༄༅། །ལ་སྟོད་བྱང་ངམ་རིང་ཁུལ་མདོག་སྟོད་བྱང་ཁང་གསར་གྱི་གཞས་ཆེན་ནོར་བུ་རྒྱལ་མཚན་དགོས་འདོད་ཀུན་འབྱུང་།

༄༅། །ལ་སྟོད་བྱང་ངམ་རིང་ཁུལ་མདོག་སྟོད་བྱང་ཁང་གསར་གྱི་གཞས་ཆེན་ནོར་བུ་རྒྱལ་མཚན་དགོས་འདོད་ཀུན་འབྱུང་།
༄༅།།ལ་སྟོད་བྱང་ངམ་རིང་ཁུལ་མདོག་སྟོད་བྱང་ཁང་གསར་གྱི་གཞས་ཆེན་ནོར་བུ་རྒྱལ་མཚན་དགོས་འདོད་ཀུན་འབྱུང་།
               ངམ་རིང་ཆོས་འབྲོག་ཉི་མ་དོན་ལགས།
སྔོན་འགྲོའི་གཏམ།
ཕྱོགས་མཐའ་རབ་དཀར་གངས་ཀྱི་རྭ་བས་བསྐོར་བའི་འཇིག་རྟེན་གོ་ལའི་ཡང་རྩེར་འཕགས་པའི་བོད་ཀྱི་ཡུལ་གྲུ་འདིར། ཆེས་གདོད་མའི་དུས་ནས་བཟུང་རང་ཅག་གི་མེས་པོ་ཡང་མེས་རྣམས་ཀྱིས་མི་རབས་ནས་མི་རབས་བར་སྔར་སོང་རྒྱུན་འཛིན་དང་། མ་འོངས་གསར་གཏོད་ཀྱིས་བསྐལ་བ་དུ་མའི་ནང་རང་འབྱུང་ཁམས་ལ་རྒྱུན་ཆད་མེད་པར་འཐབ་རྩོད་བྱེད་པའི་རྒྱུན་རིམ་ནང་། བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ཁོངས་མི་ཞིག་གི་ངོས་ནས། འགྲོ་བ་མིའི་རིགས་འདི་བཞིན་རང་བྱུང་ཁམས་ལས་རྣམ་པར་རྒྱལ་ནས་སྤྱི་ཚོགས་ཡར་ཐོན་ཡོང་བར་ཕྱི་སྣོད་ཀྱི་འཇིག་རྟེན་གོ་ལའི་གནས་ཡུལ་དང་འདྲ་བར།

ནང་ཤེས་རིག་དཔལ་ཡོན་གྱི་ངོ་མཚར་རྒྱལ་མཚན་དགུང་དུ་འདེགས་པར་དཔའ་པས། ད་གཟོད་འཛམ་བུའི་གླིང་གི་མི་རིགས་བརྒྱ་ཕྲག་མང་པོའི་ཁྲོད་ནས་འཇིག་རིག་སྟོབས་ནང་འདྲེན་འདིའི་མིའི་རིགས་ཀྱི་ཤེས་རིག་དར་བའི་ལོ་རྒྱུས་ཀྱི་སྐྱེད་ཚལ་ཡངས་པོར་རང་མདངས་རྣམ་པར་བཀྲ་བའི་མེ་ཏོག་ཅིག་ཏུ་མཐོང་ནས། རྒྱལ་ཁབ་ཕྱི་ནང་གི་བློ་གཟུ་བོར་གནས་པའི་སྐྱེ་བོ་ཇི་སྙེད་ཅིག་གིས་དམིགས་བསལ་རིག་ཚན་ཞིག་ཏུ་བཟུང་སྟེ་དོ་སྣང་ཞིབ་འཇུག་དང་སྦྲགས། དེའི་ཁྲོད་ནས་འགྲོ་བ་མིའི་རིགས་ཀྱི་ཕྱི་འབྱུང་གི་འཚོ་གནས་ལ་ཕན་པའི་ལྐོག་འགྱུར་གྱི་གསང་བ་ཞིག་རྙེད་ཐབས་སམ། ཡང་ན་རང་སོ་སོར་སྒེར་གྱི་ཁེ་ཕན་ཞིག་རག་ཐབས་སོགས། གང་ལྟར་ལྟོགས་ལྷ་འདྲ་མིན་སྣ་ཚོགས་བཅངས་ནས་བོད་ཀྱི་ཤེས་རིག་གི་ཕྱོགས་གང་ས་སྤྱི་ཐད་ཀྱི་མཐའ་ཟུར་ནས་བཟུང་སྟེ། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱི་དཔེ་གསེང་མྱུལ་བ་དང་། ས་འོག་ལ་བསྔོག་བཤེར་སོགས་ཀྱི་ངལ་བར་བསྟེན་གྱིན་ཡོད་པ་གོ་ཐོས་སུ་གྱུར།
ཚིག་ཉོག་དོར་ཏེ་སྐབས་དོན་བོད་ཀྱི་མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བའི་ལོ་རྒྱུས་ཀྱི་ཆུ་ཀླུང་གཏིང་མཐའ་བྲལ་བའི་ནང་། སྔོན་རབས་ཀྱི་དུས་སུ་བོན་གྱི་འདུ་གནས་སོ་བདུན། སྒྲུབ་གནས་སོ་དྲུག   གནས་ཆེན་ཉེར་བཞི།  སྒྲུབ་སྡེ་སོ་བདུན་བཅས་ཀྱི་ས་ཚིགས་ལས། གཡས་རུ་ལ་བརྒྱད་ཡོད་པའི་ནང་ཚན་མདོག་གཞུང་གི་ཕུག་ཏུ་ཡོད་པའི་གཙང་གི་གྱེར་ཕུག་ཅེས་པ་དང་། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་སྟོད་མངའ་རིས་སྐོར་གསུམ། ་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་པའི་དམག་དོན་ནམ་སྲིད་འཛིན་དབྱེ་ཁོངས་གཙང་གི་གཡས་རུའི་ཁོངས་སུ་གཏོགས་པས་གཡས་རུ་བྱང་པ་ཞེས་གྲགས་ཤིང་། གོང་མ་ཡོན་རྒྱལ་རབས་ཀྱི་དུས་སུ་མེས་རྒྱལ་གོང་བུ་གཅིག་འགྱུར་མངོན་དུ་གྱུར་ནས་གོང་མའི་མངགས་བཅོལ་ལྟར་ས་སྐྱ་བས་བོད་ལ་དབང་བསྒྱུར་བྱེད་སྐབས། བོད་དབུས་གཙང་གི་སྲིད་འཛིན་མངའ་ཁོངས་ཁྲི་སྐོར་བཅུ་གསུམ་དུ་དབྱེ་བའི་ནང་ཚན་ལ་སྟོད་བྱང་པ་ཁྲི་སྐོར་གྱི་དབང་བསྒྱུར་བྱེད་པོ་དཔལ་བྱང་པ་བདག་པོའི་སྟི་གནས་ཀྱི་གྲས། ཐ་མ་ད་ལྟའི་དུས་སུའང་མདོག་གཞུང་བྱང་ཁང་གསར་དུ་གྲགས་པའི་ཡུལ་དུ་ཆེས་སྔ་མོའི་དུས་ནས་ས་ཆགས་རྡོ་ཆགས་སུ་ཡོད་པ་གང་ཞིག