གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་ནང་པའི་གནས་ཆེན་ཁག་གཅིག་གི་གནས་བཤད།

གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་ནང་པའི་གནས་ཆེན་ཁག་གཅིག་གི་གནས་བཤད།
གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་ནང་པའི་གནས་ཆེན་ཁག་གཅིག་གི་གནས་བཤད།

༄༅།།འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༩ ཉིན་འདི་ག་བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ལ་རྒྱ་གར་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་ནང་པའི་གནས་ཆེན་ཁག་གཅིག་གི་སྐོར་བཅར་འདྲི་ཞུས་པ་གཤམ་གསལ།

 

གསར་འགོད་པས། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དང་རྡོ་རྗེ་གདན་ཁུལ་གྱི་ནང་པའི་གནས་ཆེན་ཁག་གཅིག་གི་སྐོར་གནས་བཤད་མདོར་བསྡུས་གསུང་རོགས།

ཐུབ་བསྟན་ཡར་འཕེལ་ལགས་ཀྱིས། ནང་པའི་གནས་ཆེན་གཙོ་བོ་བཞི་ནི། སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པའི་གནས་ལུམ་བི་ནི་དང་། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་སའི་གནས་རྡོ་རྗེ་གདན། ཆོས་ཀྱི་འཁོར་ལོ་སྐོར་སའི་གནས་ཝཱ་རཱ་ཎ་སི། སྐུ་མྱ་ངན་ལས་འདས་སའི་གནས་རྩ་མཆོག་གྲོང་བཅས་བཞི་རེད། ནང་པའི་གནས་ཆེན་བཞིའི་ནང་ནས་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་སའི་གནས་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་འདི་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པ་བཅུ་གཉིས་ནང་ནས་མང་ཤོས་གནས་མཆོག་རྡོ་རྗེ་གདན་དུ་བསྐྱངས་པ་རེད།

གནས་ཆེན་བཞིའི་ཡ་གྱལ་གཉིས་པ་རྡོ་རྗེ་གདན་ནི། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཡིན་ལ། དེ་ཡང་གན་དྷོ་ལ་མཆོད་རྟེན་འདི་ཐོག་མར་བྲམ་ཟེ་ཛ་སའི་བུ་ཐ་ཆུང་བྲམ་ཟེ་དགེ་བ་ཞེས་པས་བཞེངས་པ་བཤད་ལ། རྗེས་སུ་མ་ག་དྷའི་ཁྱིམ་བདག་འཆི་མེད་བྱ་བ་དང་། རྒྱ་གར་གཞུང་བཅས་ནས་ཀྱང་ཞིག་གསོ་བགྱིས་ཡོད། དབུས་ཀྱི་གན་དྷོ་ལའི་རྩེའི་མཆོད་རྟེན་ཆུང་ངུ་དེ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་ཤིང་། ནང་དུ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་བྲེ་གང་བཞུགས་ཡོད། ལྷ་ཁང་སྟེང་འོག་གཉིས་ཡོད་པའི་སྟེང་མ་དེའི་ནང་དུ་རང་རེའི་ལྷ་སའི་ཇོ་བོ་སྔོན་བཞུགས་པར་གྲགས། སྐོར་ལམ་གྱི་རྡོའི་དྲྭ་མིག་འདི་དག་ཀྱང་ཀླུ་སྒྲུབ་ཀྱིས་བཞེངས། ཀ་བ་དེ་དག་གི་སྟེང་ན་མགོན་པོའི་ཞལ་བརྒྱད་དང་སྒྲོལ་མའི་ཞལ་བརྒྱད་ཡོད་པ་མི་གཅིག་གིས་དེ་ཐམས་ཅན་མཐོང་ན་དངོས་གྲུབ་སྣ་རེ་ཐོབ་ཟེར། དེ་དག་ནི་པད་ཀོར་གྱི་དཀྱིལ་ན་མིའི་གདོང་ལྟ་བུ་ཡོད་པ་དེ་རྣམས་ཡིན།
དེ་ལ་སྟོན་པ་སངས་རྒྱས་ནས་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཤིང་ལ་སྤྱན་མིག་འཛུམ་པར་བཞུགས་པའི་སྐུ་བརྙན་ནི། བྱང་ཆུབ་ཤིང་གི་ཐད་ཀྱི་མཆོད་རྟེན་ངོས་ན་བཞུགས་པ་དེ་ཡིན་ལ། བདུན་གཉིས་པར་དང་པོ་བཞེངས་པའི་ཤུལ་དུ་ཞབས་རྗེས་ཆ་གཅིག དེ་ནས་གོམ་པ་འདོར་བའི་ཤུལ་ཞབས་གཡས་གཡོན་ཡ་སྤེལ་བ་ལྔ། སླར་ཡང་ཡུད་ཙམ་བཞེངས་སར་ཞབས་རྗེས་ཆ་གཅིག་བཅས་རྡོ་བདུན་གྱི་སྟེང་དུ་ཡོད་པ་ལས་དེང་སང་ཡ་གཉིས་དང་ཆ་གཅིག་སྟེ་གསུམ་ཙམ་ཡོད། དེ་ནས་ཞབས་འཆག་པའི་ཤུལ་བསྐོར་ལམ་བྱང་གི་སྟེགས་རིང་པོའི་སྟེང་ན་པདྨའི་ཕྲེང་བ་བཅུ་གཉིས་ཡོད། 
བྱང་ངོས་དྲྭ་མིག་གི་ཕྱི་རོལ་ཏུ་མཆོད་རྟེན་ཆུང་ངུ་བུ་ག་ཡོད་པ་དེ་དག་གི་ནང་ན་དགྲ་བཅོམ་མང་པོའི་གདུང་བཞུགས་ཤིང་། སྐྲ་སེན་སོགས་དེར་འཕང་ན་ངན་སོང་གི་སྐྱེ་སྒོ་ཁེགས་པར་བཤད། མཆོད་རྟེན་གྱི་ཤར་ཕྱོགས་ར་བའི་འདབས་ན་དབུས་མ་དང་དབྱིབས་འདྲ་བའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་དེ་སྟོན་པ་དང་པོར་བྱོན་སྐབས་དེར་བཞུགས་ཏེ་ཞལ་ནས་འོད་ཟེར་སྤྲོས་ནས་བྱང་ཆུབ་ཤིང་དངོས་མ་མིན་པ་གཞན་རྣམས་བསྲེགས་པའི་གནས་ཡིན། དེ་ལ་འོད་ཟེར་འཕྲོ་བའི་གན་དྷོ་ལ་ཟེར། དེ་ལྟར་ཤིང་ཚིག་པ་རྣམས་ཀྱི་སོལ་བ་སྤུངས་པའི་སར་ཨ་ཀར་བྷོ་དྷི་བྱ་བའི་བྱང་ཆུབ་ཤིང་ཞིག་སྐྱེས་པ་ད་ལྟ་བྱང་ངོས་སྐོར་ལམ་གྱི་ཕྱི་ན་ཡོད་པ་དེ་ཡིན། ཤིང་དེའི་རྩར་ར་ས་ཀུ་ལའི་ཁྲོན་པ་ཡོད། དེའི་ཆུ་སྟོན་པས་རྫུ་འཕྲུལ་གྱིས་དངུལ་ཆུར་བྱིན་གྱིས་རླབས་པས་འཐུང་ན་ཕོ་ནད་དྲག་ཟེར། ཁྲོན་པ་མ་བྲུས་ཀྱང་ཁ་ཁྱེར་གསལ་བར་ཡོད།

