༄༅། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་རྒྱུན་གྱི་རྣལ་འབྱོར་དང་དུས་ཀྱི་མཆོད་པར་དགོས་པའི་བཟོ་རྒྱན་ཚད་དང་དགོས་ཆ་གཏན་འབེབས་སུ་བྱས་པའི་དེབ་ཐེར་དངོས་གྲུབ་རྒྱ་མཚོ།

༄༅། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་རྒྱུན་གྱི་རྣལ་འབྱོར་དང་དུས་ཀྱི་མཆོད་པར་དགོས་པའི་བཟོ་རྒྱན་ཚད་དང་དགོས་ཆ་གཏན་འབེབས་སུ་བྱས་པའི་དེབ་ཐེར་དངོས་གྲུབ་རྒྱ་མཚོ།

༄༅། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་རྒྱུན་གྱི་རྣལ་འབྱོར་དང་དུས་ཀྱི་མཆོད་པར་དགོས་པའི་བཟོ་རྒྱན་ཚད་དང་དགོས་ཆ་གཏན་འབེབས་སུ་བྱས་པའི་དེབ་ཐེར་དངོས་གྲུབ་རྒྱ་མཚོ།

 

བྱེ་བ་ཕྲག་བརྒྱའི་དཀྱིལ་འཁོར་མ་ལུས་པའི། །རིགས་ཀུན་བདག་ཉིད་དཔལ་ལྡན་རྡོ་རྗེ་སེམས། །ཞི་ཁྲོའི་རྣམ་པར་འཕྲུལ་པ་རྨད་པོ་ཆེ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེས་ཤིས་པ་སྩོལ། །དངོས་བཤམས་ཡིད་སྤྲུལ་མ་དྲོས་མཚོ་(༦༧ན)ཆེན་ལས། །ཀུན་བཟང་མཆོད་སྤྲིན་ཆུ་གཏེར་རྣམ་བཞིའི་རྒྱུན། །ཚོགས་གཉིས་ཟླ་བའི་མ་མར་བྱང་ཆུབ་པར། །འཕེལ་བའི་རླབས་འཕྲེང་སྲིད་རྩེར་ཕྱུར་འདི་སྤྲོ། །རང་རིག་མཁའ་ལ་འཇིག་རྟེན་ཡེ་ཤེས་ལྷ། །དབང་གཞུ་ལྟ་བུར་རང་བྱུང་རང་ཤར་ལས། །དམིགས་སུ་མེད་ཀྱང་འཕྲུལ་དགའི་ལྷ་བཞིན་དུ། །དགྱེས་བསྐྱེད་ཆོ་གའི་བསོད་ནམས་རི་བོ་དངོས། །རྩ་གསུམ་དངས་མའི་ཁམས་ཀྱི་ཉིང་ཁུ་ཀུན། །རྒྱུད་གསུམ་དྲེགས་པར་ཤར་ལ་ཕྱི་ནང་གསང་། །

དམ་སྐོང་ནམ་མཁའི་མཛོད་ཀྱི་སྒོ་འཕར་བརྒྱ། །འབྱེད་ལ་དཔྱོད་ལྡན་སུ་ཞིག་ཅིས་མི་རངས། །མཁའ་འགྲོ་རྣམ་ལྔར་ཚོགས་ཀྱི་འཁོར་ལོ་ཡི། །དགའ་སྟོན་ལེགས་བྲིས་བདུད་རྩི་གསར་པའི་སྤུན། །རྣལ་འབྱོར་མཆོག་མཐུན་དངོས་གྲུབ་འཆི་གསོས་སྨན། །སྲོག་གི་ཟུངས་གྱུར་འདི་ཀོ་ལས་ལྷག་ཅི། །མི་འབྲལ་རྟེན་དང་ལོ་ཟླར་འཕོ་མེད་འཇོག །རྒྱུན་མཆོད་གཏོར་མའི་རི་བོ་ལྷུན་པོར་འགྲན། །སྨན་ཕུད་རཀྟའི་ཆུ་གཏེར་ལུས་ཕྲ་མ། །ཆལ་ཆིལ་དབུ་བའི་ཆབས་འཕྲེང་གཅིག་ཏུ་དངོམ། །ཕྱི་ནང་ཉེར་སྤྱོད་སྲོག་ཆགས་གོ་མཚོན་དང་། །རི་རབ་གླིང་བཞི་གླིང་ཕྲན་རྒྱལ་སྲིད་བདུན། །ཕུན་ཚོགས་ལྷ་མིའི་འདོད་ཡོན་བསྐང་རྫས་ཀྱིས། །མ་དང་མཁའ་འགྲོ་དགྱེས་བསྐྱེད་ཡང་རྩེར་སོན། །བཟོ་དབྱིབས་རྒྱན་སྤྲོས་མདངས་ཀྱི་ཁ་བསྒྱུར་སོགས། །བློས་བྱས་སྤྲིན་བྲལ་བརྒྱུད་ལྡན་བཞེད་པའི་མཁར། །ཕྱག་ལེན་ཉི་མའི་དཀྱིལ་འཁོར་འོད་པོ་ཆེས། །སྲིད་ཞིའི་ལེགས་ཚོགས་སྣང་བ་གཅིག་ཏུ་དཀར། །རྒྱུ་དང་ཚད་ཀྱི་དབྱེ་བས་ཉེར་མཚོན་ཏེ། །(༦༧བ)ཕྲ་ཞིབ་བརྗེད་ངས་འཇིགས་པ་སྤོང་བྱེད་པའི། །ཨ་འདུས་ཀ་འཕྲེང་རབ་ལྡན་དངས་མའི་མཚོར། །བླང་དོར་བཞིན་རས་གསལ་བ་དངོས་པོའི་གཤིས། །དེ་ཕྱིར་ཡིད་སྲུབས་སྡེ་ལས་ཕྱོགས་ཀུན་ཏུ། །རྣམ་པར་རྒྱལ་བ་ཕན་བདེའི་འབྱུང་གནས་ཆེ། །ངེས་གསང་ཐེག་མཆོག་ལེགས་བཤད་འདུས་གླིང་གི །ཕྱག་བཞེས་རི་མོ་མིག་གསུམ་པས་མི་དབྱི། །འཁྲུལ་མེད་དེབ་ཐེར་གཏན་ལ་ལེགས་ཕབ་པ། །བརྗོད་བྱ་རབ་གསལ་དོན་ཀུན་ཆ་ཚང་བ། །བློ་ལྡན་རྣ་བ་མཛེས་བྱེད་དྲུག་དམར་གཡུ། །འཛད་མེད་རིང་པོར་སྤེལ་བ་འདི་ཀོ་མཚར། །

ཞེས་ཉམས་དང་འགྱུར་བ་སྟོང་ལས་ཉེ་བར་དྲངས་པའི་གཏམ་གྱིས་སྔུན་བསུས་ཏེ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་བགྲང་ཡས་རྒྱལ་བ་ཞི་ཁྲོ་དགྱེས་སྐོང་གི་རིམ་པ་ལ་ཉེ་བར་མཁོ་བའི་རྟག་གཏོར་རྒྱུན་གཏོར་བསྐང་གཏོར། ཕྱི་ནང་གསང་བའི་མཆོད་པ། ཚོགས་ཀྱི་འཁོར་ལོ་སོགས་རྒྱུན་གྱི་རྣལ་འབྱོར་དང་དུས་ཀྱི་མཆོད་པར་དགོས་པའི་བཟོ་རྒྱན་གྱི་ཚད་དང་དགོས་ཆ་རྣམས་འཕེལ་འགྲིབ་སྤངས་ཏེ་གཏན་འབེབས་སུ་བྱས་པའི་དེབ་ཐེར་དངོས་གྲུབ་རྒྱ་མཚོ་ཉེ་བར་བཀོད་པ་ལ། །སྤྲུལ་ཀུན་གདོད་ནས་ཉེར་ཞི་ཆོས་དབྱིངས་ལས། །རིགས་གསུམ་རིགས་ལྔ་རིགས་བརྒྱ་ཞི་ཁྲོའི་གར། །འགྲོ་བློའི་དོ་རར་བསྒྱུར་ཚད་གངྒའི་རྡུལ། །དེ་སྙེད་གྲངས་ཀྱིས་བསྒྲུན་མིན་ཚོགས་རྣམས་རྒྱལ། །ཚངས་པའི་དབྱངས་སྙན་ཡིད་སྲུབས་ཀླད་འགེམས་པར། །རྒོད་དང་དྲག་ཤུལ་འཇིགས་རུང་གསུང་གི་གདངས། །མི་བཟད་གནམ་ལྕགས་ཆེར་འབེབས་དབྱར་རྔ་ཡང་། །སྙེམས་པའི་རི་བོ་ཅིག་ཅར་བསྙིལ་(༦༨ན)མིན་ནམ། །མ་དང་མཁའ་འགྲོའི་མགྲིན་ལས་རྡོ་རྗེའི་གླུ། །སྙན་འགྱུར་ཡིད་ཀྱི་གསོས་སྨན་ནཱ་དའི་སྒྲ། །རབ་འབྱམས་དཀྱིལ་འཁོར་སྤྲོ་དང་མཆོད་པ་ལ། །འདོད་འཇོ་སྔོན་མེད་ཡོངས་འདུའི་མཆེད་པོ་བཞིན། །ཚོགས་གསོག་བཤེགས་དང་བྱིན་དབབ་དམ་རྫས་བརླབ། །རྟེན་དང་བརྟེན་པ་བསྐྱེད་དྲངས་མཆོད་བསྟོད་འཇེབ། །འཇིགས་མེད་སེང་གེའི་རྒྱུད་ཀྱི་ང་རོ་ཡིས། །སྣང་སྲིད་དྲེགས་པའི་རི་དྭགས་ཟིལ་གྱིས་གནོན། །དཔལ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །འབོད་བསྐང་བསྟོད་བསྐུལ་ལས་སྦྱོར་ང་རོའི་སྒྲ། །སྟག་ཆེན་སྨྱོན་པ་ཆེར་བརླམས་ངར་བའི་སྐད། །དགྲ་བགེགས་གཅན་གཟན་མཐའ་དག་སྙིང་རྩ་འདར། །དེ་ཕྱིར་གསང་སྔགས་རྙིང་མའི་རིགས་འཛིན་དང་། །ཕྱིས་འགྱུར་མཁས་གྲུབ་མང་པོར་ཡི་དམ་ལྷ། །དམ་ཅན་སྲུང་མའི་གནང་བ་ལེགས་སྩལ་བའི། །གདངས་དབྱངས་དབྱེ་བ་ངོ་མཚར་ཕ་མཐའ་ཡས། །ཁྱད་པར་རྩ་གསུམ་ཀུན་གོ་གཅིག་ཆོད་པ། །ཧེ་རུ་ཀ་དཔལ་རིགས་འཛིན་དྲག་པོ་རྩལ། །འཕྲིན་ལས་འབྲིང་པོའི་གྱེར་སྒོམ་རྡོ་རྗེའི་དབྱངས། །འཁྲུལ་མེད་སྤེལ་ལེགས་ཡི་གེའི་འཕྲེང་བར་འགོད། །

