དབུར་སྟོད་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་།

 

དབུར་སྟོད་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་།

 

དགུང་ལོ་ཉི་ཤུར་ཕེབས་སྐབས་ (དབུར་སྟོད་ཀླུང་ཤོད་མདའ) འོད་སྣའི་བླ་མ་སངས་རྒྱས་བཟང་པོ་དང་། རིན་ཆེན་ཆོས་བཟང་གཉིས་ཀྱི་དྲུང་ནས་དགེ་ཚུལ་དང་བསྙེན་རྫོགས་ཀྱི་བསླབ་སྡོམ་བཞེས། མདོ་ཕྱོགས་ཀྱི་མཚན་ཉིད་རིག་པའི་སློབ་གཉེར་ཐོན་ནས་དགེ་བཤེས་མཁས་པའི་ཡང་རྩེར་སོན།

དགུང་ལོ་ཉེར་བདུན་ནས་ལོ་གསུམ་རིང་ (དབུར་སྟོད་ཀླུང་ཤོད་བྱམས་པ་གླིང་གི་) རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་པའི་སློབ་དཔོན་ཆོས་ལྡན་བློ་གྲོས་བླ་མར་བརྟེན་ནས་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་ཇི་སྙེད་གསན་ཏེ་གསང་བ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་ (དང་། རྒྱུད་སྟོད་གྲྭ་ཚང་གི་ཡན་ལག་དབུར་སྟོད་ཀླུང་ཤོད་ལྷ་རྩེ་དགོན་གསར། གླང་པོ་རི། ཤིང་གདུགས་སྒྲུབ་ཁང་། བཀའ་གདམས་ས་སྨྱུག་རུམ་སོགས་སུ་འཆད་ཉན་སྒོམ་སྒྲུབ་སོགས་)མཛད།

དགུང་ལོ་སུམ་ཅུ་ཐམ་པར་རྩེད་ཐང་ཆོས་གྲྭར་རབ་འབྱམས་པའི་གྲྭ་སྐོར་གནང་། རྗེ་ཡབ་སྲས་ཀྱི་གསུང་དང་གཞུང་ཆེན་རྣམས་ཐུགས་རྒྱུད་ལ་བྱང་བའི་ཉམས་ཐོན། དགུང་ལོ་སོ་གཅིག་ལ་ (དབུར་སྟོད་ཀླུང་ཤོད་བྱམས་པ་གླིང་གི་) རྒྱུད་སྟོད་ལ་ཆོས་ཞུགས་མཛད་ནས་རྗེ་ཆོས་ལྡན་བློ་གྲོས་ཀྱི་དྲུང་དུ་གསང་སྔགས་ཀྱི་དབང་ལུང་ཁྲིད་སོགས་ཧ་ཅང་མང་པོ་གསན་པས་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་ཕུལ་དུ་ཕྱིན། རྒྱུད་སྡེ་སྤྱིའི་རྣམ་བཤད་ཀྱང་བརྩམས།  དགུང་ལོ་སོ་བཞི་པར་ (དབུར་སྟོད་ཀླུང་ཤོད་བྱམས་པ་གླིང་གི་) རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲི་ལ་ཕེབས་ནས་ལོ་ངོ་བཅུ་བཞིའི་རིང་རྒྱུད་ཀྱི་འཆད་ཉན་གནང་།

དགུང་ལོ་སོ་དྲུག་ནས་དབུ་བཙུགས་ཏེ་གསང་འདུས་བསྐྱེད་རྫོགས་དང་། ཕར་ཕྱིན། དབུ་མའི་སྤྱི་དོན། འདུལ་བའི་རྣམ་བཤད། མཛོད་ཊཱིཀྐ་ཆོས་འབྱུང་སོགས་སྔ་རྟིང་དུ་ལྗགས་རྩོམ་གནང་། དགུང་ལོ་ཞེ་བདུན་པར་རྒྱུད་ཀྱི་ཁྲི་ལས་བཤོལ།

དེ་ལྟར་རྒྱུད་སྟོད་གྲྭ་ཚང་ཐོག་མར། སྔར་བཀའ་གདམས་དགེ་བཤེས་དྲུང་ཚུལ་བཀྲས་པ་དང་། དཔལ་འབྱོར་བཟང་པོས་གཉིས་ཀྱིས་ཕྱག་བཏབ་པའི་དབུར་སྟོད་ཀླུང་ཤོད་བྱམས་པ་གླིང་གི་གདན་ས་རྙིང་པ་དེ་བཞིན་རྗེས་སུ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་གནས་དེར་ཞབས་བཅགས་ཏེ། རྒྱུད་པ་སྟོད་ཀྱི་གྲྭ་ཚང་དུ་དབུ་བརྙེས་པ་ཞིག་ཡིན། རྒྱུད་པ་མཁན་ཁྲི་པཎ་ཆེན་བསོད་ནམས་གྲགས་པའི་རྗེས་ཀྱི་མཁན་ཐོག་ག་གེ་མོའི་དུས་སུ་དབུར་སྟོད་བྱམས་པ་གླིང་ནས་ལྷ་ས་ར་མོ་ཆེར་སྤོས་ཏེ་གདན་ས་གོང་འོག་ལྟ་བུར་གྱུར།

དབུར་སྟོད་ལྷ་རྩེ་དགོན་གསར་ཡང་བཀའ་གདམས་དགེ་བཤེས་དྲུང་ཚུལ་བཀྲས་པ་དང་། དཔལ་འབྱོར་བཟང་པོས་གཉིས་ཀྱིས་ཕྱག་བཏབ་ཅིང་། རྗེས་སུ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་བྱམས་པ་གླིང་གི་དགོན་ལག་ཏུ། འབྲི་གུང་ཁྲི་སྐོར་མགོན་རྒྱལ་བའི་དུས་ཀྱི་རྗེས་ཙམ་ནས་རྩ་བཤིག་བཏང་བ་ཞིག་ཡིན་འདུག་སྙམ།

པཎ་ཆེན་བསོད་ནམས་པ་གྲགས་ཉིད་བརྩམས་པ་བཀའ་གདམས་ཆོས་འབྱུང་དུ་གོང་གསལ་དགོན་གནས་ཡས་མས་སུ་ཐོག་མར་སློབ་གཉེར་དང་། དེ་ནས་བླ་མ་དབུ་མཛད། རྒྱུད་ཀྱི་ཁྲི་ཕེབས་སོགས་སུ་ལོ་བཅུ་བདུན་ལྷག་སྐུ་བཞུགས་མཛད་པར་གསལ་བ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།