དབུས་མའི་ལྷོ་ངོས་ས་སྟེགས་ཤིན་ཏུ་ཡངས་པ་ཞིག་ཡོད་ས་དེར་སྟོན་པའི་བཞུགས་གདན་གྱི་རྩྭ་རྣམས་བོར། དེར་སྔོན་མཆོད་རྟེན་དབུས་ཀྱི་འདི་དང་འདྲ་བའི་ཆེན་པོ་ཞིག་ཡོད་པ་ཡིན། རྭ་བའི་ཤར་གྱི་དུར་ཁྲོད་ནང་གི་དཀྱིལ་འཁོར་དེ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་རྡོ་ལ་བཞེངས་པའི་དུས་འཁོར་བློས་བསླངས་རྡོ་རྗེ་གདན་དུ་ཡོད། ཅེས་རང་རེའི་ལོ་རྒྱུས་འགའ་ལས་འབྱུང་བ་དེ་ཡིན་ནམ་སྙམ། མཆོད་རྟེན་གྱི་ལྷ་ཁང་འོག་མའི་ནང་རྟེན་བཅོམ་ལྡན་འདས་ཀྱི་སྐུ་བརྙན་འདི་ནི་རྗེ་བཙུན་སྒྲོལ་མའི་སྤྲུལ་པར་གྲགས་པ་བྲམ་ཟེ་མོ་ཛ་སའི་བུ་ཐ་ཆུང་བྲམ་ཟེ་དགེ་བ་ལ་ལུང་བསྟན་བྱུང་བ་བཞིན་རྒྱུ་གསེར་ལ་སོགས་པ་རིན་པོ་ཆེ་གཅིག་དང་། ག་བུར་སོགས་པ་དྲི་བཟང་ཆ་གཅིག །ཙནྡན་གྱི་ལྡེ་གུ་ཆ་གཅིག་བཅས་རྒྱུ་འདི་དག་ལས་རང་བྱུང་གིས་གྲུབ་པ་སྟེ་ཁྱད་པར་གསུམ་མ་གཏོགས་སངས་རྒྱས་དངོས་དང་འདྲ་བ་ཡིན་ལ། བྲམ་ཟེ་མོས་མར་གད་ཕུལ་བ་དག་སྐུའི་སྤྱན་དང་སྨིན་མཚམས་སུ་བརྒྱན་པས་སྤྱན་དང་མཛོད་སྤུ་བྱུང་ནས་ནོར་བུ་དེ་ལས་འོད་ཆེན་པོ་འཕྲོས་པས་ལྷ་ཁང་དུ་སྲོད་ལའང་དཔེ་ཆ་ཀློག་ཐུབ་པ་ཡོད།


ད་དུང་འདིར་ཏཱ་རཱ་སྒྲོལ་མའི་ལྷ་ཁང་ཡོད་ལ། ལྷ་ཁང་འདིར་རྡོ་ཡི་ལྷ་མོ་རང་བྱོན་གསུང་འབྱོན་བཞིན་ཞལ་ནང་དུ་བསྒྱུར་བས་ཞལ་འགྱུར་ཏཱ་རཱ་ཞེས་གྲགས་པ་དེ་དང་། ཉེ་ཐོས་ཀྱི་སྟོན་པ་ཆུ་ལས་སྒྲོལ་བས་ཆུ་ཀླུང་སྒྲོལ་བས་ཧ་ཧ་ཏཱ་རཱ་ཞེས་བྱིན་རླབས་ཤིན་ཏུ་ཆེ་བ་ཡོད། གཞུང་གཞན་ཞིག་ན་མཆོད་རྟེན་ཆེན་མོ་གན་དྷོ་ལ་རྒྱ་གར་གྱི་མཁས་པ་མཐོ་བཙུན་གྲུབ་རྗེས་བཞེངས་པ་དང་། འགའ་རེས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པར་འདོད་པ་འདྲ་མིན་ཡོད། སྔ་མོ་པ་ལི་སྐད་དོད་ལ་རྡོ་རྗེ་གདན་ལ་ཨུ་རུ་བེ་ལ་དང་། ལེགས་སྦྱར་སྐད་དོད་ལ་ཨུ་རུ་བི་ཝ་ཟེར།

བྱང་ཆུབ་མཆོད་རྟེན་གྱི་ཐོག་བརྩེགས་གཉིས་པའི་ནང་ལ་ཇོ་རྗེ་དཔལ་ལྡན་ཨ་ཏི་ཤ་རབ་ཏུ་བྱུང་སའི་གནས་དང་། ལྷ་ལྡན་གཙུག་ལག་ཁང་ལ་བཞུགས་པའི་ལྷ་སའི་ཇོ་བོ་ཤཀྱཱ་མུ་ནི་ཐོག་མའི་བཞུགས་ས་རེད། བྱང་ཆུབ་མཆོད་རྟེན་གྱི་ཤར་ངོས་ལ་ལྷ་ཁང་ཆུང་ཆུང་ཞིག་གི་ནང་དུ་རྗེ་བཙུན་སྒྲོལ་མ་རང་བྱོན་དུ་ཕེབས་པ་ཞིག་ཡོད། ཇོ་བོ་རྗེ་བོད་ལ་མ་ཕེབས་གོང་རྗེ་བཙུན་སྒྲོལ་མས་གསུང་བྱོན་པ་རེད། ཇོ་བོ་རྗེ་བོད་ལ་ཕེབས་པ་ཡིན་ན་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་ཡོང་ས་རེད།

འོན་ཀྱང་དགུང་ལོ་ ༢༥ ཐུང་དུ་འགྲོ་ས་རེད། སྤྱིར་ཇོ་བོ་རྗེ་དགུང་ལོ་ ༩༥ ཙམ་བཞུགས་རྒྱུའི་ཚད་ཡོད་པ་རེད། བོད་ལ་ཕེབས་ནས་དགུང་ལོ་༢༥ ཐུང་དུ་ཕྱིན་ཡོད་པས། ཇོ་བོ་རྗེ་ཕལ་ཆེར་དགུང་ལོ་ ༧༤ ཙམ་མ་གཏོགས་བཞུགས་ཡོད་པ་མ་རེད། མཆོད་རྟེན་གྱི་འགྲམ་དུ་མཚོ་ཞིག་ཡོད། དེར་སངས་རྒྱས་བཅོམ་ལྡན་འདས་བདུན་ཕྲག་གཅིག་རིང་ཏིང་ངེ་འཛིན་ལ་བཞུགས་པའི་གནས་ཁྱད་པར་ཅན་ཞིག་རེད།

བྱ་རྒོད་ཕུང་པོའི་རི།

༡༽ བྱ་རྒོད་ཕུང་པོ་རི་ཞེས་པའི་མིང་ནི། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་ཤཱཀྱ་མུ་ནེས་ཐེག་པ་ཆེན་པོའི་ཆོས་གསུང་པའི་གནས་རི་ཞིག་གི་མིང་ཡིན་ལ། མིང་དེ་ལྟར་ཐོགས་ཚུལ་ལ་གསུང་སྲོལ་མི་འདྲ་བ་གསུམ་ཡོད་པ་ལས། དང་པོ་ནི། ས་ལུ་ལྗང་པའི་མདོ་ལས། བྲག་བྱ་རྒོད་ཀྱི་མགོའི་དབྱིབས་ལྟ་བུར་ཡོད་པས་དེ་ལྟར་བཏགས་པས་ན། གནས་རི་འདིའི་བཟོ་དབྱིབས་ཀྱི་ཆ་ནས་བྱ་རྒོད་ཕུང་པོའི་རི་ཞེས་བཏགས་པར་གསུང་སྲོལ་གཅིག་དང་།

གཉིས་པ་ནི། ཤེས་བྱ་ཀུན་ཁྱབ་ལས། །བྱ་རྒོད་ཕུང་རིར་དགེ་སློང་བྱང་སེམས་ལ། །བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། །ཞེས་གསུངས་པ་ལྟར་ཆོས་འཁོར་བར་པ་བསྐོར་བའི་སྐབས་སུ་ཞིང་གཞན་ནས་བྱང་ཆུབ་སེམས་དཔའ་དུ་མ་ཞིག་རང་ལུས་བྱ་རྒོད་ཀྱི་གཟུགས་སུ་སྤྲུལ་ནས་ཆོས་གསན་པར་ཕེབས་པའི་གནས་ཡིན་པས་མིང་དེ་ལྟར་ཐོགས་ཚུལ་རྗེ་གུང་ཐང་པས་གསུངས།