ཅེས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་སྔོན་དུ་བཏང་སྟེ་སྐབས་སུ་གླེང་བར་འོས་པ་དགའ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་པོར་ཡི་དམ་ཆོས་སྲུང་རྣམས་ཀྱི་རྒྱུན་རིགས་མི་གཅིག་པ་མང་དུ་ཡོད་པ་ལས་བྱང་ཟང་ཟང་ལྷ་བྲག་མཛོད་ལྔ་འདུས་པའི་ཟབ་གཏེར་སྤྲུལ་སྐུ་གཏེར་སྟོན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་(༦༨བ)གྱིས་གདན་དྲངས་པའི་ནང་ཚན་གསེར་མཛོད་སེར་པོའི་ཆོས་སྡེའི་སྒྲུབ་པ་སྡེ་བརྒྱད་དམ་དྲུག་གི་དཀྱིལ་འཁོར་ཀུན་ཚང་བླ་མ་གསང་སྒྲུབ་རྡོ་རྗེ་དྲག་པོ་རྩལ་གྱི་འཕྲིན་ལས་འབྲིང་པོའི་དབྱངས་རོལ་གྱི་ཕྱག་བཞེས་གཏེར་སྟོན་རིན་པོ་ཆེ་ནས་ས་སྟོན་ཆེན་པོ་རིན་ཆེན་རྒྱལ་མཚན་དང་མཉམ་མེད་ནུབ་དགོན་པ་ལས་ལེགས་པར་འོངས་པ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་བཞེད་སྲོལ་སྒྲུབ་ཆེན་ཚེ་འཕེལ་བཟང་པོའི་རྣམ་སྤྲུལ་སྐུ་མདུན་ཀུན་བཟང་དབང་པོ་ལས་བྱུང་བ། །བདག་ནུབས་བརྒྱུད་པའི་ཟབ་གཏེར། །གཏེར་སྟོན་ཆེན་པོ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པའི་ནང་ཚན་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ལྕགས་འདྲའི་འཕྲིན་ལས་ཀྱི་དབྱངས་རོལ། །གཏེར་སྟོན་ཆེན་པོ་ཉིད་ནས་ཉེ་བར་བརྒྱུད་པ་ཟུར་སྤང་སྟོན་འཇམ་དཔལ་དབྱངས་བདེ་ལེགས་རྒྱལ་མཚན་དང་། །སྒྲོལ་མ་བ་ནམ་མཁའི་རྣལ་འབྱོར་གཉིས་ལས་འོངས་བ་མཁྱེན་པའི་སྤྱན་ལྡན་སེ་སྟོན་ཆེན་པོ་དང་། །མཉམ་མེད་རྗེའི་ཕྱག་ལེན་ཆོས་རྒྱལ་དབང་པོའི་སྡེ་ཡབ་སྲས་ཀྱི་བཞེད་སྲོལ་སྐུ་མདུན་ཀུན་བཟང་དབང་པོ་ལས་བྱུང་བ། །ལྷ་བྲག་གཏེར་བྱོན་ཕུར་པ་ལྕགས་ཁང་སྤུ་གྲིའི་ལས་བྱང་ལ་གདངས་དབྱངས་རོལ་མོའི་གཅོད་མཚམས་སོགས་ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེའི་ས་སྐྱོང་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་དང་། དཔལ་ཟིན་ཀུན་བཟང་རྩེ་པ་ཞལ་ངོར་མི་བརྒྱུད་ལས་འོངས་བ་ས་ཕུར་ལྷ་ཁྲའི་ཕྱག་ལེན་རྒྱས་བཀབ་ཆོས་རྗེ་དཀོན་གཉེར་དཔོན་པོ་དགེ་སྟེང་བྱམས་པ་ཀུན་དགའ་འབྱུང་གནས་ལས་འོངས་པ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། ལས་གཤིན་(༦༩ན)ཕྱི་སྒྲུབ་ཀྱི་གདངས་དབྱངས་སྟོད་རྒྱུད་དང་ཆིམ་ལུགས་འདྲེས་མ། དཔལ་ལྡན་དམག་ཟོར་རྒྱལ་མོ་དང་བསྟན་སྐྱོང་རྣམ་གཉིས་ཀྱི་གསོལ་གའི་གདངས་དབྱངས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཕྱག་བཞེས་སྟོབས་འཕྲོག་དབང་པོ་གདོང་བཞི་ལས་མཁན་བེག་རྩེ་རྒྱལ་པོ་ངལ་བསོས་པ་རྣམས་ཀྱི་གདངས་དབྱངས་དཔལ་ལྡན་ཀུན་བཟང་རྩེ་པའི་གསུང་རྒྱུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ཞིབ་གཅོད་གནང་བ། གཞན་ཡང་དགའ་ལྡན་ཕོ་བྲང་གི་ཕྱག་རྒྱུན་རྙིང་པ་ཐོར་བུ་འགའ་ཞིག་རྣམས་དབུ་མཛད་དོན་གྲུབ་བཀྲ་ཤིས་ལས་བྱུང་བ། གུར་མགོན་ལས་མཁན་གྱི་གདུང་དབྱངས་རིགས་བརྒྱའི་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་ལས་བྱུང་བ། མདོར་ན་ཉེར་མཁོའི་ཆེ་ཕྲ་སྣ་ཚོགས་ལུགས་སྲོལ་གང་ལ་མཁས་པ་དག་ལ་ཉེ་བར་གཏུགས་ཏེ་དབུ་མཛད་བློ་བཟང་ཡོན་ཏན་དང་། དབུ་མཛད་བློ་བཟང་བསྟན་འཛིན་གཉིས་ཀྱིས་ཞིབ་མོར་དཔྱད་པ་བརྗེད་ངས་ཀྱི་འཇིགས་པ་སྤང་ཕྱིར་བཀོད་པའི་དང་པོ་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབྱངས་ཡིག་འདི་ལྟ་སྟེ། འཇམ་དཔལ་རྡོ་རྗེ་འཁོར་འདས་མ་ལུས་པའི། ཕྱག་རྒྱ་ཟིལ་གྱིས་གནོན་པར་རབ་ཁྲོས་གར། ཡོངས་བསྒྱུར་པདྨའི་མན་ངག་རྩ་བའི་དོན། འཕྲིན་ལས་རིགས་འཛིན་བརྒྱུད་པའི་ཕྱག་བཞེས་མཚར། སྒོམ་དོན་ཇི་བཞིན་གྱེར་ལ་གདངས་དབྱངས་དང་། །རོལ་ཚིག་གནུབས་ཆེན་རྒྱ་ཞང་དགོངས་པའི་དོན། སྤང་སྟོན་སྒྲོལ་མ་(༦༩བ)རྣམ་གཉིས་ལས་འོངས་པ། །མཁྱེན་བརྩེ་ནུས་ལྡན་སེ་སྟོན་ཆེན་པོས་སྤེལ། །རྗེ་བཙུན་མཉམ་མེད་ཞལ་ལུང་བྱང་བདག་རྗེས། །ཉེར་བཞེས་ཕྱག་ལེན་རྔམ་བརྗིད་སེང་གེ་ཡི། །རྒྱུད་ཀྱི་ང་རོས་ཕྱོགས་ལས་རྣམ་རྒྱལ་བའི། །སྒྲ་དབྱངས་ཚངས་པའི་ཡུལ་སའི་བར་དུ་སྒྲོགས། །འཕྲིན་ལས་འབར་བའི་སྤུ་གྲི་དྲག་སྔགས་དཔལ། །རྩེ་མོར་བདུད་བཞི་མི་རྟག་ལམ་འགོད་པ། །ཇོ་ལུགས་སྤྲོས་མེད་རྣལ་འབྱོར་ལྷ་ཁྲ་ཡི། །གར་འཆམས་གདངས་དབྱངས་མཛེས་པའི་རྒྱན་འདི་བཀྲ། །ཁུངས་བཙུན་རིགས་འཛིན་བཞེད་སྲོལ་མ་འཕྱུགས་ཤིང་། །ཡི་དམ་ལྷ་ཡི་གནང་བ་ལེགས་ཐོབ་སྟེང་། །སྔགས་འཆང་གཞན་ལས་ཁྱད་ཞུགས་ཕྱོགས་འདི་ལ། །མཁས་པའི་མཆོག་གྱུར་ཀུན་བཟང་རྩེ་པར་གྲགས། །བཞེད་སྲོལ་འཁྲུལ་མེད་འཛིན་པའི་དཀོན་གཉེར་དཔོན། །དགེ་སྟེང་བྱམས་པ་ཀུན་དགའ་འབྱུང་གནས་ཀྱི། །ཕྱག་ལེན་ཤིང་གི་མ་མའི་ངོས་ཡངས་པོར། །དོན་ཚིག་བརྡ་དག་གཟུགས་མཛེས་སྤེལ་འདི་ལོང་། །ཆོས་ཀྱི་དབྱིངས་ལས་ཉེར་ཞི་སྤྱན་རས་སྟོང། །འགྲོར་གཟིགས་གྲུ་འཛིན་ལ་དགྱེས་པད་དཀར་འཆང་། །ཡིད་སྲུབས་གཤེད་དུ་ཙན་དན་ལྗོན་པའི་དྲུང་། །ཁྲག་འཐུང་དབང་པོའི་གར་མཁན་ཕྱག་དྲུག་པ། །འཇམ་དཔལ་བཀའ་ཉན་ལྷ་ཆེན་ཉི་མའི་བུ། །རབ་འཇིགས་མ་ཧེའི་ཞལ་ཅན་འཁོར་བཅས་རྣམས། །སྤྱན་འདྲེན་མཆོད་བསྐང་བསྟོད་བསྐུལ་དབྱངས་རོལ་རྒྱུན། །སྔོན་(༧༠ན)རབས་མཁས་པའི་བཞེད་སྲོལ་ཉམས་པ་མེད། །དེ་ཕྱིར་དམ་ཅན་སྲུང་མའི་ཚོགས་རྣམས་ཀུན། །དགྱེས་པ་བསྐྱེད་པའི་གཉེན་གཅིག་དུནྡུ་བྷི། །རྣམ་དཔྱོད་དབྱུག་གུས་བསྐུལ་བའི་སྒྲ་དབྱངས་ཀྱིས། །ཕྱོགས་བྲལ་ཡོངས་ཀྱི་རྣ་བར་གཅིག་ཏུ་འཇེབས། །འཁོར་ལོའི་བདག་ཉིད་ཆེན་མོར་རྒྱས་འདེབས་མ། །དཔལ་ལྡན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ལྷ། །མཐུན་མོང་སྣང་ངོར་དབང་ཕྱུག་ཉེར་བརྒྱད་གཙོ། །དྲེགས་པའི་སྡེ་དཔོན་དབུས་ན་སྲིད་རྒྱལ་གྱི། །སྣ་ཚོགས་སྤྲུལ་བསྒྱུར་ཕ་མཐའ་གཞལ་དཀའ་དིང་། །ངག་དབང་དབྱངས་ཅན་དགྲ་བགེགས་གཤེད་མ་རུ། །རབ་ཁྲོས་སྲིད་གསུམ་དབང་སྒྱུར་རེ་མ་ཏཱིའི། །དབྱངས་རོལ་དམ་པའི་བཞེད་སྲོལ་འཁྲུལ་པ་མེད། །དེ་ཚུལ་དབྱར་གྱི་རྔ་ཆེན་ལྟར་ལྡིར་ཞིང་། །སྙན་འགྱུར་ཏམྦུ་ར་ཡི་རྒྱུད་མང་གི །སྙེམས་པ་འཕྲོག་པའི་དབྱངས་ཡིག་མུ་ཀྟི་ཀའི། །སྤེལ་ལེགས་འཕྲེང་བ་འདི་ཀོ་གཅིག་ཏུ་མཚར། །འོག་མིན་སྟུག་པོ་བཀོད་པའི་ཞིང་གི་གཙོ། །རྣམ་པར་སྣང་མཛད་ཡེ་ཤེས་འཕྲུལ་པོ་ཆེ། །རྡོ་རྗེ་སྲིན་པོ་གུར་མགོན་ལྕམ་དྲལ་གཉིས། །རྒྱུད་གསུམ་དྲེགས་པའི་ཡུམ་ཆེན་རལ་གཅིག་མ། །གནོད་སྦྱིན་ཡབ་ཡུམ་བཤོས་སྲས་གཤིན་རྗེའི་རྒྱལ། །འཆི་བདག་པུ་ཏྲ་གནོད་སྦྱིན་བྷ་ཏྲ་ནག །ཁ་འབར་སྲིན་མོ་དགྱེས་པ་བསྐྱེད་པའི་དབྱངས། །རྡོ་རྗེ་(༧༠བ)འཆང་དངོས་བླ་མའི་ཞལ་གྱི་ལུང་། །ཕྲ་སྦོམ་སྙན་བརྗིད་མགྲིན་པའི་རྒྱུད་མངས་ལས། །ཉེར་དྲངས་གླུ་ཡིས་བགྲང་ཡས་བསྟན་སྲུང་གི །སྡེ་དཔོན་ནག་པོ་ཆེན་པོ་འཁོར་བཅས་རྣམས། །དགྱེས་པའི་འཛུམ་གྱིས་མཆོག་ཐུན་དངོས་གྲུབ་འགུགས། །འགྲོ་ལ་བརྩེ་བའི་ཚད་མེད་བཞི་ཡི་ཞལ། །རིས་བྲལ་ལུས་ཅན་ཡོངས་ལ་ཆེས་འཛུམ་ཡང་། །དཀར་མིན་ལས་མནར་འགྲོ་ལ་གནམ་ས་ལྟར། །རབ་གདངས་མཆེ་བས་དགྲ་སྙིང་ཐལ་མར་འབིགས། །དྲག་པོ་གཟི་ལྡན་དབང་ཕྱུག་བྲམ་ཟེའི་ཚུལ། །བཟུང་ནས་གནས་གསུམ་མཁའ་འགྲོའི་འབོད་པའི་སྒྲ། །མི་རྐང་གླིང་བུའི་སྐད་དང་ལྷན་ཅིག་པར། །སྙན་བརྗིད་དབྱངས་ཀྱི་ང་རོ་སྲིད་རྩེར་ལྡིར། །རིག་སྔགས་འཆང་གཙོ་མཁྱེན་དཔྱོད་རབ་ཡངས་ཅན། །དཔལ་ལྡན་ཀུན་བཟང་རྩེ་བའི་གསུང་ངག་རྒྱུན། །རྒྱལ་དབང་བསོད་ནམས་རྒྱ་མཚོས་ཡོངས་དཔྱད་པ། །ཚངས་པའི་དབྱངས་ཀྱི་རྗེས་འགྲོར་རྣ་བ་ལྷོགས། །སྲིད་ཞིའི་འདོད་དགུ་ཆར་འབེབས་ངལ་བསོས་པོ། །སྒྲོལ་གིང་གནོད་སྦྱིན་ལྕམ་སྲིང་འཁོར་བཅས་རྣམས། །འབོད་མཆོད་བསྟོད་པའི་གྱེར་དབྱངས་སྙན་བརྗིད་གླུ། །མགྲིན་པར་བླངས་པའི་གཟུགས་བརྙན་དེང་འདིར་ཤར། །མ་དག་དྲི་འཁྲུད་བསངས་ཀྱི་ཆོ་ག་དང་། །ལས་བསྒྲུབ་ཀིང་ཀ་ར་ཡི་ཚོགས་རྣམས་ཀྱི། །མཆོད་བསྟོད་ཉེར་བསྐུལ་སྣ་ཚོགས་འགྱུར་ཁུག་གདངས། །ཡིད་འོང་རྣ་བའི་བཅུད་ལེན་འདི་ནའོ། །(༧༡ན) ལྷག་བསམ་ཟླ་བསིལ་འགྲོ་ཕན་ས་མོས་ཁ། །འཛུམ་ཡང་འདོད་ལྷའི་པད་དཀར་ཚ་གདུང་གིས། །བཅིལ་འདིས་རིས་མེད་མཛའ་བ་བཏང་ངམ་ཞེས། །སོམ་ཉིའི་བྱེད་པོ་ཤཱཀྱ་སེང་གེ་རྒྱལ། །གཡས་འཁྱིལ་མགྲིན་དུ་དམ་ཆོས་ཚངས་དབྱངས་སྒྲ། །སྙན་པོ་སྐལ་བཟང་རྣ་བར་ཆེས་འཇམ་པ། །མུ་སྟེགས་སྒྲ་འཛིན་ལ་རྩུབ་ཚེར་མ་མཁན། །དཀར་ནག་ལས་ཀྱི་བྱེད་པོ་གཉིས་གཞན་སུ། །མཛེས་སྐུ་ལུས་ཕྲའི་བཞིན་མཐོང་ཆགས་གདུང་མེས། །རྔུལ་འཛག་བ་སྤུའི་རྩེ་རྣོ་སྐལ་དམན་འགར། །འབྱུང་ན་མཚན་དཔེའི་སྣང་བརྙན་མཐོང་བའི་མོད། །གྲོལ་གཏམ་གཞན་འདྲིད་མིན་པར་གང་དུ་བསྙོན། །འོན་ཏེ་མ་དག་འཁྲུལ་སྣང་འུག་པའི་མིག །སྐྱོན་བྲལ་(༧༡བ)མཛད་པའི་ཉི་འོད་ཀྱིས་ལྡོངས་ཀྱང་། །ལུས་ཅན་གླིང་བཞིའི་མུན་སེལ་གཤིས་ལུགས་ལ། །ཤེས་ལྡན་སུ་ཞིག་འཁྱོག་ཚིག་སྨྲ་ནུས་ཅི། །དེ་ཕྱིར་མཁའ་མཉམ་འགྲོ་ཆེད་གསུངས་པའི་ཆོས། །ཕུང་པོའི་གྲངས་ཚད་ལྕེ་བརྒྱས་བསྐལ་པ་རུ། །བརྗོད་ལ་ཚངས་པ་སྒྱིད་སྐྱུར་མལ་ཉལ་ན། །སྨྲ་འདོད་བྱིས་བློ་འཇའ་ལ་སྦར་འཛིན་བཞིན། །མཚོ་ལས་སྐྱོགས་ཀྱིས་བཅུས་བཏུངས་སྐོམས་པའི་ནད། །སེལ་ལྟར་བཀའ་ཡི་སྡུད་པོ་རིམ་གསུམ་དུ། །བྱིན་ནས་བསྟན་ལ་རི་མོར་མཛད་པའི་དྲིན། །ལན་འཇལ་སྟོངས་གསུམ་ནོར་བུས་བཀང་ཡང་མིན། །གངས་ཅན་མཐའ་འཁོར་སྒོ་ངའི་སྦུབས་རྒྱ་ནས། །བཟང་པོའི་བག་ཆགས་ཀ་ལ་པིངྐའི་སྒྲ། །སྒྲོག་པའི་ཆོས་རྒྱལ་རིམ་བྱོན་འཇིག་རྟེན་མིག །རྣམ་ཐར་དྲན་ཚེ་དད་པའི་སྤུ་ལོང་གཡོ། །སྔ་ཕྱིར་ཡོངས་དར་བསྟན་ལ་རྒྱལ་བའི་བཀའ། །ལེགས་འགྱུར་བརྒྱ་ཕྲག་ཉེར་བརྒལ་པུསྟ་ཀ༔། །འདྲི་(འབྲི)ཀློག་རྙེད་བཀུར་ཐོས་བསམ་སྒོམ་པ་ཡི། །བསོད་ནམས་བྱེ་བའི་ཞིང་ལ་གཅིག་ཏུ་སྤྲོ། །དེང་འདིར་ཨེ་དབྱིབས་ཆོས་ལུང་དཀར་པོ་རུ། །རབ་འབྱམས་སྨྲ་བ་བློ་བཟང་མཁས་གྲུབ་ཀྱིས། །བདོག་པ་ཆུད་མི་ཟ་བར་བསྐྲུན་ཚུལ་གྱི། །གླེང་འོས་སྤྲོ་དགའི་གཏམ་ལ་རྣ་བ་ལྷོགས། །

