༄༅། །དབུ་རུ་ཀ་ཚལ་གཙུག་ལག་ཁང་གི་གནས་ཡིག་མདོར་བསྡུས།

༄༅། །དབུ་རུ་ཀ་ཚལ་གཙུག་ལག་ཁང་གི་གནས་ཡིག་མདོར་བསྡུས།

 

༄༅། །དབུ་རུ་ཀ་ཚལ་གཙུག་ལག་ཁང་གི་གནས་ཡིག་མདོར་བསྡུས།
རྒྱལ་ཀུན་ཐུགས་རྗེའི་བཟུང་རྣམ་གཅིག་བསྡུས་པའི། །རྣམ་པ་ལྷག་པའི་ལྷ་མཆོག་པད་ནོར་འཛིན། །གདོང་དམར་འགྲོ་བའི་སྣང་ངོར་ཐ་མལ་ཚུལ། །བཞེངས་མཛད་ཆོས་རྒྱལ་དེ་ཡིས་ཤིས་པ་སྩོལ། །འབྲི་གུང་ཀ་ཚལ་དགོན་ནི་དུས་རབས་བདུན་པའི་དུས་དཀྱིལ་དུ་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོས་ཕྱག་བཏབ་པ་ཞིག་ཡིན་ཞིང་། གྲོང་ཁྱེར་ལྷ་ས་ནས་བར་ཐག་སྤྱི་ཁྲི་བདུན་ཅུར་ཉེ་བའི་བྱང་ངོས་སུ་གནས་ཡོད།
དེ་ཡང་ལྷ་ཐོ་ཐོ་རི་ནས་གདུང་རབས་ལྔ་པ་སྤྱན་རས་གཟིགས་དབང་མི་རྗེའི་ཚུལ་དུ་བསྟན་པ་བོད་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་གངས་ལྗོངས་འདིར་འགྲོ་བའི་སྨན་གཅིག་པུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། འགྲོ་རྣམས་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དུ་ཇོ་ཤཱཀྱ་རྣམ་གཉིས་གངས་ལྗོངས་འདིར་ཐབས་མཁས་ཀྱིས་སྤྱན་དྲངས་ཤིང་། དེ་གཉིས་ཀྱི་བཞུགས་གནས་གཙང་ཁང་བཞེངས་པའི་ཚེ་ཐོག་མར་འུན་ཤིན་ཀོང་ཇོའི་སྤོར་ཐང་རྩིས་ལས་ས་དཔྱད་བརྟགས་པ་བཞིན་བོད་ཀྱི་ཡུལ་གྲུ་འདི་ཉིད་སྲིན་མོ་གན་རྐྱལ་གྱི་རྣམ་པར་གཟིགས་ནས་ས་པྲ་མི་ལེགས་པའི་གཉེན་པོར་མཐའ་འདུལ་ཡང་འདུལ་རུ་གནོན་དང་བཅས་པ་མི་བཞེངས་ན་ཇོ་བོ་རྣམ་གཉིས་ཀྱི་རྟེན་ཁང་མི་འགྲུབ་པར་གཟིགས་ནས་རུ་གནོན་གྱི་གཙུག་ལག་ཁང་འདི་ཉིད་བཞེངས། དེ་ཡང་ར་ས་འཕྲུལ་སྣང་གཙུག་ལག་ཁང་རབ་བྱུང་གོང་གི་ཆུ་གླང་ལོ་སྟེ་ཕྱི་ལོ་༦༥༣ལོར་བཞེངས་པའི་དུས་དེའི་གོང་ཙམ་དུ་ཆོས་རྒྱལ་ཉིད་སྲིན་མོའི་དཔུང་གཡས་གནོན་པའི་ཕྱིར་རྩེ་སྣེ་གདོང་ཞེས་པའི་ཆོས་རྒྱལ་སྒྲུབ་ཕུག་ཏུ་རྟ་མགྲིན་སྒྲུབ་པ་མཛད་པའི་ཚེ་ན་སྤྲུལ་བའི་ཤ་བ་ཡུ་མོ་ཞིག་གིས་མདུན་ངོས་ཀྱི་གཙང་པོ་བརྒལ་ནས་ད་ལྟའི་རུ་གནོན་གྱི་གནས་འདི་ཉིད་དུ་ཤ་བ་ཐིམ་ནས་སྤྲུལ་བའི་ར་ཅོ་བཞག་པར་བརྟེན་དབུ་རུ་ཀ་ཚལ་གྱི་གནས་འདི་ཉིད་དུ་ངེས་ཤེས་རྙེད་ནས་རུ་གནོན་གྱི་གཙུག་ལག་ཁང་འདི་ཉིད་དགེ་བསྙེན་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་དུ་བཞེངས་པ་དང་། དེའི་ལེ་ལག་ཏུ་སེ་ཤང་གྷན་དྷིའི་ལྷ་ཁང་བཞེངས་པ་དང་ཐུབ་པ་སེ་ཤང་མ་ཡང་རྟེན་གཙོར་བཞུགས་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ཆོས་རྒྱལ་ཉིད་དང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གཉིས་ཀྱི་ཟུར་ཕུད་རྐྱང་བུའི་ཚལ་དུ་ཆོས་རྒྱལ་ཉིད་དང་ཀླུ་རྒྱལ་མལ་གྲོ་གཟི་ཅན་གཉིས་གྲོགས་སྒྲིགས་ནས་བསམ་ཡས་ཀྱི་སེར་ཕྱེ་བླངས་པའི་ཚེ་མལ་གྲོའི་ནང་བོད་ཁམས་ལ་དབང་བྱེད་པའི་ཀླུའི་རྒྱལ་པོ་མལ་གྲོ་གཟི་ཅན་དམ་འདོག་དང་སྲོག་ཆུ་བླུད་ནས་མར་ལམ་དབུ་རུ་ཀ་ཚལ་གྱི་གཙུག་ལག་ཁང་སེ་ཤང་གྷན་དྷིའི་ལྷ་ཁང་དུ་བཞུགས་ནས་སྐུ་རྟེན་རྣམ་ལ་རབ་གནས་དང་། ཀླུའི་དམ་སྐོང་དུ་འཁོར་བ་དོང་སྤྲུག་གི་བཤགས་པ་མཛད་ནས་ཀླུ་གཏེར་སྦས་ཤིང་། ཀླུ་རྟེན་བཙུགས་ནས་སྲོག་ཆུ་བླངས་བ་དང་ཀླུ་དམ་འདོག་གི་ཁ་གནོན་དུ་གློ་བོ་དགེ་དཀར་གྱི་གཙུག་ལག་ཁང་བཞེངས། དེའི་བཀའ་སྲུང་དུ་བསྟན་མ་བཅུ་གཉིས་ཀྱི་གཙོ་མོ་གངས་དཀར་ཤ་མེད་དམ་རྡོ་རྗེ་གཡུ་སྒྲོན་མ་ལ་གཉེར་དུ་གཏད། ། བསྟན་པ་ཕྱི་དར་གྱི་སྐབས་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་རག་ཤི་ཚུལ་ཁྲིམས་འབྱུང་གནས་ཀྱིས་དུས་རབས་བཅུ་གཅིག་པའི་དུས་འགོ་སྟེ་ཕྱི་ལོ་༡༠༡༠སྐོར་ཞིག་ཏུ་དབུ་རུ་ཀ་ཚལ་གྱི་གཙུག་ལག་ཁང་འདི་ཉིད་གནས་གཞིར