དེ་ཡང་སྤྱིར་དུས་གྱི་ལས་ལ་ས་ཆུ་མེ་དུར་སོགས་ཀྱི་དབྱེ་བ་བྱར་ཡོད་ཅིང་འཛམ་གླིང་ཡུལ་གྲུ་ཀུན་ན་རྣམ་པ་ཅི་རིགས་པའི་ཚུལ་གྱིས་དར་ཁྱབ་ཆེ་མོད། བྱ་དུར་འདི་བོད་ཁམས་མ་གཏོགས་དེང་སང་ཡུལ་གྲུ་གཞན་ལ་ཆེར་མི་དར་བར་མངོན་ལ། ལུགས་སྲོལ་འདི་བོད་ཡུལ་ལ་ནམ་དུས་དར་བ་ཡིན་མིན་ཐད་མཁས་པའི་བཞེད་སྒྲོས་མི་འདྲ་བ་འགའ་རེ་འདུག་པ་ལས། ཁ་ཅིག་གིས་ཕ་དམ་པ་སངས་རྒྱས་བོད་ཡུལ་དུ་བྱོན་ཏེ་ཞི་བྱེད་གཅོད་ཡུལ་སྤེལ་ཏེ་ཕུང་པོ་གཟན་བསྒྱུར་གྱི་ལུགས་སྲོལ་བཏོད་པ་ནས་དར་བར་འདོད་པ་དང་། ཡང་འགའ་རེས་འབྲི་གུང་སྐྱོབ་པ་རིན་པོ་ཆེའི་སྐུ་དུས་སུ་གདན་སའི་ནུབ་ངོས་སྤོར་རྟ་ཆག་ལྟེང་ཁ་བྱ་བའི་གནས་དེར་འབྲི་གུང་དུར་ཁྲོད་རྟེན་འཕྱག་ཆེན་མོ་ཞེས་བྱ་བ་བཏབ་སྟེ་ཚེ་འདས་རྣམས་ཀྱི་གཟན་དུ་བསྐྱུར་བའི་ཆོ་ག་བྱས་པ་ནས་བཟུང་སྟེ་དར་བར་འདོད་པ་དང་། གཞན་དག་ནི་ཡིག་རྙིང་རྣམས་ལས་དཔགས་ན་དེ་གཉིས་ཀ་ལས་ཀྱང་དུས་ཡུན་ཆེས་སྔ་མོ་ཞིག་ནས་བོད་དུ་བྱ་དུར་གྱི་ལུགས་སྲོལ་འདི་དར་ཚར་ཟིན་པའི་འདོད་ཕྱོགས་འཛིན་པར་འདུག་གོ།
།གང་ལྟར་བྱ་དུར་གྱི་སྲོལ་འདི་བོད་ལ་གནའ་དུས་ཤིག་ནས་དར་ཡོད་པ་གསལ་པོ་རེད་ལ། དམ་པའི་ཆོས་ཕྱོགས་ནས་བཤད་ན་འདི་ནི་ཡུལ་གོམས་གཤིས་ལུགས་ཙམ་གྱི་གོ་དོན་ལས་བརྒལ་ཏེ་ཚད་མཐོན་པོའི་བསམ་བློ་ལས་བྱུང་བའི་ལས་སྒོ་ཞིག་སྟེ། མཆོད་སྦྱིན་གཉིས་ཀའི་དོན་ཚང་བར་མ་ཟད། བདག་ཏུ་འཛིན་པའི་གཞི་གསུམ་གྱི་ནང་ནས་རང་གི་ལུས་དང་འབྲེལ་བ་ཡོད་སྟབས་ཕན་ཡོན་ཆེས་ཤིན་ཏུ་ཆེན་པོ་དང་ལྡན་པ་ཡིན་ཏེ། མ་ཅིག་ལབ་སྒྲོན་གྱིས།
ཟང་ཟིང་གི་ཚོགས་བསགས་བརྒྱ་བསགས་པ་བས།
རང་གིས་ལུས་ཀྱིས་ཚོགས་བསགས་གཅིག་གལ་ཆེ།
ཞེས་གསུངས་པ་ཡིན་ནོ།
།དེ་ཡང་ཇི་སྲིད་དུ་རང་གི་ལུས་ལ་ཚོད་མ་ལྟ་བུའི་འདུ་ཤེས་ངང་གིས་མ་སྐྱེས་པ་དེ་སྲིད་དུ་ཕལ་བ་དག་གིས་གསོན་པའི་དུས་སུ་རང་ལུས་སྦྱིན་པ་གཏོང་བར་ཆོས་ནས་མ་གནང་ཞིང་དགག་བྱ་དང་བཅས་མོད། ལུས་སེམས་བྲལ་ཟིན་རྗེས་ཕུང་པོ་བྱ་གཅན་གྱི་ཁ་ཟས་སུ་བསྟབས་པ་ཡིན་ན་དགག་བྱ་མེད་ཅིང་། ལུས་རྟེན་དེའི་ཐོག་ནས་ཐེངས་ཐ་མའི་དགེ་ཚོགས་རླབས་པོ་ཆེ་ཚེགས་མེད་དུ་འདུམ་པར་འགྱུར་བ་སོགས་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པར་མ་ཟད། བྱ་རྒྱལ་རྒོད་པོ་རྣམས་ཀྱི་ཁྲོད་ན་མཁའ་འགྲོ་མའི་སྤྲུལ་པའང་ཡོད་པས་ཁོང་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོའི་རྫས་སུ་རོལ་པ་ཡིན་ན་བླ་ན་མེད་པའི་མཆོད་པ་དམ་པར་འགྱུར་རོ།།
ཞལ་གདམས་སྙིང་བྱང་ལས།
ཇི་ལྟར་བཤད་ལྟར་བསྒྲུབས་བྱས་ན༔
ཆེད་དུ་བསྐྱལ་བའི་ཕུང་པོ་ཀུན༔
རྩ་གསུམ་དཔའ་བོ་མཁའ་འགྲོ་ཡིས༔
དངོས་སུ་ཚོགས་ལ་ལོངས་སྤྱོད་པས༔
སྐྱེ་བ་བདུན་ནས་འབད་མེད་གྲོལ༔
མཚམས་མེད་ལས་སྤྱད་འགྲོ་བ་ཡང་༔
ངན་སོང་རྨི་ལམ་ལྟར་མཐོང་ནས༔
མཐོ་རིས་རྟེན་བཟང་ངེས་པར་འཐོབ༔
ཅེས་གསུངས་པ་བཞིན་ནོ།
།རྒྱས་པར་གཞན་ལས་ཤེས་ཤིང་མདོར་བསྡུས་པའི་སྙིང་པོ་ཙམ་ཞིག་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་སོ། །
དུར་ཁྲོད་རོལ་པའི་དཀྱིལ་འཁོར་བཞེངས་སྒྲུབ་ཚོ་ཆུང་གིས་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་
(༢༠༡༢) ཟླ༩ཚེས༨ལ།