ཞེས་ཚིགས་སུ་བཅད་པས་སྔོན་བསུས་ཏེ། །དེའང་སྤྱོད་འཇུག་ལས། །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་སེམས་ཅན་ཐམས་ཅད་ཀྱི་(༧༢ན)ཚེ་རབས་མང་པོར་གོམས་པའི་རྒྱུ་ཀུན་འབྱུང་བདེན་པ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་བདེན་པའི་ནད་ཚབས་པོ་ཆེས་ཟིན་པ་གསོ་བར་བྱེད་པའི་སྨན་དང་གནས་སྐབས་ཉི་ཚེ་བའི་བདེ་བ་ཙམ་དུ་མ་ཟད་རྒྱུ་ལམ་གྱི་བདེན་པ་ལ་བརྟེན་ནས་འབྲས་བུ་འགོག་བདེན་མྱང་འདས་ཀྱི་བདེ་བ་ཁྱད་པར་ཅན་འབྱུང་བའི་སྒོ་དམ་པ་ནི་བསྟན་པ་ཡིན་ལ། །བསྟན་པ་དེའི་སྟོན་པ་པོ་སུ་ཞིག་ཅེ་ན་ཀུན་མཁྱེན་གཉིས་པ་བློ་བཟང་གྲགས་པའི་དཔལ་གྱིས། རེས་འགའ་རྒྱལ་ལ་དམིགས་པའི་དད་པ་སྐྱེས། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་། །ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང་། །བསྟན་པ་རིན་ཅེན་རིང་དུ་གནས་འདོད་པ། །འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར། །

