བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ།

བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ།
བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ།
གླིང་ཆེན་ལྔ་ལས་གྲུབ་པ་འཛམ་བུའི་གླིང་འདིའི་རྩེ་མོར་གནས་པ་རབ་དཀར་ཁ་བའི་ལྷུན་པོས་ཀུན་ནས་བྲེས་པའི་ཞིང་མཆོག་གངས་ཅན་སཱ་ལའི་སྨན་ལྗོངས་ཞེས་བརྗོད་པ་དོན་དང་ལྡན་པ་འདིར་འཚོ་ཞིང་གནས་པའི་མི་རིགས་ནི་ལས་ལ་བརྩོན་ཞིང་། དཔའ་ངར་ཆེ་ལ། བློ་གྲོས་ཀྱི་འཇུག་པ་ཡངས་པ་ཞིག་ཡིན་པས་ང་ཚོའི་སྔོན་བྱོན་མེས་པོ་རྣམས་ཀྱིས་བོད་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་བྱ་གཞག་ཕྱི་རབས་རྣམས་ཀྱི་མིག་དཔེར་འོས་པ་མང་པོ་གསར་གཏོད་གནང་ཡོད་པའི་ཚུལ་ཇི་ལྟ་བ་རི་མོའི་གཟུགས་སུ་འཕོས་པའི་བོད་ཡིག་དཔེ་རྙིང་ནི་མི་རིགས་རང་ཉིད་ཀྱི་ཁྱད་དུ་འཕགས་པའི་ནོར་བུ་ཞིག་ཡིན་ལ་མེས་རྒྱལ་རིག་གཞུང་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་ནོར་བུ་ཞིག་ཀྱང་ཡིན། འོན་ཀྱང་བར་སྐབས་བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་བོད་ཡིག་དཔེ་རྙིང་ལ་རིག་གནས་གསར་བརྗེ་ཟེར་བའི་ནང་ཚབས་ཆེའི་གཏོར་བཤིག་ཕོག་པ་དེ་ལྟར་ཡང་།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས་ཏང་དང་རྒྱལ་ཁབ་ཀྱིས་དཔེ་རྙིང་སྲུང་སྐྱོབ་ཀྱི་ལས་དོན་དམ་འཛིན་ཤུགས་ཆེན་གནང་ཡོད་པ་དེ་ནི་ཏང་གི་མི་རིགས་སྲིད་ཇུས་དང་། ཆོས་ལུགས་སྲིད་ཇུས་དོན་ཐོག་འཁྱོལ་བའི་མཚོན་རྟགས་ཤིག་ཀྱང་ཡིན་ལ་ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་མཛུབ་སྟོན་རིམ་པར་གནང་བ་གཞིར་བཟུང་བར་སྐབས་བོད་རིགས་གནས་པའི་ས་ཁུལ་མང་པོ་ནས་བོད་ཡིག་དཔེ་རྙིང་མང་པོ་དཔེ་སྐྲུན་གནང་དང་གནང་བཞིན་ཡོད་པས་ཀློག་པ་པོ་སྤྱི་དང་། ལྷག་པར་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་ཞིབ་འཇུག་དང་། དོན་གཉེར་མཁན་རྣམས་ཀྱི་རེ་བ་སྐོང་ཐུབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། བོད་ལྗོངས་གསར་བ་འཛུགས་སྐྲུན་གྱི་བྱ་བར་ཡང་ཞབས་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པ་ནི་དགའ་བ་སྐྱེ་འོས་པའི་བྱ་བ་ཞིག་ཡིན། སྐབས་འདིར་ཁོ་བོས་བོད་ཀྱི་རིག་གནས་འཕེལ་རིམ་དང་འབྲེལ་བར་བོད་ཡིག་དཔེ་རྙིང་གི་ལོ་རྒྱུས་དང་། བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་བ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་སྐོར་ཅུང་ཟད་ཞུ་རྒྱུ་ཡིན།
དང་པོ། བོད་ཡིག་དཔེ་རྙིང་གི་ལོ་རྒྱུས།
གཅིག བོད་ཡིག་དར་དུས་སྐོར། བོད་ལ་ཡི་གེ་དར་བའི་དུས་ཚོད་ཐད། དེང་དུས་བོད་ཀྱི་ལོ་རྒྱུས་སྨྲ་བའི་ཁྲོད་དུ་ལྟ་བ་ཁག་གཉིས་ཡོད་པ་སྟེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་བོད་ལ་བོན་ནམ་ཡང་ན་བོད་ཀྱི་ཡི་གེ་དར་ཡོད་པར་བཞེད་པའི་ལུགས་གཅིག་དང་། སྲོང་བཙན་སྒམ་པོའི་སྐབས་ཐུ་མི་བཀའ་དྲིན་ཅན་གྱིས་བོད་ལ་སྔར་མེད་པའི་ཡི་གེ་གསར་བཟོ་མཛད་པར་བཞེད་པའི་ལུགས་གཅིག་ཡོད་པར་སོ་སོའི་སྒྲུབ་བྱེད་རྒྱུ་མཚན་མང་པོ་གསུངས་པ་ནི་དཔྱད་དགོས་པའི་དོན་ཞིག་ཡིན། ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པ་འཛམ་གླིང་གི་སྔོན་ཐོན་ཡི་གེའི་གྲལ་གནས་འཛིན་པ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རླབས་པོ་ཆེའི་དགོངས་པ་དང་། བཀས་སྐུལ་བ་བཞིན་ཐུ་མི་བཀའ་དྲིན་ཅན་གྱིས་སྤྱི་ལོའི་དུས་རབས་བདུན་པའི་ནང་གསར་བཟོ་མཛད་པར་ཀླན་ཀ་མེད་པ་གང་ལྟར་བོད་ལ་ཡི་གེ་བྱུང་བའི་དུས་སྲོང་བཙན་གོང་བོད་ལ་ཡི་གེ་ཡོད་པར་བརྩིས་ན་ད་ཕན་ལོ་ངོ་སུམ་སྟོང་བརྒལ་བའི་ལོ་རྒྱུས་ཡོད་པ་དང་། གལ་སྲིད་དེ་འཐད་ལྡན་དུ་མ་བརྩིས་ཀྱང་ད་ལྟའི་ཡི་གེ་འདི་ཉིད་བྱུང་ནས་མི་ལོ་ཆིག་སྟོང་སུམ་བརྒྱ་བརྒལ་བ་སོང་བ་འདི་ནི་འཛམ་གླིང་ན་ལོ་རྒྱུས་ཡུན་རིང་ཡོད་པའི་གནའ་བོའི་རྒྱལ་ཁབ་ཉུང་ཤས་ཀྱི་ཡིག་རིགས་ཕུད། བོད་ཡིག་འདི་ཉིད་འཛམ་གླིང་ནང་དར་སྔ་བའི་ཡི་གེའི་གྲས་ཡིན་པ་བསྙོན་མེད་ལ་བརྟེན་བོད་ཡིག་དཔེ་རྙིང་གི་ལོ་རྒྱུས་ཀྱང་ཆེས་སྔ་བ་ཡིན།
དེ་ཡང་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མི་རིགས་རང་ཉིད་ཀྱི་སྐད་དང་མཐུན་པའི་ཡི་གེ་བྱུང་བའི་དུས་དེ་ནས་བཟུང་མི་རིགས་དེའི་ལོ་རྒྱུས་ཀྱང་ངག་རྒྱུན་ཁོ་ནར་བརྟེན་པ་མ་ཡིན་པ་འདས་པའི་བྱ་བ་མང་པོ་ཡིག་ལམ་ལ་འཁོད་ཐུབ་པ་དེས་གནའ་བོའི་བྱ་བ་ཇི་ཙམ་རྒྱ་ཆེ་བ་དང་ཇི་ཙམ་རྙོག་འཛིངས་ཅན་ཅི་འདྲ་ཞིག་ཡིན་རུང་ལོ་རྒྱུས་དེབ་ཐེར་ལ་བལྟས་པ་ཙམ་གྱིས་གསལ་པོར་ཤེས་ཐུབ་པ་འདི་ནི་སྐད་ཡིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་ཡི་གེའི་དགེ་མཚན་ཁོ་ནར་ངེས་པའོ། །
ལྷག་པར་ད་ལྟ་སྤྱོད་བཞིན་པའི་བོད་ཡིག་འདི་ནི་སྒྲ་སྦྱོར་གྱི་ཡི་གེའི་ཁོངས་སུ་གཏོགས་པ་ཞིག་ཡིན་པས་ཐུ་མི་བཀའ་དྲིན་ཅན་གྱིས་གསར་གཏོད་མཛད་པ་ནས་ད་ལྟ་ལ་ཐུག་གི་བར་དབྱངས་གསལ་སོ་བཞིའི་སྒྲ་གདངས་ལ་འགྱུར་བ་མེད་པ་དང་། སྒྲ་སྦྱོར་གྱི་ཚུལ་ཡང་སྔ་མཁོ་བཞིན་དུ་གནས་པ་དེས་བོད་ཡིག་ཤེས་སུ་ཅོག་གིས་གནའ་རབས་ཀྱི་ཡིག་རིགས་ཇི་འདྲ་ཞིག་ཡིན་ཀྱང་ཀློག་མི་ཐུབ་པ་མེད་པ་དང་། རང་ལ་བོད་ཡིག་གི་ཆུ་ཚད་ངེས་ཅན་ཡོད་ཚེ་གོ་དོན་རྟོགས་མི་ཐུབ་པ་མེད་པ་དེ་ནི་བོད་ཡིག་འདིའི་ཁྱད་པར་འཕགས་པའི་དགེ་མཚན་ཡིན་པ་མ་ཟད། ཡི་གེ་གྲངས་ཀྱང་དབྱངས་གསལ་སོ་བཞིར་ངེས་པས་འཇུག་བདེ་བ་དང་། སྒྲ་དོན་འགྱུར་བ་མེད་པས་ཁུངས་བཙན་པ་སོགས་ཀྱི་དགེ་མཚན་ཇི་སྙེད་མཆིས་པར་བརྟེན་བོད་ཡིག་འདི་ནི་འཛམ་གླིང་ཡི་གེའི་སྔོན་ཐོན་གྱི་གྲལ་གནས་སུ་སླེབས་པའི་རྒྱུ་མཚན་ཡང་དེ་ཚོ་ཡིན། དེ་ལྟ་བུའི་ཁྱད་དུ་འཕགས་པའི་ཡི་གེ་ལ་བརྟེན་ནས་རང་རེའི་སྔོན་བྱོན་མེས་པོ་རྣམས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ཐོག་ཁྱད་དུ་འཕགས་པའི་རླབས་པོ་ཆེའི་བྱ་བ་རང་བྱུང་ཁམས་ལ་འཐབ་རྩོད་བྱས་པའི་གྲུབ་འབྲས་ངོ་མཚར་ཅན། བོད་མི་རིགས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་རྣམས་རི་མོའི་གཟུགས་སུ་འཕོས་པའི་བོད་ཡིག་དཔེ་རྙིང་ནི་གནའ་བོའི་དུས་ནས་བཟུང་ཆུ་ཕྲན་འདུས་པའི་རྒྱ་མཚོ་ལྟར་རིམ་བཞིན་འཕེལ་རྒྱས་སོང་བས་མཐར་རྒྱ་མཚོ་ལྟར་གཏིང་ཟབ་པ་དང་། ནམ་མཁའ་ལྟར་མཐའ་ཡས་པ། ཡིད་བཞིན་ནོར་བུ་དང་མཚུངས་པའི་དགོས་འདོད་ཐམས་ཅད་ཅི་དགར་སྟེར་བའི་དགེ་མཚན་གཞལ་དུ་མེད་པའི་གནས་ལུགས་ནི་རྟོགས་དཀའ་བ་མིན་ཅིང་། བོད་ཡིག་དཔེ་རྙིང་ནི་བོད་རིགས་མི་དམངས་ཀྱི་བློ་གྲོས་མཚོན་རྟགས་བོད་ཀྱི་རིག་པའི་གནས་རྣམས་ཀྱི་ཉིང་ཁུ་གཅིག་ཏུ་བསྡུས་པ་ལས་གྲུབ་པ་དེ་ཡིན་ནོ། །
