༄༅། །སྦེལ་ཀོབ་ལྷ་མོའི་དགེ་རྒན་ཀུན་གླིང་ཐུབ་བསྟན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

༄༅། །སྦེལ་ཀོབ་ལྷ་མོའི་དགེ་རྒན་ཀུན་གླིང་ཐུབ་བསྟན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།
༄༅། །སྦེལ་ཀོབ་ལྷ་མོའི་དགེ་རྒན་ཀུན་གླིང་ཐུབ་བསྟན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།
༡ ༽  ཁོང་ནི་སྟོད་ལུང་ཚོ་སྨད་མི་ཉག་ཡུལ་དུ་ཕ་ཆོས་གྲགས་དང་། མ་དྭངས་བཟང་གཉིས་ཀྱི་བུར་ཕྱི་ལོ་ ༡༩༣༣ ལོར་འཁྲུངས། རང་ལོ་ལྔ་ལ་ཀུན་བདེ་གླིང་དགོན་དུ་གྲ་གཡོག་བྱས། དེའི་སྐབས་འཇིགས་བྱེད་བཅུ་གསུམ་མ་དང་། མགོན་པོ་སོགས་བློར་འཛིན་གནང་། རང་ལོ་དགུ་ལ་སྒྲིག་ཞུགས་ཀྱིས་རང་ལོ་བཅུ་དྲུག་བར་དུ་དགོན་པའི་ཐུན་མིན་གྱི་ཆོས་སྤྱོད་རྣམས་བློ་འཛིན་དང་སྒྲིག་ལམ་བཞིན་ཚོགས་རྒྱུགས་ཕུལ།
༢༽  ལྷ་མོའི་དགེ་རྒན་བསྟེན་པའི་སྐོར་ཉུང་བསྡུས། རང་ལོ་བཅུ་དྲུག་ལ་ཕེབས་སྐབས་ཀུན་བདེ་གླིང་རྟ་ཚག་རིན་པོ་ཆེ་མཆོག་ནི་ཆོས་དང་འབྲེལ་བའི་གླུ་གར་གྱི་རིགས་ལ་ཤིན་ཏུ་མཉེས་པས་དགོན་པར་ལྷ་མོ་ཚོགས་པ་ཞིག་ཕྱི་ལོ་ ༡༩༤༩ ནང་བཙུགས་ནས་དགོན་པའི་གྲྭ་པ་ཉེར་ལྔ་ཙམ་ལ་ལྷ་མོ་སློབ་དགོས་པའི་དགེ་རྒན་དུ་ཀུན་གླིང་གྲྭ་དབང་འདུས་དང་། སྒྲུབ་ཆུང་། དམག་དུང་བཅས་བསྐོ་གཞག་གནང་། ཁོང་རྣམས་ཀྱི་མདུན་ནས་གཟུགས་ཀྱི་ཉི་མའི་རྣམ་ཐར་དང་། པདྨ་འོད་འབར་གྱི་རྣམ་ཐར། འགྲོ་བ་བཟང་མོའི་རྣམ་ཐར་བཅས་སྦྱངས། དེ་ནས་སྐྱོར་མོ་ལུང་ལེགས་ལྡན་པོ་ལགས་ཀྱི་མདུན་ལྷ་ཚོགས་ལྷན་དུ་བྱེ་ཐང་སྒང་དང་། དགེ་འཕེལ་དབུ་རྩེ་སོགས་སུ་གཟུགས་ཀྱི་ཉི་མ་དང་། པདྨ་འོད་འབར། འགྲོ་བ་བཟང་མོ་བཅས་ཀྱི་འཁྲབ་གཞུང་རྣམས་ལེགས་པར་སྦྱངས། ཡང་རྒན་མ་ཧེ་ལགས་ཀྱི་མདུན་ནས་འཁྲབ་གཞུང་རྣམ་གང་ཙམ་སྦྱངས།
ཡང་སྐྱོར་མོ་ལུང་ལེགས་ལྡན་པོ་ལགས་ཀྱི་མདུན་ནས་རྐང་མགྱོགས་བང་ཆེན་གྱི་རྣམ་ཐར་དང་། མ་ཧེ་ལགས་མདུན་ནས་གཟུགས་ཀྱི་ཉི་མའི་དྲང་སྲོང་གི་རྣམ་ཐར། རྭ་སྒྲེང་ཨ་ཁུ་སྟོན་པའི་མདུན་ནས་པདྨ་འོད་འབར་ནང་གིས་ཀླུ་མོས་རྒྱལ་མོའི་རྣམ་ཐར། སྐྱོར་མོ་ལུང་རྣམ་ཐར་དགེ་རྒན་བཀྲ་ཤིས་ལགས་ཀྱི་མདུན་ནས་ཟླ་བའི་སེངྒེ་དང་། པདྨ་འོད་འབར་ནང་གི་མུ་སྟེགས་རྒྱལ་པོའི་རྣམ་ཐར། སྐྱོར་མོ་ལུང་ཨ་པི་རི་ཀ་ལུགས་ལྷ་དང་བླ་མའི་རྣམ་ཐར། སྐྱོར་མོ་ལུང་ཨ་མ་གསལ་རིག་མདུན་ནས་ལྷ་རིགས་བྲམ་ཟེ་རྣམ་ཐར། དེ་ནས་སྐུ་ངོ་རྩེ་ཕྱག་སྦུག་ཐུབ་བསྟན་རྒྱལ་པོ་ལགས་དང་སྐལ་ལྡན་ལགས་སོགས་ཀྱི་མདུན་ནས་རྣམ་ཐར་རྣམས་སྦྱངས་ཡོད། སྤྱིར་རྣམ་ཐར་ལ་གསུང་གདངས་མང་པོ་ཡོད་པས་འདི་ཡག་དང་འདི་ཞེས་ཚད་འཛིན་རྒྱུ་མེད། ཁུངས་སུའི་ཡག་པ་དང་མགྲིན་གུག་ཡག་པོ་གཏོང་གི་ཡོད་ཀྱང་དེ་ཡག་པ་དང་སྙན་པ་འཛིན་གྱི་ཡོད།
༣ ༽  ལྷ་མོ་འཁྲབ་པའི་སྐོར་ཉུང་བསྡུས། རང་ལོ་བཅུ་བདུན་ལ་ཕེབས་པའི་བོད་ཟླ་དྲུག་པའི་ནང་ཀུན་གླིང་སྤྲོ་ཆུང་ཞེས་ཉིན་བཅུ་ལྷག་ཙམ་ཕུན་ཚོགས་ནོར་འཛིན་གླིང་དུ་ཡོད། དེ་དུས་ལྷ་མོས་འཁྲབ་ཆས་མ་གྱོན་པ་གྲྭ་ཆས་གྱོན་ནས་འཁྲབ། དེ་དུས་གཟུགས་ཀྱི་ཉི་མ་ལྷ་ས་གྲོང་ཁྱེར་ཟློས་དགེ་གཏམ་བརྗོད་འཁྲབ་བསྟོན་པ་ཐུབ་བསྟན་ལགས་དང་། རིགས་ངན་བུ་མོ་ཐུབ་བསྟན་ནས་དོན་ཡོད། དངོས་གཞི་བརྒྱད་པའི་བག་ཡངས་སྐབས་གཟུགས་ཀྱི་ཉི་མ་དང་། འགྲོ་བ་བཟང་མོ་འཁྲབ་པ་དང་། སྐབས་དེར་རྟ་ཚག་རིན་པོ་ཆེ་དང་། ལྷ་བཙུན་རིན་པོ་ཆེ་ལ་སོགས་པའི་བླ་མ་སྐུ་འཁོར་སོགས་སེར་སྐྱ་བརྒྱ་ཡས་མས། མི་མང་སྟོང་ཚོ་ཡས་མས་བཅས་ཡོད། སྐབས་དེར་གཟུགས་ཀྱི་ཉི་མ་ལ་རིགས་ངན་བུ་མོ་སོགས་དང་། འགྲོ་བ་བཟང་མོར་ལྷ་སྲས་རྒྱལ་པོ་སོགས། པདྨ་འོད་འབར་ལ་ལྷ་རིགས་བྲམ་ཟེ་སོགས་དོན་བྱ་ཁག་གཅིག་དོན་ཡོད།