ཞེས་མུ་སྟེགས་བྱེད་དང་ཀླ་ཀློ་སོགས་ཀྱི་སྟོན་པའི་མིང་དུ་བཏགས་པ་ཙམ་མ་ཡིན་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཚུལ་བཞིན་སྟོན་པ་པོ་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་ཞིག་བྱོན་པའི་ནང་ནས་སངས་རྒྱས་སྟོང་དང་ལྔ་རིམ་པ་བཞིན་འབྱོན་པར་ལྷ་རྣམས་ཀྱིས་འདི་ནི་བསྐལ་པ་བཟང་པོའོ་ཞེས་ཆེས་ཆེར་བསྔགས་པའི་བཞི་པ་འོ་སྐོལ་གྱི་རྣམ་འདྲེན་ཤཱཀྱ་སེང་གེས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། །བར་དུ་བསྐལ་པ་གྲངས་མེད་གསུམ་མམ་དགུར་ཚོགས་བསགས། །མཐར་རང་ཉིད་ཀྱིས་ཞིང་དག་པ་རབ་འབྱམས་བསྒྲུབས་པའི་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པ་སངས་རྒྱས་(༧༢བ)ཀྱང་འཁོར་བྱང་ཆུབ་སེམས་དཔའ་ཤ་སྟག་ལས་ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པས་མ་དག་པའི་ཞིང་གི་འགྲོ་བ་རྣམས་འདྲེན་པའི་ཆེད་དུ་འཛམ་གླིང་གི་ལྟེ་བ་རྡོ་རྗེ་གདན། ལེགས་སྦྱར་གྱི་སྐད་དུ་མདྷྱ་ག་ཏ་དྷ་ར་ཞེས་པར་ཙནྡྲ་པ་ར་པྲྀ་ཥོ་ད་ར་ལ་སོགས་པ་རྣམས་སོས་བསྡུ་བ་བྱས་པས་མ་ག་དྷ་ཞེས་དབུས་འགྱུར་འཆང་དུ་འབོད་པའི་བྱང་ཆུབ་ཤིངགི་སྙིང་པོ་ཨ་ཤྭ་ཏྠ་ལ་སྐུ་རྒྱབ་བརྟེན་ནས་སྲོད་ལ་བདུད་བཏུལ། དགུང་ལ་མཉམ་པར་བཞག །ཐོ་རེངས་མཆོག་གི་སྤྲུལ་པའི་སྐུར་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་བསྟན་པས། རྒྱ་ཆེར་རོལ་པ་ལས། གནས་དེར་ང་ཡིས་མཆོད་སྦྱིན་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་བཞི་བཅུ་བྱས། དེར་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དྲུག་བཅུ་དེ་དག་མཆོད། ཝ་ར་ཎཱ་སི་དམ་པ་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས། ཞེས་དང་། ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན། །དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་འདིར་ན་འཁོར་ལོ་དམ་པ་རབ་ཏུ་བསྐོར། །

ཞེས་ཡུལ་ཝ་ར་ཎཱ་སིར་སློབ་ལམ་གྱི་དུས་མཆོད་སྦྱིན་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་བཞི་བཅུ་མཛད་ཅིང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དྲུག་བཅུ་མཆོད་པ་དང་སྟོན་པ་ཉིད་ཀྱི་ཐུགས་ཀྱིས་དྲན་པར་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་གིས་ཆོས་འཁོར་བསྐོར་བའི་གནས་སུ་གསུངས་ལ། དེ་ཡང་མངོན་པར་རྫོགས་པ་སངས་རྒྱས་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །(༧༣ན)སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། མི་སྨྲ་ནགས་འདབ་གནས་པར་བྱའོ་སྙམ། ཞེས་ཞག་ཞེ་དགུའི་བར་ཆོས་མི་གསུང་པར་ཐུགས་ལས་ཆུང་ངུས་བཞུགས་ཚུལ་བསྟན་པར་ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་དང་། དེའི་གྲོགས་སུ་བརྒྱ་བྱིན་གྱིས་གསེར་གྱི་མཎྜལ་དཔག་ཚད་ལྔ་བཅུ་པ་ཞིག་ཕུལ་ནས་གསོལ་བ་བཏབ་པས། མདོ་རྩ་བར། མ་གསོལ་པར་མི་བྱའོ་ཞེས་གཞན་གྱི་གསོལ་བ་འདེབས་དགོས་པའི་ཕྱིར་ལོ་ཙཱ་བ་འགའ་ཞིག་གིས་ཝ་ར་ཎ་ཕུབ་དང་། ཨ་སི་རལ་གྲི་གཉིས་མཚམས་སྦྱར་བས་ཕུབ་རལ་ཅན་དུ་གྲགས་པ། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར། གནས་བྱ་རྒོད་ཕུང་པོའི་རིར་འཁོར་ལྔ་སྟོང་གི་དགེ་སློང་ཕ་མ། དགེ་བསྙེན་ཕ་མ། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བརྒྱ་སྟོང་ལ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་སྔར་གསུངས་པའི་བཀའ་དང་པོ་དང་བར་པ་གཉིས་ལ་སྒྲ་ཟིན་ལ་དངོས་སུ་འགལ་བ་ལྟར་སྣང་བ། དོན་ལ་འགལ་སྤོང་གི་དྲིས་ལན་དང་བཅས་ཏེ། རི་མ་ལ་ཡ་དང་། ཡུལ་ཡངས་པ་ཅན་དུ་འཁོར་ཐེག་པ་མཐའ་དག་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་། དགུང་ལོ་གྱ་གཅིག་པ་ལྕགས་འབྲུག་ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་ཇི་སྐད་(༧༣བ)དུ། འདས་པའི་རྒྱལ་པོ་ཉི་མའི་འོད། །དེ་ནི་བགེགས་དགྲའི་སྤྲུལ་པ་སྟེ། ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། ཅེས་བཀའ་སྩལ་ཡུལ་གྱི་ཆོས་རྒྱལ་ཟླ་བ་བཟང་པོ་ལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས། དེ་ནས་ཟླ་བ་གཅིག་ཏུ་ཉེ་བ་ན་རྩྭ་མཆོག་གི་གྲོང་དུ་མཛད་པ་ཐ་མ་སྟོན་པར་བཞེད་ནས་དགེ་སློང་རྣམས་ལ་འདུ་ཤེས་བཅུ་སྟོན་པའི་མདོ་གསུངས། ས་ག་ཟླ་བའི་ཚེས་བཅོ་ལྔའི་མཚན་ཕྱེད་ལ་ཞི་བའི་དབྱིངས་སུ་གཤེགས་ཚུལ་བསྟན། ལོ་ཕྱི་མའི་དབྱར་གནས་ཀྱི་ཚེ་ཀུན་དགའ་བོ་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ་གནས་རྒྱལ་པོའི་ཁབ་ཏུ་འོད་སྲུངས་ཆེན་པོ་སོགས་དགྲ་བཅོམ་པ་བཞི་བརྒྱ་དགུ་བཅུ་རྩ་དགུའི་དབུས་སུ་མདོ་སྡེའི་སྡེ་སྣོད། དེ་བཞིན་དུ་ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད། འོད་སྲུངས་ཆེན་པོས་མངོན་པའི་སྡེ་སྣོད་རྣམས་འགོར་གླེང་གཞི། བར་དུ་འབྲེལ་དང་མཚམས་སྦྱོར། མཐར་འཁོར་འདུས་ཚུལ་དང་རྗེས་སུ་ཡི་རང་བཅུག་ནས་བཀའ་བསྡུ་བ་དང་པོ་མཛད། དེ་ནས་ལོ་བརྒྱ་དང་བཅུ་སོང་བ་ན་དགེ་སློང་ལྷ་ཆེན་པོ་སོགས་ཀྱིས་མི་རུང་བའི་གཞི་བཅུ་བཅས་པ་སུན་དབྱུང་བའི་ཆེད་དུ་ཡུལ་ཡངས་པ་ཅན་དུ་དགྲ་བཅོམ་པ་གྲགས་པ་ལ་སོགས་པ་བདུན་བརྒྱས་བཀའ་བར་པ་བསྡུས། སངས་རྒྱས་གཤེགས་ནས་ལོ་བཞི་བརྒྱ་ན་བདུད་ཀྱི་སྤྲུལ་པ་དགེ་སློང་བཟང་པོའི་རྗེས་འབྲངས་ཀྱིས་ཆོས་ལོག་ལ་བརྟེན་སྡེ་པ་བཅོ་བརྒྱད་ཕན་ཚུན་དུ་རྩོད་པ་བྱུང་བ་ཞི་བ་དང་། མི་བརྗེད་པའི་གཟུངས་མ་ཐོབ་པ་རྣམས་ཀྱི་དོན་དུ་གླེགས་བམ་ཡི་གེར་འདྲི་བའི་(༧༤ན)དགོས་པ་དང་བཅས་མཉན་ཡོད་དུ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། དགྲ་བཅོམ་པ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཁྲི་དྲུག་སྟོང་རྣམས་ཀྱིས་བཀའ་བསྡུ་མ་མཛད། འདི་དག་མཚོན་བྱེད་ཙམ་ཡིན་གྱི། སློབ་ལམ་གྱི་གནས་སྐབས་སུ་བྱ་དཀའ་བ་བརྒྱ་ཕྲག་དུ་མའི་སྤྱོད་པ་མཛད་པ། སངས་རྒྱས་ནས་གསུང་པ་བསམ་གྱི་མི་ཁྱབ་པའི་རྣམ་པར་ཐར་པ་མདོ་སྡེ་དང་ལུང་ལས་བྱུང་བ་དེ་དག་གི་རྗེས་སུ་འབྲངས་ཏེ། དཔལ་ལྡན་མ་ཁོལ་གྱི་འཁྲུངས་རབས་སོ་བཞི་པ། ཆོས་རྒྱལ་དགེ་བའི་དབང་པོའི་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་སོགས་ལས་གསུངས་པའི་དོན་ལ་བསམས་ན་རྒྱལ་བ་ཤཱཀྱ་ཐུབ་པ་ལ་དམིགས་པའི་དད་པ་ལྷག་པར་སྐྱེ།