གཉིས། བོད་ཀྱི་གསོ་བ་རིག་པར་མཚོན་ན། སྔར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཉམ་པར་ཞང་ཞུང་དུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་དེའི་གདུང་སྲས་བརྒྱད་ཀྱི་བགྲེས་ཤོས་དཔྱད་བུ་ཁྲི་ཤེས་ཞེས་བྱ་བ་ཞིག་བྱུང་བ་དེའི་སྐོར་བོན་གྱི་ (ལེགས་བཤད་མཛོད》ལས། “ བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་ནད་ཀྱི་བསྐལ་བ་དར་བར་བྱེད་པ་ལ། སྟོན་པས་དཔྱད་བུ་ཁྲི་ཤེས་ལ་བདུད་རྩི་དཔྱད་ཀྱི་མདོ་དགུ་སོགས་བསྟན་ནས་སེམས་ཅན་བདེ་ལ་བཀོད” ཅེས་དང་། 《བསྟན་པ་གཉེར་གཏད་ཀྱི་མདོ》ལས། “ དཔྱད་རྒྱུད་ཉི་ཁྲིར་གྱུར་པ་རྣམས། །དཔྱད་བུ་ཁྲི་ཤེས་དག་གིས་བསྡུས” ཞེས་དང་། མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོས། (ཤེས་བྱ་སྤྱིའི་ཁོག་འབུག》ནང་། “ ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ་བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་སྤུ་རངས་སུ་བྱོན་པར་བཤད་པའི་ཕྱིར་རོ”ཞེས་དང་། དེ་རྗེས་གཉའ་ཁྲི་བཙན་པོའི་སྐབས་བོད་ཀྱི་སྨན་དཔྱད་སྐོར། བོན་གྱི་བསྟན་པའི་བྱུང་བ་བརྗོད་པ་ (ལེགས་བཤད་སྐལ་བཟང་མགྲིན་རྒྱན་) ལས། །
“ རྒྱུ་ཡི་བོན་བཞི་སྤྱི་ལས་སྔ་དར་བ། །ཤེས་པ་ཅན་གྲངས་བཅུ་གཉིས་སྔོན་རིམ་ལྟར། །ཁྱད་པར་རྒྱལ་པོ་གཉའ་ཁྲིའི་སྐུ་རིང་དར། །དེ་ཡང་ཤེས་པ་ཅན་ཞེས་གང་ཞེ་ན། །ཕན་ཤེས་སྨན་དཔྱད་བོན་ཞེས་བྱ་བ་ནི། །བྲོ་ནད་གསོ་བས་ཚེ་ཡི་བར་ཆད་སེལ” ཞེས་དང་། བློན་པོ་བཀའ་ཐང་ལས། “བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ཡར་ལུང་བཙན་ཐང་སྒོ་བཞིར་བྱོན་དུས་ཡོད་པ་དྲུག་སྟེ། རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་སྟེམས་ཡོད་ཅེས་གསུངས་པར། རྩིབ་ལྷ་སྐར་མ་ཡོལ་སྡེས་བོད་འདིར་རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་འགྲོལ་ཐབས་ཡོད་ཅེས”ཡོད་པ་དྲུག་གི་སོ་སོའི་གཉེན་པོའི་ནང་དུག་ལ་སྨན་ཡོད་ཅེས་བསྟན་པས་དེའི་དུས་སུ་བོད་ལ་སྨན་དཔྱད་ཕུན་སུམ་ཚོགས་པ་ཡོད་པ་མཚོན་པ་དང་། འབྲོང་གཉན་ལྡེའུའི་སྲས་དམུས་ལོང་བཀོན་པ་བཀྲ་ལ་ཡབ་ཀྱི་བཀའ་ལྟར་འ་ཞའི་ཡུལ་ནས་སྨན་པ་གདན་དྲངས་ཏེ་སྤྱན་ཕྱེ་སྟེ་སྐྱིད་ཤོད་སྟག་མོ་རི་ལ་གཉན་འགྲོ་བ་གཟིགས་པས་མཚན་ལ་ཡང་སྟག་རི་གཉན་གཟིགས་སུ་ཐོགས་པ། ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སྨན་པའི་རྒྱལ་པོ་གཡུ་ཐོག་མགོན་པོས་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་ཕྱག་ལེན་རྒྱ་ཆེར་གནང་བ་རྣམས་ཀྱི་ནང་ནས་མཆོག་དང་ཕུལ་དུ་གྱུར་པ་ནི་བོད་མི་རིགས་རང་ཉིད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྒྱུད་བཞི་འཆད་ཉན་དར་སྤེལ་གནང་བ་དང་། དེ་རྗེས་དུས་རབས་བཅུ་གཅིག་པའི་ནང་སྨན་བླ་གཉིས་པ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་བྱོན་ནས་རྒྱུད་བཞིའི་གཞུང་འགྲེལ་མན་ངག་ཁ་སྐོང་དང་བཅས་པ་མཛད་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཤིན་ཏུ་ཆ་ཚང་བར་མཛད་པ་བཅས་བོད་ཀྱི་གསོ་བ་རིག་པ་འདིའི་ལོ་རྒྱུས་ཀྱང་ཤིན་ཏུ་རིང་ལ་ཕྱག་ལེན་ཕུན་སུམ་ཚོགས་པས་མིའི་བདེ་ཐང་ལ་དཔག་པར་དཀའ་བའི་ནུས་པ་རླབས་པོ་ཆེ་ཐོན་ཡོད།
གསུམ། བོད་ཀྱི་སྐར་རྩིས་རིག་པར་ཆ་བཞག་ན། ད་ལྟའི་སྐར་རྩིས་རིག་པ་འདི་དག་མ་དར་བའི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་ནས་བོད་རིགས་མི་དམངས་ཀྱིས་གནམ་གྱི་སྐར་མ་ལ་བརྟག་པའི་རྩིས་དང་། བར་སྣང་གི་སྤྲིན་དང་རླུང་ལ་བརྟག་པའི་རྩིས། བྱ་དང་ཤིང་ལ་བརྟག་པའི་རྩིས། མཚོ་དང་ཆབ་རོམ་ལ་བརྟག་པ་སོགས་དུས་རྟགས་ཀྱི་རྩིས་རིག་སྣ་ཚོགས་པ་ཉམས་མྱོང་ལ་བརྟེན་ནས་རྩིས་ཀྱི་རིག་པ་བྱུང་བའི་རྨང་གཞིའི་ཐོག་རིམ་གྱིས་ཉི་ཟླ་སྐར་གསུམ་འཁོར་བགྲོད་ཀྱི་ཆོས་ཉིད་འཚོལ་ཞིབ་བྱེད་པའི་ནང་ཉི་མའི་འགྲོ་ཕྱོགས་དང་། ཟླ་བའི་འཕེལ་འགྲིབ། ལྷོ་ཁ་གཡའ་བཟང་གི་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ་ནང་། ཟླ་བའི་འཕེལ་འགྲིབ་དང་། དུས་ཚིགས་ཀྱི་འགྱུར་བ། དངོས་པོ་དང་གནམ་གཤིས་ཀྱི་འགྲེལ་བ་སོགས་བཀོད་ཡོད་པ་བཅས་བོད་ལ་ཆེས་སྔ་བའི་དུས་ནས་ཐུན་མོང་མིན་པའི་སྐར་རྩིས་རིག་པའི་མྱུ་གུ་འབུས་པ་དང་། མེ་ཏོག་ཤར་བ། འབྲས་བུ་འདོགས་པའི་རྒྱུད་རིམ་ངེས་པ་ཅན་བྱུང་ཡོད་པ།
བཞི། བཟོ་རིག་པར་མཚོན་ན། ༡. ཁང་པ་ཟོ་སྐྲུན་གྱི་ལག་རྩལ་ཡང་བོད་ལ་མིའི་འགྲོ་བ་བྱུང་བ་ནས་རིམ་པར་བརྒྱུད་དེ་ཁང་ཁྱིམ་བཟོ་བའི་ལག་རྩལ་དར་དུས་ཀྱང་ཆེས་སྔ་བ་ཞིག་ཡིན་པ་དུས་ཚོད་འདི་འདྲ་ཞིག་ནས་ཁང་ཁྱིམ་བཟོ་སྐྲུན་འགོ་ཚུགས་པ་རེད་ཅེས་ངེས་གཏན་བརྗོད་མི་སྤོབས་ཀྱང་། ད་ལྟ་དུས་ཚོད་ངེས་བཟུང་བྱ་རྒྱུ་ཡོད་པ་ནི་སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱའི་གོང་སྟེ་གཉའ་ཁྲི་བཙན་པོའི་དུས་མཁར་ལ་སྔ་བ་ཡུམ་བུ་བླ་མཁར་ཞེས་རྒྱལ་པོའི་མཁར་རམ་ཕོ་བྲང་གི་ཐོག་མ་ལྷོ་ཁར་ད་ལྟ་ཡང་དེའི་རྗེས་ཤུལ་སྔོན་མའི་བཟོ་བཀོད་ཇི་བཞིན་བསྐྲུན་པའི་ཐོག་ནས་མཚོན་པ་འདི་གཉའ་ཁྲི་བཙན་པོའི་དུས་སུ་ཨར་ལས་འཛུགས་སྐྲུན་གྱི་ལག་རྩལ་ཚད་གཞི་ངེས་ཅན་དུ་སླེབས་པ་མཚོན། །
༢. བོད་ལ་ལྕགས་ཆས་བཟོ་བསྐྲུན་གྱི་ལག་རྩལ་དར་བའི་དུས་ཀྱང་ཆེས་སྔ་བ་ཞིག་ཡིན། དེ་ཡང་མཁས་པའི་དགའ་སྟོན་ལས།
བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང་། །དང་པོ་མི་མ་ཡིན་གྱི་ཡུལ་དུ་གྱུར། །གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་བྱས་སྐད། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། །དེ་ནས་རེ་རེ་མགོ་ཡག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང་། །དེ་ནས་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་མོ་རྐང་དང་སྒྱོགས་གཉིས་ལག་ཆར་བྱུང་། །བཞི་པ་དམར་འཇམ་ལྷ་ཡི་དབང་བྱས་ཏེ། །ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང་། །
ལྔ་པ་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང་། །ད་འཕྲང་གཅན་འཕྲང་ལག་པར་ཞགས་པ་འཐེན། །དྲུག་པ་དཀྲོག་དཀྲོག་འདྲེ་ཡིས་དབང་བྱས་ཏེ། །ལང་ཏང་ལིང་ཏང་བར་ཁ་འུར་རྡོ་འཐེན། །བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར། །ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང་། །བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས། །དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཆེ། །བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱུད་ཅེས། །