་བཟུང་ནས་འདུལ་བའི་བསྟན་པ་གཙོ་བོར་གྱུར་བའི་སྒོ་ནས་མདོ་སྔགས་ཀྱི་བསྟན་པ་རྒྱས་པར་བྱས་ཤིང་། དགོན་པའི་སྡེ་ཐོག་མར་བཙུགས། དེ་རྗེས་སྙིགས་དུས་བསྟན་པའི་སྒྲོན་མེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་སོགས་ཀྱིས་ཀྱང་ཞབས་བཅག དེ་རྗེས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་མཆད་ཁ་བས་མཆད་ཁ་དགོན་པ་རྙིང་མ་རབ་བྱུང་༣པའི་ཤིང་བྱ་ལོ་སྟེ་ཕྱི་ལོ་༡༡༦༤ལོར་བཏབ་ནས་དགོན་འདི་ལེ་ལག་དང་བཅས་པ་བཀའ་གདམས་གཞུང་པའི་གྲུབ་མཐའི་སྲོལ་འཛིན་ཅིང་། འཆད་ཉན་གྱིས་བསྐྱངས། དེ་རྗེས་འཆད་ཁ་བའི་སློབ་མ་སེ་སྤྱིལ་བུ་བས་བླ་མས་ལུང་བསྟན་པ་བཞིན་འཆད་ཁ་དགོན་པ་སྲ་བརྟན་མཛད་པའི་ཐོག དབུ་རུ་ཀ་ཚལ་དགོན་གྱི་གྲྭ་སློབ་རྣམས་ལ་བློ་སྦྱོང་གི་ཆོས་བསྐོར་བསྩལ་ཞིང་སྐྱོང་བར་མཛད། འབྲི་གདན་བཅོ་ལྔ་པ་རྒྱལ་དབང་ཀུན་དགའ་རིན་ཆེན་སྐབས་སུ་སྣེ་གདོང་དང་འབྲི་གུང་འཐབས་པའི་གཡུལ་ས་གནས་འདིར་ཆགས་ཏེ། དེ་ནས་རིམ་གྱིས་ཉམས་སྨད་དུ་སོང་ནས་ཆོས་བརྒྱུད་ཡང་ཆད་ལ་ཉེ་བ་ན་རིག་འཛིན་པདྨ་གླིང་པའི་གསང་ལུང་ལས། རྒྱ་གར་རིག་འཛིན་ཧཱུཾ་ཀ་ར། འབྲི་ཡི་ཕྱོགས་སུ་རཏྣའི་མིང་ཅན་འབྱུང་། ཞེས་པ་ལྟར་བསམ་བཞིན་དུ་སྲིད་པ་ཉེ་བར་ནཔབཟུང་བ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་གཏེར་གཏོན་གནམ་ལྕགས་མེ་འབར་རམ། འབྲི་གུང་སྐྱུ་རའི་གདུང་འཛིན་གདན་རབས་བཅུ་དྲུག་པ་རིན་ཆེན་ཕུན་ཚོགས་ཀྱིས་ཕྱི་ལོ་༡༥༤༤ལོ་ཙམ་ལ་གནས་གཞི་འདི་ཉིད་སླར་གསོ་མཛད་ནས་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་རྒྱུན་དུ་བཙུད། དེའི་སྐབས་ཀླུ་ཁང་གོང་འོག་ཉམས་གསོ་མཛད། ཡང་སྒར་ནས་ཉིད་ཀྱི་སློབ་བུ་དྲུང་པ་རིན་ཆེན་དཔལ་དབུ་རུ་ཀ་ཚལ་གྱི་བླ་མ་དང་ལྷོ་པ་ཕུན་ཚོགས་རྣམ་རྒྱལ་མཁན་པོར་མངགས། རྗེ་ཉིད་ཀྱིས་ཀ་ཚལ་དུ་ཛ་ཧ་པིར་གྱི་སྒྲུབ་པ་ཉིན་ཞག་ཉེར་གཅིག་མཛད་ཅིང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་ཀྱང་ཉིན་ཞག་བདུན་ཐུབ་པར་འདུག་ཅེས་ཛ་ཧ་པིར་གྱི་སྒྲུབ་པ་དང་བཀའ་བརྒྱད་བདེ་འདུས། པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་བཛྲ་སྒྲུབ་མཆོད་བཅས་འཛུགས་པར་མཛད་པ་དང་སྒྲུབ་རྒྱུད་རིན་པོ་ཆེའི་བསྟན་པ་བླ་ནས་བླ་རུ་རྒྱས་པར་བྱས། དེ་ཙམ་ནས་འཇངས་པའི་གྲྭ་རྒྱུན་ཡང་གནས་འདི་ཉིད་དུ་སྒྲུབ་པ་ཉམས་ལེན་ལ་ཕེབས་པ་སོགས་བྱུང་། ཕྱིས་རབ་བྱུང་༩པ་མེ་སྦྲུལ་ཕྱི་ལོ༡༥༥༧ལོར་རྗེ་ཉིད་ཞིང་ཁམས་བརྗེ་བའི་ཚེ་ཞལ་ཆེམས་ལས་སྐུ་གདུང་རིན་པོ་ཆེ་དབུ་རུ་ཀ་ཚལ་གྱི་ཀླུ་ཁང་གོང་མར་བཞུགས་ན་བོད་ཁམས་ཀྱི་ཕན་བདེའི་རྩ་ལག་ཏུ་གྱུར་གསུངས་ཀྱང་འབྲི་ཐེལ་སོགས་ནས་ནན་གྱིས་སྐུ་གདུང་ཐེལ་གྱི་ཁང་གསར་ཡང་དགོན་དུ་སྤྱན་དྲངས། འོན་ཀྱང་ཞལ་ཆེམས་མ་བཅག་ཙམ་དུ་རྗེ་ཉིད་ཀྱི་དབུ་ལོ་ཆབ་སེར་ན་གཟའ་སྲིན་ལག་བཅས་བཞུགས་པའི་གདུང་རྟེན་བཀྲ་ཤིས་འོད་འབར་གདུང་སྲས་ཆོས་རྒྱལ་ཚོགས་ཀྱི་རབ་བྱུང་༩པའི་ལྕགས་སྦྲེལ་ཕྱི་ལོ་༡༥༦༠ལོར་བཞེངས། གཞན་ཡང་མཚམས་གྲྭ་གསར་འཛུགས་མཛད། དེ་རྒྱལ་དབང་དྲུག་པ་རིག་འཛིན་༧ཚངས་དབྱངས་རྒྱ་མཚོ་ཁམས་ནས་དབུས་ཕྱོགས་གནས་མཇལ་ཕེབས་སྐབས་གནས་འདིའི་བླ་མ་གཉའ་ལྟག་རིན་པོ་ཆེས་བསྐུར་ཟོས་དང་བཀའ་སྲུང་རྡོ་རྗེ་གཡུ་སྒྲོན་མས་བུད་མེད་ཀྱི་གཟུགས་སུ་སྤྲུལ་ནས་བཀུར་བསྟི་ཞབས་ཏོག་མཛད་ནས་ཟླ་བ་གཅིག་ལྷག་སྒྲུབ་པར་བཞུགས། སྒྲུབ་ཁང་དེ་ཉིད་ཀྱང་དེང་སྐབས་དད་ལྡན་རྣམ་པའི་མིག་ལམ་དུ་དངོས་སུ་མཇལ་རྒྱུ་ཡོད། དེ་རྗེས་འབྲི་གུང་གདན་རབས་སོ་དྲུག་པའི་བར་གདན་རབས་རིམ་པས་སྔར་ལྟར་འབྲི་གུང་གི་ཟབ་ཆོས་བསྩལ་ཞིང་གནས་འདི་ཉིད་ཀྱི་ཆོས་རྒྱུན་མ་ཉམས་པར་སྐྱོང་བར་མཛད།