དེ་བཞིན་དུ་ཤིང་རྟ་ཆེན་པོའི་སྐུ་དྲིན་ནི་ལེགས་བཤད་སྙིང་པོ་ལས། བདེ་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ། །ལེགས་པར་ཕྱེ་ནས་རྒྱལ་བའི་བསྟན་པ་མཆོག །ས་གསུམ་འགྲོ་ན་ཉི་ལྟར་གསལ་མཛད་པ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལ་སྤྱི་བོས་མཆོད། །ཅེས་པ་ལྟར་ཤིང་རྟ་ཆེན་པོ་གཉིས་ཀྱི་ཀླུ་སྒྲུབ་ནི། ལངྐར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་དེ། །ཡོད་དང་མེད་པའི་ཕྱོགས་འཇིགས་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་པ་ལྟར་བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་མཚན་(༧༤བ)མཁན་ཞིག་གིས་ཞག་བདུན་གྱི་ཚེ་ལས་མེད་ཟེར་བར་ཐབས་དྲིས་པས་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཟླ་བ་བདུན་དང་། དགེ་སློང་བརྒྱ་ལ་དྲངས་ན་ལོ་བདུན་ཐུབ་ཟེར་བ་ཐོས་པས་ལོ་བདུན་དུ་ཉེ་བ་ན་གྲོགས་དང་བཅས་བཞིན་དུ་འཁྱམས་བཅུག་པས། ནཱ་ལནྡར་སླེབས་པའི་ཚེ་མཁན་པོ་མདའ་བསྣུན་ཞབས་ཀྱི་དྲུང་དུ་རབ་ཏུ་བྱུང་། འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར། ལོ་བདུན་འགྲོ་ཁའི་མཚན་ཐོག་ཐག་གཟུངས་སྔགས་བགྲངས་པས་འཆི་བདག་གི་གཡུལ་ལས་རྒྱལ་ནས་དགུང་ལོ་དྲུག་བརྒྱ་མི་ཡུལ་དུ་བཞུགས། མཁན་པོ་ཉིད་ལ་བསྙེན་པར་རྫོགས་གསེར་འགྱུར་གྱི་རྩི་ལ་བརྟེན་ནས་དགེ་འདུན་གྱི་འཚོ་བ་སྦྱར་བས་ལོག་འཚོ་ལ་སྦྱར་ཞེས་ཉེས་པ་སེལ་སླད་གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་བཞེང་པར་གཞན་གྱིས་བསྐུལ། ཀླུའི་རྒྱལ་པོས་གདན་དྲངས་པ་བཞིན་བྱོན་ནས་ཆོས་གསུངས། ཡུན་དུ་བཞུགས་པར་ཞུས་ཀྱང་མ་གནང་བར་མཆོད་རྟེན་གྱི་ཀླུ་འཇིམ་དང་། ཡུམ་ཆེན་མོ་མི་ཡུལ་དུ་སྤྱན་དྲངས། ཤར་ཕྱོགས་པ་ཌ་བྷེ་ཀ་དང་། ཡུལ་ར་དར་དུ་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། སྒྲ་མི་སྙན་དུ་འབྱོན་པའི་ལམ་ཁར་བྱིས་པ་ཞིག་རྒྱལ་པོར་འགྱུར་བའི་ལུང་བསྟན་པ་བཞིན་ཚུར་བྱོན་པ་ན་རྒྱལ་པོར་གྱུར་ཟིན་ནས་རིན་པོ་ཆེ་མང་དུ་ཕུལ་ཞིང་ཡོན་བདག་ཏུ་གྱུར་པ་རྒྱལ་པོ་བདེ་སྤྱོད་དུ་གྲགས། གསོ་བ་རིག་པ་སོགས་ཕུགས་ཀྱི་གཙུག་ལག་གི་བསྟན་བཅོས་མང་པོ་དང་། གཙོ་བོར་རིགས་ཚོགས་དྲུག་བརྩམས་ནས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ལ་བརྟེན་ནས་ཐེག་པ་ཆེན་(༧༥ན)པོའི་སྲོལ་རྒྱས་པར་ཕྱེ།

ཐོགས་མེད་ནི། རྨ་བྱ་ཆེན་མོ་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་པ་ལྟར། མངོན་པ་ལ་དགྲ་ལན་གསུམ་དར་བའི་ཚེ་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་ཀྱིས་བསྟན་པ་སྤེལ་ཕྱིར་ཁྱེའུ་ཞིག་བསྐྲུན་པར་བསམས་ནས་རྒྱལ་རིགས་དང་འདུས་པ་ལས་འཕགས་པ་ཐོག་མེད་འཁྲུངས། དེས་རི་བོ་བྱ་རྐང་དུ་ལོ་གསུམ་གྱི་བར་བྱམས་པ་བསྒྲུབས་པས་མ་འགྲུབ་པར་ཕྱིར་བྱོན་པ་ན་རྒན་པོ་ཞིག་གིས་ཤིང་བལ་གྱིས་ལྕགས་ཀྱི་སྡོང་པོ་བརྡར་ནས་ཁབ་བཟོ་ཟེར་བ་ཐུགས་སུ་མ་ཤོང་བར་དེ་ན་རེ། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག །ཟེར་བར་སླར་ལོ་དྲུག་བསྒྲུབས་པར་ཡང་འབྲས་བུ་མ་བྱུང་པས་ཕྱིར་འཐོན་པ་ན་ཆུ་ཐིགས་དང་བྱ་སྒྲོས་བྲག་ཟད་པ་གཟིགས་པས་ཡང་ལོ་གསུམ་སྟེ་ལོ་བཅུ་བསྒྲུབས་པའི་མཐར་ཕྱི་རོལ་དུ་ཁྱི་མོ་སྨད་ཁོག་འབུས་གཡེང་པ་ཞིག་ལ་རང་གི་ཤ་སྤུ་གྲིས་བཅད་པའི་ནང་དུ་འབུ་རྣམས་འཇོག་སྙམ་སྟེ་སྤྱན་བཙུམ་སྟེ་ལྗགས་ཀྱིས་འབུ་བླང་བར་བརྩམས་པ་དང་ཁྱི་མོ་མེད་པར་བྱམས་པ་དངོས་སུ་གཟིགས་པས། ཀྱེ་མ་ཡབ་ཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །སོགས་ཡུས་པའི་ཞུ་བ་ཕུལ་པར། ང་དང་པོ་ནས་ཡོད་ཀྱང་སྔར་ཕན་མ་མཐོང་བ་འགོག་བྱེད་ཀྱི་ལས་སྒྲིབ་ད་ལམ་ཁྱི་མོ་ལ་སྐྱེས་པའི་(༧༥བ)སྙིང་རྗེས་སངས་ནས་མཐོང་བ་ཡིན། སོམ་ཉིར་གྱུར་ན་གཞན་ལ་སྟོན་གསུངས་པས་བསྟན་ཀྱང་མ་མཐོང་བས་ཐེ་ཚོམ་བཀྲོལ། ཐེག་པ་ཆེན་པོའི་ཆོས་དར་བར་གསོལ་བ་བཏབ་པ་བཞིན་ན་བཟའ་ལ་འཇུས་ནས་དགའ་ལྡན་དུ་བྱོན། མི་ལོ་ལྔ་བཅུ་རྩ་གསུམ་མམ་ཟླ་བ་དྲུག་གི་བར་བཞུགས་ནས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། བྱམས་ཆོས་སྡེ་ལྔ་སོགས་ཐེག་པ་ཆེན་པོའི་ཆོས་མང་དུ་གསན། མི་ཡུལ་དུ་ཕྱིན་ནས་དེ་གའི་དོན་འགྲེལ་པར་ས་སྡེ་ལྔ་དང་། སྡོམ་རྣམ་པ་གཉིས་ཀྱི་བསྟན་བཅོས་མཛད། ཤིང་རྟ་ཆེན་པོ་རྣམ་གཉིས་ནི་བསྟན་པ་འདི་ལ་ཉི་མ་དང་ཟླ་བ་ལྟར་གྲགས་པས་ལམ་རིམ་ཆེན་མོར།

འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །

སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །

ཞེས་བསྔགས་བརྗོད་མཛད་པ་ཡིན། མཁས་པའི་བཤེས་ལ་གུས་དགོས་པའི་རྒྱུ་མཚན་ལེགས་བཤད་སྙིང་པོ་ལས། ཤིང་རྟ་ཆེན་པོའི་སྲོལ་ནི་ལེགས་བཟུང་ནས། །འཛམ་གླིང་བློ་གསལ་བྱེ་བའི་མིག་འབྱེད་པ། །འཕགས་པ་ལྷ་དང་དཔའ་བོ་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་ཞབས། །དབྱིག་གཉེན་ཞབས་དང་དེ་སྲས་ཡོན་ཏན་འོད། །ཤཱཀྱ་འོད་དང་ཕྱོགས་ཀྱི་གླང་པོ་དང་། །ཆོས་ཀྱི་གྲགས་པའི་ཞབས་སོགས་འཛམ་གླིང་རྒྱན། །ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་མཆོག །

