འབྲི་གུང་གླིང་ལོག་གི་དོན་རྐྱེན་ཞེས་པར་རགས་དཔྱད།

འབྲི་གུང་གླིང་ལོག་གི་དོན་རྐྱེན་ཞེས་པར་རགས་དཔྱད།
འབྲི་གུང་གླིང་ལོག་གི་དོན་རྐྱེན་ཞེས་པར་རགས་དཔྱད།།

རྩོམ་པ་པོ།  ར་སེ་དཀོན་རྒྱམ།

 

དེ་ཡང་འབྲི་གུང་གླིང་ལོག་ཅེས་པ་འདི་ནི་འབྲི་གུང་ནང་ཁུལ་དུ་འཁྲུགས་པའི་དོན་མ་ཡིན་པར། ས་སྐྱའི་དབང་འཛིན་དུས་རབས་ནང་ས་སྐྱ་དང་འབྲི་གུང་ཁྲི་སྐོར་དབར་ལ་ནང་འཁྲུགས་ཚབས་ཆེན་བྱུང་སྟེ། དབུས་གཙང་བར་ལ་དམག་འཁྲུགས་བྱུང་བའི་ལོ་རྒྱུས་ཀྱི་རྗེས་ནག་གསུབ་ཐབས་བྲལ་བ་ཅིག་ཡིན་ཞིང་། དེའི་སྐོར་ལ་བོད་ཀྱི་ལོ་རྒྱུས་སྨྲ་བའི་རྩོམ་པ་པོ་གྲགས་ཅན་ཆ་རིས་སྐལ་བཟང་ཐོགས་མེད་ལགས་ཀྱིས་མཚོ་སྔོན་པོའི་དྲྭ་བའི་ཐོག འབྲི་གུང་གླིང་ལོག་ཅེས་པའི་ཆེད་རྩོམ་ལེགས་པོ་ཅིག་སྤེལ་གནང་འདུག་མོད། འོན་ཏེ་ཁོང་གི་དཔྱད་གཞིའི་དབང་གིས་ལྷོ་ཁ་ཟངས་རི་རྫོང་ཁོངས་སུ་གནས་པའི་ཕག་གྲུའི་གདན་ས་དང་། ལྷ་ས་མལ་དྲོ་གུང་མཁར་རྫོང་ཁོངས་གནས་པའི་འབྲི་གུང་གདན་ས་གཉིས་ནོར་ནས་འབྲི་གུང་གདན་སའི་བསྐོ་ཕྱོགས་མ་མཐུན་པའི་དབང་གིས་ས་འབྲིའི་དབར་ལ་རྩོད་པ་བྱུང་ཚུལ་འགྲེལ་བཤད་གནང་ཡོད་པ་འདིས། ཀློག་པ་པོ་སར་བུ་དག་ལའཁྲུལ་པ་བསྐྱེད་པའི་རྐྱེན་དུ་གྱུར་འདུག་སྙམ།

 

