ཡུམ་བུ་ལྷ་ཁང་།

ཡུམ་བུ་ལྷ་ཁང་།

 

ཡུམ་བུ་ལྷ་ཁང་།

 

ཡུམ་བུ་ལྷ་ཁང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་། ཕོ་བྲང་ཤང་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་བོའི་ཐོག་བཞེངས་ཡོད། དེ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བཞེངས་པར་གྲགས་ཤིང་། ཕ་བྲང་འདི་ནི་བོད་ཀྱི་མཁར་སྔ་ཤོས་དེ་ཡིན། ཕོ་བྲང་འདི་ནི་གཞི་རྒྱ་ཆེན་པོ་མེད་ཀྱང་བརྗིད་ཉམས་ཆེ་ཞིང་། བོད་ཀྱི་བཟོ་སྐྲུན་གྱི་བཀོད་པའི་ཉམས་དང་ལྡན་པའི་ངང་རི་བོའི་རྩེ་མོར་འགྱིང་ངེར་གནས་ཡོད།

ཕོ་བྲང་དེ་རྒྱབ་མདུན་གཉིས་སུ་དབྱེ་བ་སྟེ། མདུན་དུ་མཆོད་ཁང་སྟེང་འོག་དང་། རྒྱབ་ཏུ་མཁར་རྫོང་རྩེ་མོ་གསེར་ཟངས་རྒྱ་ཕིབས་ཀྱིས་བརྒྱན་པ་ཞིག་ཡོད། འདུ་ཁང་ནང་དུ་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་ཇོ་བོ་ནོར་བུ་བསམ་འཕེལ་ལ་སོགས་པ་གྲུབ་ཡོད་པ་དང་། རྟེན་ཁང་དུ་ཙནྡན་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་སོགས་བཞུགས་སུ་གསོལ་ཡོད།

ལྡེབས་རིས་སུ་ཞིང་ས་སྔ་བ་ཞལ་བཟས་ཞིང་དང་། གྲོང་ལ་སྔ་བ་མོན་གྲོང་ཤར་པ། རྫིང་ལ་སྔ་བ་མེ་ཏོག་རྫིང་སོགས་ལོ་རྒྱུས་སུ་འཁོད་པ་ལྟར་བྲིས་ཡོད།

ལྷག་པར་དུ་སྤོ་བོའི་ཡུལ་དུ་བྱ་མོ་བཙུན་ཞེས་པའི་བུད་མེད་ཅིག་ལ་ཕྲུ་གུ་དགུ་སྐྱེས་པ་ལས་ཆུང་ཤོས་ཨུ་པེ་ར་ཞེས་པ་ཞལ་རས་མཛེས་ལ། མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་བྱུང་། དེ་ནི་ཡུལ་མི་ཀུན་གྱིས་གདོན་འདྲེ་བརྩིས་ཏེ་ཕྱིར་ཕུད་པས་ཁོངས་ཡར་ཀླུང་དུ་ཕེབས་པ་ན་ཡུལ་དེའི་མི་རྣམས་ཀྱིས་རྒྱལ་པོ་འཚོལ་བ་དང་སྐབས་འཁེལ་ཏེ་ཁོང་ལ་ཁྱེད་སུ་ཡིན། གང་ནས་འོངས། ཞེས་དྲིས་པས། ང་སྤོ་བོའི་ཡུལ་ནས་ཡོང་བ་ཡིན་ཞེས་གསུངས་པས། འོ་ན་ཁྱེད་ལ་མཐུ་རྩལ་གང་ཡོད་བྱས་པས། ང་མཐུ་རྩལ་ཆེ་དྲགས་པའི་རྐྱེན་གྱིས་ཡུལ་མི་རྣམས་ཀྱིས་ཕུད་བྱུང་གསུངས། འོ་ན་ཁྱེད་ཀྱིས་བོད་ཀྱི་རྒྱལ་པོ་བྱེད་ཨེ་ཐུབ་བྱས་པས། ཁྱེད་རྣམས་ཀྱིས་ང་གཉའ་བར་ཁྲི་བྱས་ཏེ་བཏེགས་དང་། སྟོབས་དང་ནུས་པ་རིམ་གྱིས་ཤེས་འོང་ཞེས་པའི་ལོ་རྒྱུས་བྲིས་པའི་ལྡེབས་རིས་ཀྱང་ཡོད་དོ།།

བརྒྱུད་སྐུལ།

མཆན་སྤེལ།