ཅེས་པ་ལྟར་ཤིང་རྟའི་སྲོལ་འཛིན་པའི་པཎྜི་ཏ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པར་མ་ཟད་སངས་རྒྱས་ཀྱི་ཐུགས་རྗེའི་འཇུག་པ་ལ་ཚད་བཟུང་མི་ནུས་པས། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་(༧༦ན)མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་པའི་དོན་མངོན་སུམ་དུ་གྱུར་པར་ཉེ་བའི་ཚེ་ཁ་བ་ཅན་གྱི་རྒྱལ་ཁམས་མཚོས་གང་བ་བྲི་བའི་ཤུལ་དུ་སྟོད་མངའ་རིས་སྐོར་གསུམ་རི་དྭགས་ཀྱི་གླིང་། སྨད་མདོ་ཁམས་སྒང་གསུམ་བྱའི་གླིང་། བར་དབུས་གཙང་རུ་བཞི་གཅན་གཟན་གྱི་གླིང་དུ་བཤད་ཅིང་། བུ་སྟོན་ཆོས་འབྱུང་དུ་རྒྱལ་པོ་རུ་པ་ཏི་གཡུལ་ཕམ་ནས་དམག་སྟོང་ཕྲག་དང་བཅས་ཏེ་རི་ཁ་བ་ཅན་གྱི་ཡུལ་དུ་ཞུགས་པ་ལས་འཕེལ་བར་བཤད། མཁས་པ་སྟག་ཚང་ལོ་ཙཱ་བས་རྒྱ་བལ་སོགས་དང་འདྲ་བར་ཐོག་མ་ནས་ཆགས་ཞེས་བཞེད་ཚུལ་རྣམ་གྲངས་མང་ཡང་ཡོངས་སུ་གྲགས་པ་གྲུབ་ཐོབ་དངོས་གྲུབ། མངའ་བདག་ཉང་། དབུ་རུ་ཤཱཀ་འོད་སོགས་ཀྱིས་རིམ་པར་སྤྱན་དྲངས་པའི་མ་ཎི་བཀའ་འབུམ་དང་བཀའ་འཆེམས་ཀ་ཁོལ་མ་སོགས་སུ་སྤྱན་རས་གཟིགས་དང་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་མིའི་འགྲོ་བ་འཕེལ་ཏེ། དེ་ཡང་རུས་ཆེན་བཞི་དང་མིའུ་གདུང་དྲུག་སོགས་ཀྱི་ངོས་འཛིན་ལུགས་དང་པོ་ལྟར་ན། སེ། ལྡོང་། རྨུ། སྟོང་དང་བཞི། ཕྱི་མ་ལྟར་ན། དགྲ། འབྲུ། ལྡོང་། ལྒའི་སྟེང་དུ་ནུ་བོ་དཔའ་མདའ་གཉིས་ཡིན་ལ། མཚལ་པའི་ཧུ་ལན་དེབ་ཐེར་དུ་མ་སངས་སྤུན་དགུ། རྒྱལ་ཕྲན་ཉེར་ལྔ། བཅུ་གཉིས། བསིལ་མ་བཞི་བཅུ་སོགས་ཀྱི་མཐར་བོད་སྤྱི་ལ་དབང་བའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ལྷ་རི་རོལ་པའི་ཁར་བྱོན་པ་ཕྱུགས་སྐྱོང་བའི་རྫི་བོ་རྣམས་(༧༦བ)ཀྱིས་མཐོང་སྟེ་འོ་ཅག་གི་རྗེ་འཆོལ་ལོ་ཞེས་གཉའ་བར་བཏེག་ནས་གདན་དྲངས་པས་མཚན་དེ་ལྟར་ཐོགས། འདི་ནས་བཟུང་བོད་ཀྱི་རྒྱལ་པོ་ཕལ་ཆེར་བྱང་སེམས་འཕགས་པ་བསམས་བཞིན་དུ་མིའི་སྲིད་པ་བཟུང་བར་བཤད་པའི་རྒྱལ་རབས་ཉི་ཤུ་རྩ་བདུན་གྱི་མཐར་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ཕོ་བྲང་ཡོམ་བུ་བླ་མཁར་བཏབ་ནས་བཞུགས་པའི་ཚེ། གསེར་གྱི་མཆོད་རྟེན། ཚིནྡྷ་མ་ཎིའི་བརྐོས་ཕོར། དཔང་སྐོང་ཕྱག་བརྒྱ་པ། ཡི་གེ་དྲུག་པ་སོགས་ཡ་མཚན་པ་ནམ་མཁའ་ལས་བབས་པ་གཉན་པོ་གསང་བར་མཚན་གསོལ། མཆོད་པ་ཕུལ་ཞིང་བསྟན་པའི་དབུ་བརྙེས། དེ་ནས་རྒྱལ་རབས་བཞི་སོང་བ་ན། འཇམ་དཔལ་རྩ་རྒྱུད་ལས། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པ། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བཱི་རྣམས་རིགས་སུ་འབྱུང་། །ཞེས་དང་། དཀོན་ཆོག་འབངས་ཀྱི་སྐྱེས་རབས་སུ། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། །བོད་ཁམས་མགོན་མེད་ཡུལ་དུ་ཐུགས་རྗེས་སོང་། ཞེས་པ་ལྟར། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུ་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས། མཁས་པའི་ཕུལ་དུ་ཕྱིན་པ་དང་། རྒྱལ་པོ་ཉིད་ཆབས་ཅིག་པར་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་རྒྱ་ཡིག་ལས་བཏུས་ཏེ་བོད་ཡིག་ལ་མཁོ་བ་རྣམས་གཏན་ལ་ཕབ་དགེ་བ་བཅུའི་ཁྲིམས་བཅས། སྤྲུལ་པའི་དགེ་སློང་ཨཱ་ཀ་ར་མ་ཏིས་བཅུ་གཅིག་ཞལ་དང་། འཇིག་རྟེན་དབང་ཕྱུག་ཡི་དམ་གྱི་ལྷར་གདན་དྲངས། རྒྱ་བལ་ནས་སྒྲོལ་མ་དང་ཁྲོ་གཉེར་ཅན་གྱི་སྤྲུལ་པའི་བཙུན་མོ་གཉིས་བསུས་པའི་རྟེན་སྐལ་(༧༧ན)དུ་ཇོ་ཤཱཀ་རྣམ་གཉིས་དང་བྱམས་པ་ཆོས་འཁོར་སོགས་ལེགས་བྱས་ཀྱི་ཞིང་དུ་ཕེབས། སྲིན་མོ་གན་རྒྱལ་དུ་བསྒྱེལ་བ་ལྟ་བུའི་ས་དགྲ་གནོན་བྱེད་ཀྱི་མེ་བཙར་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་བཅུ་གཉིས་བརྩིགས། ལྟེ་བར་ར་ས་འཕྲུལ་སྣང་དང་ར་མོ་ཆེའི་གནྡྷོ་ལ་རྟེན་བརྟེན་པར་བཅས་པ་ལུས་ཅན་མཐའ་དག་མཐོང་ཐོས་དྲན་དང་རེག་པས་རྣམ་པར་གྲོལ་བ་བཞེངས། ཐུ་མིས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་བ་སོགས་ཀྱིས་བསྟན་པའི་སྲོལ་བཏོད། དེ་ནས་མི་རབས་ལྔ་ན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་གཉིས་རིམ་པར་གདན་དྲངས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ། ས་གཞི་བྱིན་གྱིས་བརླབས་པས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཨོ་ཏནྟ་པུ་རིའི་དྲི་གཙང་ཁང་ལ་དཔེ་བྱས་པ་བགེགས་མེད་དུ་འགྲུབ། མཁན་པོ་ཞི་བ་འཚོས་སད་མི་མི་བདུན་རབ་ཏུ་བྱུང་། བོད་ཕྲུག་བློ་རྣོ་བ་དུ་མས་ལོ་ཙཱ་བསླབས། སངས་རྒྱས་གསང་བ། སངས་རྒྱས་ཞི་བ། དྲི་མེད་བཤེས་གཉེན། པདྨའི་ངང་ཚུལ་སོགས་པཎ་གྲུབ་མང་པོ་སྤྱན་དྲངས། ཆོས་བསྒྱུར་བ་དང་བཤད་ཉན་གྱི་སྒོ་ནས་བསྟུན་པ་རྒྱས་པར་མཛད། དེ་སྲས་མུ་ཁྲི་བཙན་པོས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་དང་། ཕྱག་རྡོར་གྱི་སྤྲུལ་པ་ཡང་དབོན་ཁྲི་ལྡེ་གཙུག་བརྟན་གྱིས་འུ་ཤང་རྡོ་བཀྲ་ཤིས་དཔེ་མེད་དགེ་འཕེལ་གྱི་ལྷ་ཁང་བརྩིགས། མེས་ཀྱི་ཆོས་བསྒྱུར་བ་རྣམས་(༧༧བ)པཎྜི་ཏ་ཛིན་མི་ཏྲ། ཤཱི་ལེནྡྲ་བོ་དྷི། སྐ་ཅོག་སོགས་ཀྱིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། བསྟན་པ་ཕྱི་དར་གྱི་ཐོག་མར་དབུས་གཙང་གི་མི་བཅུས་བླ་ཆེན་པོ་ལ་བསྙེན་པར་རྫོགས་ནས་བསྟན་པའི་མེ་རོ་སྨད་ནས་བསླང་། པཱ་ལ་རྣམ་པ་གསུམ་ལ་བརྟེན་ནས་སྟོད་འདུལ་དང་། ཁ་ཆེའི་བསོད་སྙོམས་པ་ཆེན་པོའི་རྗེས་སུ་འབྲངས་ནས་པཎ་ཆེན་བརྒྱུད་པའི་རྩ་བ་སོ་སོ་ཐར་པའི་གཞི་བཙུགས། མཉམ་མེད་ཇོ་བོ་ཆེན་པོ་ཨ་ཏི་ཤས་ཤིང་རྟ་ཆེན་པོ་གཉིས་ཀྱི་དགོངས་དོན་སེམས་འདུལ་བའི་རིམ་པ་གཙོ་བོར་མཛད་པ་ལ་བརྟེན་ཇོ་བོ་བཀའ་གདམས་པ། སོ་ཐར་གནུབས་གསུམ་ཉང་ཆོས་དབང་སོགས་གསང་སྔགས་རྙིང་མ་བཀའ་གཏེར་གྱི་བསྟན་འཛིན། ལོ་ཆེན་རིན་བཟང་འབྲོག་མི་མར་མལ་རཱ་གཉན་ཤོང་དཔང་ནས་བཟུང་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་རྗེས་འབྲངས་དང་བཅས་པའི་འཇིག་རྟེན་གྱི་མིག་གཅིག་པུ་རྣམས་བསྟན་པ་སྤྱིའི་ཞིང་ཡིན། འཇམ་དབྱངས་བདུན་སོགས་རྗེ་བཙུན་ས་སྐྱ་བ་རྗེས་འབྲངས། དྭགས་ཤངས་ཞི་སྤྱོད་བུ་དོལ་སོགས་གྲུབ་མཐའ་སྣ་ཚོགས་འཛིན་པ་མང་དུ་བྱོན་ཞིང་། ཁྱད་པར་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་བཀའ་གདམས་ནས་བརྒྱུད་པའི་ལམ་གྱི་རིམ་པ་ས་སྐྱ་པ་དང་བུ་སྟོན་ཡབ་སྲས་ནས་བརྒྱུད་པའི་རྒྱུད་སྡེ་རྣམ་བཞིའི་སྲོལ་དར་བར་མཛད། ལྷག་ཏུ་བླ་མ་འཇམ་དཔལ་དབྱངས་ལ་བརྟེན་ནས་གསུང་རབ་ཀྱི་དཔྱད་པ་མཐའ་དག་ཡོངས་སུ་རྫོགས་པས་ཟབ་མོ་དབུ་མའི་ལྟ་བ་དང་། གསང་བ་འདུས་པའི་སྒྱུ་ལུས་ཀྱི་སྐོར་སོགས་ལ་(༧༨ན)སྔོན་མེད་པའི་ལེགས་བཤད་སྣང་བ་སྟག་ཚང་ལོ་ཙཱ་བས་གཟིགས་ཏེ་བསྟོད་བསྔགས་མཛད་པ་ནི་རྗེས་འབྲངས་འདྲས་ཨ་ཕའི་གསོལ་ཞལ་གཙང་བ་ཙམ་མ་ཡིན་པའི་དབང་རྣོན་ཆོས་རྗེས་འབྲངས་པའི་ངེས་པ་གཏིང་ཚུགས་པ་ཡིན་པར་འདུག་པ་ཕྱོགས་ལྷུང་དང་བྲལ་བའི་བསྔགས་བརྗོད་དུ་སོང་། དེར་མ་ཟད་འདུལ་འཛིན་མཁས་པའི་དབང་པོ་ནམ་མཁའི་སྐར་ཚོགས་ལྟར་བྱོན། ཡང་འདུལ་བ་ནས་ཇི་ལྟར་བཤད་པའི་བསླབ་བྱ་ཕྲ་རགས་མཐའ་དག་གངས་ཅན་འདིར་གཏན་ལ་ཕབ་པ་ནི་རྗེ་བླ་མ་འདི་ཉིད་ཀྱི་བཀའ་དྲིན་ཡིན་པས། ཐུབ་བསྟན་སྤྱིའི་དགེ་བའི་བཤེས་གཉེན་དཔལ་ཡེ་བཟང་རྩེ་པའི་ཞལ་སྔ་ནས་ཀྱིས་གཉལ་གྱི་མོ་ལའི་རྩར་ཞགས་མཛད་པས། ཁྱོད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འདྲ་བ་ཞིག་འོང་བར་ཤེས་པར་གྱིས་ཤིག ཅེས་པའི་ལུང་བསྟན་པ་བརྙེས། ཡི་དམ་གྱིས་ཀྱང་འདུལ་བའི་བསླབ་པ་ལ་བརྟེན་ནས་གཞན་ལ་ཕན་པ་ཆེན་པོར་འགྱུར་བར་ལུང་བསྟན་པས་ཐོག་མར་དཔོན་སློབ་རྣམས་ཀྱིས་བླ་གོས་དྲས་ཤིང་དྲུབས་པ་དང་ལྷུང་བཟེད་གདིང་བ་ལ་སོགས་པའི་ཡོ་བྱད་རྣམས་བསྣམས་ནས་གཞན་དག་གིས་མཐོང་ན་རབ་ཏུ་བྱུང་བའི་ཚུལ་ནི་འདི་ལྟ་བུ་ཞིག་ཁོ་ནའོ། །ཞེས་ཡིད་ཆེས་པར་འགྱུར་པར་མཛད་ནས། ཕྱིས་ནི་ལོ་རེའམ་ཟླ་རེ་ཙམ་ཆོས་ཉན་པར་རྩོལ་པའི་སློབ་མ་དག་ཀྱང་འདུལ་བའི་ཀུན་ཏུ་སྤྱོད་པ་ལ་བཀོད་པས་མངོན་སུམ་དུ་གྱུར་བ་ལྟ་ཞོག རྒྱང་རིང་པོ་ནས་ཐོས་པ་དག་ཀྱང་སྤུ་ལོང་གཡོ་བས་ཕྱོགས་ཐམས་ཅད་དུ་སྙན་པས་ཁྱབ་སྟེ་འགྲན་ཟླ་མེད་པར་གྱུར། ཞེས་གསུངས་པས་མཚོན་ཏེ་(༧༨བ)རྣམ་པར་ཐར་པ་བསམ་གྱི་མི་ཁྱབ་མོད། མདོར་ན་བཤད་མ་ཐག་པའི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་པར་ཐར་པ་མཐོང་ཐོས་དྲན་དང་རེག་པས་དད་པ་གོང་འཕེལ་དུ་གྱུར་ལ། འགྲོ་ལ་བརྩེ་བ་ནི། འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་ནས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་ལས་ཉོན་གྱི་དབང་དུ་གྱུར་པའི་སེམས་ཅན་གཉིས་འཛིན་གྱི་འཆིང་རྒྱ་དམ་པོས་བཅིངས་ཏེ་སྲིད་པ་འདིར་ཡང་ནས་ཡང་དུ་འཁོར་ནས་ཉམ་ཐག་པ། བདེ་བ་འདོད་ཀྱང་མ་རིག་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་ཁོ་ན་བསྒྲུབས་པ་རྣམས་ལ་བཏང་སྙོམས་ཚད་མེད་ཀྱིས་གཞི་བཟུང་བར་སྙིང་བརྩེ་བས་ཀུན་ནས་བླངས་ཏེ་འགྲོ་བའི་ཕན་བདེ་འབྱུང་བའི་སྒོ་གཅིག་བུ་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་སྲིད་མཐའི་བར་དུ་གནས་ན་ཅི་མ་རུང་སྙམ་པ་ཕན་ཚུན་འགྲན་པ་བཞིན་དུ་རྒྱལ་བ་བཙོང་ཁ་པ་ཆེན་པོའི་ཐུགས་ལ་ཤར་བའི་ཚུལ་ཚིགས་བཅད་དུ་མཛད་པ་ཡིན་ལ། དེའང་སངས་རྒྱས་ཀྱིས་གསུངས་པའི་བཀའ་དང་། དེའི་དགོངས་འགྲེལ་ཤིང་རྟ་ཆེན་པོ་རྗེས་འབྲངས་སོགས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་མཛད་པའི་བསྟན་བཅོས་རྣམས་ནི་རྒྱལ་བསྟན་རིང་པོར་གནས་པའི་ཐབས་ཀྱི་གཙོ་བོ་ཡིན་པས། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར་(༧༩ན)ཞེས་གསུངས་པའི་བཀའ་དང་། ཕལ་མོ་ཆེ་འཕགས་པའི་ཡུལ་དུ་ལེགས་སྦྱར་གྱི་སྐད་དུ་ཡོད་པ་ལྗོངས་འདིར་ལོ་པཎ་གྱི་འགྱུར་རྣམ་དག་ལ་བལྟོས་པས་ལོ་ཙཱ་བས། གངས་ཅན་འདི་ན་ཚིག་ལ་མཁས་པ་དཀོན། །ཀླ་ཀློ་བླུན་པོའི་སྐད་ཀྱི་བརྗོད་དོན་འཆོལ། །འགའ་ཞིག་སྐད་དོད་འགའ་རེས་ཆོག་པར་འཛིན། ལ་ལས་རང་གི་རྣམ་དཔྱོད་ཚོད་ལྟ་བྱེད། །ཁ་ཅིག་རང་གི་ཁོང་དུ་མ་ཆུད་ནས། །ཚུལ་འདི་ཕྱི་རབས་གོང་ལ་ཉེར་མཁོའི་ཆོས། །མིན་ཞེས་སྡང་སྨྲས་ཚུལ་གྱིས་རབ་ཏུ་འདོར། །ལེགས་པར་བཤད་ནས་སྨྲ་བ་རེ་རེ་ཙམ། །