གསུམ་པ་ནི། ཡུལ་ལྗོངས་དེ་རྒྱ་ཆེ་བས་བྱ་རྒོད་ཕུང་པོའི་རི་སྟེ་མཐོ་ལ་བྱ་མང་པོ་འདུ་བའི་ཕྱིར་དུ་མིང་བཏགས་སོ། །ཞེས་ཛྷཱ་ན་མི་ཏྲའམ་ཡེ་ཤེས་བཤེས་གཉེན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་བཤད་པ་ལས་གསུངས་སོ།།
༢༽ བྱ་རྒོད་ཕུང་པོ་རི་ཆགས་ཡུལ་ནི། གནས་མཆོག་རྡོ་རྗེ་གདན་ནས་བྱང་ཤར་མཚམས་ཀྱི་སྤྱི་ལེ་ (80 km) ཙམ་ན་ར་ཇི་གར་སྟེ་ (Rajagriha) རྒྱལ་པོའི་ཁབ་དང་། རྒྱལ་པོའི་ཁབ་ཀྱི་ལྗོངས་ཀྱི་རི་ངོས་སུ་བྱ་རྒོད་ཕུང་པོ་རི་ཆགས་ཡོད་ལ། རྒྱ་གར་བས་བྱ་རྒོད་ཕུང་པོ་རིར་གྷིར་དྷ་ཀུ་ཊི་ (Gridhakuti) ཞེས་བརྗོད། བྱ་རྒོད་ཕུང་པོ་རི་ནི་གནས་མཆོག་རྡོ་རྗེ་གདན་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༨༠ ཙམ་གྱི་སར་རྒྱལ་པོའི་ཁབ་ཀྱི་ལྗོངས་ཀྱི་རི་སྟེང་དུ་ཆགས་པ་དེ་ཡིན། ཐང་སན་བླ་མའི་ལམ་ཡིག་ལས། རི་འདི་རྒྱལ་པོའི་ཁབ་ཀྱི་བྱང་ཤར་མཚམས་སུ་ཡོད་པ་དང་། ས་གནས་གཞན་དག་ལས་མཐོ་ཞིང་། རྡོའི་སྐས་ལམ་ཞེང་ལ་གོམ་པ་བཅུ་དང་། སྲིད་ལ་ལེ་དབར་དྲུག་ཙམ་ཡོད་ཅེས་བཤད་ལ། གནས་འདི་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་བཀའ་དང་པོ་ཝཱ་རཱ་ཎ་སཱིར་བདེན་བཞིའི་ཆོས་འཁོར་དང་། བྱ་རྒོད་ཕུང་རིར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཡངས་པ་ཅན་དུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བཅས་བསྐོར་བ་ལས་བཀའ་བར་པ་གསུང་པའི་གནས་ཡིན་ལ། དགེ་ཆོས་ཀྱི་ལམ་ཡིག་ལས། ན་ལནྡཱ་ནས་ར་ཇི་གི་རི་ལ་སེབས། དེ་ནི་རྒྱལ་པོའི་ཁབ་ཡིན་ཞིང་། དེར་རིས་བསྐོར་བའི་དབུས་ཀྱི་ཐང་དེ་ཐམས་ཅད་སྔོན་གྲོང་ཁྱེར་ཆགས་པའི་ཤུལ་ཡིན། བྷར་མའི་དྷརྨ་སཱ་ལ་དང་ཉེ་བ་ན་སྔོན་གྱི་རྡོ་མཁར་ཆེན་པོ་ཞིག་ཡོད་པ་དེ་རྒྱལ་པོའི་ཁབ་གསར་པ་བྱ་བ་རྒྱལ་པོ་ཨ་ཇ་ཏ་ཤ་ཏྲུམ་སྐྱེས་དགྲའི་ཕོ་བྲང་གི་ཤུལ་ཡིན། ཆུ་ཚན་གི་གནས་དེ་ཆུ་དྲོན་གྱི་ཀུན་དགའ་ར་བའི་ཤུལ་དང་། ཆུ་ཚན་ཡོད་སའི་རི་དེ་རྒྱལ་པོའི་ཁབ་ཀྱི་རི་ལྔའི་ནང་གི་བཻ་པཱུ་ལ་རི་ངོས་ཡངས་བྱ་བ་དེ་ཡིན་ཞིང་། འོད་སྲུང་ལ་སོགས་དགྲ་བཅོམ་ལྔ་བརྒྱས་བཀའ་བསྡུ་དང་པོ་མཛད་པའི་བྲག་ཕུག་ཀྱང་ཆུ་ཚན་གྱི་ཐག་ཉེ་ལ་ཡོད། ཆུ་ཚན་གྱི་རི་དེའི་ཁ་ཐུག་བྱང་ངོས་ན་ཡོད་པའི་རི་དེ་བི་རི་སྐྱ་བསང་ཞེས་བྱ་བ་དེ་ཡིན་ཞིང་། རི་འདི་གཉིས་ཀྱི་མཚམས་དེར་སྔོན་གྱི་གྲོང་ཁྱེར་གྱི་རྒྱལ་སྒོ་ཡོད་པའི་རྩིག་ཤུལ་ཀྱང་ཡོད། ཆུ་ཚན་གྱི་ཐད་ནས་འོངས་པའི་ཆུ་འགྲམ་བྱང་ཕྱོགས་ས་འབུར་མཐོ་བའི་ཕྱོགས་ཤིག་ཡོད་ས་དེ་བེ་ལུ་བ་ན་འོད་མའི་ཚལ་གྱི་ཤུལ་ཡིན་ཞིང་། དེར་སྟོན་པ་ལོ་ཤས་བཞུགས། ཞེས་བྱུང་ངོ་།།

ཆུ་བོ་ནཻ་ར་ཉྫ་ན་དང་། ལོ་དྲུག་དཀའ་སྤྱད།

དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་མཛད་བཅུ་ཐབས་མཁས་ཐུགས་རྗེ་མ་ལས། བརྩོན་པས་བྱང་ཆུབ་སྒྲུབ་པར་དགོངས་ནས་ཀྱང་། །ནཻ་ར་ཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ནས། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ཆུ་བོ་ནཻ་ར་ཉྫ་ན། ཞེས་པ་ནི་ལེགས་སྦྱར་གྱི་སྐད་དང་། བོད་སྐད་དུ་མི་མངོན་པར་རྒྱུ་བ་སྟེ། སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འགྲམ་གྱི་ཆུ་བོ་ཞིག་གི་མིང་ཡིན་ལ། དེང་སྐབས་ཆུ་བོ་འདིའི་མིང་ལ་ལི་ལ་ཉྫ་ན་ (लीलझऩ नदी) དང་། ཕལ་གུ་ (फगुनदी) (River Nirnajana Phalgu) ཞེས་བརྗོད་ཀྱི་ཡོད།