དེ་རྗེས་རིག་གསར་དུས་གཟིངས་ཀྱིས་རྐྱེན་པས་གནས་འདི་ཉིད་ཀྱང་མི་རྟག་སྒྱུ་མའི་བརྡ་ཆོས་སུ་སྟོན་པར་མཛད་དོ། དེ་ནས་རིམ་བཞིན་རབ་བྱུང་བདུན་པའི་ཆུ་ཁྱི་ལོ་སྤྱི་ལོ་༡༩༨༣ལོར་ཀ་ཚལ་མཆོག་སྤྲུལ་གཉའ་ལྟག་རིན་པོ་ཆེས་བསྟན་འགྲོ་སྤྱི་དང་ཡང་སྒོས་བོད་ཁམས་ཡོངས་ལ་ཕན་བདེའི་ཆེད་དུ་ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན་དང་དུ་བླངས་ནས་ཐོར་གཤིགས་སོང་བའི་དགོན་འདི་ཉིད་གཞིགས་གསོ་མཛད་པ་དང་། ལེགས་གྲུབ་བྱུང་བའི་གཙང་ཁང་ཀ་རིང་གཉིས་ཀྱི་ནང་དུ་དུས་གསུམ་སངས་རྒྱས་ཐོག་བརྩེགས་མ། རྒྱལ་དབང་རིན་ཆེན་ཕུན་ཚོགས་ཀྱི་སྲིན་ལག རྗེ་ཀུན་དགའ་རིན་ཆེན་གྱི་ཞབས་རྐང་། གུ་རུ་ཨོ་རྒྱན་པད་མའི་སྐུ་ཚབ་གཏེར་ལྔའི་ཡ་གྱལ་སྐུ་གཅིག་བཅས་རྟེན་མང་དག་བཞུགས་པའི་གདུང་རྟེན་བཀྲ་ཤིས་འོད་འབར་རྒྱུ་དངུལ་ལས་གྲུབ་པ་མི་ཚད་མ། སྔར་གྱི་ལུང་བསྟན་སྤྲུལ་པའི་ཤྭ་བ་ཡུ་མོའི་རྭ་ཅོ། ཆོས་རྒྱལ་སྲོང་བཙན་ཉིད་ཀྱི་མ་ཎིའི་རྟིང་ལྕགས་སོགས། སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཞིག་བཞུགས་སུ་གསོལ། དེ་རྗེས་སླར་ཡང་སྤྱི་ལོ་༢༠༡༢ལོར་དགོན་དེའི་བླ་ཁག་བཞིའི་ཡ་གྱལ་དུ་གྱུར་པ་མཆོག་སྤྲུལ་གཉའ་ལྟག་རིན་པོ་ཆེས་ཐུགས་འགན་ཆེར་བཞེས་ཐོག་ཀ་ཚལ་དགོན་འདི་ཉིད་ཉམས་གསོ་རྒྱ་ཆེར་མཛད་ནས་ད་ལྟ་དད་ལྡན་རྣམས་པའི་མིག་ལམ་དུ་མངོན་བཞིན་པ་མ་ཟད་བླ་ན་མེད་པའི་མཛད་འཕྲིན་དང་ཐུགས་རྗེའི་གཟིགས་སྐྱོང་འོག་ད་ལྟའི་བར་དུ་དགེ་འདུན་ལྔ་བཅུར་ཉེ་བ་ཞིག་གིས་ལུང་རྟོགས་ཀྱི་འཆད་ཉན་སྐྱང་བཞིན་ཡོད་པ་ནི་དད་ལྡན་རྣམས་པའི་མཐོང་ཆོས་སུ་འགྱུར་དང་གྱུར་བཞིན་ལགས་སོ།།

ཡོང་ཁུངས། དབུར་སྟོད་སྲོང་བཙན་མལ་གྲོ་གུང་དཀར་སྐྱིད་སྡུག་གི་ངོ་དེབ།

བརྒྱུད་སྐུལ།

མཆན་སྤེལ།