དེ་ནས་ཕྱི་ལོ་ ༡༩༥༩ ལོར་མི་ས་མ་རིར་སླེབས། དེ་གར་གདན་སའི་དགེ་འདུན་པ་མང་དུ་ཡོད་པས་དེ་དུས་ལྷ་མོའི་འཁྲབ་གཞུང་ཞིག་དགོས་ཀྱི་འདུག་ཅེས་སྐད་ཆ་ཡང་ཡང་ཡོང་གི་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ཉེར་ལྔའི་འཁྲུངས་སྐར་ཤར་ལ་ཉེ་སྐབས་གདན་ས་ཆེན་པོ་གསུམ་གྱི་དགེ་འདུན་དང་ཀུན་གླིང་གྲྭ་པ་གསུམ་བཅས་མི་སུམ་ཅུ་ལྷག་ཙམ་མཉམ་རུབ་བྱས་ནས་ཤོག་བུའི་འབག་དང་འཁྲབ་ཆས་སོགས་རགས་ཙམ་བཟོས། སྐབས་དེར་ལྷ་གཞུང་པདྨ་འོད་འབར་འཁྲབ་སྟོན་ཞུས།
ཕྱི་ལོ་ ༡༩༦༠ ལོར་ཌ་ལ་ཧའོ་སིའི་ཀ་བུ་ཐ་ལར་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་གཞུགས་བཀའ་བློན་དང་ལས་བྱེད་མི་མང་བཅས་སྟོང་ཕྲག་ཡོད་སར་ལྷ་གཞུང་གཟུགས་ཀྱི་ཉི་མ་གཟིགས་འབུལ་ཞུས། དེ་དུས་ཕྱག་བསམ་ཨོ་རྒྱན་ལགས་ནས་ཨ་ཁུ་སྟོན་པ། ཆུ་ཤུལ་བསམ་ཁང་སྲས་བློ་དཀའ་ལགས་རིགས་ངན་བུ་མོ། ཐུབ་བསྟན་ལགས་ནས་ཟླ་བའི་སེངྒེ་དོན། དེ་དུས་མགོན་པོ་གང་ཉིད་ནས་ལྷ་མོའི་སྐོར་ལ་བཀའ་སློབ་ཟབ་རྒྱས་སྩལ།
དེ་ནས་སྦེལ་ཀོབ་གཞིས་སྒར་ནང་སླེབས་ནས་ཕྱི་ལོ་ ༡༩༦༡ ནས་ ༡༩༧༠ བར་ལོ་གསར་དང་། ༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་མང་གཙོའི་དུས་ཆེན་སོགས་ལ་འཁྲབ་སྟོན་ཞུས། དེ་དུས་ཚོགས་གཙོ་རྒྱལ་མཚན་རྡོ་རྗེ་དང་། ནོར་བུ་ཚེ་རིང་ཟློས་དགེ་ཟུར་པ། སྐྱོར་མོ་ལུང་ཟླ་ཆུང་། ཚེས་རྒྱད་བག་གྲོ། ཨ་ཁུ་བློ་བཟང་བཀྲ་ཤིས་སོགས་མི་ཉི་ཤུ་ལྷག་ཙམ་ཡོད། དེ་དུས་མཐུན་རྐྱེན་ཡག་པོ་མེད་སྟབས་ཤོག་བུའི་འབག་དང་འཁྲབ་གོས་ཐེབས་ཆག་ལས་མེད། པདྨ་འོད་འབར། འགྲོ་བ་བཟང་མོ། གཟུགས་ཀྱི་ཉི་མ་བཅས་འཁྲབ་སྟོན་གནང་ཡོད།