ནཻ་ར་ཉྫ་ན། བཙན་པོ་པཎྜི་ཏའི་འཛམ་གླིང་རྒྱས་བཤད་ལས། རི་བོ་ག་ཡ་དང་། རི་བོ་སྟེང་རྒྱས་གཉིས་ཀྱི་ཤར་ཕྱོགས་བརྒྱུད་དེ་ལྷོ་ནས་བྱང་དུ་འབབ་ཅིང་། དབྱར་སྟོན་བསིལ་བའི་དུས་སུ་རྡུལ་རྙོག་འདྲེས་མར་མི་ལུས་གང་ཙམ་འབབ་པ་དང་། དགུན་དཔྱིད་ཆར་ཆུ་དཀོན་པའི་དུས་སུ་བྱེ་མའི་གཞུང་ཙམ་ལས་ཆུ་དངོས་སུ་མཐོང་རྒྱུ་མེད་ཀྱང་ཆུ་ལམ་གྱི་བྱེ་མ་གང་ནས་བརྐོས་ཀྱང་ཡན་ལག་བརྒྱད་ལྡན་གྱི་ཆུ་ཐོན་འོང་བ་དེ་ཞིབ་ཏུ་བལྟས་ན་དལ་བུས་ཆུ་བོ་གངྒཱར་འབབ་པར་བརྟེན་ཆུ་བོ་དེ་ཡི་མིང་ལ། ནཻ་རཉྫ་ན་སྟེ་མི་མངོན་པར་རྒྱུ་བ་ཞེས་བཏགས་པ་དང་། ཡང་དེ་རྡོ་རྗེ་གདན་དང་ཉེ་བའི་ཤར་ཕྱོགས་དང་། ག་ཡའི་གྲོང་ཁྱེར་གྱི་ཉེ་འདབས་གངྒཱ་དང་ཉེ་བ་སོགས་གནས་འགའ་ཞིག་ཏུ་ཡང་རྒྱུན་མི་ཆད་པར་འབབ་ཅེས་དང་། ནཻ་རཉྫ་ནའི་འགྲམ་གྱི་ཉེ་འཁོར་ཐམས་ཅད་ནགས་ཚལ་དང་སྤང་ལྗོངས་རི་བྲག་སོགས་འདྲེས་མ་ལ་ཆུ་ཡན་ལག་བརྒྱད་ལྡན་མང་པོ་ཕན་ཚུན་འབབ་པ། མི་ཉུང་ཞིང་བྲམ་ཟེ་དང་དྲང་སྲོང་གི་རིགས་ཅན་གྱི་ཁྱིམ་ཐར་ཐོར་ལས་མེད། གནས་དེར་སྟོན་པ་ཐུགས་རྗེ་ཅན་གྱི་ལོ་དྲུག་དཀའ་བ་སྤྱད་པའི་གནས་དང་ཞབས་རྗེས། ལྟེང་རྒྱས་འོད་སྲུང་སྤུན་རྣམས་བཏུལ་བའི་གནས་དང་། སྔོན་བྱོན་སངས་རྒྱས་རྣམས་ཀྱི་བཞུགས་ཁྲི། ཉན་ཐོས་འོད་སྲུང་ཆེན་པོའི་འཁྲུངས་ཡུལ་སོགས་གནས་བྱིན་ཅན་ཤིན་ཏུ་མང་པོ་ཡོད་ཅེས་གསལ་ ༼དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༨༢༡༽ ཞེས་བྱུང་བ་ལྟར། ཆུ་ཀླུང་ནཻ་ར་ཉྫ་ན་ནི། རྡོ་རྗེ་གདན་ནས་བྱེ་བའི་ཆུ་འགྲམ་ཕར་བརྒལ་ཚེ་སྟོན་པ་ཐུགས་རྗེ་ཅན་ལྟེང་རྒྱས་ནས་ཆུ་ཀླུང་ནཻ་ཉྫ་ནའི་ཉེ་འགྲམ་དུ་ཕེབས་ནས་ལོ་དྲུག་དཀའ་སྤྱད་མཛད་ཡུལ་གྱི་བྱང་ཆུབ་ཤིང་དང་། བཞུགས་ཁྲི། ཁྲོན་པའི་དབྱིབས་ཅན། སྟོན་པས་དཀའ་བ་སྤྱད་པའི་སྐུ་བརྙན་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད། དེ་ལྟར་ཆུ་བོ་ནཻ་ར་ཉྫ་ནའི་ཉེ་འགྲམ་དུ་སྔོན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པས་ཉིན་རེར་ཏིལ་གྱི་འབྲུ་རེ་དང་། ཆུ་ཐིགས་རེ་གསོལ་ཏེ་ལོ་དྲུག་དཀའ་བ་སྤྱད་མཐར། ཞིང་པའི་བུ་མོ་ལེགས་སྐྱེས་མས་བ་མཆོག་སྟོང་གི་འོ་མ་ཉིང་ཁུར་བྱས་པའི་འོ་ཐུག་ཕུལ་བ་བཞེས་ནས་སྐུ་གསེར་མདོག་གི་ལང་ཚོ་དར་ལ་བབ་པར་གྱུར་པ་དང་། དེ་ནས་བྲམ་ཟེའི་ཁྱེའུ་རྩྭ་འཚོང་གིས་རྩྭ་ཕུལ་བ་སྟན་དུ་མཛད་དེ་བྱང་ཆུབ་སྙིང་པོའི་བར་དུ་མི་འགྱུར་བའི་དམ་བཅའི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ། སྤྱིར་གནས་མཆོག་རྡོ་རྗེ་གདན་གྱི་ཕྱོགས་འདིར་བཅོམ་ལྡན་འདས་ལོ་བདུན་ཙམ་བཞུགས་པར་གྲགས།

 

དང་པོ། བསིལ་པ་ཚལ་གྱི་དུར་ཁྲོད།

 

བསིལ་བའི་ཚལ་གྱི་དུར་ཁྲོད་ནི། རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེ་ནས་ཤར་ཕྱོགས་སུ་རྒྱང་ཐག་སྤྱི་ལེ་ ༧ སར་ཆགས་ཤིང་།དེར་རྒྱ་གར་བས་དུར་རྒ་ཤྲི (Durgashri) ཞེས་བརྗོད་ཅིང་། དེ་ཡང་བསིལ་བ་ཚལ་ཞེས་པའི་སྒྲ་བཤད་ནི། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་ (ཚ) ༥༦བ༥ བསིལ་བའི་ཚལ་གྱི་དུར་འཁོར་ཅེས་བྱ་བ་ནི་སྔོན་ས་ཕྱོགས་དེ་མཆོག་ཏུ་བསིལ་བས་གྲོང་ཁྱེར་བ་རྣམས་ཀྱིས་ཚལ་བོར་ཏེ་དུར་ཁྲོད་དུ་གྱུར་པས་བསིལ་བའི་ཚལ་གྱི་དུས་ཁྲོད་ཅེས་བྱའོ། །

 

ཞེས་གསུངས་ལ། སྟོན་པ་ག་ཡཱ་གོ་རི་ནས་རྒྱལ་པོའི་ཁབ་ཏུ་བྱོན་སྐབས་བསིལ་བ་ཚལ་གྱི་དུར་ཁྲོད་ཀྱི་གནས་འདིར་ཞག་ཅིག་བཞུགས་ཤིང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ (བིམྦ་སཱ་ར་) འོངས་ནས་ཐོག་མར་མཇལ་བའི་ལོ་རྒྱུས་ཀྱང་ཡོད། ཆག་ལོ་ཆོས་རྗེ་དཔལ་གྱི་རྣམ་ཐར་ལས། དུས་ཁྲོད་བསིལ་བའི་ཚལ་ནི། ནཱ་ལེནྡྲའི་ནུབ་བྱང་ན་ནགས་སྤྱིལ་པོ་ཆེན་པོ་ཞིག་གི་དཀྱིལ་ན་ནགས་མེད་པའི་ས་སྟོང་ཆེ་བ་ཞིག་འདུག་གོ། ཞེས་གསལ་བ་ལྟར་དེང་སྐབས་སུའང་དེ་ལྟ་བུ་ཞིག་ཏུ་གནས།