ཞེས་གསུངས་པ་ལྟར་བསྟན་པ་སྔ་དར་གྱི་དུས་རླངས་ཁམ་པ་གོ་ཆ། སྦས། ཉང་བཻ་རོ་ཙ་ན་སོགས་ཀྱིས་འབུམ་བསྒྱུར་ཞིང་། གཞན་ཡང་པཎྜི་ཏ་སརྦ་ཛྙཱ་དེ་བ། བིདྱཱ་ཀ་ར་པྲ་བྷ། དྷ་རྨ་ཀ་ར། ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོ་རྣམས་ཀྱིས་འདུལ་བ་ལུང་། པཎྜི་ཏ་བིདྱཱ་ཀ་ར་སིདྷི། ཤཱི་ལེནྡྲ་བོ་དྷི། ཛི་ན་མི་ཏྲ། ལོ་ཙཱ་བ་དཔལ་བརྩེགས། ཡེ་ཤེས་སྡེ་སོགས་ཀྱིས་མདོ་སྡེ་སྣ་ཚོགས་པ། རྨ་གཉགས་གནུབས་སོགས་ཀྱིས་མདོ་སྒྱུ་སེམས་གསུམ་སོགས་ལྐོག་ཆོས་ཀྱི་ཚུལ་དུ་བསྒྱུར། སྔ་དར་ལ་མ་འགྱུར་བའི་མདོ་རྒྱུད་རྣམས་ལོ་ཆེན་རིན་བཟང་མན་ཆད་ཀྱིས་བསྒྱུར་པ་ལས་སྔ་དར་གྱི་དུས་ཕང་ཐང་ཀ་བ་མེད་པའི་གཙུག་ལག་ཁང་དུ་བནྡེ་དཔལ་བརྩེགས་ཅན་གྱིས་བཀའ་འགྱུར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་དཀར་ཆག་ཕང་ཐང་མ། སྟོང་ཐང་ལྡན་དཀར་དུ་སྐ་ཅོག་གཉིས་ཀྱིས་བསྒྲིགས་པར་ལྡན་དཀར་མ། ཕྱི་དར་ལ་མཆིམས་ཀྱིས་ལུང་(༧༨བ)སྡེ་བཞི་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཐུགས་དམ་མདོ་མངས་ལྷ་མིའི་རྒྱན་མཆོག་ཆུ་མིག་ན་བཞུགས་པ། གྲུ་སྤར་རྩའི་འཛམ་གླིང་རྒྱན་ཞ་ལུ་གསེར་ཁང་དུ་བཞུགས་པའི་གསུང་རབ་སོགས་མང་དུ་བསྡུས་ནས་སྣར་ཐང་དུ་དབུས་པ་བློ་གསལ། ལོ་ཙཱ་བ་བསོད་ནམས་འོད་ཟེར། བརྒྱང་རོ་བྱང་ཆུབ་འབུམ་སོགས་མང་པོས་བཀའ་འགྱུར་ཕྱོགས་གཅིག་ཏུ་བསྒྲིགས་པར་བཅོམ་ལྡན་རལ་གྲིས་དཀར་ཆག་ཉི་མའི་འོད་ཟེར་མཛད། ཀུན་མཁྱེན་བུ་དང་། མཚལ་པ་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་ཀྱིས་དཀར་ཆག་ཏུ་བཀོད་པའི་བཀའ་འགྱུར་གཉིས་དབུས་གཙང་དུ་དར་རྒྱས་ཆེ་ཞིང་། དེ་དག་ལས་འཕྲོས་ཏེ་འབྱོར་ལྡན་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསྐྲུན་པའི་ཆེད་དུ་འབྲི་ཀློག་གི་མིག་ལྟོས་དབྱར་མཚོ་ལྟར་འཕེལ་བ་ལས་སྒོ་མོ་ལྕགས་ལུང་པའི་རབ་འབྱམས་སྨྲ་བ་བློ་བཟང་མཁས་གྲུབ་ལི་ཐང་ཐུབ་བསྟན་ཆོས་འཁོར་གྱི་ཁུར་ལེན་ཕོག་ནས་རང་ཡུལ་དུ་འབྱོར་པའི་ཚེ་ཟང་ཟིང་གི་དངོས་དཔྱད་གྱ་ནོམ་པའི་སྟེང་ནས་ཆོས་བཞེད་ཀྱི་དགོས་ཆའི་བདོག་པ་མཐའ་དག་ལྷ་རིགས་ས་སྐྱོང་ཆེན་པོའི་ཕྱག་ཏུ་བཏབ་སྟེ་ལྕགས་ཕོ་སྤྲེའུ་ནས་ལེགས་པར་བཞེངས་པའི་ཕན་ཡོན་ནི། བརྒྱད་སྟོང་པ་ལས། ཀུན་དགའ་བོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འདོད་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་འདི་མཉན་པར་བྱ། བཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་(༨༠ན)ཆུབ་པར་བྱ། རབ་ཏུ་གདོན་པར་བྱ། བསྟན་པར་བྱ། ཉེ་བར་བསྟན་པར་བྱ། ལུང་འབོགས་པར་བྱ། ཁ་ཏོན་དུ་བྱ། བྲི་བར་བྱ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་། བདུག་པ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་། ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དང་ཁོ་ར་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང་མཆོད་པ་རྣམ་པ་མང་པོས་བཀུར་སྟིར་བྱ། བླ་མར་བྱ། མཆོད་པར་བྱ། རི་མོར་བྱ། བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངའི་རྗེས་སུ་བསྟན་པའོ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་ཕན་ཡོན་རྒྱ་ཆེར་བཀའ་སྩལ་བ་སྟེ། ནམ་ཡང་མི་བསླུ་བའི་རྒྱུ་མཚན། ཏིང་འཛིན་རྒྱལ་པོ་ལས། །ཟླ་བ་སྐར་མར་བཅས་པ་གནས་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་གཞི་ལ། །ནམ་མཁའི་ཁམས་འདི་རྣམ་པ་གཞན་གྱུར་ཀྱང་། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང་། །ཞེས་པས་ཤེས་ནུས་སོ།།