ཞེས་གསུངས་པའི་ནང་དང་པོ་མི་མ་ཡིན་གནོད་སྦྱིན་ལ་སོགས་པ་བཅུ་ཡིས་དབང་བྱས་པར་སྐད་པ་ནི་བོད་དུ་མིའི་རིགས་ཀྱི་འགྲོ་བ་བྱུང་བའི་རྗེས་སུ་རིམ་བཞིན་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་གདོད་མའི་སྤྱི་ཚོགས་ནང་རུས་ཚོའི་འགོ་པ་ཚོ་ཁག་མི་འདྲ་བས་དབང་སྒྱུར་བྱས་པའི་གནས་ལུགས་བཤད་པ་ཡིན། གང་ཡིན་ཞེ་ན། མི་རིགས་གང་འདྲ་ཞིག་དང་ཡུལ་གྲུ་གང་འདྲ་ཞིག་གི་གནའ་བོའི་ལོ་རྒྱུས་གླེང་སྐབས་ལྷ་སྒྲུང་ལྟ་བུའི་བཤད་ཚུལ་གྱི་ནང་ནས་དོན་དངོས་འཚོལ་དགོས་པ་ཞིག་ཡོང་བ་ཚང་མའི་མཐོང་ཆོད་དུ་གྲུབ་པ་དེ་ལ་ཡ་མཚན་སྐྱེ་བའི་རྒྱུ་མེད་ལ། དེ་དག་ནི་ལྷ་སྒྲུང་རེད་ཅེས་འདོར་བར་བྱ་བ་ནི་དངོས་ཐོག་བདེན་འཚོལ་གྱི་བྱེད་སྟངས་ཡང་དག་པ་ཞིག་མིན། རྒྱུ་མཚན་དེར་བརྟེན་བོད་ཀྱི་གདོད་མའི་སྤྱི་ཚོགས་ནང་རུས་ཚོ་ཕན་ཚུན་གཡུལ་བཀྱེ་བའི་སྐབས་ལག་གཙོ་བོ་གང་སྤྱོད་པའི་དོན་དངོས་དེ་ཚོའི་ཐོག་ནས་བོད་ལ་གྲི་དང་། སྟ་རེ། དགྲ་སྟ་སོགས་ལྕགས་ཆོས་ཅན་གྱི་མཚོན་ཆ་བཟོ་བའི་ལག་རྩལ་དར་ཁྱབ་བྱུང་བ་དེ་ཚོའི་ཐོག་ནས་བོད་ལ་ལྕགས་ཆས་བཟོ་བའི་ལག་རྩལ་དར་བའི་དུས་ནི་ཆེས་སྔ་བ་ཞིག་ཡིན་པའི་རྒྱུ་མཚན་ཡང་མི་མ་ཡིན་སྐད་པའི་དབང་སྒྱུར་གྱི་རིམ་པ་བཅུའི་རྗེས་སུ་བོད་ལ་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཞི་བཅུ་བྱུང་རྗེས་གཞི་ནས་གཉའ་ཁྲི་བཙན་པོ་བྱོན་པའི་ལོ་རྒྱུས་གླེང་བས་ལྕགས་ཆས་དར་བའི་དུས་ནི་ཆེས་སྔ་བ་ཡིན་པར་ཐེ་ཚོམ་མི་དགོས།
༣. འཇིམ་བཟོའི་ལག་རྩལ་ཡང་གཉའ་ཁྲི་བཙན་པོའི་དུས་སུ་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ལྡིང་ཤེས་ཤ་བ་ཟེར་བ་དེས་འཇིམ་པ་ལ་མི་དང་སྲོག་ཆགས་ཀྱི་གཟུགས་བརྙན་བཟོས་པའི་ལོ་རྒྱུས་ཡོད་པ།
༤ ལྕགས་རྡོ་བཞུ་བཏུལ་གྱི་ལག་རྩལ་དར་བའི་དུས་ཀྱང་ཆེས་སྔ་བ་ཡིན། དེ་ཡང་(མཁས་པའི་དགའ་སྟོན》ལས། །
བོད་ཡུལ་མཛངས་པའི་མི་བདུན་གྱི། །ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་སྡེབས་སྤང་ཐང་ཞིང་དུ་བྱས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །
ཞེས་འཁོད་པ་ལྟར་པུ་དེ་གུང་རྒྱལ་གྱི་དུས་གཏེར་རྡོ་བཞུ་བཏུལ་གྱི་ལག་རྩལ་དང་། གསེར་དངུལ་ཟགས་ལྕགས་ཀྱི་བཟོ་རིགས་འཕེལ་རྒྱས་སོང་བ། ཞིང་ལས་ཐད་ཀྱང་ཀླུང་ཐང་ཙམ་མ་ཟད། རི་ཞིང་གསར་སྦོལ་བྱས་པ་འདིའི་ཐོག་ནས་ཞིང་ལས་ལག་ཆར་ལྕགས་ཆ་སྤྱོད་པའི་དུས་སུ་སླེབས་ཟིན་པ་མཚོན་པ། ཆུ་ལ་ཟམ་པ་འཛུགས་པའི་བྱ་བ་ཡང་དར་ཟིན་པ་འདི་དག་གི་དུས་ཚོད་ལོ་གྲངས་ངེས་གཏན་ཞིག་བརྗོད་དཀའ་ཡང་སྤྱི་ལོའི་སྔོན་གྱི་དུས་སུ་ཡིན་པ་ནི་གདོན་མི་ཟ།
༥. རྩོམ་རིག་ལ་མཚོན་ན་ཡང་། པུ་དེ་གུང་རྒྱལ་གྱི་མགུར་བཞེས་པ་ཏུན་ཧོང་གི་གཏེར་ཡིག་ལས། “ འ་བ་ཉི་ཉེ་པས་ཉིད། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག ཡོས་རོ་རོ་ན་ལྟམ་གྱི་གོང་ར་ནིག བརླའ་བརྡུངས། སྤུར་བཏབ། འོབ་དེ་མྱེད། སྤུ་དེ་རྩེད” ཅེས་གསུངས་པའི་མགུར་ཚིག་གི་དོན་རགས་པ་ཙམ་ནི། ཨ་ཁུ་བས་སྙིང་ཉེ་ཁྱེད། བྱ་རེ་རེ་ནི་མདུང་གི་རྩེ་ལ་འཛེར། ཡོས་རེ་རེ་ཟ་ཞིང་ཁ་མཚར་གཏམ་རེ་གླེང་། དགྲ་བཅོམ། བང་སོ་བཞེངས། ཉེན་མེད་འཁོན་མེད་ཅེས་བྱ་བ་ཡིན་ཞེས་མཁས་པའི་གསུང་ལས་ཐོས་པ་དང་། མཁས་པའི་དགའ་སྟོན་ལས། “ མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་མ་སངས་ཀྱི་སྒྲུང་དང་། མཆིལ་པའི་སྒྲུང་སོགས་ཉན་བཤད་དང་། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྲོད། །སྲང་ལ་ཐེམ་གཉེར་ལྔ་བ་ཆེ་ཅི་ཡིན། །པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན”ཞེས་འདྲི་བ་སོགས་ཏེ་བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད་ཅེས་གསུངས་པའི་མགུར་གླུའི་གནས་ཚུལ་དང་། སྒྲུང་ཉན་བཤད་ཀྱི་ཚུལ་འདི་རྣམས་ཀྱང་ལོ་ཉིས་སྟོང་གོང་གི་བྱ་བ་ཤ་སྟག་ཡིན་པས་དེའི་དུས་དངོས་པོའི་དཔལ་ཡོན་དར་རྒྱས་ཆེ་ཙམ་ཡོད་པ་སྨོས་ཅི། བསམ་པའི་དཔལ་ཡོན་ལ་སྤྱོད་པའི་ཚད་གཞི་ཡང་ངེས་ཅན་ལྡན་པའི་སྤྱི་ཚོགས་སུ་སླེབས་པར་གསལ་བཤད་ནུས་ལྡན་ཐུབ་པ་བཅས་ཁ་བའི་ལྗོངས་འདིའི་མེས་པོ་ཚོའི་གསར་གཏོད་བྱ་གཞག་དེ་ཚོའི་ཐོག་ནས་ཆེས་སྔ་བའི་དུས་ནས་བོད་ལ་ཐུན་མོང་མ་ཡིན་པའི་རིག་གནས་དར་རྒྱས་བྱུང་བ་མཚོན་པ་དང་། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཞང་ཞུང་དང་བཅས་པའི་བོད་ཁམས་གཅིག་གྱུར་བྱུང་རྗེས་བོད་ལ་ད་ལྟའི་ཡི་གེ་འདི་ཉིད་གསར་དུ་དར་བ་དང་། ཁྱིམ་མཚེས་རྒྱལ་ཁབ་ནས་རིག་གནས་ནང་འདྲེན་བྱ་རྒྱུ་ཡང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་ནས་བཟུང་བོད་ལ་རིག་པའི་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་ཆ་ཚང་བར་གྱུར་པས་བོད་ཀྱི་དཔལ་འབྱོར་དང་། རིག་གནས་བཅས་དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན་གཉིས་དར་རྒྱས་བྱུང་བའི་ལོ་རྒྱུས་རྣམས་རི་མོའི་གཟུགས་སུ་འཕོས་པའི་གླེགས་བམ་དང་། ཤོག་དྲིལ་ཇི་སྙེད་ཡོད་པ་རྣམས་ལ་བོད་ཡིག་དཔེ་རྙིང་ཟེར་བས་བོད་ཡིག་དཔེ་རྙིང་ནི་བོད་ཀྱི་རིག་གནས་མཐའ་དག་གསལ་ལེར་འཆར་བའི་འཕྲུལ་གྱི་མེ་ལོང་དང་རིག་པའི་སྒོ་བརྒྱ་འབྱེད་པའི་གསེར་གྱི་ལྡེ་མིག རང་རང་ལ་ཇི་ལྟར་མཁོ་བའི་འདོད་རྒུའི་དཔལ་མ་ཚང་བ་མེད་པ་ལེན་ཆོག་པའི་མིག་སྐྱའི་མཛོད། བོད་ཀྱི་རིག་གནས་མཐའ་དག་གཅིག་ཏུ་འཁྱིལ་བའི་རྒྱ་མཚོ་ཡང་ཡིན།
བོད་ཡིག་དཔེ་རྙིང་ནི་བོད་མི་རིགས་ཀྱི་རིགས་གཞུང་ནོར་བུའི་བང་མཛོད་ཅིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་ནོར་བུ་ཞིག་དང་། འཛམ་གླིང་རིག་གནས་ཀྱི་ནོར་བུ་འོད་སྟོང་འཕྲོ་བ་ཞིག་ཀྱང་ཡིན། དེ་ཡང་བོད་རིགས་མི་དམངས་ནི་ལས་ལ་བརྩོན་ཞིང་། ཤེས་རིག་བཀྲ་བ། མི་རིགས་གཞན་གྱི་རིག་གནས་ལ་སློབ་སྦྱོང་བྱེད་མཁས་པ་ཞིག་ཀྱང་ཡིན་པས་བོད་ཡིག་དཔེ་རྙིང་ནང་རྒྱལ་བའི་བཀའ་བསྟན་འགྱུར་གྱིས་མཚོན་པའི་བསྒྱུར་ཡིག་ཀྱང་ཆེས་མང་པོ་ཡོད་པ་དེས་བོད་མི་རིགས་ཀྱི་རིག་གནས་གོང་འཕེལ་ལ་ནུས་པ་ཆེན་པོ་ཐོན་ཡོད། དཔེར་ན། རིག་གནས་ཆེན་པོ་ལྔར་མཚོན་ན། སྒྲ་དང་ཚད་མ་བཟོ་དང་གསོ་བ་ནང་དོན་རིག་པ་ལྔར་ངེས་པའི་སྒྲ་ལ་ཀ་ཙན་དབྱངས་གསུམ་གྱི་སྒྲ་མདོ་ཆེན་པོ་རྣམས་དང་། དེ་དག་ལེགས་པར་འགྲེལ་བའི་རྒྱ་གཞུང་ཁག ཚད་མ་རིག་པར་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ཞེས་ཚད་མ་སྡེ་བདུན་མདོ་དང་བཅས་པ་རྩ་འགྲེལ་ཁག བཟོ་རིག་པར་མདོ་རྒྱུད་དུ་མ་ནས་གསུངས་པའི་སྐུ་གསུང་ཐུགས་རྟེན་གྱི་ཆ་ཚད། གསོ་བ་རིག་པར་རྒྱ་ཡིག་ནས་བསྒྱུར་བའི་སྨན་གཞུང་དང་། རྒྱ་གར་ནས་དར་བའི་སྨན་གཞུང་ཁག ནང་དོན་རིག་པར་རྒྱལ་བས་གསུངས་པའི་བཀའ་མདོ་རྒྱུད་དང་། བསྟན་བཅོས་ཁག རིག་གནས་ཆུང་བ་ལྔར་མཚོན་ན། སྙན་ངག སྡེབས་སྦྱོར། མངོན་བརྗོད། ཟློས་གར། སྐར་རྩིས་བཅས་ལྔར་ངེས་པའི་སྙན་ངག་ལ་སྙན་ངག་ཇི་ལྟར་རྩོམ་པའི་གཞུང་། སྙན་ངག་མེ་ལོང་ལ་རྩ་བ་དང་འགྲེལ་པ། སྙན་ངག་གི་གཞུང་ཆེན་པོ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་། སྡེབས་སྦྱོར་ལ་སྡེབ་སྦྱོར་གྱི་གཞུང་ལུགས་རིན་ཆེན་འབྱུང་གནས་རྩ་འགྲེལ། མངོན་བརྗོད་ལ་མངོན་བརྗོད་འཆི་མེད་མཛོད། ཟློས་གར་ལ་ཟློས་གར་གྱི་བསྟན་བཅོས་བོད་དུ་བསྒྱུར་བ་མེད་ཀྱང་ཟློས་གར་གྱི་གཞུང་གི་གྲངས་སུ་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལྟ་བུ། སྐར་རྩིས་ལ་འཕགས་ཡུལ་ནས་དར་བའི་དུས་འཁོར་དང་། མ་ཧཱ་ཙི་ནའི་ཡུལ་ནས་དར་བའི་འབྱུང་རྩིས་སྐོར་སོགས་བསྒྱུར་ཡིག་བགྲངས་ཀྱིས་མི་ལང་བ་ཡོད་པ་ནས་མང་པོ་ཞིག་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པ་བཅས་འགྱུར་ཡིག་རྣམས་གཅིག་ཏུ་བསྡུས་ཤིང་། མཆོག་དང་ཕུལ་དུ་གྱུར་པ་ནི་འཛམ་གླིང་དུ་ཡང་སྐད་གྲགས་ཡོད་པའི་བཀའ་འགྱུར་དང་། བསྟན་འགྱུར་གཉིས་ཡིན་ལ་དེ་དག་ནི་བོད་ཡིག་དཔེ་རྙིང་ནོར་བུའི་ནང་གི་ནོར་བུ་ཞིག་ཀྱང་ལགས།