བར་སྐབས་བོད་ཀྱི་ཤེས་རིག་སྤྱི་དང་འདྲ་བར་ཆོས་ལུགས་ཀྱི་གྲུབ་མཐའ་འདྲ་མིན་གྱི་ནང་འཁྲུག་དང་། དབང་བསྒྱུར་གྲལ་རིམ་རིམ་བྱུང་གིས་སོ་སོའི་ཁེ་ཕན་གྱི་ཆེད་དུ་ཞབས་འདེགས་སུ་བསྐུལ་བའམ། ཡང་ན། ཤེས་རིག་དེ་ཉིད་སྣུམ་ཟད་མར་མེའི་ངང་ཚུལ་ལས་གཡོལ་ཕྱིར་དུས་བསྟུན་མདོག་འགྱུར་སོགས། དུས་ཡུན་རིང་པོའི་ལོ་རྒྱུས་འཕོ་འགྱུར་འགྲོ་བའི་རྒྱུན་རིམ་ནང་རྙིང་ནུབ་གསར་དར་གྱི་ལོ་རྒྱུས་རིང་མོའི་ཆར་རླུང་དྲག་པོའི་ཉམས་སད་ཁྲོད་གནས་པའི་སྲོལ་རྒྱུན་གྱི་མདོག་གཞུང་བྱང་ཁང་གསར་གྱི་གཞས་ཆེན་ཞེས་གནའ་སྔ་མོའི་དུས་ནས་བཟུང་ངམ་རིང་ཁུལ་གྱི་གང་སར་འ་ཁྱད་རྡོ་ཁྱབ་ཏུ་གྲགས་པ་མ་ཟད། ཕྱིས་སུ་བྱང་བདག་སྟེ་ས་སྐྱ་གོང་མའི་དུས་ནས་བཟུང་། ཡུལ་གྲུ་འདིའི་ཁུལ་གྱི་ཆོས་སྲིད་ཀྱི་མཛད་སྒོའམ་འདུ་འཛོམས་ཆེ་ཕྲ་ཆུང་གསུམ་ལ་ངེས་པར་དུ་ཁྲོམ་ཐོག་གཅོད་དགོས་པའི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་གྲལ་འགོར་འགྱིང་ཐུབ་པ་ཞིག་ཡིན་པ་རེད།
དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་བཅུའི་ནང་རིག་གནས་གསར་བརྗེ་ཆེན་པོ་ཞེས་རང་རྒྱལ་གྱི་མཁའ་དབྱིངས་ཧྲིལ་པོར་སྤྲིན་ནག་ལང་ལོང་དུ་འཁྲིགས་ཤིང་། ཕུལ་དུ་བྱུང་བའི་མེས་པོ་གོང་མའི་ཤུལ་བཞག་སྲོལ་རྒྱུན་རིག་གནས་ཀྱི་ཕྱོགས་གང་ས་སྤྱི་ཐད་ལ་དྲག་ཆར་རླུང་འཚུབ་ཀྱིས་རབ་ཏུ་བཙེས་པའི་ལོ་ཟླར་བཞི་ཤད་ཐོབ་པ་དང་སྦྲགས། བརྡ་སྤྲོད་གཞུང་ལུགས་ནས་འགོ་བརྩམས་ཏེ། སྲོལ་རྒྱུན་རིག་གནས་ཐད་ཐོས་བསམ་ཉམས་ལེན་གྱི་སྐལ་བཟང་དགའ་བདེའི་གོ་སྐབས་ཐོབ་པའི་ནང། ཚེ་སྔོན་ལས་སྨོན་བཟང་པོའི་བག་ཆགས་སད་པའམ། ཡང་ན་ཚེ་འདིའི་མི་ལུས་ཀྱི་འབྱུང་ཁམས་སྨིན་ཡུལ་དུ་གྱུར་བའི་ཡུལ་ཞེན་གྱི་ལྟ་བ་མ་ཆོག་པ་སོགས། གང་ལྟར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་རང་འཁྲིའི་འགན་འབབ་ལས་འགན་ སྤྱི་བོའི་གཙུག་ཏུ་བཀུར་བའི་ཞར་ཞོར་གྱི་དུས་གསེང་ཡོད་ཚད་ལ། ངམ་རིང་ཁུལ་གྱི་སྣོད་བཅུད་ཀྱི་ཆགས་རབས་ལོ་རྒྱུས་དང་ཡུལ་འདིའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ལྷད་མེད་རྣལ་མ་ཤིག་ཤེས་འདོད་ཀྱི་སྐུལ་སློང་ལ་བརྟེན་ནས། རྒྱལ་རབས་ཆོས་འབྱུང་འདྲ་མིན་གྱི་དཔེ་གསེང་མྱུལ་བ་ཙམ་མ་ཟད། ཡིད་འཇོག་མྱོང་བ་ཅན་གྱི་དམངས་ཁྲོད་བགྲེས་རབས་གང་ན་སུ་མཆིས་ལ་བཀའ་འདྲི་ཞུ་བའི་རྒྱུན་རིམ་ནང་། དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་པའི་དུས་མཇུག་སྐབས་སུ། གོང་རིམ་ནས་ལས་ཞོར་གྱི་དུས་ཚོད་བེད་སྤྱད་དེ་ངམ་རིང་མངའ་ཁོངས་ཀྱིས་གཙོས་པའི་དམངས་ཁྲོད་ངག་རྒྱུན་དུ་ཡོད་པའི་སྒྲུང་གཏམ་དང་། དམངས་གཞས། གཏམ་དཔེ་བཅས་དམངས་ཁྲོད་རྩོམ་རིག་པོད་གསུམ་ལེགས་སྒྲིག་མྱུར་སྐྱོབ་དགོས་ཚུལ་གྱི་་བཀའ་སྤྱི་བོར་ལྷུང་མོད། འགན་འབབ་ལས་གནས་ཀྱི་བྲེལ་ཟིང་ལས་གཡོལ་ཐབས་བྲལ་ནས་དམངས་ཁྲོད་དུ་ཟབ་འཇུག་བྱེད་པའི་གོ་སྐབས་མ་ཐོབ་པར། དེ་དག་གི་ཐད་ལ་དོ་སྣང་ཡིད་འཇོག་བྱེད་མི་གཞན་ལ་མཛུབ་མོ་རི་སྟོན་གྱི་དཔེ་ལྟར་རྒྱུས་ཡོད་རྒྱུས་གཏམ་གྱིས་མངགས་བཅོལ་བྱེད་པའི་ནང་། བྱང་ཁང་གསར་གྱི་གཞས་ཆེན་སོགས་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཐད་དང་ཞེན་ཆེ་ལ། སྐབས་དེར་ཆུ་འོག་ཤང་གི་ལས་བྱེད་བགྲེས་སོང་ཚེ་འདས་ཡེ་ཤེས་དངོས་གྲུབ་ལགས་སུ་མངགས་བཅོལ་ཞུས་པ་བཞིན། གང་དེས་ཁང་གསར་གྲོང་ཚོའི་ཚེ་འདས་དམ་པ་བསམ་གྲུབ་ལགས་སོགས་ཀྱི་ངག་ཐོག་གི་གསུང་སྒྲོས་སྒྲ་འཇུག་གནང་ཡོང་བ་མཉམ་དུ་ཡིག་ལམ་དུ་བཀོད་དེ། དམངས་གཞས་ཀྱི་ཁོངས་སུ་བཅུག་ནས་སྒྲ་བཅུག་སྐུད་ཐག་དང་བཅས་པ་གོང་རིམ་གྱི་བཀའ་བཞིན་གོང་ཕུལ་ཞུས་པ་ནི། ད་བར་རིག་དངོས་བསྟན་མཛོད་ཁང་གི་གཏེར་དུ་ཕྱིན་པའམ། ཡང་ན་མེ་ལྷའི་ཞལ་དུ་བཏབ་པ་སོགས། གང་ལྟར་གོ་མེད་ཐོས་མེད་དུ་གྱུར།
