགས་ཀྱི་ཁྱད་ཆོས། རིག་གནས་ཀྱི་རིན་ཐང་། ལོ་རྒྱུས་ཀྱི་དཔང་པོ། ལྷ་སྲུང་གི་ཕྱག་མཚན། གནོད་འགོག་གི་སྲུང་མདུད། ཕ་མེས་ཀྱི་ཤུལ་བཞག ཁྱིམ་རྒྱུད་ཀྱི་ནོར་བུ། དགྲ་ལྷ་འཁོར་བའི་རྟེན། རང་ལུས་སྲུང་བའི་གོ་ཆ། ཕལ་རྒོལ་འཇོམས་པའི་མཚོན་ཆ། རྒྱུན་མཁོའི་ལག་ཆ། རྫི་བོ་ཡི་དཔུང་རོགས། སྟག་ཤར་ཀྱི་དཔའ་ཆས། མཛེས་མའི་ལུས་རྒྱན། བརྩེ་རོགས་ཀྱི་སེམས་རྟེན། བྱིས་པའི་རྩེད་ཆས་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་ཡོད།
གཙོ་བོ་རིན་ཐང་དང་བེད་སྤྱོད།
འུར་རྡོ་ཞེས་པ་ནི་ཞིང་འབྲོག་མངས་ཚོགས་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མིང་རུང་བས་སྤྱོད་སྒོ་ཆེ་བའི་དངོས་པོ་ཞིག་ཡིན། མ་གནས་ཆུང་ལ་སྤྱོད་སྒོ་ཆེ་བ། བེད་སྤྱོད་བྱེད་རྒྱུ་མང་བ། ལུས་ལ་བཅངས་ན་ཡང་ཞིང་མཛེས་པ། མདོར་ན་དངོས་པོ་ཆུང་ཆུང་ཞིག་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་བདེ་འཇགས་འགན་ལེན་ཐུབ་པ། ཐོན་སྐྱེད་ཀྱི་ཡོ་ཆས། མཐའ་མཚམས་སྲུང་སྐྱོབ་སོགས་ཀྱི་རིན་ཐང་ལྡན་ཡོད།བེད་སྤྱོད་ནི་འུར་མཐིལ་དུ་རྡོ་སོགས་བཏུམས་ནས་ཀླད་ལ་བསྐོར་བསྐོར་ལན་འགའ་བྱས་ནས་དམིགས་འབེན་ལ་རྡིག་ནས་འཕེན་སྲོལ་ཡོད། འུར་རྡོ་བརྒྱག་མཁས་པ་དག་གིས་ག་ལེར་བསྐོར་ནས་འཕེན་དུས་འབེན་ལ་འཁེལ་བ། རྡོ་ཤུགས་ཆེ་བ། སྐད་སྒྲ་ཚ་བ་སོགས་ཀྱི་ཁྱད་ཆོས་དུ་མ་མངའ་ལ། དེ་བཞིན་ཁལ་﹙གཡག﹚དང་ནོར་ཆེ་བ། གཅན་གཟན། ཇག་རྐུན། དགྲ་ཁ་གཏད། འཕར་སྤྱང་སོགས་ལ་རྡོ་བེད་སྤྱོད་པ་དང་། ར་ལུག བེའུ། ལུ་གུ་སོགས་ལ་སྟོང་བརྒྱག་བྱེད་པ། འུར་རྡོའི་ཕྱེད་ཀ་ལག་ནང་དུ་བཅངས་ནས་འུར་རྡེབ་ཞེས་ལྗགས་རྩེ་སྟོང་རྡེབ་བྱེད་པ། ཡང་ན་ལྕི་བ། སྤོ་ཐོ་སྐམ་པོ། ས་རྡོག་སོགས་བཏུམ་ནས་སྲོག་ཆགས་འགུག་འདུལ་བྱེད་ཀྱིན་ཡོད།
འུར་རྡོའི་དབྱེ་བ།
གཙོ་བོ་དབྱེ་བ། རྩིད་པའི་འུར་རྡོ་ནག་པོ། བལ་གྱི་འུར་རྡོ་དཀར་པོ། ར་རྩིད་འུར་རྡོ་སྔོན་པོ། མཛེས་པའི་འུར་རྡོ་ཁྲ་བོ། རྒྱུན་བུའི་འུར་རྡོ་ཁམ་སྐྱ། ཧེལ་ཀེའི་འུར་རྡོ་ཞགས་རིང་། རྒྱུ་ཆ་ཡོངས་ཁུངས་ནི་ནོར། ལུག ར། གཙོད། འབྲོང་སོགས་ཀྱི་སྤུ་རིགས་ཏེ། གྲ ཁུལ། ཁ་ཇུ། བལ། རྩིད་པ། འུམ་བུ་སོགས་དང་། ཀོ་བ་རྙིང་པའི་ཨ་ཀྲད། ཀོ་བ་སྣ་ཚོགས་ཀྱི་རྒྱུན་བུ། ལྤགས་རིགས་སྣ་ཚོགས་ཀྱི་ཧེལ་ཀེ་སོགས་ལས་གྲུབ་པའི་རྒྱུ་ཆ་དུ་མ་ཡོད།