སྐབས་འདིར་བཀའ་དང་བསྟན་བཅོས་ཀྱི་མཚན་ཉིད་དང་དབྱེ་བ་སོགས་ཀྱི་སྐོར་ཅུང་ཟད་འཕྲོས་ན། བཀའི་རྣམ་གཞག་དང་། དབྱེ་བ་ནི། བཀའི་མཚན་ཉིད་ནི། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་གསུངས་པ་ལྟར། བརྗོད་བྱ་དོན་ལྡན་གྱི་ཆོས་དང་འབྲེལ་ཞིང་། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བ། འབྲས་བུ་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པ། རང་གི་བདག་རྐྱེན་སངས་རྒྱུས་ལ་བརྟེན་ནས་བྱུང་བའི་གསུང་དེ་ནི་བཀའི་མཚན་ཉིད་དུ་འཇོག་པ་ཡིན། དེ་ལ་དབྱེ་ན། དུས་ཀྱི་སྒོ་ནས་དབྱེ་བ། བརྗོད་བྱའི་སྒོ་ནས་དབྱེ་བ། རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ། བདག་རྐྱེན་གྱི་སྒོ་ནས་དབྱེ་བ། གདུལ་བྱའི་སྒོ་ནས་དབྱེ་བ་བཅས་དེ་དག་རེ་རེ་ལའང་དབྱེ་བ་དུ་མ་ཡོད་པ་ཐོས་ཆུང་བློ་དམན་བདག་ལྟ་བུས་ཞུ་བར་མི་སྤོབས། འོན་ཀྱང་བཀའ་སྤྱིའི་སྡོམ་ཚིག་ཙམ་ཞིག་ནི། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་སྟོན་པ་བདེ་བར་གཤེགས་པས་བསྟན་པ་དམ་པའི་ཆོས་ནི་ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས་སུ་འདུ་བར་སེམས་སོ། །
གཉིས་པ། བསྟན་བཅོས་ཀྱི་རྣམ་གཞག་དང་། ངེས་ཚིག་དབྱེ་བ་ལས།
བསྟན་བཅོས་ཀྱི་མཚན་ཉིད་ནི། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་གསུངས་པ་ལྟར། སྟོན་པ་བདེ་བར་གཤེགས་པའི་བཀའ་དང་ལུང་འབའ་ཞིག་གི་དབང་དུ་བྱས་ཏེ། རྩོམ་པ་པོ་རྣམ་གཡེང་མེད་ཅིང་བློ་དང་ ལྡན་པའི་སྐྱེས་བུ་དམ་པ་དག་གིས་བརྗོད་པར་བྱེད་པ་ངག་དོན་ཕུན་སུམ་ཚོགས་པའི་སྒོ་ནས་ཐར་པ་ཐོབ་པར་བྱེད་པའི་ལམ་གྱིས་ཆོས་དང་རྗེས་སུ་མཐུན་པར་ལེགས་པར་བཤད་པ་ཞིག་ལ་ངོས་འཛིན་པ་ཡིན།
ངེས་ཚིག་ནི། རྒྱུད་བླ་མ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟར། གདུལ་བྱ་རྣམས་ཀྱི་རྒྱུད་ཉོན་མོངས་པ་དུག་གསུམ་ལས་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་ཞེས་བྱ་བ་སྟེ་ཕྱི་རོལ་པ་ལ་མེད་པའི་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་ལ་འཇོག་པ་ཡིན།
བསྟན་བཅོས་ཀྱི་དབྱེ་བ་ལ། མཆོག་དམན་གྱི་སྒོ་ནས་དབྱེ་བ། བྱེད་ལས་ཀྱི་སྒོ་ནས་དབྱེ་བ། བརྗོད་བྱ་དོན་གྱི་སྒོ་ནས་དབྱེ་བ། འཆད་བྱ་བཀའི་སྒོ་ནས་དབྱེ་བ། བསྟན་བཅོས་ཀྱི་རིགས་བསྡུ་བ་དང་ལྔའོ། །
མཆོག་དམན་གྱི་དབྱེ་བ་ནི། རྣམ་བཤད་རིག་པ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་གསུངས་པ་ལྟར་དོན་མེད་པའི་བསྟན་བཅོས། དོན་ལོག་པའི་བསྟན་བཅོས། དོན་དང་ལྡན་པའི་བསྟན་བཅོས། ཐོས་པ་ལྷུར་ལེན་གྱི་བསྟན་བཅོས། རྩོད་པ་ལྷུར་ལེན་གྱི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས། ངན་གཡོའི་བསྟན་བཅོས། བརྩེ་བ་བྲལ་བའི་བསྟན་བཅོས། སྡུག་བསྔལ་སྤོང་བའི་བསྟན་བཅོས་བཅས་དབྱེ་བ་དགུར་གསུངས་པའི་ནང་ནས་དོན་དང་ལྡན་པ། སྒྲུབ་པ་ལྷུར་ལེན་པ། སྡུག་བསྔལ་སྤོང་བ་གསུམ་གྱི་བསྟན་བཅོས་ནི་མཆོག་གི་བསྟན་བཅོས་ཡིན་ལ་ནང་པ་སངས་རྒྱས་པའི་བསྟན་བཅོས་འདི་གསུམ་དུ་བཞེད་ཅིང་། གཞན་དྲུག་ནི་དམན་པའི་བསྟན་བཅོས་སུ་འདོད་པ་ཡིན། །
བྱེད་ལས་ཀྱི་དབྱེ་བ་ནི། རྒྱ་ཆེན་པོ་གཅིག་ཏུ་བསྡུ་བ། ཟབ་མོའི་དོན་རྣམ་པར་འགྲེལ་བ། འཁྲུགས་པ་གོ་རིམ་དུ་བསྡེབས་པའི་བསྟན་བཅོས་གསུམ་ཡིན།
བརྗོད་བྱ་དོན་གྱི་སྒོ་ནས་དབྱེ་བ་ནི། ཤེས་བྱ་ཇི་སྙེད་པ་སྟོན་པ་དང་། ཇི་ལྟ་བ་སྟོན་པ། ཐར་པ་དང་མཁྱེན་པའི་ལམ་སྟོན་པའི་བསྟན་བཅོས་གསུམ་མོ། །
ཤེས་བྱ་ཇི་སྙེད་པ་སྟོན་པའི་བསྟན་བཅོས་ནི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་རྣམས་དང་། བརྟགས་པ་སྣ་ཚོགས་སྟོན་པའི་བསྟན་བཅོས་རྣམས་ཡིན། །
ཤེས་བྱ་ཇི་ལྟ་བ་སྟོན་པའི་བསྟན་བཅོས་ནི། རིག་པའི་གནས་ཆེ་བ་ལྔ་དང་། ཆུང་བ་ལྔའི་ཁོངས་སུ་གཏོགས་པའི་བསྟན་བཅོས་རྣམས་ཡིན།
ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པའི་བསྟན་བཅོས་ནི། བྱང་ས་དང་། སྤྱོད་འཇུག་ལ་སོགས་པའོ། །
འཆད་བྱ་བཀའི་སྒོ་ནས་དབྱེ་བ་ནི། བཀའ་སྤྱིའི་དགོངས་འགྲེལ་དང་བཀའ་སོ་སོའི་དགོངས་པ་འགྲེལ་བའི་བསྟན་བཅོས་རྣམས་ཡིན། །
བསྟན་བཅོས་ཀྱི་རིགས་ནི། བཀའ་ལ་མི་བརྟེན་པ་དང་། བརྟེན་པ་གཉིས། བརྟེན་པ་ལ་བཀའ་ཉིད་ལ་འགྲེལ་པ་བཏབ་པ་དང་། བཀའི་དོན་རང་རྒྱུད་དུ་བརྩམས་པ་གཉིས།
དང་པོ་བཀའ་ལ་མི་བརྟེན་པ་ལའང་ལྔ་ཡོད་པ་སྟེ། ཚིག་དོན་གཉིས་ཀ་རྒྱ་ཆེར་འགྲེལ་པ་སོ་སོར་ཐར་པའི་འགྲེལ་པ་བམ་པོ་ལྔ་བཅུ་པ་ལྟ་བུ་རྒྱ་ཆེར་འགྲེལ། ཚིག་གི་ཆ་སྤྲོས་པ་དང་བཅས་ནས་འཆད་པ་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལྟ་བུ་ཚིག་གི་འགྲེལ་པ། གོ་དཀའ་བའི་དོན་རྣམ་པར་འབྱེད་པ་སྡུད་འགྲེལ་གཉིས་ལྟ་བུ་དཀའ་འགྲེལ། དོན་གྱི་གཙོ་བོ་བསྡུས་ནས་སྟོན་པ་སྡུད་པའི་དོན་བསྡུས་དྲི་མེད་བཤེས་གཉེན་གྱིས་མཛད་པ་ལྟ་བུ་བསྡུས་དོན་གྱི་འགྲེལ་པ། ངག་གི་དོན་དྲིལ་ནས་སྟོན་པ་ངག་དོན་ཙམ་གྱི་འགྲེལ་པ་དང་ལྔའོ། །
གཉིས་པ་བཀའ་ལ་བརྟེན་པ་ལ་བཀའ་གཅིག་གི་དོན་རྫོགས་པར་སྟོན་པ་མངོན་རྟོགས་རྒྱུན་ནམ་མདོ་རྩ་ལྟ་བུ། བཀའ་ཐོར་བུར་སྟོན་པ་དགེ་ཚུལ་གྱི་ཀཱ་རི་ལྟ་བུ། བཀའ་མང་པོའི་དོན་སྟོན་པ་བསླབ་བཏུས་སམ་བཤེས་སྤྲིངས་ལ་སོགས་པའོ།།
དེ་ལྟར་བཀའ་དང་བསྟན་བཅོས་ཀྱི་རྣམ་པར་བཞག་པ་དང་། དབྱེ་བ་ལ་སོགས་པ་རགས་པ་ཙམ་འཕྲོས་པ་འདིས་བོད་ཡིག་དཔེ་རྙིང་ནང་དུ་བཀའ་འགྱུར་དང་། བསྟན་འགྱུར་ཞེས་བྱ་བ་རྣམ་གྲངས་ཆེན་པོ་གཉིས་ནི་བོད་ཡིག་དཔེ་རྙིང་ནང་དུ་གཙོ་བོའི་གནས་བབ་བཟུང་ཡོད་པ་འདི་ནི་བོད་མི་རིགས་ཀྱི་མཆོག་ཏུ་གྱུར་པའི་ནོར་བུ་ཞིག་ཡིན་པ་མ་ཟད། འཛམ་གླིང་མི་དམངས་ཀྱི་མཆོག་ཏུ་གྱུར་པའི་ནོར་བུ་ཞིག་རེད་ཅེས་བཤད་ནའང་ཡོངས་སུ་འགྲིག་པའི་རྒྱུ་མཚན་མཚོན་ཕྱིར་ཡིན།
བཀའ་བསྟན་བོད་དུ་འགྱུར་བའི་བྱ་བའི་རིམ་པ་དང་། རླབས་པོ་ཆེའི་བྱ་བ་དེར་ཞུགས་པའི་མཁས་གྲུབ་ལོ་པཎ་གང་དང་གང་བྱོན་སོགས་ཀྱི་སྐོར།