ཡང་འོད་མའི་ཚལ་གྱི་རི་བོའི་ནང་ཕྱོགས་ཀྱི་ཐང་གི་གཡས་གཡོན་ནས་རྒྱུགས་པའི་ལྷོ་ཕྱོགས་ཀྱི་ཆུ་ཕྲན་བརྒྱུད་དེ་ཡར་ཕྱིན་ན་ནག་པོ་རྩེག་པའི་རི་ཡོད་ཅིང་། དེའི་མདུན་གྱི་ཐང་གི་ནགས་ཚལ་དེ་ཤི་ཏ་བ་ན། མདོ་ལས་གསུངས་པའི་བསིལ་བ་ཚལ་ཡིན་པར་གནས་བཤད་དུ་གསལ་ཞིང་། དེ་ལྟར་བསིལ་བ་ཚལ་དངོས་དང་། རྡོ་རྗེ་གདན་གྱི་ཉེ་འཁྲིས་སུ་ཡོད་པའི་བསིལ་བ་ཚལ་དེ་ནི་དོད་ཐུབ་ཅིག་ཡིན་པར་སྣང་གསུངས། འཇིགས་སུ་རུང་བའི་དུར་ཁྲོད་བརྒྱད་བསྟན་པའི་ནང་དུ། བསིལ་བ་ཚལ་དུ་བདུད་རྩིའི་སྒྲུབ་པ་མཛད། །བདུད་རྩི་ཡོན་ཏན་ལྷ་ཚོགས་ཞལ་གཟིགས་ཐོབ། །ཅེས་སོགས་གསུངས་པའི་གནས་ཀྱང་ཡིན་པར་གསལ།

 

གཉིས་པ། རོ་སྒྲུང་།

 

རོ་སྒྲུང་གི་གླེང་གཞི་གསུང་ཚུལ་གཉིས་ཡོད་པ་ལས། གཅིག་ནི། སྔོན་གྱི་དུས་ཡུལ་ཞིག་ན་སྒྱུ་མ་མཁན་སྤུན་བདུན་ཡོད་པ་དེར་གསལ་བྱེད་ཅེས་བྱ་བའི་གཞོན་ནུ་ཞིག་སྒྱུ་མ་བསླབས་ཏུ་སོང་། ཁོ་དེར་ལོ་གསུམ་ཙམ་ཕྱིན་ཀྱང་སྒྱུ་མ་སྤྲུལ་ཚུལ་མ་ཤེས། ཉིན་ཞིག་ཁོའི་སྤུན་དོན་གྲུབ་ཅེས་པ་བློ་རིག་བཀྲ་བ་ཞིག་ཡོད་པ་དེ་རྒྱགས་ཆས་བསྐྱེལ་དུ་བྱུང་། ཁོ་དེར་ལྷན་དུ་བསྡད་པའི་དགོང་མོར་སྒྱུ་མ་མཁན་རྣམས་ཀྱིས་སྤྲུལ་སྒྱུར་རྩལ་སྦྱོང་བྱེད་ཀྱིན་ཡོད་པ་ལ། ཁོས་གསང་བས་ཉན་ཏེ་སྒྱུ་མ་སྤྲུལ་ཚུལ་ཤེས་ཐུབ་པ་བྱུང་ནས་ཁོང་སྤུན་གཉིས་མཚན་མོ་སླར་རང་ཡུལ་དུ་ལོག དོན་གྲུབ་ཀྱིས་རྟ་རར་རྟ་མཆོག་དཀར་པོ་ཞིག་ཡོད་པ་དེ་འཚོང་ཐབས་གྱིས་ཞེས་གསལ་བྱེད་ལ་སློབ་སྟོན་བྱས་ཏེ་རྟ་མཆོག་གཅིག་ཏུ་སྤྲུལ། དེའི་སྒྱུ་མ་མཁན་སྤུན་བདུན་གྱིས་གསལ་བྱེད་སྤུན་གཉིས་བྲོས་ཕྱིན་པས་ཁོང་ཚོས་སྒྱུ་མ་སྤྲུལ་སྟངས་ཤེས་ཡོད་པར་ངེས་ཟེར་ནས་ཚོང་དཔོན་བདུན་དུ་སྤྲུལ་ཏེ་གསལ་བྱེད་སྤུན་གྱི་སྒོ་རྩར་སླེབས། གསལ་བྱེད་ཀྱི་སྒྱུ་མ་མཁན་ཡིན་པར་མ་ཤེས་ནས་ཁོང་ཚོར་སྣེ་ལེན་བྱས་ཤིང་། ཁོང་ཚོར་རྟ་མཆོག་དེ་བཙོངས། སྒྱུ་མ་མཁན་རྣམས་ཀྱིས་རྟ་མཆོག་དེ་དོན་གྲུབ་ཡིན་པར་ཤེས་ནས་དགའ་ཚོར་ཆེན་པོས་འཁྲིད་དེ་འགྲོ་བའི་སྐབས་ཤིག་ན། གློ་བུར་དུ་རྟ་མཆོག་དེ་བྲོས་སྐབས་ཤིག་རྙེད་དེ་མགྱོགས་པོར་བྲོས་ཕྱིན་པ་ལ། ཁོང་ཚོས་རྗེས་དེད་ཀྱིས་ཟིན་ལ་ཁད་པའི་དུས་ཆུ་བོ་ཞིག་གི་འགྲམ་དུ་སླེབས། རྟས་ཆུ་ནང་དུ་ཉ་ཞིག་འཕྱོ་བར་མཐོང་ནས་དེ་མ་ཐག་གསེར་ཉ་ཞིག་ཏུ་སྤྲུལ་ནས་བྲོས། ཁོང་ཚོས་དེ་མ་ཐག་སྲམ་བདུན་དུ་སྤྲུལ་ནས་རྗེས་དེད་བྱས། ཉ་དེ་ཟིན་ལ་ཁད་པའི་དུས་ཉས་ནམ་མཁའ་ལ་ཡར་བལྟས་པས་ཕུག་རོན་ཞིག་འཕུར་བར་མཐོང་ནས་དེ་མ་ཐག་ཕུག་རོན་ཞིག་ཏུ་སྤྲུལ་ནས་བྲོས། ཁོང་ཚོས་དེ་མ་ཐག་ཁྲ་བདུན་དུ་སྤྲུལ་ནས་རྗེས་དེད་བྱས། ཕུག་རོན་དེ་བྲག་ཅིག་གི་སྐེད་ན་བྲག་ཕུག་ཅིག་ཡོད་པའི་ནང་དུ་བྲོས་ཕྱིན་པས། བྲག་ཕུག་དེར་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒྲུབ་པ་བྱེད་བཞིན་བཞུགས་པ་དང་མཇལ་ནས་ཁོང་ལ་སྐྱབས་ཞུས་པས། སློབ་དཔོན་གྱིས་ཕྲེང་བའི་མདོ་འཛིན་ལ་སྤྲུལ་ནས་སྡོད་གསུངས། ཁོས་དེ་བཞིན་བྱས་ཏེ་བསྡད་པའི་ཚེ་ཁོང་བདུན་རས་པ་བདུན་དུ་སྤྲུལ་ནས་བྲག་ཕུག་དེར་སླེབས་ཤིང་། སློབ་དཔོན་ལ་ཕུག་རོན་གར་ཡོད་དྲིས་པར་སློབ་དཔོན་གྱིས་ཅང་མ་གསུངས་པ་ལ་ཁོང་ཚོས་འབུ་སྲིང་བདུན་དུ་སྤྲུལ་ཏེ་སློབ་དཔོན་གྱི་སྐུ་ལུས་ལ་འཚེ་བར་བརྩམས་པ་ན། དོན་གྲུབ་ཀྱིས་སློབ་དཔོན་གྱི་སྐུ་ལ་ཞབས་འདྲེན་ཞུ་མི་འོས་བསམས་ནས་དེ་མ་ཐག་ཁྱིམ་བྱ་ཞིག་ཏུ་སྤྲུལ་ཏེ་འབུ་བདུན་ལ་མཆུ་ཚགས་བདུན་བརྒྱབས་ནས་བསད་པས་མི་རོ་བདུན་དུ་གྱུར། སློབ་དཔོན་ཐུགས་འགྱོད་ཆེར་སྐྱེས་པ་ལ་དོན་གྲུབ་ཀྱིས་སྡིག་སྦྱོང་དུ་ཅི་གསུངས་བཀའ་བཞིན་བསྒྲུབ་པར་ཞུས། སློབ་དཔོན་གྱིས་འོ་ན་སྡིག་སྦྱོང་ལ་དུར་ཁྲོད་བསིལ་བའི་ཚལ་དུ་རོ་དངོས་གྲུབ་ཅན་བྱ་བ་ཞིག་ཡོད་པ་དེ་ལོན་ཐུབ་པ་ཞིག་བྱུང་ན་དགོས་འདོད་ཐམས་ཅད་ཡོངས་སུ་འགྲུབ་ཐུབ་པ་དེ་ལེན་དུ་སོང་། དེ་ལེན་པ་ལ་ངག་གཏན་ནས་མ་ཤོར་བ་ཞིག་དགོས་ཞེས་གསུངས་ནས། ཁོའི་མིང་ལ་བདེ་སྤྱོད་བཟང་པོར་བཏགས། ཁོ་ལ་སྟ་རེ་ཟླ་བ་དཀར་པོ། རྐྱལ་པ་སྟོང་ཤོང་ཁྲ་མོ། ཐག་པ་རྒྱ་ཁྲེས་ཁྲ་བོ། མར་ཟན་ཟོས་པས་འཛད་མེད་རྣམས་གནང་ནས་རོ་རྒན་ལེན་དུ་བཏང་བའི་ཚུལ་གསལ། ཞེས་གསུངས་པ་ལྟར་དང་། ཤ་བ་རིའི་བྲག་ཕུག་གི་མདུན་ངོས་སུ་བྲག་རྡོ་ཆེན་པོའི་ངོས་སུ་ཨོྃ་དང་། ཨ་ཡིག་རང་བྱོན་མཐུན་སྣང་དུ་ཡོད་ཅིང་། རྡོ་རྗེ་ནི་རོ་དངོས་གྲུབ་རྡོ་རྗེ་མཐའ་མ་དེར་ཐིམ་པར་བརྗོད་སྲོལ་ཡོད།

