བོད་མི་སྤྱིས་བཙན་པོ་སྲོང་བཙན་སྒམ་པོར་འཛིན་པའི་འདུ་ཤེས།

བོད་མི་སྤྱིས་བཙན་པོ་སྲོང་བཙན་སྒམ་པོར་འཛིན་པའི་འདུ་ཤེས།
བོད་མི་སྤྱིས་བཙན་པོ་སྲོང་བཙན་སྒམ་པོར་འཛིན་པའི་འདུ་ཤེས།
                              ____•ར་སེ་དཀོན་མཆོན་རྒྱ་མཚོས། 
སྤུ་རྒྱལ་བཙན་པོ་སྲོང་བཙན་སྒམ་པོ་མཆོག། 
འཕགས་ཡུལ་རྨ་བྱའི་རྒྱལ་པོ་མྱ་ངན་མེད།། 
རྒྱ་ནག་ཆིན་གྱི་གོང་མ་ཆིན་ཧྲི་ཧོང་།།
མེས་རྒྱས་གཅིག་གྱུར་མཛད་ཚུལ་གཉིས་སུ་མེད།། 
གདོང་དམར་བོད་པའི་ལས་ཀྱི་བགོ་སྐལ་དུ།། 
སྤུ་རྒྱལ་བཙན་པོའི་གདུང་རབས་རྨད་བྱུང་བ།། 
སྒྱུ་སྐད་དབུས་ན་བསིལ་ཟེར་དབང་པོ་བཞིན།། 
སྲོང་བཙན་སྒམ་པོ་རིགས་འདིའི་གཙུག་ནོར་ཉིད།། 

 

དེང་འདིར་ཙི་ནའི་རིགས་ཀྱིས་ཡན་ཧོང་ཟུང་།།
མོང་གོལ་རིགས་ཀྱིས་ཇིང་གིར་བླར་བསྟེན་ན།།
རིགས་འདིས་སྲོང་བཙན་མཆོད་ཅིང་བཀུར་འོས་ཀྱང་།། 
ཁྱིམ་གྱི་ཕུགས་སུ་མཆོད་མཁན་གཅིག་ཀྱང་མེད།། 
སིལ་བུའི་དུས་སུ་ཆོས་ལུགས་བསྒྲོག་ཐབས་སུ།། 
བཙན་པོའི་དབུ་ཐོག་འོད་དཔག་མེད་བརྒྱན་ཏེ།། 
སྙིང་རྗེའི་ལྷ་མཆོག་བསིལ་ལྗོངས་དངོས་བྱོན་ཞེས།། 
ལྷ་སྒྲུང་རིང་མོའི་གཏམ་གྱིས་མཛད་རྗེས་བསྒྲིབས།། 
མི་ཡུལ་མི་ཡིས་བསྐྲུན་པའི་འཐབ་རྩོད་རྣམས།། 
མི་བུའི་ལས་དབང་རང་བརྟེན་བདེན་དཔག་ཡིན།། 
ལྷ་སྒྲུང་ངོ་མཚར་བརྫུན་གྱིས་བསླད་དྲགས་པས།། 
བོད་ཀྱི་ལོ་རྒྱུས་དངོས་དང་ནང་ཆོས་བརྫད།། 
དུས་རབས་བཅུ་པ་ཚུན་ནས་གཡོ་ཅན་ཚོས།།
རང་གི་འདོད་པ་མཐའ་དག་འགྲུབ་པའི་ཆེད།། 
མྱེས་པོའི་མཛད་བཟང་ལྷ་སྒྲུང་ལུགས་ཀྱིས་བསྒྲིབ།། 
གདོང་དམར་རང་གཤིས་བརླག་པའི་རྗེས་ནག་མང་།། 
དཀའ་སྤྱད་འབད་བརྒྱའི་མཛད་བཟང་རྒྱང་དུ་བསྐྲུར།། 
བཙན་པོས་སྐྲུལ་པས་བོད་ཁམས་སྐྱོང་ཚུལ་སོགས།། 
ལྷ་རུ་བཞེངས་པའི་དག་སྣང་དངོས་ཡིན་ཀྱང་།། 
དོན་གྱི་མི་མཆོག་བཀུར་བའི་འདུ་ཤེས་བརླག། 
སྲོང་བཙན་སྒམ་པོའི་ཐུགས་ལ་མ་འཆར་བ།། 
ཁོང་གི་རྣམ་འཕྲུལ་མང་པོས་བོད་ཡུལ་ཁེངས།། 
སྲོང་བཙན་ཕུགས་བསམ་དྲན་མཁན་མེད་པ་ན།། 
བཙན་པོའི་མཛད་རྗེས་བསྲུང་མཁན་གང་ན་ཡོད།། 
མེས་དབོན་གསུམ་གྱི་གྲས་སུ་བཀུར་བ་ནི།། 
ཆོས་རྒྱལ་ཡིན་ཞེས་ལྷ་སྒྲུང་རྗེས་འབྲངས་ནས།། 
དད་པས་ཡིན་ཞེས་དཔའ་མཛངས་འཕྲུལ་ལྡན་པས།། 
གཅིག་གྱུར་མངའ་ཐང་བསྐྱེད་པའི་དྲན་གསོ་མིན།། 
སྲོང་བཙན་སྒམ་པོའི་བླ་སྒྲུབ་དབང་བསྐུར་དང་།། 
སྐྱེས་རབས་གསོལ་འདེབས་གསུང་འབུམ་ལ་སོགས་པ།། 
ལྷ་སྒྲུང་ནང་ཆོས་བསྲེས་པའི་འཁྲུལ་གཏམ་ལས།། 
ཡང་དག་མི་ཆོས་ལུགས་ཀྱི་བརྩི་མཐོང་མིན།། 
བཙན་པོའི་ཕོ་བྲང་ཡོད་ཚད་ལྷ་ཁང་བསྒྲུར།། 
བཙན་པོ་ལྷ་ཡི་སྤྲུལ་སྐུར་བསྒྲོགས་པ་རྣམས།། 
ཆོས་ཕྱོགས་དད་པའི་རྟོག་བཟོའི་སྒྱུ་འཕྲུལ་ལས།། 
མྱེས་པོའི་སྙིང་སྟོབས་མཚོན་པའི་རྗེས་དྲན་མིན།། 
བཙན་པོའི་བང་སོ་ཉམས་མེད་གནས་པ་ལ།། 
ཕྱག་མཆོད་བཀུར་བསྟིས་བཀའ་དྲིན་རྗེས་དྲན་མེད།། 
སྟེང་དུ་ལྷ་ཁང་བརྩིགས་ནས་ཞབས་སུ་མནན།། 
སྤྲོ་འཆམ་ལྗོངས་རྒྱུའི་རྐང་པའི་འོག་ཏུ་བསྐྱུར།། 
མི་ཆོས་གཙང་མའི་གོམས་ཚུགས་འཁྱོར་ན་ཡང་།། 
ལྷ་ཆོས་མཐོ་སྙེགས་མཁའ་ལ་འཕགས་པའི་ཚུལ།། 
མི་ཆོས་སྲོག་ཤིང་བཙན་པོའི་བར་སོའི་ཐོག།
ལྷ་ཆོས་ཡིན་ཁུལ་མ་རབས་ལུགས་ཀྱིས་མཚོན།། 
མི་རིགས་འདི་ཡི་སྲིད་པའི་སྤྱི་མེས་མཆོག། 
རླབས་ཆེན་བཙན་པོའི་མཛད་རྗེས་ངོས་བཟུང་སྟེ།། 
ལྷ་སྒྲུང་གཏམ་གྱི་རྙོགས་མ་རབ་དྭངས་ཞིང་།། 
སྲིད་པའི་ལོ་རྒྱུས་གཙང་མ་གསོར་ཆུད་ཤོག། 

བརྒྱུད་སྐུལ།

མཆན་སྤེལ།