འདིས་མཚོན་བསགས་སོ་ཅོག་གི་དགེ་བའི་སྤྲིན། །སྟུག་པོའི་དབུས་ནས་བྱང་ཆུབ་ཡོངས་བསྔོས་འབྲུག །སྐད་གསང་བསྒྲགས་ཚེ་གཏན་བདེ་རྨ་བྱ་མོའི། །མངལ་ཁུར་སྟོབས་བཅུའི་རྩལ་གྱིས་ལྕི་བར་ཤོག །འཇིག་རྟེན་གསུམ་གྱི་དབང་ཕྱུག་རལ་པའི་རྩེར། །ཞྭ་སེར་བསྟན་པའི་ཟླ་བ་ཡོངས་ཚེས་པ། །ཆ་ཤས་བསྐྱེད་དུ་བསྲིངས་(༨༠བ)པའི་སྣང་བ་ཡིས། བདེ་སྐྱིད་གཟུགས་བརྙན་མ་ལུས་མཐོང་བར་ཤོག །གནས་ལྔ་རིག་པ་སྨྲ་མཁས་མགྲིན་པའི་རྔ། །ཤེས་རབ་དབྱུ་གུས་བསྐུལ་པར་འཇམ་དཔལ་དབྱངས། །རྟག་ཏུ་དགའ་བའི་བཤེས་གཉེན་གཟུར་གནས་ཀྱི། །མགོན་དང་གླིང་དུ་ནམ་ཡང་འཕོ་མེད་ཤོག །རྣམ་དཔྱོད་ཁྱབ་འཇུག་སྒྱུ་རྩལ་རུས་སྦལ་གྱིས། །སངས་རྒྱས་བསྟན་པ་རྒྱ་མཚོའི་གོས་ཅན་ལྗིད། །གྱེན་དུ་འདེགས་ནུས་ས་སྤྱོད་རྒྱལ་པོའི་ཞབས། །གཡུང་དྲུང་ལྟ་བུར་འགྱུར་མེད་བརྟན་པར་ཤོག །ཨེ་རོང་ལྷོ་རྒྱུད་མ་ལ་ཡ་ཚལ་དུ། །ལྷ་རིགས་མི་དབང་བསོད་ནམས་ཙནྡན་ལྗོན། །གཡུར་ཟའི་གྲིབ་མར་འབངས་སུ་གཏོགས་སོ་ཅོག །ཕན་བདེའི་དྲི་བསུང་དངར་པོ་སྣར་སིམ་ཤོག །ལི་ཐང་བླ་ཟུར་བློ་བཟང་མཁས་གྲུབ་ཀྱིས། །གཙོ་བྱས་སྒོ་མོ་ལྕགས་ལུང་མི་ནོར་ཕྱུགས། །ཚེ་དཔལ་དབང་ཐང་རྣམ་མང་ཐོས་སྲས་ལ། །འགྲན་པའི་སྐལ་བ་བཟང་པོར་འགྱུར་པར་ཤོག །སྒོ་གསུམ་འབད་པའི་དཀའ་ཐུབ་དྲག་པོ་ཡིས། །རྒྱལ་གསུང་འདྲི་བར་ཆུ་ཐིགས་ཙམ་གྱིས་ཀྱང་། །ཕན་པ་བསྒྲུབ་པ་མཐའ་བརྟེན་སྐྱེ་རྒུ་རྣམས། །འདི་ཕྱིར་སིམ་པའི་ཚོར་བ་རྟག་མྱོང་ཤོག །བཏབ་པའི་སྨོན་ལམ་མཐའ་དག་ཡིད་བཞིན་དུ། །རེ་འབྲས་སྨིན་པར་མཆོག་གསུམ་ཐུགས་རྗེ་ཡི། །འཇུག་པ་དུས་ལས་མི་གཡོ་བཀྲ་ཤིས་གླུ། །སྙན་པོ་རྣ་བའི་དཔྱིད་དུ་ལེན་གྱུར་ཅིག །ཅེས་བཀའ་འགྱུར་རོ་ཅོག་གསར་བཞེངས་ཀྱི་སྨོན་ལམ་ཆེ་བརྗོད་དང་བཅས་པ་དྲི་ཟའི་རྒྱུད་མང་འདི་ནི་ཡོན་སྦྱོར་མཁན་(༨༡ན)པོ་ཉིད་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེས་ལྕགས་བྱ་ནག་པ་ཟླ་བའི་ཉེར་གཉིས་ལ་བཀོད་པའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་ཛ་ཡནྟུ། །

 

 

 

གངྒའི་རྡུལ་མཁྱེན་གྲངས་ཀྱི་ཆ་ཙམ་དུ། །བསྒྲུན་པར་མི་ནུས་ཞི་ཁྲོའི་རྟེན་བརྟེན་པ། །ཀུན་ཀྱང་རང་རིག་ཁྱབ་བདག་རྡོ་རྗེ་སེམས། །གཅིག་ལས་དུ་མར་འཆར་བ་འཕྲུལ་པོ་ཆེ། །ལྷ་སྔགས་ཡེ་ཤེས་རོལ་པའི་རྣལ་འབྱོར་གྱིས། །ཡིད་སྲུབས་སྡེ་ལས་རྣམ་པར་རབ་རྒྱལ་བའི། །གཞན་ཕན་ལྷུན་གྲུབ་ཟུང་འཇུག་བདེ་ཆེན་གར། །ལེགས་བསྒྱུར་རིག་སྔགས་འཆང་བའི་བཤད་སྒྲུབ་གླིང་། །གང་དེའི་རྒྱུན་གྱི་ཉམས་བཞེས་ཞལ་འདོན་རྣམས། །ཕྱོགས་གཅིག་ཡི་གེར་ཉེར་བཀོད་པུ་སྟ་ཀ༔ །མཆོད་སྦྱིན་འཛད་མེད་པར་གྱི་སྒོ་འབྱེད་པ། །དཔྱད་གསུམ་དག་པའི་ལྡེ་མིག་དེང་འདིར་བསྐྲུན། གངས་རི་བརྒྱ་ཕྲག་ཟླ་ཞུན་གྱིས་བྱུགས་ལས། །ཆེས་དཀར་རྣམ་དག་བསམ་པའི་ཕྱོགས་འདི་ལ། །སྒོ་གསུམ་འབད་དང་མཐུན་རྐྱེན་ཉེར་སྦྱོར་བའི། །བྱེད་པོར་གཏོགས་སོ་ཅོག་གི་ལུས་ཅན་རྣམས། །རྫོགས་ལྡན་དུས་ཀྱི་ཚེ་འབྱོར་བདེ་སྐྱིད་ཀུན། །མངོན་སུམ་ཉམས་མྱོང་སྐྱེ་བར་དལ་འབྱོར་རྙེད། །ངེས་གསང་ཐེག་མཆོག་ཆོས་ལ་ལོངས་སྤྱད་ནས། །བཅུ་གསུམ་རྡོ་རྗེའི་ས་དེར་ཉེར་བགྲོད་ཤོག །སྤྱི་དང་ཁྱད་པར་འཇམ་མགོན་བཙོང་ཁ་པའི། །རིང་ལུགས་དེ་འཛིན་སྡེ་རྣམས་ཕྱོགས་བཅུར་འཕེལ། །རྡོ་རྗེའི་སློབ་དཔོན་གཡུང་དྲུང་ལྟར་བརྟན་ནས། །སྨིན་གྲོལ་འཁོར་ལོ་ཆད་མེད་བསྐོར་བར་ཤོག །དགའ་བ་(༨༡བ)བརྒྱ་པའི་དཔལ་ལྡན་ཕོ་བྲང་ཆེའི། །ཆོས་སྲིད་གྱེན་འདེགས་ནོར་འཛིན་སྐྱོང་བའི་ལྷ། །ཞབས་བརྟན་མངའ་ཐང་རབ་རྒྱས་ལུགས་གཉིས་ཁྲིམས། །མཆོག་དམན་ཕྲག་པར་ཁུར་དུ་ལྕི་བར་ཤོག །

རང་གཞན་ཕན་བདེའི་རྩ་ལག་ཐེག་ཆེན་ལམ། །

ལེགས་པར་བཤད་དོན་ཉམས་སུ་བསྟར་བའི་གླིང་། །

སྲིད་མཐའི་བར་དུ་རྣམ་གསུམ་འཁོར་ལོ་རྣམས། །

དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །

འཇིག་རྟེན་སྤྱི་དང་བྱེ་བྲག་རྒྱ་ཧོར་བོད། །དུས་ཀྱི་ཆད་པ་བརྣག་དཀའི་ཟུག་རྔུ་རྣམས། །མིང་མཐར་བྱས་ནས་ལུས་ངག་ཡིད་གསུམ་ལ། །སིམ་པའི་ཚོར་བ་རྟག་ཏུ་མྱོང་བར་ཤོག །རྩ་གསུམ་བྱིན་རླབས་དམ་ཅན་མཐུ་སྟོབས་རྩལ། །ཆོས་དབྱིངས་འགྱུར་བ་མེད་པ་རྣམ་པར་དག །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་མཐུས། །ཇི་ལྟར་ཡོངས་སྨོན་འདོད་དོན་ལྷུན་གྲུབ་ཤོག །རྒྱལ་སྲས་སློབ་མར་བཅས་པས་མགྲིན་གཅིག་ཏུ། །བདེན་ཚིག་དབྱངས་སྙན་ལེན་དང་ཕྱོགས་མཐུན་དུ། །མཁའ་ལ་འཆི་མེད་ཚོགས་ཀྱིས་གོམ་བཀོད་དེ། བཀྲ་ཤིས་མནྡྷ་ར་ཡི་ཆར་འབེབས་ཤོག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་རིམ་པ་རྣམས་མི་འཆོལ་ཞིང་ཁུངས་དག་པའི་ཆེད་པར་དུ་འཁོད་པ་ཞིག་བྱུང་ན་ཞེས་གྲྭ་དམངས་(༨༢ན)རྣམས་གླེང་བརྗོད་མཛད་པར་བརྟེན། ས་ལུག་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་མ་ཡང་ཡང་བྱུང་བས་རྐྱེན་བྱས་སྒྲ་མདོ་ཆེན་པོ་བཞི་ལ་ཕུལ་དུ་ཕྱིན་པའི་འདར་པ་ལོ་ཆེན། མོན་མཁར་རྣམ་གླིང་པཎ་ཆེན། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་དཔེ་ཁུངས་ཐུབ་མང་པོ་དང་བསྟུན་ཞིང་ངེད་རང་ལ་དོགས་དཔྱད་ནས་ཞུས་དག་པར་བྱས་པའི་པོད་ཚད་དུ་ལོངས་པ་ལྕགས་བྱ་ལོ་ས་སྐྱོང་སངས་རྒྱས་རྒྱ་མཚོས་དགོས་བྱེད་མཐུན་རྐྱེན་གྱི་བཀོད་པ་དང་བཅས་སྔགས་རམས་པ་མཁས་བཙུན་རྒྱ་མཚོ་དོ་དམ་དུ་བཏང་ནས་དགའ་ལྡན་དུ་ཕུན་ཚོགས་གླིང་པར་ཡིག་གི་མ་དཔེ་དང་མཐུན་མི་མཐུན་གྱི་ཞུས་ཆེན་དང་དོ་དམ་པ་དགེ་སློང་བློ་གྲོས་བརྟན་པ། དགེ་སློང་བློ་གསལ་མཁས་པ། དགེ་སློང་སྨྲ་བའི་དབང་ཕྱུག་གསུམ་དང་། ཡིག་མཁན་བློ་བཟང་དམ་ཆོས་ཅན་དགུ །པར་རྐོས་པ་དབུ་མཛད་དགོས་སླེབས་ཅན་བཞི་བཅུ་ཐམ་པ། ཤིང་བཟོ་བ་ཨ་དཀར། ཡོ་བྱད་སྤྲོད་མི་ཁང་སེར་མ་ཤེས་རབ་དཔལ་བཟང་དང་། ཀ་བཞི་སྨད་པ་བསོད་ནམས་ནོར་བུ་རྣམས་ཀྱིས་གང་དགོས་ཀྱི་མཐུན་རྐྱེན་སྦྱར་ནས་པར་དུ་བརྐོས་པའི་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཛ་ཡནྟུ།།  །།(༨༢བ)

 

ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། (༢༡) པ་ལས་དྲངས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།