བོད་ལ་བཀའ་ཐོག་མར་བསྒྱུར་བའི་བདག་རྐྱེན་ཐོག་མར་གྱུར་པ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཉིད་ཡིན་ལ་ལོ་ཙཱ་བའི་ཐོག་མ་ནི་ཐུ་མི་སམ་བྷོ་ཊ་ཡིན། བོད་ལ་སངས་རྒྱས་ཆོས་ལུགས་དབུ་བརྙེས་པའི་དུས་ནི་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་ཡིན་པ་དེ་ཡང་མདོ་སྡེ་ཟ་མ་ཏོག་དང་། དཔང་སྐོང་ཕྱག་བརྒྱ་པ་སོགས་བོད་ལ་ཐོག་མར་བྱུང་ཡོད་ཀྱང་དེ་དག་ནི་ཐུ་མིའི་སྐབས་གཞི་ནས་བསྒྱུར་བ་ཡིན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་པཎྜི་ཏ་སློབ་དཔོན་ཀུ་ས་ར་ནས་བུདྡྷ་གུ་ཏའི་བར་རིམ་པར་བྱོན་པ་པཎྜི་ཏ་བདུན་ཅུ་དོན་བདུན་བྱུང་ཡོད་ཅིང་། ལོ་ཙཱ་བ་ཐོག་མ་ཐུ་མི་སམྦྷོ་ཊ་ནས་ཇོ་ནང་ཏཱ་ར་ནཱ་ཐ་ཕན་རིམ་པར་བྱོན་པ་ཉིས་བརྒྱ་དང་བཅོ་ལྔ་བྱུང་ཡོད་པ་མ་ཟད། དེ་རྗེས་ལོ་ཙཱ་བའི་མཚན་ཐོགས་པ་ཡང་མི་ཉུང་ཙམ་བྱོན་པའི་ལོ་པཎ་དེ་རྣམས་ཀྱིས་བོད་ཀྱི་རིག་གནས་གོང་འཕེལ་གཏོང་བའི་ཆེད་དུ་དཀའ་བ་དུ་མ་དང་དུ་བཞེས་ཡོད། དཔེར་ན། དེང་དུས་མཁས་པས་ཞིབ་རྩིས་གནང་བར་གཞིགས་ན། བསྟན་པ་ཕྱི་དར་སྐབས་ལོ་ཙཱ་བ་བརྒྱ་དང་ལྔ་བཅུ་བརྒལ་སྐོར་ཡོད་པའི་ནང་ནས་རྒྱ་གར་དང་། བལ་ཡུལ་ཀ་སྨིར་བཅས་ཀྱི་ཁུལ་དུ་སློབ་སྦྱོང་ལ་ཕེབས་མཁན་ལོ་ཙཱ་བ་ཚོས་དམའ་མཐར་སློབ་གཉེར་ལ་ལོ་བདུན་བཞུགས་པ་དང་། འགའ་ཞིག་གིས་ལོ་ཉི་ཤུ་ཙམ་བཞུགས་མྱོང་བ་དེ་ཚོ་ཚང་མས་སློབ་ཡོན་དང་འགྲོ་སོང་བཅས་སུ་ལོ་རེ་འགྲོ་སོང་གསེར་སྲང་བརྒྱད་ཅུ་ཙམ་བཏང་བར་ཆ་བཞག་ན་ཁོང་ཚོ་ཡུལ་གྲུ་དེ་ཚོར་བཞུགས་ཡུན་ལོ་དགུར་རྩིས་ན་གསེར་སྲང་ཆིག་འབུམ་ཆིག་ཁྲི་དགུ་སྟོང་བརྒལ་བ་སོང་ཡོད་པ་དེ་ནི་གྲངས་འབོར་ཆུང་ཆུང་ཞིག་མིན། ད་དུང་ལོ་ཙཱ་བ་རིག་གནས་དོན་གཉེར་ལ་ཕེབས་ཏེ་ས་ཆུ་མ་འཕྲོད་པས་རྒྱ་གར་སོགས་སུ་འདས་གྲོངས་ཀྱིས་བོད་དུ་ཕྱིར་ཕེབས་མ་ཐུབ་པ་ཡང་ཇི་སྙེད་བྱུང་ཡོད་གནས་ཚུལ་འདི་ཚོའི་ཐོག་ནས་བོད་ཡིག་དཔེ་རྙིང་ནང་བཞུགས་པའི་འགྱུར་མ་རྣམས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དེ་མཚོན་ལ་བོད་རིགས་ནི་རིག་པའི་གནས་དོན་དུ་གཉེར་བར་བློས་གཏོང་ཆེན་པོ་བྱེད་ཐུབ་པའི་སྙིང་སྟོབས་ལྡན་ལ་སེམས་ཆུང་གིས་མི་རིགས་གཞན་གྱི་རིག་གནས་ལ་སློབ་སྦྱོང་ཡང་དག་པ་བྱས་ཏེ་རང་རིགས་ཀྱི་ཤེས་རིག་འཕེལ་རྒྱས་གཏོང་བའི་ཆོད་སེམས་བླ་ན་མེད་པ་དེ་ཡང་མཚོན་པ་ཡིན།
བོད་དུ་བཀའ་བསྟན་འགྱུར་གྱི་གླེགས་བམ་བྱུང་ཚུལ་ལ་མཚོན་ན་ཐོག་མར་བསྒྱུར་བ་དང་། འཐོར་བུར་གནས་པ། ཕྱོགས་གཅིག་ཏུ་སྒྲིག་སྟེ་དཀར་ཆག་བཀོད་པ། ལག་བྲིས་མར་བཞེངས་པ་དང་། པར་བརྐོས་ཏེ་པར་མར་བཞེངས་པ་བཅས་ཀྱི་རིམ་པ་བརྒྱུད་ཡོད།
སྔོན་ལ་བསྒྱུར་བའི་གནས་ཚུལ་ནི་གོང་དུ་ཞུས་པ་བཞིན་ཐུ་མི་བཀའ་དྲིན་ཅན་ནས་བཟུང་ལོ་པཎ་རྣམས་ཀྱིས་རིམ་པར་བསྒྱུར་བ་དང་། ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གྲུབ་རྗེས་སྒྲ་བསྒྱུར་ལོ་ཙཱ་གླིང་དུ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་ལ་སོགས་པ་ལོ་ཙཱ་བ་མང་པོ་བྱོན་པ་རྣམས་ཀྱིས་བཀའ་བསྟན་བཅོས་བསྒྱུར་རྒྱུ་དེ་ཆེད་ལས་ཅན་དང་། །རྒྱུན་གཏན་རང་བཞིན་གྱི་བསྒྱུར་གྲྭ་ཆེན་པོ་ཚུགས་ཏེ་བོད་དུ་བཀའ་བསྟན་འགྱུར་བསྒྱུར་བའི་བྱ་གཞག་གི་མཐོ་རླབས་འཕྱུར་བ་དེ་ནས་བསྟན་པ་སྔ་དར་སྐབས་གླང་དར་བར་རྒྱུན་ཆད་མྱོང་མེད་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་བར་བཀའ་བསྟན་འགྱུར་བསྒྱུར་མ་རྣམས་ལ་གླེགས་བམ་གྱི་གཟུགས་དང་། ཡི་གེ་ཆེ་ཆུང་གི་རིམ་པའི་དབྱེ་བ་གང་ཡང་ཡོད་པར་མ་མངོན། དེ་ཡང་བཀའ་ཆེམས་བཀའ་ཁོལ་མའི་མཇུག་བསྡུའི་སྐབས་སུ། “རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྤྲུལ་པ་ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་དེའི་ཞལ་ནས། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དེའི་བཀའ་ཆེམས་ཞེས་བྱ་བ། ལྷ་ས་བཞེངས་པའི་ལོ་རྒྱུས་ཀྱི་ཡི་གེ་འདི་བྲིས་པ་དང་ཀློག་པ་དང་། ཉན་པ་ལ་ཕན་ཡོན་ཆེན་པོ་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལང་ངོ་གསུངས་སོ། །” (བཀའ་ཆེམས་བཀའ་ཁོལ་མ་དེབ་ངོས་ ༣ ༡༥) ཞེས་དང་། གཞན་ཡང་ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་གི་ཞལ་ནས། རྒྱལ་པོའི་བཀའ་ཆེམས་ཀྱི་ཡི་གེ་ཤོག་དྲིལ་འདི། དར་ཡུག་སྔོན་པོ་ལ་ཤོག་བུ་བྱས། གསེར་གྱི་ཡི་གེ་བྲིས་ནས་འདུག་པ་མཐོང་ནས་རྒྱས་འབྲིང་བསྡུས་གསུམ་དུ་འདུག་པ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་ཏེ་གཙུག་ལག་ཁང་གི་ནང་ནས་གཏེར་ནས་ཕྱུང་སྟེ། དུས་ཕྱི་མའི་མི་རྣམས་ཚོགས་ཆེན་པོ་གསོག་པའི་ཆེད་དུ་གླེགས་བམ་གྱི་ནང་དུ་ཡི་གེར་བྲིས་སོ། །བཀའ་ཆེམས་ཀྱི་ཡི་གེ་འདི་ཡང་མཐོང་བར་དཀའ་བ། ཐོས་པར་དཀའ་བ། རྙེད་པར་དཀའ་བ་ཡིན་ཏེ། དེ་ཇི་ལྟར་དཀའ་ཞེ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་པ་ལས། གཞན་གྱིས་རྙེད་པ་དང་བསྟན་པར་ནུས་པར་དཀའ་བས་སོ། །ཕྱི་མོ་ཤོག་དྲིལ་གསུམ་ (རྒྱལ་པོའི་བཀའ་ཆེམས་མེ་ཏོག་ཕྲེང་བ། བློན་པོ་རྣམས་ཀྱིས་མཛད་པ་ཟླ་བ་འདོད་འཇོ། བཙུན་མོ་རྣམས་ཀྱིས་མཛད་པ་དར་དཀའ་གསལ་བ་) པོ་ནི་གཏེར་སྲུང་བཀའ་གཉན་སྦྲགས་ནས་ཤུལ་དུ་སྦས་སོ། །ཇོ་བོ་རྗེས་བང་སྟོན་ལ་གནང་། བང་སྟོན་གྱིས་སྟོད་ལུང་པ་ལ་གནང་ཞེས་གསལ་བར་གསུངས་པ་ནས་གསལ་པོར་རྟོགས་ཐུབ་པ་མ་ཟད། གསུང་རབ་ཀྱི་རིགས་མ་གཏོགས་དེ་སྔ་སྲིད་གཞུང་གི་ཡིག་ཆ་ (ས་མིའི་ཞིབ་གཞུང་དང་། སྤྲོད་དེབ། ཁྲལ་རིགས་བསྡུ་གཞུང་རིགས་ཕུད་》 རྣམས་ཀྱང་ཤོག་དྲིལ་དུ་གནས་པ་དང་། བཀའ་ཤོག་གཙིགས་ཆེའི་རིགས་ཏེ་ཤེ་བམ་ལྟ་བུ་དར་གོས་ལ་ཡང་འབྲི་སྲོལ་རྒྱུན་ཆགས་སུ་གནས་ཡོད་པ་དང་། ཏུན་ཧོང་གི་གཏེར་ཡིག་ཀྱང་ཤོག་དྲིལ་ཡིན་པ་ལྟ་བུའོ།།
དེ་རྗེས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས“ བི་རོ་ཙ་ནའི་གླིང་དུ་ཆོས་འཆད་པ་ལ་སོགས་པས་བསྟན་པ་ཡོངས་སུ་རྫོགས་པ་དར་བར་བྱས་ཏེ་འབྲུག་གི་ལོ (བུ་སྟོན་གྱི་བཞེད་པ་ལྟར་ན་ཤིང་འབྲུག་སྤྱི་ལོ་ ༨༢༤) ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་སྒྲ་བསྒྱུར་གྱི་བནྡྷེ་དཔལ་བརྩེགས་དང་བནྡྷེ་ཀླུའི་དབང་པོ་ལ་སོགས་པས་བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དང་བམ་པོ་དང་། ཤོ་ལོ་ཀའི་གྲངས་སུ་མཆིས་པར་གཏན་ལ་ཕབ་ནས་དཀར་ཆག་ཏུ་བྲིས་སོ་ཞེས་བྱུང་ངོ་།།”(མཁས་དགའ་དེབ་ངོས་ ༣༦༥) ཞེས་མཁས་པའི་དགའ་སྟོན་ནང་གསལ་བ་ལྟར་དམ་པའི་གསུང་རབ་སྔར་ཤོག་དྲིལ་དུ་ཡོད་པ་རྣམས་ཤོག་ལྡེབ་ནང་འབྲི་བའི་སྲོལ་དར་འགོ་ཚུགས་འདྲ་བ་དང་གླེགས་བམ་ཞེས་བྱ་བའི་མིང་ཡང་འདི་ནས་བྱུང་བར་སྣང་། གླེགས་ནི་ལེབ་མོ་གྲུ་བཞིའི་དོན་ཏེ་སྒོ་གླེགས་དང་། གླེགས་བུ་ཡིན་པས་དམ་པའི་ཆོས་རྣམས་ཤོག་ལྡེབ་གྲུ་ནར་གྱི་གཟུགས་ཀྱི་ཤོག་བུའི་ངོས་སུ་འབྲི་བ་དང་དེ་དག་གྲངས་ཚད་དམ་བམ་གྲངས་ངེས་ཅན་བརྩེགས་ཏེ་བཞུགས་པ་དེ་ལ་གླེགས་བམ་ཟེར་ཞིང་། ཐོག་མའི་གླེགས་བམ་རྣམས་སྐུད་པར་བརྒྱུས་པའི་ཤུལ་སྔར་གྱི་དཔེ་རྙིང་མང་པོའི་ཤོག་ལྡེབ་ཀྱི་གཡས་གཡོན་གཉིས་ཀྱི་དཀྱིལ་ངོས་སྒོར་གཟུགས་བུག་པ་ཅན་རེ་ཡོད་པ་དེ་ནི་སྐུད་པ་བརྒྱུ་ཡུལ་གྱི་རྗེས་ཡུལ་ཡིན། ཕྱིས་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་སྐབས་དམ་པའི་ཆོས་མེར་བསྲེགས་ཆུར་དཀྱུར་བས་མ་ཟད། ཁྲིམས་ཀྱི་རྣམ་པས་དམ་ཆོས་རྣམས་རྒྱུག་པའི་དབར་བཙིར་ནས་ཐག་པས་བསྡམས་ཏེ་ཁྲིམས་བཏང་བ་ཕྱིས་སྲི་ཞུར་སོང་སྟེ་གླེགས་ཤིང་གཉིས་ཀྱི་དབར་གསུང་རབ་རྣམས་བཞུགས་པ་དེ་དག་འཐོར་གྱུར་མི་འབྱུང་ཆེད་གླེགས་ཐག་ཅེས་སྐུ་རགས་འབུལ་བའི་སྲོལ་དར་བ་རེད་ཅེས་རྒན་རབས་ཀྱི་གསུང་རྒྱུན་ལས་ཐོས། །