ཉེ་ལམ་བྲེལ་ཟིང་ཆེ་བའི་འགན་འབབ་སྲིད་འཛིན་ལས་གནས་ལས་བཅིངས་འགྲོལ་ཐོབ་ནས། རང་སྒེར་གྱི་དགའ་ཕྱོགས་སུ་གྱུར་བ་གང་ཞིག བར་སྐབས་མཐོང་ཐོས་ཉུང་བའི་བོད་ཡིག་གི་དཔེ་གསེང་མྱུལ་བའི་ནང་། དེ་སྔོན་དཀའ་ངལ་ཁྱད་བསད་ཀྱིས་བསྡུ་སྒྲིག་བྱས་པའི་བྱང་ཁང་གསར་གྱི་གཞས་ཆེན་འདྲ་བ་ལྟ་བུ་མངོས་མེད་རིག་གནས་ཤུལ་བཞག་གི་ཞྭ་མོ་མཐོ་བོ་ཞིག་གཡོགས་ནས་ཁ་ཆག་སྣ་རལ་དུ་གྱུར་བ་འདྲ་མིག་ལམ་དུ་མངོན་ཡོང་གི་འདུག་ལ། དེ་བཞིན་ས་གནས་མང་པོར་མིང་ལ་གཞས་ཆེན་ཞེས་གཞི་རྐང་རང་རང་སོ་སོའི་ཡུལ་ལུང་གི་ཐུན་མོང་མ་ཡིན་པའི་དམིགས་བསལ་ཁྱད་ཆོས་ཀྱིས་ཕྱུག་པ་འདྲ་མིན་ཡོད་པ་དེ་དག་ཀྱང་གཞུང་ལུགས་ཁུངས་ལྡན་གྱི་རྒན་རབས་ཀྱི་མི་ཐོག་འཕོས་འགྲོ་བ་དང་།  དེང་རབས་ཆ་འཕྲིན་དར་ཤིང་རྒྱས་པས། དུས་བསྟུན་གོང་འཕེལ་གྱི་ཚུལ་དུ་  ཕན་ཚུན་ཞྭ་དཔེ་ལྷམ་འགེབས་ཀྱིས་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་རྗེས་སུ་སྙེགས་བཞིན་པའི་སྣང་ཚུལ་ལས། ལྕམ་ལགས་ཀྱི་འགྲོ་སྟངས་མ་ཤེས་ལ། བུ་མོ་རང་གི་འགྲོ་སྟངས་ཀྱང་ཤོར་འགྲོ་བའི་དཔེ་ལྟར། ཡུལ་ལུང་སོ་སོའི་ཐུན་མིན་ཁྱད་ཆོས་དག་ཉམས་ནས་རྟ་མགོ་ལུག་མཇུག་ཏུ་འགྱུར་འགྲོ་བའང་མཐོང་ཆོས་སུ་གྱུར་བས། དེ་དག་དང་བཅས་པས་སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གྱི་དཔལ་དུ་དོན་སྨིན་ཡོང་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ། ཡུལ་ལུང་སོ་སོའི་དམིགས་བསལ་ཁྱད་ཆོས་ཀྱིས་ཕྱུག་པའི་མི་རབས་གོང་མའི་སྲོལ་རྒྱུན་གྱི་གཞུང་ལུགས་རྣལ་མ་རྨིག་མེད་དུ་འགྲོ་ཉེན་སེམས་ཀྱིས་མ་བཟོད་པར། ངམ་རིང་རྫོང་ཆུ་འོག་ཤང་ཁང་གསར་གྲོང་ཚོའི་ལོ་རྒྱུས་ཡུན་རིང་ལྡན་པའི་མདོག་སྟོད་བྱང་ཁང་གསར་གྱི་གཞས་ཆེན་ནོར་བུ་རྒྱལ་མཚན་དགོས་འདོད་ཀུན་འབྱུང་ཞེས་པ་གོང་ཞུས་དེ་སྔོན་གྱི་ཐོག་མའི་མ་ཟིན་ཐོག གྲོང་ཚོ་དེ་རང་གི་ཁོངས་ནས་ཡིན་པ་གང་ཞིག སྲོལ་རྒྱུན་རིག་གནས་ཐད་དོ་སྣང་ཡིད་འཇོག་གི་ལྷག་བསམ་ཅན་མེས་བུ་ཆུང་དང་། ཀུན་དགའ། ཚེ་དབང་དངོས་གྲུབ། སྒྲ་སྙན་ཚེ་དབང་ལགས་སོགས་བརྒྱུད་ནས་ཁ་པར་དང་འཕྲིན་ཐུང་གི་ཐོག་ནས་འབྲེལ་གཏུགས་ཞིབ་རྩད་ཀྱིས་གབ་བསྡུར་བྱས་པ་བརྒྱུད། ཤེས་རྟོགས་བྱུང་བར་གཞིགས་ན།  དེ་སྔོན་དུས་རབས་གོང་མའི་སྤྱི་ལོ་༡༩༨༥ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ངམ་རིང་ཁུལ་དུ་འཆིབ་བསྒྱུར་གནང་སྐབས། སྐབས་དེ་དུས་འཚོ་བཞུགས་བྱེད་མུས་གཞས་པ་གཞས་མ་རྒན་གྲས་རྣམས་ཀྱིས་ལོ་རྒྱུས་ཀྱི་སྲོལ་རྒྱུན་ཇི་བཞིན་སྤྱན་འབུལ་གྱི་གྲ་སྒྲིག་འཐུས་ཚང་ཞུས་མོད། སྐྱབས་མགོན་མཆོག་མཛད་བྲེལ་གྱིས་རྐྱེན་པས། དོན་སྨིན་གྱི་སྐལ་བ་མ་ཐོབ་པ་དང་། དེ་རྗེས་ས་གནས་དེ་གའི་འབྲེལ་ཡོད་གོང་རིམ་སྡེ་ཚན་དང་བཅས་པས་མུ་མཐུད་དོ་སྣང་རྒྱབ་སྐྱོར་དོན་སྨིན་མ་བྱུང་བར་སྟོན་དུས་མེ་ཏོག་གི་རྗེས་སུ་འགྲོ་བཞིན་ཡོད་འདུག་ན། འདི་ནི་རིམ་པ་ག་གེ་མོ་ཞིག་གི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སུ་མཆན་འགོད་ཐོབ་དགོས་ངེས་ངོ་གནོང་མི་དགོས་པ་ཞིག་ཡིན་པ་ངམ་རིང་ཁུལ་དུ་ད་ལྟ་འཚོ་བཞུགས་བྱེད་མུས་བགྲེས་རབས་ཀུན་གྱིས་མོས་མཐུན་ཁས་ལེན་ཐོབ་རྒྱུ་ཡིན