 

གསུམ་པ། དཔལ་ཤ་ཝ་རིའི་བྲག་ཕུག

 

བསིལ་བ་ཚལ་གྱི་དུར་ཁྲོད་ནས་ཡར་ལམ་རི་སྐེད་དུ་དཔལ་ལྡན་ཤ་ཝ་རི་པའི་སྒྲུབ་ཕུག་དང་། སྒྲུབ་ཕུག་གི་སྒོ་ལ་མགོན་པོའི་བླ་ཤིང་དུ་ངོས་འཛིན་པའི་ཤིང་ཙན་དན་སྡོང་པོ་རྐང་གཅིག་ཡོད་ཅིང་། བྲག་ཕུག་དེར་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་ཚན་བདུན་པ་གྲུབ་ཆེན་ཤ་བ་རི་པས་མགོན་པོ་ཞལ་གཟིགས་པས་ཐད་ཀར་ཞལ་རས་མཇལ་མ་ཕོད་པར་ཞབས་ནས་མཇལ་བཞིན་བསྟོད་པ་མྱུར་མཛད་མ་མཛད་པ་གྲགས།

 

ལྔ་པ། ཤ་ཝ་རི་པའི་ལོ་རྒྱུས་བཞུགས།

 

གུ་རུ་ཤ་ཝ་རིའི་ལོ་རྒྱུས་ནི། རི་མནྡྲ་བི་ཀྲ་མ་ (རྣམ་གནན་རྒྱུད་) ཞེས་བྱ་བའི་རི་ལ། ཤ་ཝ་ར་པ་བྱ་བའི་རྔོན་པ་གཅིག་ཡོད་པ་ལ། དེ་ལས་སུ་སྲོག་ཆགས་མང་པོ་བསད་ཅིང་། ཟས་སུ་ཤ་ཟ། དུས་རྟག་ཏུ་འཚོ་བའི་ཕྱིར་སེམས་ཅན་མང་པོ་ལ་གནོད་ཅིང་འཚེ་བའི་སྡིག་པ་འབའ་ཞིག་བྱེད་པ་དེ་ལ། འཕགས་པ་སྤྱན་རས་གཟིགས་ཀྱིས་གཟིགས་ནས་སྙིང་རྗེ་སྐྱེས་ཏེ། དེ་འདུལ་བའི་དོན་དུ་ཤ་ཝ་ར་པ་འདྲ་བའི་རྔོན་པ་ཞིག་ཏུ་སྤྲུལ་ནས། དེའི་གན་དུ་ཕྱིན་པ་དང་། ཤ་ཝ་ར་པས་དྲིས་པ། ཁྱོད་སུ་ཡིན། དེས་སྨྲས་པ། ང་ཡང་ཤ་ཝ་ར་པ་ཡིན་བྱས་པས། ཁྱོད་ཀྱི་ཡུལ་གང་ཡིན་ཟེར་བ་ལ། ཐག་རིང་པོ་ན་ཡོད་བྱས་པས། ཤ་ཝ་ར་པས་སྨྲས་པ། ཁྱོད་ཀྱི་མདའ་གཅིག་གིས་ཤ་ཝ་དུ་སོད་དྲིས་པས།

སྤྲུལ་པས་སྨྲས་པ། སུམ་བརྒྱ་གསོད་བྱས་པས། ཤ་ཝ་ར་པ་ན་རེ། འོ་ན་མདའ་དེ་འདྲ་བ་ང་ལ་ཡང་སློབས་ཤིག་ཟེར་བ་དང་། ནང་པར་སྤྲུལ་པས་ཤ་ཝ་ར་པ་ཁྲིད་དེ་ཐང་ཆེན་པོ་གཅིག་ལ་ཕྱིན་ནས། སྤྲུལ་པའི་ཤ་ཝ་ལྔ་བརྒྱ་ཙམ་བསྟན་ནས། དེ་ཤ་ཝ་ར་པས་མཐོང་བ་དང་། སྤྲུལ་པ་ལ་དྲིས་པ། ཁྱོད་ཀྱི་མདས་ཤ་བ་དུ་སོད། དེས་སྨྲས་པ། ལྔ་བརྒྱ་པོ་ཐམས་ཅད་སོད། ཤ་ཝ་ར་པ་ན་རེ། བཞི་བརྒྱ་ཕར་བོར་ལ་བརྒྱ་སོད་བྱས་པས། སྤྲུལ་པས་ཤ་ཝ་བརྒྱ་མདའ་གཅིག་གིས་བསད་ནས། ཤ་ཝའི་རོ་ཅིག་ཤ་ཝ་ར་ལ་བསྐུར་བས། དེ་མ་ཐེག་པར་ཤ་ཝ་ར་པ་ང་རྒྱལ་ཆག་སྟེ། ཁྱིམ་དུ་འོངས་ནས་སྤྲུལ་པ་ལ་སྨྲས་པ། དེ་འདྲ་བའི་འཕོང་གི་སྟོབས་དེ་བདག་ལ་ཡང་སློབས་བྱས་པ་དང་། སྤྲུལ་པས་སྨྲས་པ། དེ་སློབ་པ་ལ་ཟླ་བ་གཅིག་ཤ་མི་ཟ་བ་གཅིག་དགོས་བྱས་པ་དང་། དེ་ནས་ཤ་ཝ་ར་པས་སེམས་ཅན་ལ་གནོད་འཚེ་སྤངས་པ་དང་། སྤྲུལ་པས་ཞག་བདུན་ནས་དེའི་གམ་དུ་ཕྱིན་ནས་སྨྲས་པ། ཁྱེད་ཅག་གིས་ཅི་ཟོས། དེ་ན་རེ་ཤིང་ཐོག་ཟོས་ཟེར་རོ། །དེ་ནས་སྤྲུལ་པས་སྨྲས་པ། ད་ཁྱེད་ཅག་གིས་སེམས་ཅན་ལ་བྱམས་དང་སྙིང་རྗེ་བསྒོམས་ཤིག་བྱས་ནས།