འུར་རྡོ་སྤྱི་ལ་ཚང་དགོས་པ།
དཔའ་ལུང་། ཨོལ་ཀྲོང་། ཁ་ཚར། ཡ་མཆོག མ་མཆོག འུར་མཐིལ། རྡོ་འགྲིམས། ལྗགས་ལུང་། ལྗགས་རྩེ་ཞེས་སྣེ་ཁ་དགུ་པོ་ནི་འུར་རྡོ་སྤྱི་ལ་ཚང་དགོས།
བྱེ་བྲག་དབྱེ་བ།
སུམ་ཅུའི་སོག་བསླས། ཁྲ་བོ་ཚིག་དགུ གཟི་རིལ་མིག་མང་། མདུད་པ་དགུ་སྦྲིལ། ང་བརྒྱད་དགུ་མདུད། བཞི་ཐིག་རིལ། དྲུག་ལྡན་དཀྱོག ཟིལ་མོ་སྒང་བསླས། ཤ་བོ་ལྟག་བསླས། གའུ་ཁ་སྦྱོར། བརྒྱད་བསླས། བཅུ་དྲུག་དགུ་སྦྲིལ། ཕྱེད་མིག་དགུ་མདུད། དཀར་ནག་མཉམ་སྦྲིལ། ཁྲ་རིང་། ཁྲ་ཐུང་། བརྒྱད་ཐིག་རིལ། བཅུ་གཉིས་ཐིག་རིལ། ཁྲ་ཆེན། ཁྲ་ཆུང་། བྱིས་མིག མིག་མ་ཁ་སྦྱོར། རྩ་བཞིའི་སོག་བསླས་སོགས་སྣེ་ཁ་མི་འདྲ་བ་དུ་མ་ཡོད་འདུག་ལ། དེ་དག་སོ་སོ་ཁྱད་ཆོས་ནི་ཕྲ་ལ་རིང་བ་རྒྱང་འགྲོ་བཟང་། སྦོམ་ལ་ཧྲག་པ་རྡོ་ཤུགས་ཆེ། ཐུང་ལ་གཉེན་པ་སྤྱོད་སྒོ་ཆེ། ལྗགས་སྣེ་རིང་བ་སྐད་སྒྲ་ཚ། དཀར་ནག་འདྲེས་པ་མིག་ལ་མཛེས། གྲུ་བཞི་ཤོ་འདྲ་སྟག་ཤར་རྒྱན། མིག་མང་ཁྲ་ཆུང་མཛེས་མའི་རྒྱན།
འུར་རྡོའི་བཟོ་སྟངས།
༡ དང་པོ་འུར་རྡོའི་སྤྱི་སྒྲོམ་ལ་བལ་གྱི་སྐུད་པ་ཚོས་གཞི་སྣ་ཚོགས་དང་། སྤུ་རིགས་དཀར་ནག ལྤགས་པ་མཉེད་མའི་རྒྱུན་བུ། ཧེལ་ཀེ་སོགས་ཀྱི་འུར་རྡོའི་སྤྱི་སྒྲོམ་བསླ་དགོས།
༢ ལྗགས་ལུང་ཞེས་ལྗགས་རྩེ་འདོགས་ས་རིལ་པོ་ཞིག་བསླ་དགོས།
༣ མ་མཆོག་ཞེས་འུར་རྡོའི་ཆ་གསུམ་ལ་དགོས་པའི་དུམ་བུ་གཅིག་བསླ་དགོས
༤ འུར་མཐིལ་ནི་སྐུད་པ་ཁག་གཉིས་ལ་དབྱེ་ནས་བསླ་དགོས་པ་དང་། ཆ་ཚད་ནི་མཛུབ་ལུང་ངམ་དཔའ་ལུང་གི་ཕྱེད་ཀ་ཡིན་དགོས། འུར་མཐིལ་ལ་སྣམ་བུ་དང་སྤུ་ཕྲུག་སོགས་ཀྱི་སྟེང་དུ་སྲོག་ཆགས་དང་དེ་མིན་རི་མོ་སྣ་ཚོགས་བཀོད་བཞིན་ཡོད། གཞན་ཡང་འུར་རྡོའི་སྐུད་པ་ལེབ་མོར་བཙེམས་ནས་བཟོས་པ་ལ་ཇག་པའི་འུར་མཐིལ་ཞེས་འབོད།
༥ རྡོ་འགྲིམས་ནི་འུར་རྡོའི་མཛེས་ཆོས་ཆེ་ཆུང་ཙམ་མ་ཏོག་ཚང་མ་ལེབ་མོ་ཞིག་སླ་དགོས། ཆ་ཚད་ནི་འུར་མཐིལ་གྱི་ཕྱེད་ཀ་ཡིན།
༦ཡ་མཆོག་ནི་འུར་རྡོའི་ཆ་གསུམ་གྱི་དུམ་བུ་གཅིག་ཡིན་པ་དང་། ཆ་ཚད་འཇལ་སྐབས་རྡོ་འགྲིམས་ནི་ཡ་མཆོག་གྱི་ཁོངས་སུ་འདུས།