་པ་མ་ཟད། དེང་གི་དུས་སུའང་གྲོང་ཚོ་དེ་རང་གི་ཕྱི་རབས་པ་རྣམས་ཀྱིས་སྲོལ་རྒྱུན་དཔྱིད་དུས་ཀྱི་ས་གཡང་ཞེས་པའི་འདུ་འཛོམས་དང་དབར་དུས་དྲུག་པ་ཚེས་བཞི་སོགས་ལ་འཁྲབ་སྟོན་གྱིས་ཡུལ་ལུང་དེ་རང་དང་ཉེ་འཁོར་མང་ཚོགས་ཀྱི་རིག་གནས་འཚོ་བ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ནུས་མཐུ་ཅུང་ཟད་མངོན་མུས་ཙམ་ལས། ལོ་རྒྱུས་ཐོག་གི་ཤུགས་རྐྱེན་དང་བག་ཆགས་ཀྱི་ཁྱབ་ཁོངས་ཇེ་ཆུང་དུ་གྱུར་བཞིན་ཡོད་འདུག་པ་དང་། གཞས་གཞུང་རྣལ་མ་རླུང་ཁྲོད་མར་མེའི་ངང་ཚུལ་ལས་མྱུར་སྐྱོབ་རྒྱུན་འཛིན་ཡོང་བའི་ལྷག་བསམ་རྣམ་པར་དག་པའི་སྐུལ་སློང་གི་ཐོག་ནས་སུག་བྲིས་པས་འདི་གར་སྤང་རྒྱན་མེ་ཏོག་དུས་དེབ་ཀྱི་ཤོག་ངོས་འགའ་གཡར་བོ་ཞུས་ཏེ་རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་འདྲེན་པར་ཐལ་ལོ། །
གཞས་ལེའུ་དང་པོ། སློབ་དཔོན་བཟང་།
༡ སློབ་དཔོན་བཟང་། བླ་མ་ཞུ་ན་དུས་གསུམ་སངས་རྒྱས་ལ་ཞུ་བ་ཡིན། མཇལ་བ་གཡང་ལ་རྟེན་གྱི་བསྟན་ལ་ཞུ་བ་ཡིན། བྱིན་རླབས་གཞན་ལ་རེ་དགོས་ཀྱི་བྱ་བ་མེད། དགའ་བ་ལ་དགའ་བ་ལ། སྐྱིད་པ་ལ་ཡི་སྐྱིད་པ་ཡིན། མཇལ་བ་གཡང་ལ་རྟེན་གྱི་བསྟན་ལ་ཞུ་བ་ཡིན།
༢ སློབ་དཔོན་བཟང་། ཡིད་དམ་ཞུ་ན་རྡོ་རྗེ་འཇིགས་བྱེད་ལ་ཞུ་བ་ཡིན། མཇལ་བ་གཡང་ལ་རྟེན་གྱི་བསྟན་ལ་ཞུ་བ་ཡིན། མཐུ་རྩལ་གཞན་ལ་རེ་དགོས་ཀྱི་བྱ་བ་མེད། དགའ་བ་ལ་དགའ་བ་ལ། སྐྱིད་པ་ལ་ཡི་སྐྱིད་པ་ཡིན། མཇལ་བ་གཡང་ལ་བརྟེན་གྱི་བསྟན་ལ་ཞུ་བ་ཡིན།
༣ སློབ་དཔོན་བཟང་། དཔོན་པོ་ཞུ་ན་ཁམས་གསུམ་དབང་འདུས་ལ་ཞུ་བ་ཡིན། མཇལ་བ་གཡང་ལ་རྟེན་གྱི་བསྟན་ལ་ཞུ་བ་ཡིན། སྐྱབས་མགོན་གཞན་ལ་རེ་དགོས་ཀྱི་བྱ་བ་མེད། དགའ་བ་ལ་དགའ་བ། སྐྱིད་པ་ཡི་སྐྱིད་པ་ཡིན། མཇལ་བ་གཡང་ལ་རྟེན་གྱི་བསྟན་ལ་ཞུ་བ་ཡིན།
༤ སློབ་དཔོན་བཟང་། བཀའ་དྲིན་ཞུ་ན་དྲིན་ཆེན་ཕ་མ་ལ་ཞུ་བ་ཡིན། མཇལ་བ་གཡང་ལ་རྟེན་གྱི་བསྟན་ལ་ཞུ་བ་ཡིན། མི་ཚེ་གཞན་ལ་རེ་དགོས་ཀྱི་བྱ་བ་མེད།  དགའ་བ་ལ་དགའ་བ་། སྐྱིད་པ་ཡི་སྐྱིད་པ་ཡིན། མཇལ་བ་གཡང་ལ་རྟེན་གྱི་བསྟན་ལ་ཞུ་བ་ཡིན།
༥ སློབ་དཔོན་བཟང་། ཡོན་ཏན་ཞུ་ན་བཤེས་གཉེན་དམ་པ་ལ་ཞུ་བ་ཡིན། མཇལ་བ་གཡང་ལ་རྟེན་གྱི་བསྟན་ལ་ཞུ་བ་ཡིན། ཤེས་རིག་གཞན་ལ་རེ་དགོས་ཀྱི་བྱ་བ་མེད།  དགའ་བ་ལ་དགའ་བ་། སྐྱིད་པ་ཡི་སྐྱིད་པ་ཡིན། མཇལ་བ་གཡང་ལ་རྟེན་གྱི་བསྟན་ལ་ཞུ་བ་ཡིན།
   ཕྱྭ་བཞུགས་ལེ། གཡང་བཞུགས་ལེ།
གཞས་ལེའུ་གཉིས་པ། དེ་རིང་གནམ་ལ་སྐར་མ་བཟང་།
གཞས་དེ་རིང་གནམ་ལ་སྐར་མ་བཟང་། གཞས་དེ་རིང་ས་ལ་ཉི་མ་དྲོ། དུས་ཚོད་འཛོམས་པའི་ཕྱྭ་དང་གཡང་དུ་བཞུགས་ལེ། གཞས་དགའ་བ་ལྷ་ཡིས་གཡས་ནས་བྱོན། གཞས་སྐྱིད་པ་ཀླུ་ཡིས་གཡོན་ནས་བྱོན། དགའ་དང་སྐྱིད་པའི་ཕྱྭ་དང་གཡང་དུ་བཞུགས་ལེ། འབྲུ་དཀར་མོ་ལྷ་ཡི་གཡས་ནས་བྱོན། འབྲུ་སྔོན་མོ་ཀླུ་ཡི་གཡོན་ནས་བྱོན། འབྲུ་སྣ་འཛོམས་པའི་ཕྱྭ་དང་གཡང་དུ་བཞུགས་ལེ།
གཞས་ལེའུ་གསུམ་པ། ས་འདུལ།
༡ གཞས་གངས་སྟོད་ཀྱི་མཐོན་པོ་བྱ་བ་ཞུ། གངས་སེང་གི་དཀར་མོ་མཇལ་བ་ལ་ཞུ། ཞུ་བ་ལྷ་མོ་ཞུ་བ་ལྷ་མོ། ས་འདུལ་བྱེད་ལ་ཕེབས། སོའོ་ཡ་ལོ། གཞས་དགའ་བ་ལ་གཅིག སྐྱིད་པ་ལ་གཉིས། དགའ་ཡང་སྐྱིད་པས་གཡས་བསྐོར་ལན་གསུམ་བརྒྱབ།
༢ གཞས་རྫ་སྟོད་ཀྱི་མཐོན་པོ་བྱ་བ་ལ་ཞུ། འབྲོང་ཆུང་གི་རྭ་ཅོ་མཇལ་བ་ལ་ཞུ། ཞུ་བ་ལྷ་མོ་ཞུ་བ་ལྷ་མོ། ས་འདུལ་བྱེད་ལ་ཕེབས། སོའོ་ཡ་ལོ། གཞས་དགའ་བ་ལ་གཅིག སྐྱིད་པ་ལ་གཉིས། དགའ་ཡང་སྐྱིད་པས་གཡས་བསྐོར་ལན་གསུམ་བརྒྱབ།