དེ་ནས་ཕྱི་ལོ་ ༡༩༧༢ ལོར་སྦེལ་ཀོབ་ལྷ་ཚོགས་དངོས་སུ་བཙུགས་ཤིང་། སྐབས་དེར་འཁྲབ་སྟོན་པ་མི་གྲངས་ཉེར་ལྔ་ཙམ་ཡོད་པས་ལོ་གསར་ལ་ཐེངས་དང་པོ་གཟུགས་ཀྱི་ཉི་མ་དང་། པདྨ་འོད་འབར། འགྲོ་བ་བཟང་མོ། དེ་ནས་དུས་ཆེན་གསུམ་ལ་ལྷ་མོ་རྡོར་བསྡུས་རེས་འཁྲབ་སྟོན་གནང་ཞིང་། སྐབས་དེར་མང་ཆེ་བ་ཐུབ་བསྟན་ལགས་ནས་རྒྱ་ལུ་དོན་གནང་ཡོད། ལོ་གསར་རྗེས་ཉིན་བདུན་ཙམ་མི་མང་ལ་ལྷ་གཞུང་ཁག་གཟིགས་འབུལ་ཞུ་སྲོལ་ཡོད།
ཕྱི་ལོ་ ༡༩༨༥ ལོར་གནས་མཆོག་རྡོར་གདན་དུ་༸གོང་ས་མཆོག་གིས་དུས་དབང་གནང་སྐབས་སྦེལ་ཀོབ་ལྷ་མོ་ཚོགས་པ་ནས་མི་མང་ཁྲི་ཕྲག་མང་པོའི་དབུས་སུ་གཟུགས་ཀྱི་ཉི་མ་འཁྲབ་སྟོན་གནང་བ་དང་། སྐབས་དེར་ཐུབ་བསྟན་ལགས་ནས་ཟླ་བའི་སེངྒེ་འཁྲབ་སྟོན་གནང་། དེ་བཞིན་ཧ་ཅང་མང་པོ་འཁྲབ་སྟོན་གནང་ཡོད་། བྱེས་སུ་ཞོ་སྟོན་དུས་ཆེན་སྐབས་ཚང་མར་ཕེབས་ཐུབ་པ་གནང་ཡོད།
༤ ༽  རྣམ་ཐར་བསླབས་པའི་སྐོར་ཉུང་སྡུས། ཕྱི་ལོ་ ༡༩༥༩ ལོར་མི་ས་མ་རིར་ལྷ་མོ་འཁྲབ་སྟོན་ཞུ་སྐབས་ཐུབ་བསྟན་ལགས་ནས་རྣམ་ཐར་རྣམས་སློབ་གནང་བ་དང་། སྦེལ་ཀོབ་ལྷ་མོ་ཚོགས་པ་བཙུགས་ནས་དེར་དོན་གཉེར་ཅན་འགའ་ཞིག་ལ་རྣམ་ཐར་རྣམས་བསླབས་པ་གནང་ནས་དགེ་རྒན་གྱི་ཕྱག་ལས་གནང་། དེ་ནས་མ་སུ་རིར་སློབ་གྲྭས་གདན་ཞུས་ལྟར་དེར་འཛིན་གྲྭ་རྒན་པའི་བུ་དང་བུ་མོ་རྣམས་ལ་རྣམ་ཐར་སློབ་ཁྲིད་ལོ་ཤས་གནང་ནས་བཞུགས། ཕྱི་ལོ་ ༢༠༡༣ ལོར་སྦེལ་ཀོབ་བུ་ཁྱིམ་སློབ་གྲྭའི་འཛིན་གྲྭ་བཅུ་པའི་སློབ་ཕྲུག་རྣམས་ལ་ལྷ་གཞུང་གཅུང་པོ་དོན་ཡོད་དོན་གྲུབ་ནང་གི་རྒྱལ་པོ་བྷ་ལ་བདེ་བ་སོགས་ཀྱི་རྣམ་ཐར་བསླབས་པ་སོགས་སློབ་ཁྲིད་མང་དུ་གནང་། ཕྱི་ལོ་  ༢༠༡༥ ལོར་དགུང་གྲངས་གྱ་གཉིས་ལ་ཕེབས་སྐབས་ལྷ་དགེ་གང་ཉིད་ལ་བཀའ་དྲི་ཞུས་ནས་མདོར་ཙམ་བཀོད་པ་དང་། ད་ཆ་ཐུབ་བསྟན་དགུང་ལོ་ ༨༨ ལ་ཕེབས་ཡོད་ཀྱང་སྐུ་གཟུགས་ཧ་ཅང་ཐང་པོ་ཡོད་པ་བཅས། དྲ་མིང་ལྷ་རྒོད་གངས་རི་དངོས་མིང་ཡེ་ཤེས་ནས་ཕྱི་ལོ་ ༢༠༡༩ ཟླ་བ ༡༢ ཚེས་ ༡༧ ཉིན།

བརྒྱུད་སྐུལ།

མཆན་སྤེལ།