༧ མཛུབ་ལུང་གི་རིང་ཐུང་ནི་འུར་རྡོ་དུམ་བུ་གསུམ་ལ་དགོས་པ་རུ་གཅིག་ཡིན། མཛུབ་ལུང་བསླས་ཚར་རྗེས་ཉིས་འགུགས་བསླ་དགོས།
༨ ཨོལ་ཀྲོང་ནི་མཛུབ་ལུང་དང་ཡ་མཆོག་གཉིས་ཀྱི་མཐུད་མཚམས་སུ་སོར་གང་ཙམ་ཞིག་བཏུམས་ནས་བསླེ་དགོས།
༩ ལྗགས་རྩེ་ནི་རྒྱུ་བལ་ལས་གྲུབ་པའི་སྐུད་པ་སུམ་སྒྲིལ་བཞིའམ་དྲུག་དང་བརྒྱད་སོགས་ལེབ་མོར་བཙེམ་དགོས།
༡༠ཁ་ཚར་མཛེས་ཆོས་ཆེད་དུ་སྐུད་པ་ཚོས་གཞི་སྣ་ཚོགས་ཀྱི་ཁ་ཚར་ཆུང་བུ་འགའ་རེ་སྦྱར་སྲོལ་ཡོད།
འུར་རྡོ་རེ་རེའི་བསླེ་སྟངས་དང་སྐུད་པའི་འགྲོ་སྟངས། སྐུད་པ་མང་ཉུང་། ཚོས་རྒྱག་སྟངས། སྐུད་པ་དག་ཡོག་ཚུལ། མདོག་ཕན་ཚུན་སྦྱར་སྟངས། རྒྱུན་བུ་བཟོ་སྟངས། ཨ་ཀྲད་བསྒོར་སྟངས། ཧེལ་ཀེ་གཏོང་ཚུལ་སོགས་མང་པོ་ཞིག་ཡིག་ཚོགས་ལ་འཇིག་ནས་འདིར་བཀོད་མེད།
འཇིགས་ཉེན་གྱི་རྣམ་པ།
བོད་སྔ་རབས་ཀྱི་དུས་སུ་འུར་རྡོ་འདི་སྤྱོད་སྒོ་ཆེ་ལ། བཟོ་རྩལ་གྱི་རྣམ་པ་ཡང་འདྲ་མིན་སྣ་ཚོགས་བྱུང་ཡོད། འོན་ཀྱང་དེང་དུས་དེ་དག་རིམ་བཞིན་མེད་པར་གྱུར་ནས་ཧ་ལམ་མིང་ཙམ་དུ་ཟད། འབྲོག་ཁུལ་ལུང་ཁུག་འགའ་ཤས་ལ་ད་ཆ་བསླ་ཤེས་པའི་མི་སྣ་རྒན་པོ་རེ་ཟུང་གི་ལག་རྒྱུན་དུ་གནས་པ་དག ཤོག་ཐོག་དུ་འབེབས་ཐུབ་པ། འབྲེལ་བཤད་བྱེད་ཤེས་པ། ལག་པའི་བསླ་ཤེས་པས་རྒྱུན་འཛིན་དང་མྱུར་སྐྱོབ་མ་བྱས་ན། རྒན་པོ་དག་ཚེ་ཡི་འདུ་བྱེད་སྟོང་ན་ངོ་མཚར་སྟོང་གི་རྒྱན་པས་བོད་ཀྱི་འུར་རྡོ་བཟོ་རྩལ་འདི་ཡང་གནའ་རྫས་འགྲེམ་སྟོན་ཁང་གི་ནང་དུ་འགྲོ་རྒྱུར་གོར་མ་ཆག་ལ་དེ་དུས་ལྗོངས་རྒྱུའི་བ་ཚོས་པར་ཆས་ལས་མངོན་པའི་འུར་རྡོའི་གཟུགས་རིས་དེ་འུར་རྡོ་ཡི་ཆེས་ཐ་མའི་ཚེ་སྲོག་ཡང་ཡིན་སྲིད་ལ། ཐ་ན་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཡོད་ཚད་ཀྱི་མཐའ་འཇུག་གི་དབུགས་རྒྱུན་རྟ་རྔ་ཙམ་དེ་ཡང་འུར་རྡོ་དང་འདྲ་བར་གནའ་རྫས་འགྲེམ་སྟོན་ཁང་ལ་རང་ལ་དབང་བའི་སྒྲོམ་སྟེགས་ཤིག་བཙལ་བར་འགྲོ་རྒྱུ་ནི་དུས་རབས་འདི་དང་མི་རིགས་འདིས་ཁྱེད་ཚོར་ཕུལ་བའི་ལེགས་སྐྱེས་ཞིག་ཀྱང་ཡིན་སྲིད།
①②③④ བཀྲ་ཤིས་འོད་ཟེར་ལགས་ཀྱིས་བརྩམས་པའི་<<བོད་རིགས་ཀྱི་དཔའ་ཆས།>>ལས་བླངས།
ཡོང་ཁུངས། གངས་ལྗོངས་རིག་གནས།