༣ གཞས་བྲག་སྟོད་ཀྱི་མཐོན་པོ་བྱ་བ་ལ་ཞུ། བྱ་རྒྱལ་གྱི་རྒོད་པོ་མཇལ་བ་ལ་ཞུ། ཞུ་བ་ལྷ་མོ་ཞུ་བ་ལྷ་མོ། ས་འདུལ་བྱེད་ལ་ཕེབས། སོའོ་ཡ་ལོ། གཞས་དགའ་བ་ལ་གཅིག སྐྱིད་པ་ལ་གཉིས། དགའ་ཡང་སྐྱིད་པས་གཡས་བསྐོར་ལན་གསུམ་བརྒྱབ།
༤ གཞས་སྤང་སྟོད་ཀྱི་མཐོན་པོ་བྱ་བ་ལ་ཞུ། ཤྭ་བ་ཡི་རྭ་བཅུ་མཇལ་བ་ལ་ཞུ། ཞུ་བ་ལྷ་མོ་ཞུ་བ་ལྷ་མོ། ས་འདུལ་བྱེད་ལ་ཕེབས། སོའོ་ཡ་ལོ། གཞས་དགའ་བ་ལ་གཅིག སྐྱིད་པ་ལ་གཉིས། དགའ་ཡང་སྐྱིད་པས་བསྐོར་བ་ལན་གསུམ་བརྒྱབ།
གཞས་ལེའུ་བཞི་པ། སྤྱན་འདྲེན།
༡ སྤྱན་ལ་འདྲེན་པར་ཞུ། ཞབས་གཞས་ལ་འདྲེན་པར་ཞུ། གངས་སྟོད་ལ་ནི་མཐོན་པོའི་ཕྱོགས་ལ་ནས་གཞས་འདྲེན་པར་ཞུ། གཞས་ཆེན་ལ་སོ། ཞབས་བྲོ་ལ་སོ། སེང་གེ་དཀར་མོས་གཡུ་རལ་ངོམ། འབུ་རས་ལ་སོ་གཉིས་བརྩེགས་བྱས། འབུ་རས་ལ་སོ་གསུམ་བརྩེགས་བྱས།
༢ སྤྱན་ལ་འདྲེན་པར་ཞུ། ཞབས་གཞས་ལ་འདྲེན་པར་ཞུ། རྫ་སྟོད་ལ་ནི་མཐོན་པོའི་ཕྱོགས་ལ་ནས་གཞས་ལ་འདྲེན་པར་ཞུ། གཞས་ཆེན་ལ་སོ། ཞབས་བྲོ་ལ་སོ། གྲེ་སེར་འབྲོང་གིས་རྭ་ཅོ་བརྡར། གོས་ཅན་ལ་སོ་གཉིས་བརྩེགས་བྱས། གོས་ཅན་ལ་སོ་གསུམ་བརྩེགས་བྱས།
༣ སྤྱན་ལ་འདྲེན་པར་ཞུ། ཞབས་གཞས་ལ་འདྲེན་པར་ཞུ། བྲག་སྟོད་ལ་ནི་མཐོན་པོའི་ཕྱོགས་ལ་ནས་གཞས་ལ་འདྲེན་པར་ཞུ། གཞས་ཆེན་ལ་སོ། ཞབས་བྲོ་ལ་སོ། བྱ་རྒྱལ་རྒོད་པོས་གཤོག་རྒྱུག་བྱས། གྲུའུ་ཟེ་ལ་སོ་གཉིས་བརྩེགས་བྱས། གྲུའུ་ཟེ་ལ་སོ་གསུམ་བརྩེགས་བྱས།
༤ སྤྱན་ལ་འདྲེན་པར་ཞུ། ཞབས་གཞས་ལ་འདྲེན་པར་ཞུ། སྤང་སྟོད་ལ་ནི་མཐོན་པོའི་ཕྱོགས་ལ་ནས་གཞས་ལ་འདྲེན་པར་ཞུ། གཞས་ཆེན་ལ་སོ། ཞབས་བྲོ་ལ་སོ། ཤྭ་བ་སྨུག་ཆུང་འཕགས་མཆོང་བྱས། ཤད་མ་ལ་སོ་གཉིས་བརྩེགས་བྱས། ཤད་མ་ལ་སོ་གསུམ་བརྩེགས་བྱས།
༥ སྤྱན་ལ་འདྲེན་པར་ཞུ། ཞབས་གཞས་ལ་འདྲེན་པར་ཞུ། ལྕང་གླིང་ལ་ནི་གྲུ་བཞིའི་ཕྱོགས་ལ་ནས་གཞས་ལ་འདྲེན་པར་ཞུ། གཞས་ཆེ ན་ལ་སོ། ཞབས་བྲོ་ལ་སོ། བྱེའུ་འཇོན་མོས་གསུང་སྙན་སྒྲོག ཀ་ཅི་་ལ་སོ་གཉིས་བརྩེགས་བྱས། ཀ་ཅི་ལ་སོ་གསུམ་བརྩེགས་བྱས།
༦ སྤྱན་ལ་འདྲེན་པར་ཞུ། ཞབས་གཞས་ལ་འདྲེན་པར་ཞུ། གཙང་ཆུ་ལ་ནི་དྭངས་མའི་ཕྱོགས་ལ་ནས་གཞས་ལ་འདྲེན་པར་ཞུ། གཞས་ཆེན་ལ་སོ། ཞབས་བྲོ་ལ་སོ། ཉ་ཆུང་གསེར་ཉ་འཁྱུག་བགྲོད་བྱས། ཐེར་མ་ལ་སོ་གཉིས་བརྩེགས་བྱས། ཐེར་མ་ལ་སོ་གསུམ་བརྩིགས་བྱས།
༧ སྤྱན་ལ་འདྲེན་པར་ཞུ། ཞབས་གཞས་ལ་འདྲེན་པར་ཞུ། ལྷོ་རོང་གཏིང་གི་ཕྱོགས་ལ་ནས་གཞས་ལ་འདྲེན་པར་ཞུ། གཞས་ཆེན་ལ་སོ། ཞབས་བྲོ་ལ་སོ། ལྷོ་བ་རོང་པ་རྔོན་པ་རྒྱག སྟག་ལྤགས་གཟིག་ལྤགས་ལ་སོ་གཉིས་བརྩེགས་བྱས། སྟག་ལྤགས་གཟིག་ལྤགས་ལ་སོ་གསུམ་བརྩེགས་བྱས།
༨ སྤྱན་ལ་འདྲེན་པར་ཞུ། ཞབས་གཞས་ལ་འདྲེན་པར་ཞུ། ཀོང་ཡུལ་ཤར་གྱི་ཕྱོགས་ལ་ནས་གཞས་ལ་འདྲེན་པར་ཞུ། གཞས་ཆེན་ལ་སོ། ཞབས་བྲོ་ལ་སོ། ཀོང་པོ་བ་ཡིས་མདའ་མདུང་འཁྱེར། རྒྱ་རའི་པགས་པ་ལ་སོ་གཉིས་བརྩེགས་བྱས། རྒྱ་རའི་པགས་པ་ལ་སོ་གསུམ་བརྩེགས་བྱས།
༩ སྤྱན་ལ་འདྲེན་པར་ཞུ། ཞབས་གཞས་ལ་འདྲེན་པར་ཞུ། བྱང་གི་རྩྭ་ཐང་ཕྱོགས་ལ་ནས་གཞས་ལ་འདྲེན་པར་ཞུ། གཞས་ཆེན་ལ་སོ། ཞབས་བྲོ་ལ་སོ། འབྲོག་པ་གནག་ཁྱུ་ལུག་ཁྱུ་དེད། ལུ་གུའི་ཚ་རུ་ལ་སོ་གཉིས་བརྩེགས་བྱས། ལུ་གུའི་ཚ་རུ་ལ་སོ་གསུམ་བརྩེགས་བྱས།
༡༠ སྤྱན་ལ་འདྲེན་པར་ཞུ། ཞབས་གཞས་ལ་འདྲེན་པར་ཞུ། ནུབ་སྟོད་ལ་དྭགས་ཕྱོགས་ལ་ནས་གཞས་ལ་འདྲེན་པར་ཞུ། གཞས་ཆེན་ལ་སོ། ཞབས་བྲོ་ལ་སོ། གསེར་དངུལ་གཡུ་བྱུར་ཞགས་པ་བརྒྱུས། གཟི་ཡི་ཕྲེང་བ་ལ་སོ་གཉིས་བརྩེགས་བྱས། གཟི་ཡི་ཕྲེང་བ་ལ་སོ་གསུམ་བརྩེགས་བྱས།
གཞས་ལེའུ་ལྔ་པ། ཤར་ནས་ཉི་མ་ཤར་བྱུང་།