དེ་ཡང་ཁོང་གིས། སྤྱིར་འབྲི་གུང་གླིང་ལོག་ཅེས་གྲགས་པའི་དོན་རྐྱེན་འདི་ནི། ས་སྐྱ་བས་བོད་སྤྱི་ལ་དབང་བསྒྱུར་བའི་རིང་བྱུང་བའི་འཁྲུག་ལོང་ཆེ་ཤོས་ཤིག་ཡིན་པ་མ་ཟད། ལོ་རྒྱུས་ཐོག་ཅུང་གྲགས་ཆེ་བའི་དུས་ཟིང་ཞིག་ཀྱང་ཡིན། འདིའི་ནང་དོན་གཙོ་བོ་ནི། འགྲོ་མགོན་འཕགས་པའི་གཅུང་བོ་ཕྱག་ནའི་སྲས་ངྷརྨ་པཱ་ལ་རཀྵི་ཏས་སྲིད་མཛད་པའི་རིང་དུ། འབྲི་གུང་པའི་གདན་སའི་ཁྲིར་སུ་བསྐོ་མ་མཐུན་པས་ཡིན་པར་བཤད་ཅིང་། ས་སྐྱ་བས་འབྲི་གུང་གདན་སའི་ཁྲིར་སྣག་ཚ་གྲགས་སླེ་བ་འཇོག་རྩིས་མཛད་པར། འབྲི་གུང་པ་རྒྱ་བོ་གྲགས་པ་རིན་ཆེན་གྱིས་མ་འདོད་ནས་གྲགས་སླེ་བ་བཀྲོངས། གྲགས་རིན་གྱི་རྒྱབ་གཉེར་དུ་འབྲི་གུང་པ་ཡོངས་རྫོགས་ལངས་པར་བརྟེན། ས་འབྲི་འཁྲུག་པའི་འགོ་ཚུགས། དེའི་དབང་གིས་འབྲི་གུང་པ་ཀུན་རྡོར་རིན་ཆེན་གྱིས་རབ་བྱུང་ལྔ་བའི་ཤིང་བྱ1284ལོར་སྟོད་ཧོར་གྱི་རྒྱལ་པོ་ཧུ་ལའི་ཧྭའི་སོག་དམག་ཁྲི་དགུ་ལྷག་ཙམ་བོད་དུ་ཁྲིད་ཡོང་སྟེ་ས་སྐྱར་དྲངས། དེ་ལ་ལྕགས་སྟག1290ལོར་སླེབས་སྐབས་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་ཧུ་པི་ལི་སེ་ཆེན་ཧན་གྱི་བུ་ཐི་མུ་བྷོ་ཁས་ཀྱི་དམག་དཔུང་བོད་དུ་ཁྲིད་ཡོང་སྟེ། གཙང་དམག་དང་མཉམ་དུ་འབྲི་གུང་ལ་དམག་དྲངས་ནས་འབྲི་གུང་མཐིལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེགས། མི་ཆིག་ཁྲི་ལྷག་བསད། འབྲི་གུང་པའི་ཁོངས་སུ་གཏོགས་པའི་དྭགས་པོ་དང་། ཀོང་བོ། ཨེ། གཉལ། ལོ་རོ། ལྷོ་ཁ། བྲག་དཀར། ཡར་རྒྱབ། མོན་བཅས་ས་སྐྱ་བ་བླངས་པ་སོགས་འབྲི་གུང་པ་ལ་ཕམ་ཉེས་ཚབས་ཆེན་བྱུང་བ་དེ་ལ་བོད་ཀྱི་ལོ་རྒྱུས་སྟེང་འབྲི་གུང་གླིང་ལོག་ཅེས་གྲགས་སོ།ཞེས་བཀོད་གནང་འདུག་གོ།།

ཁོང་གི་ནོར་འཛོལ་ཆགས་དོན་ནི། ཁོང་གིས་དེབ་དམར་མཆན་འགྲེལ་དང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་བཤད་པ་གཉིས་ཀྱི་བཤད་སྲོལ་གཞིར་བཞག་པས་ཡིན་འདུག་སྟེ། དེ་ལ་དེབ་དམར་མཆན་འགྲེལ་༥༥༡ བྲག་བླེ་བའི་ཁམས་ཆུ་ཞེས་པའི་འགྲེལ་བ་དང་། ༥༥༢ ས་འབྲི་འཁྲུགས་པ་ཞེས་པའི་འགྲེལ་བཤད་ལ་གཟིགས་ན་གསལ་པོར་རིག་ཐུབ་ལ། མཆན་འགྲེལ་འདི་གཉིས་དུང་དཀར་ཚིག་མཛོད་ནང་དུའང་བསྡུས་ཡོད་དོ།།