དམ་པའི་ཆོས་སམ་བོད་ཡིག་དཔེ་རྙིང་གི་རྣམ་གྲངས་དང་། བམ་ཚད་ངེས་གསལ་འཁོད་པའི་དཀར་ཆག་ཐོག་མ་དཀར་ཆག་ལྡན་དཀར་མ་ཞེས་བྱ་བ་གོང་དུ་ཞུས་པ་དེ་དང་། དེ་རྗེས་བཙན་པོའི་སྐབས་རང་ལ་བཀའ་བསྟན་འགྱུར་གྱི་བཞུགས་ཚོགས་ཇེ་ཆེར་སོང་བ་དང་བསྟུན་ཏེ་དཀར་ཆག་མཆིམས་ཕུ་མ་དང་། འཕང་ཐང་མ་གསུམ་རིམ་པར་བྱུང་ཡོད།
བམ་གྲངས་ཞེས་པའི་བམ་ནི་སྒྲིལ་ཁའི་དོན་ཏེ་གོས་ཆེན་ཡུག་སྒྲིལ་ལ་གོས་ཆེན་ཡུག་བམ་ཟེར་བ་ལྟ་བུ་ཡིན། འོན་ཀྱང་དམ་པའི་གསུང་རབ་ཀྱི་བམ་གྲངས་ནི་ཐོག་མ་ཁྲི་སྲོང་ལྡེ་བཙན་སྐུ་དུས་གསུང་རབ་རྣམ་གྲངས་རེ་རེའི་ཚད་གཞིའི་ངོས་བཟུང་བདེ་བའི་ཕྱིར་བམ་པོའི་གྲངས་གཏན་ལ་ཕབ་པ་སྟེ་ཚིགས་བཅད་གཅིག་ལ་ཚིག་རྐང་བཞི་རེར་ཤོ་ལོ་ཀ་གཅིག་དང་། ཚིག་ལྷུག་ལ་ཚེག་ཁྱིམ་སུམ་ཅུ་སོ་གཉིས་ལ་ཤོ་ལོ་ཀ་གཅིག་བཅད་ལྷུག་སོ་སོར་རྩིས་པའི་ཤོ་ལོ་ཀ་སུམ་བརྒྱུའམ་སུམ་བརྒྱ་ལྔ་བཅུ། ཡང་ན་བཞི་བརྒྱ་ཐམ་པར་ཆ་བཞག་པ་སྣ་ཚོགས་ཡོད་པ་དེའི་བམ་གྲངས་གཏན་ལ་འཁེལ་བ་དེས་རྣམ་གྲངས་དེའི་གྲངས་འབོར་དེ་ཆེ་ཆུང་ཙམ་མ་ཟད། གསུང་རབ་དེ་དག་ལ་གཞན་གྱིས་རང་དགར་ཁ་སྣོན་མི་ཆོག་པ་དང་ཆད་སྐྱོན་མི་འབྱུང་བའི་དགེ་མཚན་ལྡན་པ་འདི་ནི་གསུང་རབ་ཤོག་དྲིལ་གྱི་རྣམ་པར་གནས་པའི་སྐབས་དེ་ལྟར་དགོས་ངེས་ཡིན། འོན་ཀྱང་ཕྱིས་ཀྱི་གསུང་རབ་རྣམས་ནི་ཤོག་ལྡེབ་ངོས་བྲིས་པས་ཤོག་ལྡེབ་རེར་ཡིག་ཕྲེང་མང་ཉུང་གཅིག་ལྟར་ཡིན་པའི་གྲངས་འབོར་དེས་རྣམ་གྲངས་དེའི་གྲངས་འབོར་ཚོད་འཛིན་ཐུབ་པས་བམ་གྲངས་ངེས་པར་དགོས་གལ་མ་མཆིས་པས་དེའི་རྒྱུན་རང་བཞིན་དུ་མེད་པར་གྱུར་ཡོད།
འགྱུར་གྱི་གནད་དོན་ལ་མཚོན་ན་བོད་ཡིག་ཏུ་བསྒྱུར་བའི་བཀའ་བསྟན་བཅོས་ནི་མ་ཡིག་རྒྱ་གཞུང་ཇི་མ་ཇི་བཞིན་བསྒྱུར་ཐུབ་པ་བྱུང་ཡོད། བསྒྱུར་ཞུས་ཀྱི་གནད་དོན་སྐོར་བཀས་བཅད་རིམ་པ་གསུམ་བྱུང་ཡོད་པའི་མཚོན་དཔེར་བཀས་བཅད་གཉིས་པའི་གནས་ཚུལ་ཞིག་ཞུ་ན། བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་སྐུ་དུས་རྟའི་ལོ་སྟེ་སྤྱི་ལོ་ ༨༡༤ ཤིང་རྟ་ལོ་སྒྲ་སྦྱོར་བམ་གཉིས་ཞེས་ཡིག་སྒྱུར་རིགས་པའི་གཞུང་ལུགས་སྐད་གྲགས་ཅན་དེ་གཏན་འབེབས་གནང་བའི་ནང་བསྒྱུར་ཡིག་རྣམས་བརྡ་སྤྲོད་པའི་གཞུང་དང་མཐུན་དགོས་པ་དང་གཅིག མ་དཔེའི་རྩ་བའི་བརྗོད་དོན་དང་འགལ་མི་ཆོག་པ་དང་གཉིས། ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པ་དང་གསུམ་དང་། ད་དུང་ཡིག་སྒྱུར་གྱི་ཐབས་ཤེས་དང་། དོ་སྣང་བྱེད་དགོས་པའི་བྱ་བ་མང་པོ་གསལ་པོར་བསྟན་ཡོད་པ་མ་ཟད། ད་དུང་གསུང་རབ་སོ་སོར་ཡི་གེ་ཆེ་ཆུང་ཇི་ལྟར་སྤྱོད་པའི་གཏན་འབེབས་ཀྱང་གནང་ཡོད།
ཞུ་དག་ལ་མཚོན་ན། སྔར་བཙན་པོའི་དུས་བསྒྱུར་བའི་བཀའ་དང་བསྟན་བཅོས་གང་ཡིན་ལ་ཞུ་དག་སྔ་རྗེས་བཞི་བརྒྱུད་དགོས་པ་སྟེ། །
༡. བསྒྱུར་བ་པོ་ལོ་ཙཱ་བ་དང་། ཞུ་དག་པ་པཎྜི་ཏ་གཉིས་ཀྱིས་མ་དཔེ་དང་ཞུ་དག་རགས་པ་ཞིག་གཏོང་བར་དེ་ལ་སྨར་ཞུས་ཟེར། ༢. བསྒྱུར་ཞུས་གཉིས་ཀྱིས་ཡང་བསྐྱར་སྔར་བས་ཞིབ་ཆ་ཆེ་བའི་ཞུ་དག་བཏང་བ་དེར་ཡང་ཞུས་ཟེར། ༣. སྔར་གྱི་བསྒྱུར་ཞུས་གཉིས་ཀྱི་ཁར་ཆེད་མངགས་གདན་ཞུས་པཎྜི་ཏ་དང་བཅས་པས་ཚིག་དོན་རེ་རེར་ཞིབ་ཕྲའི་ཞུ་དག་ནན་ཏན་གཏོང་བ་དེར་བསྐྱར་ཞུས་ཟེར། ༤ བསྒྱུར་ཞུས་ལོ་པཎ་ཁར་བསྒྱུར་གྲྭའི་པཎྜི་ཏ་ཚང་འཛོམས་སར་ཚིག་དོན་རེ་རེར་ཞུ་དག་བཏང་བར་ཚང་མས་མོས་མཐུན་བྱུང་བའི་ཞུ་དག་མཐའ་མཇུག་དེར་གཏན་ལ་ཕབ་པའི་ཞུ་དག་ཟེར་བ་བཅས་དེ་ལྟ་བུའི་ཞུ་དག་སྔ་རྗེས་བཞི་བརྒྱུད་པའི་མཐར་རྒྱལ་བློན་ཚང་འཛོམས་སར་བསྒྱུར་ཞུས་ཀྱི་གནད་དོན་གསལ་པོ་ཞུས་རྗེས་བཙན་པོས་དེ་ལྟར་ཆོག་པའི་བཀའ་ཕབ་རྗེས་གཞི་ནས་བཀའ་བསྟན་བཅོས་ཀྱི་གྲངས་སུ་བརྩི་བའི་སྲོལ་ཡོད་ལུགས་མཁས་པའི་གསུང་ལས་ཐོས་པ་འདིར་ཟུར་ཙམ་དྲངས་པའི་དགོས་པ་ཡང་ང་ཚོའི་བོད་ཡིག་དཔེ་རྙིང་ཁྲོད་བཞུགས་པའི་བསྒྱུར་མ་རྣམས་ནི་མ་དཔེ་དང་གཉིས་སུ་མེད་པའི་ཁུངས་བཙན་པོ་ཡོང་བའི་རྒྱུ་མཚན་འདི་ལྟར་ཡིན་པ་མ་ཟད། དེང་སྐབས་ཕྱི་ཕྱོགས་ཀྱི་མི་སྣ་མང་པོས་ཀྱང་བོད་ཡིག་གི་དཔེ་རྙིང་ལ་གཙིགས་མཐོང་ཆེན་པོ་བྱེད་པ་དང་། བསྒྱུར་ཡིག་ནི་ཆེས་ཁུངས་ལྡན་ལ་བརྩི་བ་ཡང་བསྒྱུར་ཞུས་ནན་ཏན་ཆེ་ལ་ཡང་དག་པའི་སྲོལ་རྒྱུན་འདི་ཚོར་ཐུག་ཡོད། སྐབས་འདིར་དཔེ་མཚོན་ཙམ་དུ། འཕགས་ཡུལ་གྱི་སྙན་ངག་མཁན་དགེ་དབང་ཡབ་སྲས་ཀྱིས་བརྩམས་པའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་སྙན་ཚིག་ཤོང་ལོས་བོད་སྐད་དུ་བསྒྱུར་གནང་བ་དེ་ནི་འཕགས་ཡུལ་གྱི་སྙན་ངག་མཁན་གྱི་བརྩམས་ཆོས་ཤིག་ཡིན་པ་ལ་བོད་ཀྱི་སྙན་ངག་མཁན་ཆེན་པོ་ཞིག་གིས་བྲིས་པ་ལྟ་བུ་དང་། རྒྱ་ཡིག་ནས་བསྒྱུར་བའི་མདོ་མཛངས་བླུན་ལ་ཆ་བཞག་ནའང་རྒྱ་ཡིག་ནས་བསྒྱུར་བའི་ཚོར་སྣང་གང་ཡང་མི་སྐྱེ་བར་བོད་རང་གི་མཁས་པས་ཟིན་བྲིས་བཏབ་པ་ཞིག་ཡིན་སྙམ་པའི་ཚོར་སྣང་སྐྱེ་བ་ལྟ་བུའོ། །
བོད་ཡིག་དཔེ་རྙིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་མཚོན་ན། རྣམ་གྲངས་ཆེ་བའི་གྲས་སུ་བཀའ་བསྟན་འགྱུར་ཐོག་མར་བྱུང་བ་དང་། དེ་རྗེས་བསྟན་པ་ཕྱི་དར་སྐབས་ས་སྐྱ་བཀའ་འབུམ་དང་། བོ་དོང་བཀའ་འབུམ། ཙོང་ཁ་པ་ཆེན་པོའི་བཀའ་འབུམ་སོགས་དབྱར་གྱི་ཆུ་གཏེར་རྒྱས་པ་ཇི་བཞིན་དར་རྒྱས་སོང་ཡོད། གསུང་རྟེན་དེ་དག་གི་ཤིང་པར་ནི་སྤྱི་ལོ་ ༡༤༠༡ མིང་ཡུང་ལོས་བོད་ནས་དྲངས་པའི་བཀའ་འགྱུར་ཤིང་པར་ཐོག་པར་སྐྲུན་བྱས་པའི་པར་ཕུད་བོད་དུ་མཚུར་ཕུ་ཀརྨ་པ་དང་། རྗེ་ཙོང་ཁ་པར་འཚམས་རྟེན་དུ་ཕུལ་བ་དེའི་རྗེས་སུ་བོད་དུ་ཤིང་པར་བརྐོ་བའི་ལག་རྩལ་དར་བ་དེ་ནས་བཟུང་བོད་ཡིག་དཔེ་རྙིང་དར་ཁྱབ་ཇེ་ཆེར་སོང་བས་ད་ལྟ་བོད་ཡིག་དཔེ་རྙིང་གི་རྣམ་གྲངས་ཇི་ལྟར་ཡོད་པ་དང་། གྲངས་ཇི་ཙམ་ཡོད་པ་སྨྲ་བར་ཕུར་བུའི་ལྕེ་ཡང་ངལ་བར་མཐོང་བས་བོད་ཡིག་དཔེ་རྙིང་གི་དཀར་ཆག་ཅུང་ཆ་ཚང་བ་ཞིག་ཕྱོགས་སྒྲིག་བྱུང་ན་ཅི་མ་རུང་སྙམ་པ་ནི་བོད་རིག་པའི་ཞིབ་འཇུག་མཁན་གྱི་ཁ་ཚ་དགོས་གཏུགས་ཀྱི་རེ་བར་གྱུར་ཡོད། འོན་ཀྱང་ལས་དོན་འདི་མངོན་འགྱུར་ཡོང་བར་དཀའ་ཚེགས་ཀྱི་བྱ་བ་མང་པོ་བརྒྱུད་དགོས།