ཉི་མ་ཤར་ནས་ཤར་བྱུང་། སྐྱབས་མགོན་ཡུལ་ལ་ཕེབས་བྱུང་། དགོན་ཆེན་བཀྲ་ཤིས་ལྷུན་པོ་འཇའ་དང་འོད་ཀྱིས་ཁེངས་སོང་། གཡུ་ཐོག་ཟམ་པའི་སྟེང་ལ་སངས་རྒྱས་ཆིབས་ཁ་བསྒྱུར་བྱུང་། ཟམ་པའི་འོག་གི་ཉ་ཆུང་ངན་སོང་མྱོང་དགོས་མེད་དོ། ཤིང་དེ་རྩ་བ་ཚུགས་སོང་བླ་མའི་སྐྱིད་སྐྱིད་ན་ཁ། རྩེ་མོ་དགུང་ལ་རེག་སོང་ཉི་ཟེར་ཆོས་བདག་ཆེན་མོ། མཐོན་པོ་གོས་སྐུ་སྤེ་ཡི་གཡས་ཀྱི་ཟུར་ནས་བལྟས་པས། བཀྲས་ལྷུན་རྡོ་གཅལ་སྔོན་མོར་སངས་རྒྱས་ཞལ་མདངས་འཚེར་འཚེར། གཡས་ལ་དཀར་པོ་བྲང་ཁང་གཡོན་དུ་ནོར་བུ་བྲང་ཁང་། དཀར་ནོར་གཉིས་ཀྱི་དབར་ལ་ཀུན་གཟིགས་རྒྱལ་བའི་ཕོ་བྲང་། ཕོ་བྲང་ཀུན་གཟིགས་མཐོན་པོར་འཇའ་ཡི་གུར་ཁང་ཕུབས་འདུག
གཞས་ལེའུ་དྲུག་པ། འདི་ནས་བལྟས་པའི་ཉི་མའི་ཤར་ཕྱོགས་ལ།
༡ གཞས་འདི་ནས་བལྟས་པའི་ཤར་གྱི་ཕྱོགས།  ཕྱི་ལ་ཤིག་ཙམ་གནང་བ་རང་ཞུ་དང་། དྲོ་འཇམ་ཉི་མ་ཕེབས་ཀྱི་གསུངས་བྱུང་། གཏམ་སྙན་ལ་དོན་འཇགས་ལ། འཛམ་གླིང་མུན་པ་སེལ་གྱིན་གསུངས་བྱུང་། གཏམ་སྙན་ལ་དོན་འཇགས་ལ།
༢ གཞས་འདི་ནས་བལྟས་པའི་ལྷོ་ཡི་ཕྱོགས།  ཕྱི་ལ་ཤིག་ཙམ་གནང་བ་རང་ཞུ་དང་། ཤིང་ཆེན་སྟག་པ་ཕེབས་ཀྱི་གསུངས་བྱུང་། གཏམ་སྙན་ལ་དོན་འཇགས་ལ། ཀ་བཞི་གདུང་བརྒྱད་བཞེངས་ཀྱི་གསུངས་བྱུང་། གཏམ་སྙན་ལ་དོན་འཇགས་ལ། གཞོན་གཞོན་འཁྲུངས་བཟའ་རྒྱག་གིན་གསུངས་བྱུང་། གཏམ་སྙན་ལ་དོན་འཇགས་ལ།
༣ གཞས་འདི་ནས་བལྟས་པའི་ནུབ་ཀྱི་ཕྱོགས།  ཕྱི་ལ་ཤིག་ཙམ་གནང་བ་རང་ཞུ་དང་། ཆུ་ཆེན་ཁམ་པ་ཕེབས་ཀྱི་གསུངས་བྱུང་། གཏམ་སྙན་ལ་དོན་འཇགས་ལ། ལོ་ཡག་རྩ་བ་འཛུགས་ཀྱིན་གསུངས་བྱུང་། གཏམ་སྙན་ལ་དོན་འཇགས་ལ། བང་མཛོད་འབྲུ་ཡིས་འགྱོངས་ཀྱི་གསུངས་བྱུང་། གཏམ་སྙན་ལ་དོན་འཇགས་ལ།
༤ གཞས་འདི་ནས་བལྟས་པའི་བྱང་གི་ཕྱོགས།  ཕྱི་ལ་ཤིག་ཙམ་གནང་བ་རང་ཞུ་དང་། ཤེལ་ཚྭ་དཀར་མོ་ཕེབས་ཀྱི་གསུངས་བྱུང་། གཏམ་སྙན་ལ་དོན་འཇགས་ལ། ཟས་ནོར་ཕུན་སུམ་འཛོམས་ཀྱིན་གསུངས་བྱུང་། གཏམ་སྙན་ལ་དོན་འཇགས་ལ།
གཞས་ལེའུ་བདུན་པ། ཞུ་བ་བཟང་པོ་ཕྱག་ལ་ཕེབས་པ་ཡག
༡ ཞུ་བ་བཟང་པོ་ཕྱག་ཕེབས་ཡག གཙང་སྟོད་བཀྲས་ལྷུན་ལ་ཞུ་བ་ཡིན། མགྲོན་པོ་ཕྱག་ཕེབས་ཡག རྩ་བའི་བླ་མ་རུ་ཞུ་བ་ཡིན། གྲྭ་བཙུན་མཐའ་ནས་བསྐོར་ཡོད། དགའ་ཡང་སྐྱིད་པ་བྱས་བྱུང་།
༢ ཞུ་བ་བཟང་པོ་ཕྱག་ཕེབས་ཡག དཔལ་ལྡན་ས་སྐྱ་ལ་ཞུ་བ་ཡིན། མགྲོན་པོ་ཕྱག་ཕེབས་ཡག གདུང་བརྒྱུད་གོང་མ་ལ་ཞུ་བ་ཡིན། དྲུང་འཁོར་མཐའ་ནས་བསྐོར་ཡོད། དགའ་ཡང་སྐྱིད་པ་བྱས་བྱུང་།
༣ ཞུ་བ་བཟང་པོ་ཕྱག་ཕེབས་ཡག དོ་རྭ་གྲུ་བཞི་ལ་ཞུ་བ་ཡིན། མགྲོན་པོ་ཕྱག་ཕེབས་ཡག གཞས་དཔོན་མཆོག་ལ་ཞུ་བ་ཡིན། གཞས་པ་གཞས་མ་མཐའ་ནས་བསྐོར་ཡོད། དགའ་ཡང་སྐྱིད་པ་བྱས་བྱུང་།
གཞས་ལེའུ་བརྒྱད་པ། ཕྱོགས་བཞིའི་ལ་མོ་གསོ་བ།
ཀི་ཀི་གསོ་གསོ་ལྷ་རྒྱལ་ལོ། ལྷ་རྒྱལ་ལོ།
༡ ལ་མོ་གསོལ་ལོ། ཤར་རིའི་ལ་མོ་གསོལ་ལོ། དྲོད་འཇམ་ཉི་མ་ཉིད་ཀྱི་དབུ་ལ་དཔངས་བསྟོད་གསོལ་ལོ། གཅིག་གཉིས་གསུམ། བཞི་ལྔ་དྲུག བདུན་བརྒྱད་དགུ། བཅུ་སྒྲིག
༢ ལ་མོ་གསོལ་ལོ། ལྷོ་རིའི་ལ་མོ་གསོལ་ལོ། ལྷ་ཤིང་སྟག་པ་ཉིད་ཀྱི་དབུ་ལ་དཔངས་བསྟོད་གསོལ་ལོ། གཅིག་གཉིས་གསུམ། བཞི་ལྔ་དྲུག བདུན་བརྒྱད་དགུ། བཅུ་སྒྲིག
༣ ལ་མོ་གསོལ་ལོ། ནུབ་རིའི་ལ་མོ་གསོལ་ལོ། ཆུ་ཆེན་ཁམ་པ་ཉིད་ཀྱི་དབུ་ལ་དཔངས་བསྟོད་གསོལ་ལོ། གཅིག་གཉིས་གསུམ། བཞི་ལྔ་དྲུག བདུན་བརྒྱད་དགུ། བཅུ་སྒྲིག
༤ ལ་མོ་གསོལ་ལོ། བྱང་རིའི་ལ་མོ་གསོལ་ལོ། ཤེལ་ཚྭ་དཀར་མོ་ཉིད་ཀྱི་དབུ་ལ་དཔངས་བསྟོད་གསོལ་ལོ། གཅིག་གཉིས་གསུམ། བཞི་ལྔ་དྲུག བདུན་བརྒྱད་དགུ། བཅུ་སྒྲིག  ཀི་ཀི་གསོ་གསོ་ལྷ་རྒྱལ་ལོ། ལྷ་རྒྱལ་ལོ།