ཟླ་བ་གཅིག་ལོན་པ་ན་དེར་གཤེགས་པ་དང་། ཤ་ཝ་ར་པ་ན་རེ། ད་ཤ་ཝ་གཤོར་བའི་ཆོས་བཤད་དོ་ཟེར་བ་ལ། སྤྲུལ་པས་དེར་མཎྜལ་ཞིག་མཛད་ནས་མེ་ཏོག་བཀྲམ་སྟེ་ཤ་ཝ་ར་པ་བཟའ་མི་གཉིས་ལ་མཎྜལ་ལ་ལྟོས་ཤིག་དང་། ཅི་མཐོང་དྲིས་པས་མཎྜལ་གྱི་ནང་དུ་དམྱལ་བ་ཆེན་པོ་བརྒྱད་དང་ཁོ་རང་གཉིས་ཀྱང་དེར་འཆེད་པར་མཐོང་ནས། འཇིགས་ཤིང་སྐྲག་ལ། དངངས་ཤིང་འདར་ནས་སྐད་མ་ཐོན་པ་ན། སྤྲུལ་པས་ཡང་དང་ཡང་དུ་དྲིས་པས་སེམས་ཅན་དམྱལ་བ་འདི་འདྲ་བ་གདའ་ཞུས་པས། སྤྲུལ་པས་ཁྱེད་དེར་སྐྱེ་བ་ལ་མི་འཇིགས་སམ་གསུངས་པས། དེ་དག་ན་རེ། འཇིགས་ལགས་ཏེ་དེ་ལས་ཐར་བའི་ཐབས་མཆིས་ལགས་སམ་ཞུས་པས། དེ་ཡོད་ན་ཁྱོད་ཀྱིས་སྒྲུབ་ནུས་སམ་གསུངས་པས། ནུས་ཟེར་ནས་སྤྲུལ་པས་ཤ་ཝ་ར་པ་བཟའ་མི་གཉིས་ལ་ཆོས་བཤད་དེ། སྲོག་བཅད་པའི་རྣམ་པར་སྨིན་པས་ནི་སེམས་ཅན་དམྱལ་བར་སྐྱེ་བ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི་སྲོག་གཅོད་སྙིང་འདོད་པ་ཡིན་ཅིང་། དབང་གི་འབྲས་བུས་ནི་ཚེ་ཐུང་བ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཟི་བརྗིད་ངན་པ་ཡིན་ནོ། །སྲོག་གཅོད་པའི་ལས་སྤངས་པས་བྱང་ཆུབ་ཐོབ་པ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི་སྲོག་གཅོད་སྙིང་མི་འདོད་པ་དང་། དབང་གི་འབྲས་བུ་ནི་ཚེ་རིང་བ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཟི་བརྗིད་དང་ལྡན་པ་ཡིན་ནོ། །ཞེས་སོགས་མི་དགེ་བ་བཅུའི་ཉེས་དམིགས་དང་། དགེ་བ་བཅུའི་ཕན་ཡོན་བཤད་པས། ཤ་ཝ་ར་པ་འཁོར་བ་ལ་སྐྱོ་བ་སྐྱེས་ནས། ཆོས་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པར་གྱུར་ཏོ། །

 

དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་གདམ་ངག་གནང་ནས་རི་བོ་དན་ཏིར་གཤེགས་པ་དང་། ཤ་ཝ་རས་ལོ་བཅུ་གཉིས་སུ་རྣམ་པར་མི་རྟོག་པའི་སྙིང་རྗེ་ཆེན་པོ་བསྒོམས་པས་ཕྱག་རྒྱ་ (སོ་ལྟམ་) ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། སྙིང་རྗེ་ཆེན་པོའི་ཆོས་ཉིད་ལས་ལངས་ཏེ་འཕགས་པའི་སྤྱན་ལམ་དུ་ཕྱིན་པ་དང་། འཕགས་པས་ཤ་ཝ་ར་ལ་ཡོན་ཏན་གྱི་བསྔགས་པ་དུ་མ་བརྗོད་ནས། རིགས་ཀྱི་བུ་རྩའི་མེ་ཤི་བ་དང་འདྲ་བའི་ཕྱོགས་གཅིག་གི་མྱ་ངན་ལས་འདས་པ་ནི་མཆོག་མ་ཡིན་ལ། ཁྱོད་ཀྱིས་སེམས་ཅན་གྱི་དོན་དུ་འཁོར་བར་འདུག་ལ། སེམས་ཅན་བསམ་གྱིས་མི་ཁྱབ་པའི་དོན་གྱིས་ཤིག་གསུངས་པས། ཤ་ཝ་ར་པ་རང་གི་ཡུལ་དུ་བྱོན་ནས་བཞུགས་སོ། །
མཚན་དུ་དཔལ་ཤ་ཝ་ར་པ་ཞེས་པའམ། རྨ་བྱའི་གཤོག་པ་གྱོན་ནས་འདུག་པས་རྨ་བྱའི་གོས་ཅན་ཞེས་ཀྱང་བྱ་ལ། དུས་རྟག་ཏུ་རི་ལ་བཞུགས་པས་རི་ཁྲོད་མགོན་པོ་ཞེས་ཀྱང་ཟེར་ཏེ་མཚན་གསུམ་དུ་གྲགས་སོ། །སྐལ་བ་དང་ལྡན་པ་ལ་བརྡ་དང་མགུར་ལ་སོགས་པའི་དོན་མཛད་དེ། བྱམས་པའི་བསྟན་པ་འཆར་གྱི་བར་དུ་སྐུ་འདི་ཉིད་ཀྱིས་འཛམ་བུའི་གླིང་འདིར་བཞུགས་སོ།
མཛད་པ་པོ། བླ་མ་མི་འཇིགས་པ་སྦྱིན་པའི་དཔལ། ལོ་ཙཱ་བ། མི་ཉག་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ།

 