གཉིས་པ། བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་བའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། སྤྱིར་མི་རིགས་གང་འདྲ་ཞིག་ཡིན་རུང་རང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བསམ་ན་ཐོག་མར་མི་རིགས་དེ་རང་གི་གནའ་བོའི་རིག་གནས་རྣམས་རྒྱུན་འཛིན་དང་། སྲུང་སྐྱོབ་བྱས་པའི་རྨང་གཞིའི་འོག་གོམ་པ་རིམ་བགྲོད་ཀྱིས་མི་རིགས་དེའི་རིག་གནས་འཕེལ་རྒྱས་ལེགས་པོ་བྱུང་བའི་རྗེས་གཞི་ནས་ཆབ་སྲིད་དང་། དཔལ་འབྱོར། རིགས་གཞུང་སོགས་ཀྱི་ནང་བྱ་བ་ངོ་མཚར་ཅན་མང་པོ་སྒྲུབ་ཐུབ་པ་ལྟར་ང་ཚོས་བོད་ལྗོངས་ཀྱི་བསམ་པའི་དཔལ་ཡོན་དང་། དངོས་པོའི་དཔལ་ཡོན་འཕེལ་རྒྱས་གཏོང་བསམ་ན་བོད་ཀྱི་སྐད་ཡིག་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་བ་དང་། ལྷག་པར་སྐད་ཡིག་གི་ཁུངས་གཏུགས་སའི་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་། དེ་དག་འཚོ་བ་དངོས་ནང་ཞབས་འདེགས་ཞུ་བའི་ལག་ཆ་ཞིག་ཏུ་འགྱུར་བ་བྱ་དགོས། གལ་སྲིད་དཔེ་རྙིང་གི་ཆེད་དུ་དཔེ་རྙིང་མྱུར་སྐྱོབ་དང་། །སྲུང་སྐྱོབ་བྱས་པ་ཡིན་ན་དེ་ནི་མི་རིགས་རིག་གནས་གཞན་ལ་ངོམ་པ་ལྟ་བུའི་དགེ་མཚན་ཞིག་ལས་བྱ་བ་ངོ་མའི་ནང་ཕན་འབྲས་གང་ཡང་ཐོན་མི་ཐུབ།
སྐབས་འདིར་བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་བ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཕྱོགས་སྟོན་ལྟ་བུར་དཔེ་མཚོན་འགའ་ཞིག་ཞུ་ན། །
སློབ་གསོའི་ལས་ཀའི་ནང་བོད་ཡིག་དཔེ་རྙིང་གི་ནུས་པའི་སྐོར། ང་ཚོ་མི་རིགས་ས་ཁུལ་ལ་བལྟས་ན་སློབ་གསོའི་ལས་ཀར་བོད་ཡིག་དཔེ་རྙིང་ལ་མ་བརྟེན་པའི་འགྲོ་ལམ་གཞན་ཅི་ཡང་མེད། ཐོག་མ་གཞོན་ནུ་སློབ་པ་ལམ་གྱི་གནས་སྐབས་སུ་བོད་ཡིག་འབྲི་ཀློག་ནས་བཟུང་བོད་ཀྱི་རིག་པའི་གནས་མཐའ་དག་ལ་སློབ་སྦྱོང་བྱེད་པའི་གཞུང་རྩ་འགྲེལ་ཚང་མ་དཔེ་རྙིང་ནང་ནས་འཚོལ་དགོས་པ་ནི་ཚང་མས་ཤེས་གསལ་ལ་བརྟེན་འདིར་རེ་རེ་བཞིན་འབྲི་བར་མི་བྱ་ཞིང་། མཚོན་དཔེ་ཙམ་བོད་ཀྱི་རྩོམ་རིག་ལ་ལྟོས་ན་བོད་ཡིག་དཔེ་རྙིང་ནང་ནས་སྙན་ངག་ཇི་ལྟར་རྩོམ་པའི་གཞུང་དང་། སྙན་ངག་གི་བསྟན་བཅོས་དང་། དེ་མིན་གཞུང་མང་པོར་ལྟ་ཀློག་ཐོས་བསམ་མ་བྱས་པར་བོད་ཡིག་གི་རྩོམ་ལེགས་པོ་ཞིག་མི་ཡོང་བ་ཚིག་ཐག་གཙང་མར་བཅད་ཆོག དེང་དུས་སྙན་ངག་གི་སྐོར་ལ་སྙན་ངག་གི་གཞུང་མེ་ལོང་མར་མ་བརྟེན་པའི་བོད་རིགས་རང་གིས་བརྩམས་པའི་གཞུང་ཞིག་བྱུང་ན་དགེ་མཚན་ཆེ་བའི་བཤད་ཡམས་ཤིག་ཡོད་རུང་། དེ་ནི་ཕྱོགས་རེ་བའི་ལྟ་སྟངས་ཤིག་ལས་དོན་དམ་རིག་གནས་ཀྱི་རྒྱུན་ལ་ཕན་པའི་ལྟ་སྟངས་ལེགས་པོ་ཞིག་མིན། གང་ཡིན་ཞེ་ན་སྙན་ངག་མེ་ལོང་མའི་ནང་གི་དཔེར་བརྗོད་མང་པོར་གཞོན་ནུ་ཕོ་མོའི་ཚུལ་དང་སྦྱར་བ་དེ་ནི་སྤྱིར་གཞུང་དེ་ཕྱི་ནང་ཐུན་མོང་གི་གཞུང་དང་། ལྷག་པར་བློ་གསར་གཞོན་ནུའི་ཚོགས་གཞུང་དེར་འཇུག་བདེ་བའི་ཆེད་དུ་སློབ་དཔོན་དཎྜིས་དེ་ལྟར་མཛད་པའི་དགོངས་གཞི་དེ་མ་རྟོགས་པར་གཞུང་སྐྱོན་ཅན་དུ་རྩ་བ་ནས་རྩི་མི་རུང་ལ། སྙན་པའི་ངག་གིས་དྲངས་པའི་བརྩམ་བྱའི་དོན་ཆོས་ནོར་འདོད་ཐར་སྡེ་བཞིའི་དབང་དུ་མ་བྱས་པ་མེད་པས་གལ་སྲིད་གཞོན་ནུ་ཕོ་མོའི་གནས་ཚུལ་དང་རྩ་བ་ནས་མ་འདྲེས་པའི་གཞུང་ཞིག་ཡིན་པ་དེར་སྦྱངས་པའི་མིས་འཚོ་བ་དངོས་ཀྱི་ནང་གསོན་ཉམས་ལྡན་པའི་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་བམ། སྤྱིར་རིག་གནས་ནི་མི་སུ་ཞིག་གིས་ཀྱང་སྤྱད་ཆོག་པ་ལས་དེ་ལ་གྲལ་རིམ་དང་དབྱེ་བའི་རང་བཞིན་བྱར་མེད་ཀྱང་། དོན་གཉེར་ཅན་ནམ་སློབ་པ་ལམ་ལ་ཞུགས་པའི་མི་སོ་སོའི་ངོས་ནས་བཤད་ན་རང་གི་བསམ་བློ་དྭངས་གཙང་ཡིན་མིན་ལ་མ་ལྟོས་པར་གཞུང་རྩོམ་པ་པོའི་དགོངས་པ་རྟོགས་པ་བྱས་ནས་གཞུང་དེ་ལེགས་པར་ལོབ་པའི་ཚུལ་ལ་བསམ་བློ་གཏོང་དགོས་པ་ལས། བག་མེད་ཀྱི་སྤྱོད་པ་རྒྱ་ཡན་དུ་བཏང་ན་འགྲིག་པ་ལྟ་བུར་ངོས་འཛིན་ན་དེ་ནི་མི་རང་ཉིད་ཀྱིས་འགན་གཙང་མར་ཁུར་དགོས་པ་ལས་སྙན་ངག་གི་གཞུང་རྩོམ་པ་པོར་འགན་ཆ་ཤས་ཙམ་དཀྲི་མི་རུང་བ་གཞུང་དེ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནས་ལན་གསལ་པོར་བཏབ་ཡོད།
འདུལ་བ་འཛིན་པ་ཆེན་པོ་ས་སྐྱ་པཎྜི་ཏ་ཆེན་པོ་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ལ་སོགས་པ་སྔོན་བྱོན་མཁས་གྲུབ་མང་པོས་སྙན་ངག་མེ་ལོང་མར་སྦྱངས་པ་མཛད་དེ་མཁས་པའི་བྱ་བ་གསུམ་གྱི་ནང་ནས་གཞུང་ཆེན་པོ་མང་པོ་སྙན་ངག་གི་གཞུང་ལ་བརྟེན་ནས་བཀའ་རྩོམ་མཛད་པས་ཁོང་ཚོ་ནི་སྙན་ངག་པ་ཆེན་པོ་དང་འདུལ་བ་འཛིན་པ་ཆེན་པོར་འགྱུར་བ་དེ་ནི་གསོན་ཉམས་ལྡན་པའི་ར་སྤྲོད་གཞི་ཞིག་ཡིན་པ་མ་ཟད། འཚོ་བ་དངོས་ཀྱི་ནང་ནས་ཀྱང་ཤེས་རིག་ལྡན་དང་མི་ལྡན་གྱི་མི་ཚོའི་འཚོ་བའི་སྤྱོད་ཚུལ་ཐ་དད་པ་ཡིན་པ་བག་མེད་པར་སྤྱོད་པའི་མི་མང་ཆེ་བ་ནི་ཤེས་རིག་མེད་པའི་གྲས་དེ་ཡིན་པ་ཡང་ར་སྤྲོད་ཞིག་ཡིན། འོན་ཀྱང་དེང་དུས་སྙན་ངག་མེ་ལོང་མར་མ་བསྟུན་པའི་སྙན་ངག་གསར་དར་ལྟ་བུའི་སྦྱང་བཤད་བྱེད་པ་དེ་དག་ལའང་སྙན་ངག་མེ་ལོང་མ་ལས་ལོགས་སུ་གྱུར་པའི་ལེགས་བཤད་ནི་གང་ཡང་ཡོད་པར་མ་མངོན། སྙན་ངག་མེ་ལོང་མའི་ལེའུ་གཉིས་པའི་འགོར། སྙན་ངག་མཛེས་པར་བྱེད་པ་ཡི། །ཚོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །འོན་ཀྱང་རྣམ་རྟོག་ས་བོན་ནི། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །དེ་ཉིད་རབ་ཏུ་ལེགས་སྦྱར་ཕྱིར། །ཡོངས་སུ་ངལ་འདི་བདག་གི་འོ། །ཞེས་གསུངས་པ་ལྟར་སློབ་དཔོན་དབྱུག་པ་ཅན་གྱིས་སྙན་ངག་མེ་ལོང་མར་བསྟན་པའི་དཔེར་བརྗོད་རྣམས་ནི་རྣམ་རྟོག་གི་ས་བོན་ཙམ་བསྟན་པ་ཡིན་ཞེས་གསལ་པོར་གསུངས་པས་རྣམ་པར་རྟོག་པར་མཐའ་མེད་པ་དེས་ན་སྙན་ངག་གི་རྒྱུན་ཡང་མཐའ་མེད་པ་དེའི་ཕྱིར་དེང་དུས་རྒྱན་གསར་པར་འདོད་པ་རྣམས་ཀྱང་མེ་ལོང་མའི་མཚམས་ལས་བརྒལ་བའི་རྒྱན་ཞིག་མིན་པ་ནི་མངོན་སུམ་ཚད་མས་གྲུབ་པ་དང་། གཞུང་དེ་ཡང་ཕྱི་ནས་ཡོང་བའི་གཞུང་ཡིན་པ་དེར་མ་ལྟོས་པ་བོད་རང་གིས་བརྩམས་པའི་གཞུང་ཞིག་ཡིན་པ་དེ་ནི་མཆོག་ཏུ་བརྩི་བའི་ཚུལ་དང་། ཡང་ན་རང་མི་རིགས་ཀྱི་རིག་གནས་ལ་མཐོང་ཆུང་གིས་ཕྱི་ནས་དར་བའི་གཞུང་ལ་མཆོག་ཏུ་བརྩི་བའི་ལྟ་ཚུལ་གཉིས་ཀ་ཡང་དག་པ་མིན། གཙོ་བོ་རིག་གནས་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་ན་རྒྱུན་རིང་དུ་གནས་པ་མ་ཟད་རིམ་བཞིན་ཡར་རྒྱས་འགྲོ་བ་དང་། མ་མཐུན་ན་སྤྱི་ཚོགས་ཐོག་མུ་མཐུད་གནས་མི་ཐུབ་པ་བྱ་བ་ངོ་མའི་ནང་ནས་གསལ་པོར་མཚོན་གྱི་ཡོད་པ་དེ་ནི་མི་ཆེ་གེ་མོའི་འདོད་ཚུལ་ལ་རག་མ་ལས་པ་དོན་དངོས་ལ་རག་ལས་པ་དེ་ནི་བདེན་དོན་དང་ཚན་རིག་ཅིག་ཡིན། སྐབས་འདིར་ཁོ་བོས་འདི་སྐོར་ཅུང་ནན་ཏན་གྱིས་སྨྲ་བའི་དགོས་པ་ནི། སྙན་ངག་མེ་ལོང་མར་སྐྱོན་འདོགས་བྱེད་པའི་བཤད་ཡམས་དེས་བློ་གསར་གཞོན་ནུའི་ཀུན་སྤྱོད་དང་མི་རིགས་རང་ཉིད་ཀྱི་སྙན་ངག་གི་རྒྱུན་ལ་ཕན་པ་འདི་ཡིན་ཞེས་སྟོན་རྒྱུ་མེད་ཁར་རང་རེའི་མེས་པོ་ཚོས་སྐུ་ངལ་ཚད་མེད་སྤྱད་དེ་གཞུང་བསྒྱུར་བ་དང་། འགྲེལ་པ་གསར་རྩོམ་གྱི་སྙན་ངག་མེ་ལོང་མ་དེ་དོན་དངོས་ཐོག་བོད་རང་གི་ཐུན་མོང་མ་ཡིན་པའི་སྙན་གཞུང་འགྲན་པའི་དོ་ཟླ་བྲལ་བའི་གཞུང་རྩ་འགྲེལ་ལ་ཡིད་གཉིས་ཀྱི་འཆིང་བས་སློབ་སྦྱོང་བྱ་རྒྱུར་ཤུགས་རྐྱེན་ཐེབས་ཐོག དེ་ལས་ལོགས་སུ་གྱུར་པའི་གཞུང་ཞིག་ལ་འབད་བརྩོན་བྱེད་ཁུལ་གྱིས་སློབ་གཉེར་བྱེད་པའི་དུས་ཚོད་འཕྲོ་བརླག་འགྲོ་གཞི་དེ་དག་མི་འབྱུང་བའི་ཆེད་དུ་ཡིན། །