གཞས་ལེའུ་དགུ་པ། ༀ་བཟང་མ་ཎི་ལ་ཡི་པདྨེ་ཧཱུྃ།
ༀ་བཟང་མ་ཎི་ལ་ཡི་པདྨེ་ཧཱུྃ། དྲིན་ཅན་རྩ་བ་ལ་ཡི་བླ་མ་མཁྱེན། ལ་གཅིག་བརྒྱབ་པའི་ཕར་རྒྱབ་དང་། ལུང་གཅིག་རྒྱབ་པའི་ཚུར་རྒྱབ་ན། ལུང་པའི་དབར་དབྲག་གསུམ་འཛོམས་ན། སྲིད་པའི་བྱ་མོ་དཀར་མོ་ཡོད། མཇུག་མ་ཤར་ལ་གཏད་པ་ནི། དྲོ་འཇམ་ཉི་མའི་ཚུལ་ན་ཡོད། གཡོན་ཕྱོགས་ལྷོ་ལ་གཏད་པ་ནི། ཤིང་ཆེན་སྟག་པའི་ཚུལ་ན་ཡོད། མགོ་བོ་ནུབ་ལ་གཏད་པ་ནི། ཆུ་ཆེན་ཁམ་པའི་ཚུལ་ན་ཡོད། གཡས་ཕྱོགས་བྱང་ལ་གཏད་པ་ནི། ཤེལ་ཚྭ་དཀར་མོའི་ཚུལ་ན་ཡོད། སྡེར་བཞི་ས་ལ་བཙུགས་པ་ནི། ས་གཞི་འཐེགས་པའི་ཚུལ་ན་ཡོད། གསེར་སྒྲོ་ལེ་ཚན་བཅོ་བརྒྱད་ཡོད། འོག་འདྲེན་དཔོན་པོའི་ཚུལ་ན་ཡོད། དངུལ་སྒྲོ་ལེ་ཚན་བཅུ་དགུ་ཡོད། དྲིན་ཅན་ཕ་མའི་ཚུལ་ན་ཡོད། ཡས་མཆུ་སེར་པོ་གསེར་ལ་ཡོད། རྩ་བའི་བླ་མའི་ཚུལ་ན་ཡོད། མན་མཆུ་ཁམ་པ་དངུལ་ལ་ཡོད། གྲྭ་བཙུན་འཛོམས་པའི་ཚུལ་ན་ཡོད། སྤྱན་མིག་གློག་དམར་འཁྱུགས་འདྲ་ཡོད། སྟག་ཤར་གཞོན་པའི་ཚུལ་ན་ཡོད། རྔ་མ་དར་དཀར་འཕྱང་འདྲ་ཡོད། སྨན་ཆུང་བུ་མོའི་ཚུལ་ན་ཡོད། ༀ་བཟང་མ་ཎི་ལ་ཡི་པདྨེ་ཧཱུྃ། ༀ་བཟང་མ་ཎི་ལ་ཡི་པདྨེ་ཧཱུྃ། ༀ་བཟང་མ་ཎི་ལ་ཡི་པདྨེ་ཧཱུྃ།
གཞས་ལེའུ་བཅུ་པ། དཔལ་ལྡན་ས་སྐྱ།
དཔལ་ལྡན་ས་སྐྱའི་ཡུལ་དུ། ཤིང་བཏབ་པ་རང་དག་མིན་ལ་སྟེ། རྣམ་གསུམ་གཅིག་ཏུ་འཁྲུངས་འདུག་པ་ལ། ཤིང་དེ་གསུམ་གྱི་མཚན་ལ། ཙནྡན་དང་། སེང་ལྡེང་དང་། སྨྱུག་ལོ་གསུམ་བཞུགས་འདུག ཤིང་དེ་གསུམ་གྱི་སྟེང་དུ། བྱ་ཡི་རྒྱལ་པོ་རྣམ་གསུམ་གཅིག་བབས་འདུག་པ་ལ། བྱ་དེ་གསུམ་གྱི་མཚན་ལ། ཤང་ཤང་དང་། ཁུ་བྱུག་དང་། ནེ་ཙོ་གསུམ་བཞུགས་འདུག་པ་ལ། བྱ་དེ་གསུམ་གྱི་ཞལ་ནས། དཔལ་ལྡན་ས་སྐྱ་སྒོ་མོ་ཤར་ལ་གཏད་འདུག་པ་ལ། གདུང་བརྒྱུད་གོང་མའི་དབུ་འཕངས་དགུང་ལ་རེག་འདུག་པ་ལ། གྲྭ་བཙུན་འཛོམས་པའི་བློ་གཏད་གོང་ལ་བཅོལ་འདུག་པ་ལ།
གཞས་ལེའུ་བཅུ་གཅིག་པ། ཕྱོགས་བཞིའི་ཕྱྭ་འགུག
༡ ཕྱོགས་ལ་ཟེར་ན་ཤར་གྱི་ལོ། ཕྱོགས་ལ་ཟེར། ཕྱྭ་ཡི་ལྷ་མོ་ཕྱྭ་འགུག་ལ་ཕེབས། གཡང་གི་ལྷ་མོ་གཡང་་འགུག་ལ་ཕེབས། ཕྱག་གཡས་ཚེ་དབང་བུམ་པ་བསྣམས། ཕྱག་གཡོན་འགུག་པའི་མདའ་དར་བསྣམས། དབུ་ལ་དར་དཀར་གྱི་བསྒྱིངས་སྟོད་བསྣམས། དཀར་མོ་འབྲུ་ཡི་གཡང་འགུག་ལ་ཕེབས།
༣ ཕྱོགས་ལ་ཟེར་ན་ལྷོ་ཡི་ལོ། ཕྱོགས་ལ་ཟེར། ཕྱྭ་ཡི་ལྷ་མོ་ཕྱྭ་འགུག་ལ་ཕེབས། གཡང་གི་ལྷ་མོ་གཡང་་འགུག་ལ་ཕེབས། ཕྱག་གཡས་ཚེ་དབང་བུམ་པ་བསྣམས། ཕྱག་གཡོན་འགུག་པའི་མདའ་དར་བསྣམས། དབུ་ལ་དར་སེར་གྱི་བསྒྱིངས་སྟོད་བསྣམས། དཀར་མོ་འབྲུ་ཡི་གཡང་འགུག་ལ་ཕེབས།
༣ ཕྱོགས་ལ་ཟེར་ན་ནུབ་ཀྱི་ལོ། ཕྱོགས་ལ་ཟེར། ཕྱྭ་ཡི་ལྷ་མོ་ཕྱྭ་འགུག་ལ་ཕེབས། གཡང་གི་ལྷ་མོ་གཡང་་འགུག་ལ་ཕེབས། ཕྱག་གཡས་ཚེ་དབང་བུམ་པ་བསྣམས། ཕྱག་གཡོན་འགུག་པའི་མདའ་དར་བསྣམས། དབུ་ལ་དར་དམར་གྱི་བསྒྱིངས་སྟོད་བསྣམས། དཀར་མོ་འབྲུ་ཡི་གཡང་འགུག་ལ་ཕེབས།
༤ ཕྱོགས་ལ་ཟེར་ན་བྱང་གི་ལོ། ཕྱོགས་ལ་ཟེར། ཕྱྭ་ཡི་ལྷ་མོ་ཕྱྭ་འགུག་ལ་ཕེབས། གཡང་གི་ལྷ་མོ་གཡང་་འགུག་ལ་ཕེབས། ཕྱག་གཡས་ཚེ་དབང་བུམ་པ་བསྣམས། ཕྱག་གཡོན་འགུག་པའི་མདའ་དར་བསྣམས། དབུ་ལ་དར་སྔོན་གྱི་བསྒྱིངས་སྟོད་བསྣམས། དཀར་མོ་འབྲུ་ཡི་གཡང་འགུག་ལ་ཕེབས།
༥ ཕྱོགས་ལ་ཟེར་ན་དབུས་ཀྱི་ལོ། ཕྱོགས་ལ་ཟེར། ཕྱྭ་ཡི་ལྷ་མོ་ཕྱྭ་འགུག་ལ་ཕེབས། གཡང་གི་ལྷ་མོ་གཡང་་འགུག་ལ་ཕེབས། ཕྱག་གཡས་ཚེ་དབང་བུམ་པ་བསྣམས། ཕྱག་གཡོན་འགུག་པའི་མདའ་དར་བསྣམས། དབུ་ལ་དར་ལྗང་གི་བསྒྱིངས་སྟོད་བསྣམས། དཀར་མོ་འབྲུ་ཡི་གཡང་འགུག་ལ་ཕེབས།