འདི་ཉིད་ཀྱི་འཁྲུལ་གཞི་གོང་གསལ་གདན་ས་གཉིས་པོ་གཅིག་ཏུ་བརྩིས་པའམ། ཕག་གྲུའི་གདན་སའི་སྐོར་གླེང་བ་དེ་ཉིད་འབྲི་གུང་གི་གདན་སའི་སྐོར་དུ་ངོས་བཟུང་བས་ནོར་འཛོལ་འདི་ཉིད་བྱུང་བ་ཡིན་ལ། དེབ་ཐེར་དམར་པོར་དངོས་བསྟན་ལ་ཕག་གྲུའི་གདན་རབས་ལས་འབྲི་གུང་གདན་རབས་སྐོར་རྩ་བ་ནས་གླེང་མེད་པ་འདི་ཐོག་མར་མཁྱེན་ན་ནོར་འཛོལ་འདི་རིགས་ཡོང་ཐབས་མེད་དོ།།

དེབ་དམར་རང་ལས། རིན་པོ་ཆེ་གྲགས་པ་ཡེ་ཤེས། བླ་མ་འཕགས་པ་ལ་རྒྱུད་གདམས་ངག་ཞུས། བླ་མ་ཤར་པ་ཡེ་རིན་པ་ལ་ཁོང་རང་གི་དབོན་པོ་སྣག་ཚ་བྲག་བྲེ་བ་ཕུལ། དེ་ལ་ས་སྐྱ་པས་གདན་སར་བསྐོ་རྩིས་བྱས་པས། གཅུང་རྒྱ་བོས་བཀྲོངས། དེ་རྟིང་རིན་པོ་ཆེ་གྲགས་ཡེ་བ་གྲོངས་ནས། རིན་པོ་ཆེ་གཅུང་རྒྱ་བོ་གྲགས་རིན་གྱིས་གདན་ས་མཛད། ས་སྐྱ་བས་བྲག་བླེ་བའི་ཁམས་མཆུ་རྩོད་རྩིས་བྱས་པས། གཅུང་རྒྱའི་རྟིང་འབྲི་གུང་པས་མནན་པས། ས་འབྲི་འཁྲུགས་པའི་མགོ་ཚུགས། ཞེས་འཁོད་པ་འདི་ཡིན་ནོ།།

ཕག་གྲུ་སྤྱན་སྔའི་ཆོས་འབྱུང་དང་ལྷོ་རོང་ཆོས་འབྱུང་སོགས་ལ་གཟིགས་ན། རིན་པོ་ཆེ་གྲགས་པ་ཡེ་ཤེས་སོགས་སྔ་ཕྱིའི་བླ་རབས་དེ་དག་ཕག་གྲུའི་གདན་སའི་བླ་རབས་ཤ་དག་ཡིན་པར་ཤེས་ཐུབ་ལ། འབྲི་གུང་བླ་རབས་ཁྲོད་དུ་མཚན་དེ་ལྡན་གཅིག་ཀྱང་མེད་པ་དང་། གལ་ཏེ་གཅུང་རྒྱ་བོ་འདི་ཉིད་འབྲི་གུང་གི་བླ་རབས་ཡིན་ན། གཅུང་རྒྱའི་རྟིང་འབྲི་གུང་པས་མནན་པས། ཞེས་པ་འདི་ཉིད་ཇི་ལྟར་འབྲེལ་ཐུབ།  དོན་དངོས་ནི་ས་སྐྱས་ཕག་གྲུའི་གདན་ས་བ་ལ་ཁམ་མཆུ་བྱེད་གྲབ་ལ་འབྲི་གུང་པས་ཕག་གྲུའི་བླ་རབས་གཅུང་རྒྱའི་རྒྱབ་རྩ་བྱས་པས། དེར་བརྟེན་ཁམ་མཆུ་དེ་ཉིད་ས་ཕག་གི་འགལ་བ་ལས་བརྒལ་ནས་ས་འབྲིའི་འགལ་བར་འཕེལ་འགྱུར་བྱུང་བ་དང་། དེ་ཉིད་རྩེར་སོན་ནས་ས་འབྲི་འཁྲུགས་ཏེ། འབྲི་གུང་གླིང་ལོག་ཅེས་པའི་འཐབ་འཁྲུགས་གྲགས་ཆེན་དེ་ཀ་བྱུང་བ་ཡིན་པར་བཤད་པ་ཡིན་ནོ། ། ༢༠༢༠/༧/༣༠

བརྒྱུད་སྐུལ།

མཆན་སྤེལ།