སྙན་ངག་ལ་བྱང་ཆ་ཐོན་པའི་མི་ཞིག་གིས་བརྩམ་བྱ་སྤྱིར་རིག་པའི་གནས་མཐའ་དག་དང་། ལྷག་པར་གང་ཞིག་བྲིས་པ་ནི་སྙན་པའི་ཉམས་འགྱུར་ཕུན་སུམ་ཚོགས་པས་མི་སེམས་ལ་འཇུག་ཆེ་བ། རྒྱས་བསྡུས་གང་ལ་གང་འཚམས་སྤྲོ་བསྡུ་བྱེད་ཐུབ་པ། བརྗོད་དོན་ཚང་ལ་གོ་བ་བདེ་བླག་ཏུ་རྟོགས་པ་ལ་སོགས་པའི་དགེ་མཚན་ཐོན་པ་དེ་ཡང་བོད་ཡིག་དཔེ་རྙིང་གིས་འཚོ་བ་དངོས་ལ་ནུས་པ་མངོན་གསལ་ཐོན་པའི་དཔེ་མཚོན་ཡིན།
དེ་བཞིན་སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་བོད་རིག་པའི་ཞིབ་འཇུག་བོད་ཡིག་དཔེ་རྙིང་ནི་ཁ་འབྲལ་ཐབས་མེད་པའི་གཙོ་བོའི་ལག་ཆ་ཞིག་ཡིན། ལྷག་པར་ལོ་རྒྱུས་ཞིབ་འཇུག་ལྟ་བུར་མཚོན་ན་བོད་ཡིག་དཔེ་རྙིང་གི་ནུས་པ་ནི་དེ་བས་ཆེ། སྤྱིར་ལོ་རྒྱུས་ཀྱི་ཡིག་ལམ་ཇི་འདྲ་ཞིག་ཡིན་རུང་རྩོམ་པ་པོའི་ལྟ་བའི་རྟགས་ཐམ་མ་འཁེལ་བ་མེད་པ་ནི་ལོ་རྒྱུས་ཀྱི་ཡིག་ཆའི་ཁྱད་ཆོས་ལྟ་བུར་སྣང་བ་དེས་ཕྱི་རབས་པ་རྣམས་ལ་ཞིབ་འཇུག་ཡང་བསྐོར་བསྐྱར་བསྐོར་བྱེད་དགོས་པའི་བྱ་བ་རྙོག་འཛིང་ཅན་ཞིག་ཐོན་གྱི་ཡོད་པས་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བློ་གཟུ་བོར་གནས་པའི་རྩ་དོན་འོག་གང་ལ་གང་འདོད་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པར་གཙོ་བོ་རྒྱལ་རབས་ཆོས་འབྱུང་ཁག་གཙོ་བོའི་དཔྱད་གཞིར་འཛིན་དགོས་པ་སྨོས་མེད་ཐོག ལོ་ཚིགས་ཀྱི་གནད་དོན། མི་རབས་སམ་དུས་རབས་དེའི་དོན་ཆེན་རྣམས་ལ་དེབ་ཐེར་ཁག་ལ་ལྟ་ཚུལ་གཅིག་གྱུར་ཡིན་མིན། གཅིག་གྱུར་ཡིན་ཡང་དུས་རབས་དེའི་གནས་ཚུལ་དངོས་དང་འཚམས་མིན་བཅས་ལ་ཞིབ་མོར་དཔྱོད་སྐབས་མཁས་གྲུབ་མང་པོའི་མཛད་རྣམ་དང་། ཆབ་ཤོག མགུར་གླུ། བསླབ་བྱ་སོགས་ཀྱི་ནང་དུ་དོན་དངོས་མང་པོ་དངོས་ཤུགས་སུ་གསལ་བ་རྣམས་ལ་ཞིབ་མོར་དཔྱོད་དགོས་པ་དང་། ཡང་མཁས་གྲུབ་ཅིག་གི་འཆད་རྩོད་རྩོམ་པ་དང་། མཁས་བཙུན་བཟང་གསུམ་གྱི་ལོ་རྒྱུས་འཚོལ་བར་ཡང་གསུང་རབ་ཀྱི་དཀར་ཆག་དང་། བླ་མའི་གསན་ཡིག ཆབ་ཤོག མགུར་གླུ། སྤྱི་དང་བྱེ་བྲག་ཤེས་བྱའི་སྐོར་གྱི་གསུང་རྩོམ་ཁག་དཔྱད་གཞི་གཙོ་བོར་འཛིན་དགོས་པ། ཡང་འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་ཚུལ་དང་། ཡུལ་ལུང་གི་ཐུན་མོང་མིན་པའི་ཐོན་ཟོག་དང་རང་བྱུང་ཁམས་ཀྱི་གནས་ཚུལ་སོགས་ལ་ཞིབ་འཇུག་དགོས་ཚེ་གནས་ཡིག་དང་། གནས་བསྟོད། འཛུགས་སྐྲུན་སོགས་ཀྱི་དཀར་ཆག་དཔྱད་གཞིའི་གཙོ་བོར་འཛིན་དགོས་པ། དཔལ་འབྱོར་གྱི་གནད་དོན་གྱི་ཞིབ་འཇུག་ལ་སྲིད་གཞུང་གི་ཡིག་ཆའི་གྲས་ནས་ཁྲལ་རིགས་དང་ཁྲལ་རིགས་དངུལ་བསྒྱུར། འབབ་དེབ། ཁྲིམས་དེབ། རྫོང་གཞིས་རྩིས་རྒྱག་གི་གཞུང་ཕྲ་གཏོང་དེབ་བཅས་སུ་ཞིབ་པར་གསལ་བ་ཕུད། བོད་ཡིག་དཔེ་རྙིང་ནང་དཔལ་འབྱོར་གྱི་སྐོར་ཁ་གསལ་བཀོད་པ་ཆེར་མེད་མོད། རིན་ཐང་རྩིས་རྒྱག་སྐོར་སྐུ་གསུང་ཐུགས་རྟེན་དང་གཙུག་ལག་ཁང་གསར་བཞེངས་ཀྱི་དཀར་ཆག་དང་། བླ་མའི་རྣམ་ཐར་ནང་ཐོར་བུར་གནས་པ་རྣམས་ལ་དངོས་དང་ཤུགས་ནས་དཔྱད་གཞིར་འཛིན་ཏེ་རིགས་འདེད་བྱེད་པ།
མིའི་ཀུན་སྤྱོད་ཀྱི་གནད་དོན་ལ་ཞིབ་འཇུག་སྐབས་རྒྱལ་རབས་ཆོས་འབྱུང་ནང་གསལ་བའི་དྲང་ཕྱོགས་དང་། ལྡོག་ཕྱོགས་མི་སྣའི་ལོ་རྒྱུས། ལུགས་ཀྱི་བསྟན་བཅོས་ཁག བླ་མའི་ཉམས་མགུར་སོགས་དཔྱད་གཞི་གཙོ་བོར་འཛིན་དགོས་པ། །
ཁྲིམས་ལུགས་སྐོར་ཁྲིམས་དེབ་ཁག་དང་། དགོན་པའི་བཅའ་ཁྲིམས། འདུལ་བའི་གླེང་འབུམ། ཡིག་སྐུར་རྣམ་གཞག་ནང་གསལ་བའི་ཁྲིམས་ལུགས་སྐོར་གྱི་ཞུ་བ་ཞུ་ལན་དང་དཔྱད་ཁྲ། ཇ་ཆང་ལྷ་མོའི་བསྟན་བཅོས་ལྟ་བུ་དོན་དངོས་ཁྲིམས་ཀྱི་དཔྱད་ཁྲ་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མཚོན་པ་ལྟ་བུ་དཔྱད་གཞིར་འཛིན་དགོས་པ། ལོ་རྒྱུས་ཀྱི་གནས་ཚུལ་གང་ཞིག་ཡིན་མིན་བརྡར་ཤ་བཅད་དེ་སྡོམ་ཚིག་འཇོག་པར་ངེས་པར་ཆེས་ཁུངས་ལྡན་གྱི་ཡིག་ལམ་དང་། དུས་རབས་དེ་རང་ལ་བཙུགས་པའི་རྡོ་རིང་ངམ་གཙིགས་ཀྱི་ཡི་གེ་ཞིབ་མོ། སྲིད་གཞུང་གི་ཡིག་རྙིང་བཅས་བྱུང་ན་དེ་བས་ཡིད་རྟོན་རུང་བ་བཅས་སྐབས་འདིར་བློ་གསར་གཞོན་ནུ་རྣམས་ཀྱི་བློ་སྒོ་འབྱེད་པའི་ཆེད་དུ་ཅུང་ཟད་འཕྲོས་པ་ལས། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་པོ་ཞིག་ཡིན་ཕྱིན་རིག་གནས་ཀྱི་ཆུ་ཚད་དང་། སྤྱི་ཚོགས་ཀྱི་ཉམས་མྱོང་ངེས་ཅན་ལྡན་པའམ། ཡང་ན་ཐོས་པ་རྒྱ་ཆེར་སོང་བའི་མི་ཞིག་ཡིན་དགོས་པས་བཅོམ་ལྡན་འདས་ལ་ཀ་ཁའི་ལོ་རྒྱུས་ཞུ་མ་དགོས། །
དེ་མིན་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་སློབ་སྦྱོང་བྱེད་སྐབས་ངེས་པར་དུ་བོད་ཡིག་དཔེ་རྙིང་ནང་ནས་རིག་གནས་དེ་དང་དེའི་གཞུང་དོན་ཆ་ཚང་བར་སློབ་སྦྱོང་བྱེད་དགོས་པ་ལས། གཞུང་གི་དུམ་བུ་རེ་ཟུང་དང་། སྟབས་བདེའི་འགྲེལ་པར་བལྟས་ཏེ་སློབ་སྦྱོང་བྱས་ན་ཕན་འབྲས་ཆེན་པོ་ཐོན་མི་ཐུབ་པ་དཔེར་ན། སྙན་ངག་སྐབས་ལེའུ་གཉིས་པ་ཁོ་ནས་ཚིམས་ཏེ་ལེའུ་དང་གསུམ་གཉིས་འདོར་བ། སུམ་རྟགས་སྐབས་སི་ཏུའི་ཞལ་ལུང་ཙམ་ལ་བརྟེན་ནས་སུམ་རྟགས་གཞུང་དང་སི་ཏུའི་འགྲེལ་ཆེན་ལྟ་བུར་མི་བརྟེན་པ། །
གལ་སྲིད་སྙན་ངག་གི་ལེའུ་གཉིས་པས་ཆོག་པར་བརྩིས་ན་ལེའུ་དང་པོའི་ནང་གསུངས་པའི་སྙན་ངག་གི་སྤྱི་འགྲོས་དང་། ལྷོ་ཤར་ལམ་གྱི་དབྱེ་བ་མི་ཤེས་པ། ལེའུ་གསུམ་པའི་ནང་གསུངས་པའི་སྒྲ་རྒྱན་དང་གབ་ཚིག སྙན་ངག་གི་སྐྱོན་གང་ཡིན་བཅས་མི་ཤེས་པ། ལྷག་པར་དེང་དུས་གཞོན་ནུའི་ཁྲོད་དུ་སྙན་ངག་བརྩམས་པར་ངོས་འཛིན་གྱིས་ཟུང་ལྡན་གྱི་རྒྱུན་ལྡན་པའི་རྩོམ་རྒྱག་རྒྱུར་དང་དོད་བྱེད་པའི་མི་ཚོར་མཚོན་ན་དེ་བས་ཀྱང་ལེའུ་གསུམ་པ་མ་ཤེས་ན་ཟུང་ལྡན་སྦྱོར་ཚུལ་ཚུལ་བཞིན་མི་ཤེས་པ་ལྟ་བུ་ཡིན། །
སུམ་རྟགས་ལ་མཚོན་ནའང་སུམ་རྟགས་གཞུང་དངོས་ལ་མ་སྦྱངས་པར་སི་ཏུའི་ཞལ་ལུང་ཙམ་གྱིས་ཚོགས་པར་བརྩིས་ན་བདག་གཞན་དུས་གསུམ་དང་། བྱ་བྱེད་ལས་གསུམ་སོགས་ཀྱི་གནས་ལུགས་ཕྲ་མོ་རྣམས་ཤེས་དཀའ་བས་སུམ་རྟགས་གཞུང་རྩ་བར་བཟུང་ཐོག་སི་ཏུའི་འགྲེལ་ཆེན་ལྟ་བུར་བརྟེན་ནས་དཀའ་གནད་མང་པོ་རང་བཞིན་དུ་རྟོགས་ཐུབ་པ་ཡོང་བ་ལྟ་བུ་ཡང་ཞོར་ལ་འཕྲོས་པའི་གཏམ་ལགས་སོ། །
བསྡོམས་ན་ནང་དོན་ཆེས་ཕུན་སུམ་ཚོགས་པ་དང་། རྣམ་གྲངས་ཆེས་མང་བའི་བོད་ཡིག་དཔེ་རྙིང་ནང་ནས་རང་ལ་དགོས་པའི་ཤེས་བྱ་སློབ་ཤེས་ཐུབ་པ་བྱ་རྒྱུ་དང་དུས་མཚུངས་གསར་དར་རིགས་པའི་གཞུང་ལུགས་རྣམས་ཀྱང་ཁོང་དུ་ཆུད་ཐུབ་པ་བྱས་ནས་ཐུན་མོང་མིན་པའི་བོད་ཀྱི་ཁྱད་ཆོས་དང་མཐུན་པའི་དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན་གཉིས་དར་ཡོང་བ་བྱས་ཏེ། སྒོ་ཀུན་ནས་ཕ་ཡུལ་གྱི་འཛུགས་སྐྲུན་གྱི་ཆེད་དུ་འབད་བརྩོན་བྱེད་དགོས་པ་ནི་གནད་ཀྱི་དམ་པར་མཐོང་བ་བཅས་སོ།།  །།
ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཤོག་གྲངས་ ༤༥༣ ནས་ ༤༨༣ བར་གསལ་བ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།