  ཕྱྭ་དེ་ཟེར་ན་ཉི་མ་ལའོ། ཉི་མ་བཞིན་དུ་ཐལ་ལེར་བྱོན། ཟླ་བ་བཞིན་དུ་འཕྲོ་ལེར་ཕེབས། རྒྱུ་སྐར་བཞིན་དུ་ནར་རེར་བྱོན། ཕྱྭ་དེ་ཟེར་ན་ལྷོ་སྤྲིན་ལའོ། ལྷོ་སྤྲིན་བཞིན་དུ་འཐིབས་སེ་བྱོན། ན་བུན་བཞིན་དུ་བུན་ནེས་བྱོན། སྦྲང་ཆར་བཞིན་དུ་སིལ་ལེ་བྱོན། ཕྱྭ་དེ་ཟེར་ན་གཡར་གཙང་ལའོ། དབྱར་གཙང་བཞིན་དུ་ཤར་རེར་བྱོན། རྦ་་རླབས་བཞིན་དུ་ཆིལ་ལེ་བྱོན། རྒྱ་མཚོ་བཞིན་དུ་མེར་རེར་བྱོན། ཕྱྭ་དེ་ཟེར་ན་རི་བོ་ལའོ། རི་བོ་བཞིན་དུ་ཡེར་རེར་བཞུགས། རྒྱ་མཚོ་བཞིན་དུ་མེར་རེར་བཞུགས། མུ་ཏིག་དར་ལ་བརྒྱུས་འདྲའི་ཕྱྭ་ཤིག་འདུག རྒྱལ་པོ་གུར་ཁང་ཕུབ་འདྲའི་ཕྱྭ་ཤིག་འདུག  གླིང་བཞི་མཎྜལ་ཕུལ་འདྲའི་ཕྱྭ་ཤིག་འདུག མདོག་སྟོད་སྐྱིད་པའི་ཁང་གསར་ཕྲ་མོ་ལ། ཕྱྭ་དང་གཡང་་དུ་བཞུགས་པའི་བཀྲ་ཤིས་སྨོན་ལམ་འདེབས། ཕྱྭ་གཡང་་བཟང་པོ་དེ་ཡི་སྨོན་ལམ་འདེབས། ཡང་བསྐྱར་བཟང་པོ་དེ་ཡི་སྨོན་ལམ་འདེབས། ཕྱྭ་དེ་དང་མ་ཉམས་བཞུགས་ལེ་ཤིག གཡང་་དེ་དང་མ་ཉམས་བཞུགས་ལེ་ཤིག དགའ་བའི་དཔལ་འབྱོར་གླིང་ཁ་ལ། ཕྱྭ་དང་གཡང་་དུ་བཞུགས་ལེ་ཤིག
གཞས་ལེའུ་བཅུ་གཉིས་པ། སྐབས་བསྟུན་ཆེ་བསྟོད།
ལེའུ་འདིའི་ནང་སྐབས་དེ་རང་ལ་གཞས་འདི་འཁྲབ་སྟོན་བྱེད་དགོས་པའི་དམིགས་ཡུལ་ལམ་དགོས་པ་དང་། སྐབས་དུས་ཀྱི་ཁོར་ཡུག་ལ་ཆེད་དུ་དམིགས་ནས་གཞས་དཔོན་གྱི་སྣེ་ཁྲིད་འོག་བླ་མ་དཔོན་པོར་སྤྱན་འབུལ་ཞུ་བ་ཡིན་ན། སྐབས་ཐོག་དེར་དེ་ཉིད་ལ་ཆེ་བསྟོད་དང་། ཆོས་སྲིད་ཀྱི་མཛད་སྒོ་གང་ཡིན་པ་དེར་ཆེ་བསྟོད་བྱེད་པ། འཁྲབ་སྟོན་བྱེད་ཡུལ་ལ་ས་བཤད་རི་བཤད་སོགས་ཀྱི་གཞས་ཚིག་གསར་རྩོམ་གྱིས་གཞས་གདངས་ལ་བཅུག་ནས་འཁྲབ་སྟོན་བྱེད་པ་དང་། དེ་བཞིན་རྒྱུན་ལྡན་གྱི་འཁྲབ་སྟོན་ཙམ་ཡིན་ན། མཚམས་འདིར་སྟོད་གཞས་དང་སྒོར་གཞས་སོགས་གང་འཐུས་ཤིག་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད།
གཞས་ལེའུ་བཅུ་གསུམ་པ། བཀྲ་ཤིས།
བཀྲ་ཤིས་ཤོག བཀྲ་ཤིས་ཤོག
༡ གཞས་བཀྲ་ཤིས་ཤར་གྱི་ཕྱོགས་ནས་བཀྲ་ཤིས་ཤོག ཤར་རྡོ་རྗེ་སེམས་དཔའ་བཀྲ་ཤིས་ཤོག བཀྲ་ཤིས་དཔལ་འབར་འཁོར་རོ་རོ། བཀྲ་ཤིས་དཔལ་འབར་འཁྱིལ་ལེ་ལེ།
༢ གཞས་བཀྲ་ཤིས་ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་ཤོག ལྷོ་རིན་ཆེན་འབྱུང་གནས་བཀྲ་ཤིས་ཤོག བཀྲ་ཤིས་དཔལ་འབར་འཁོར་རོ་རོ། བཀྲ་ཤིས་དཔལ་འབར་འཁྱིལ་ལེ་ལེ།
༣ གཞས་བཀྲ་ཤིས་ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་ཤོག ནུབ་སྣང་བ་མཐའ་ཡས་བཀྲ་ཤིས་ཤོག བཀྲ་ཤིས་དཔལ་འབར་འཁོར་རོ་རོ། བཀྲ་ཤིས་དཔལ་འབར་འཁྱིལ་ལེ་ལེ།
༤ གཞས་བཀྲ་ཤིས་བྱང་གི་ཕྱོགས་ནས་བཀྲ་ཤིས་ཤོག བྱང་དོན་ཡོད་གྲུབ་པའི་བཀྲ་ཤིས་ཤོག བཀྲ་ཤིས་དཔལ་འབར་འཁོར་རོ་རོ། བཀྲ་ཤིས་དཔལ་འབར་འཁྱིལ་ལེ་ལེ།
༥ གཞས་བཀྲ་ཤིས་དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་ཤོག དབུས་རྣམ་པར་སྣང་མཛད་བཀྲ་ཤིས་ཤོག བཀྲ་ཤིས་དཔལ་འབར་འཁོར་རོ་རོ། བཀྲ་ཤིས་དཔལ་འབར་འཁྱིལ་ལེ་ལེ།
བཀྲ་ཤིས་ཤོག བཀྲ་ཤིས་ཤོག མི་ལ་ཚེ་རིང་ནད་མེད་བཀྲ་ཤིས་ཤོག ཕྱུགས་ལ་ཕྱྭ་དང་གཡང་གི་བཀྲ་ཤིས་ཤོག ཞིང་ལ་ལོ་ཏོག་རྒྱས་པའི་བཀྲ་ཤིས་ཤོག རྒྱལ་ཁམས་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག དམག་འཁྲུག་མུ་གེ་མེད་པའི་བཀྲ་ཤིས་ཤོག མངའ་ཐང་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག བཀྲ་ཤིས་ཤོག བཀྲ་ཤིས་ཤོག བཀྲ་ཤིས་བདེ་ལེགས།

བརྒྱུད་སྐུལ།

མཆན་སྤེལ།