བཀའ་བསྡུ་དང་པོ་མཛད་ཡུལ་བདེ་ཅན་ཕུག་མའི་བྲག་ཕུག

བདེ་ཅན་ཕུག་མའི་བྲག་ཕུག་ནི། བྱ་རྒོད་ཕུང་པོའི་རིའི་གནས་མཇལ་གྲུབ་ནས་དཔལ་ནཱ་ལེནྡྲར་ཕེབས་ལམ་གྱི་ཉེ་འགྲམ་རྒྱལ་པོའི་ཁབ་ཀྱི་ལྗོངས་སུ་མཇལ་རྒྱུ་ཡོད་ཅིང་། དེ་ནི་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་མཛད་དེ་འོད་སྲུང་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ་ཀུན་དགའ་བོས་མདོ་སྡེ་དང་། དགྲ་བཅོམ་ཉེ་བར་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མངོན་པ་བཅས་སྡེ་སྣོད་གསུམ་པོ་བཀའ་བསྡུ་མཛད་ཡུལ་གྱི་བྲག་ཕུག་འདི་རྒྱལ་པོའི་ཁབ་ཀྱི་རི་ལྔའི་ནང་ནས་བཻཔཱུལ་ཞེས་རི་ངོས་ཡངས་བྱ་བ་དེའི་རི་འདབས་སུ་ཆགས་ཡོད། དེ་ཡང་སྔོན་སྟོན་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་དབྱར་དེར་འོད་སྲུང་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ཤིང་ནགྲོདྷའི་ཕུག་ཏུ་རྒྱལ་པོ་མ་སྐྱེས་དགྲས་འཚོ་བ་སྦྱར་ནས་དབྱར་གནས་མཛད་པའི་ཚེ། ཕྱི་མའི་དུས་ཀྱི་དགེ་སློང་བརྗེད་ངས་པའི་དོན་དུ་འོད་སྲུང་གིས་ཀུན་དགའ་བོ་ལ་སྤྲོ་བ་འདྲི་གསོལ་གཉིས་ཀྱིས་ལས་ཀྱིས་མདོ་སྡེ་བསྡུ་བར་བསྐོས་ནས་སེངྒེའི་ཁྲི་ལ་དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་བཏིང་སྟེ། དེ་ལ་ཀུན་དགའ་བོ་འདུག་སྟེ་མདོ་སྡེ་བཟུང་བ་ཐམས་ཅད་བཤད་པ་དང༌། གཞན་རྣམས་ཀྱིས་གུས་པར་ཉན་ནོ།
དེ་ནས་འོད་སྲུངས་ཀྱིས། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་ནི་གང་བཤད་པ། །ཚེ་དང་ལྡན་པས་མདོ་སྡེ་གསུངས། །ཞེས་གསོལ་བ་བཏབ་བོ། །དེ་ནས་ཀུན་དགའ་བོས་སྟོན་པའི་ཡོན་ཏན་དྲན་པས་ཞལ་བྱང་ཆུབ་སྙིང་པོའི་ཕྱོགས་སུ་གཟིགས། མིག་མཆི་མས་གང༌། ཕྱག་གཉིས་ཐལ་མོ་སྦྱར། སྙན་པའི་གདངས་དང་བཅས་ནས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཝཱ་ར་ཎ་སཱིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པས་ཐོག་དྲངས། མདོ་སྡེའི་སྡེ་སྣོད་ཇི་སྙེད་ཅིག་ཡོད་པ་རྣམས་ཚིག་གཅིག་ཀྱང་ཆད་ལྷག་མེད་པར་བློ་ལས་བཏོན་ཏེ་མདོ་སྡེའི་སྡེ་སྣོད་རྣམས་བསྡུས། དེ་ནས་འཕགས་པ་ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད་དང༌། འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་རྣམས་རིམ་བཞིན་བསྡུས་པ་དེ་ལ་བཀའ་བསྡུ་དང་པོ་ཞེས་གྲགས།
 བཀའ་བསྡུ་འདི་དོན་ཚན་ལྔའི་ཐད་ནས་གོ་བདེར་བཤད་ན།
༡༽ བཀའ་བསྡུ་འདིའི་འབྱུང་རྐྱེན་ནི། སངས་རྒྱས་མྱ་ངན་ལས་འདས་ནས་རེ་ཞིག་བར་དགེ་སློང་སོགས་སློབ་མ་རྣམས་ཏིང་ངེ་འཛིན་སྒོམ་པ་གཙོར་འདོན་མཛད་དེ་ཆོས་འཆད་ཉན་ལ་སྤྲོ་བ་མེད་པར་གྱུར་པ་ལ་སྐྱེ་བོ་མང་པོ་ཞིག་གིས་འཕྱ་སྨོད་བྱེད་པ་བྱུང་བ་དེ་ཡིན།
༢༽ བཀའ་བསྡུའི་མཛད་པ་པོ་ནི། འོད་སྲུང་ཆེན་པོས་འདུལ་བའི་གཞུང་ནས་གསུངས་པའི་བསྐོ་བའི་ལས་ཀྱི་ཆོ་གའི་སྒོ་ནས། དགྲ་བཅོམ་པ་ཉེ་བར་འཁོར་འདུལ་བའི་སྡེ་སྣོད་སྡུད་པ་པོ་དང༌། ཀུན་དགའ་བོ་མདོ་སྡེའི་སྡེ་སྣོད་སྡུད་པ་པོར་བསྐོས་པ་དང༌། འོད་སྲུང་ཆེན་པོ་རང་ཉིད་ཀྱང་དགེ་འདུན་རྣམས་ཀྱིས་མངོན་པའི་སྡེ་སྣོད་སྡུད་པ་པོར་བསྐོས་པར་མཛད་རྗེས་རིམ་བཞིན་བཀའ་བསྡུ་མཛད་པ་ཡིན།
༣༽ བཀའ་བསྡུའི་སྐབས་ཀྱི་སྦྱིན་བདག་ནི། སྐབས་དེའི་མ་གྷ་དྷའི་རྒྱལ་པོ་མ་སྐྱེས་དགྲ་ཡིན།
༤༽ བཀའ་བསྡུ་བའི་དུས་དང་གནས་ནི། སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་སྟེ་ཕུག་ལུགས་ལྟར་ན་ལྕགས་སྦྲུལ་ཕྱི་ལོའི་གོང་གི་ལོ་ ༨༨༡ དང༌། གནས་བརྟན་སྡེ་པའི་ལུགས་ལྟར་ན་ས་རྟ་ཕྱི་ལོའི་གོང་གི་ ༥༤༥ ལོར་རྒྱལ་པོ་མ་སྐྱེས་དགྲས་སྲིད་དབང་བཟུང་བའི་ཁྲི་ལོ་དགུ་པ་ལ་བབས་པ་རྒྱལ་པོའི་ཁབ་ཀྱི་ཤར་ལྷོའི་ཕྱོགས་བདེ་ཅན་མའི་བྲག་ཕུག་ཏུ་བཀའ་བསྡུ་དང་པོ་མཛད།
༥༽ བཀའ་བསྡུ་མཛད་པའི་ཐབས་ཤེས་ནི། བཀའ་བསྡུ་བ་པོ་རྣམས་ཀྱིས་དེ་སྔོན་སངས་རྒྱས་ཞལ་བཞུགས་སྐབས་དངོས་སུ་གསན་པའི་བཀའ་རྣམས་བློ་ཐོག་ནས་གསུངས་རྗེས་དཔང་པོར་བཞུགས་པའི་དགྲ་བཅོམ་པ་ལྔ་བརྒྱས་ཚིག་དོན་ལ་ཆད་ལྷག་དང་གོ་རིམ་འཁྲུགས་པ་ཡོད་མེད་དྲི་བ་མཛད་སྐབས། ཚང་མས་ནོར་འཁྲུལ་བྱུང་མེད་པའི་ཞལ་བཞེས་དང་བསྟོད་བསྔགས་མཛད་པ་ནི་བཀའ་བསྡུ་དང་པོའི་འབྱུང་རྐྱེན་དང༌། མཛད་པ་པོ། སྦྱིན་བདག དུས་དང་གནས། བཀའ་བསྡུ་མཛད་ཐབས་བཅས་ལགས་སོ།

ཞིང་པའི་བུ་མོ་ལེགས་སྐྱེས་མས་སྟོན་པ་བཅོམ་ལྡན་འདས་ལ་འོ་ཐུག་གམ་ཞོ་འབུལ་ཡུལ་གྱི་གནས།

དེ་ཡང་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ཤར་ཕྱོགས་ཆུ་བོ་ནཻ་ར་ཉྫཱ་ནའི་ཟམ་ཆེན་སྣེ་མོའི་གྲོང་ཚོའི་རྒྱབ་ངོས་སུ་ཆགས་པའི་ཞིང་པའི་བུ་མོ་ལེགས་སྐྱེས་མའི་ནང་གི་དྲན་རྟེན་སླད་བཞེངས་པའི་མཆོད་རྟེན་ཆེན་མོའི་རྗེས་ཤུལ་དང་། དེ་དང་ཉེ་བའི་སེ་ན་ནི (SENANI) ཟེར་བའི་གྲོང་གསེབ་ཅིག་ཏུ་ཞིང་དཀྱིལ་གྱི་རི་ཆུང་ལྟ་བུའི་ས་འབུར་གྱི་སྟེང་དུ་ཆགས་པའི་ཞིང་པའི་བུ་མོ་ལེགས་སྐྱེས་པས་སྟོན་པ་མཉམ་མེད་ཤཱཀྱ་སེངྒེར་འོ་ཐུག་འབུལ་གྱི་གནས་གཉིས་ནི། གྲོང་ཚོ་དེའི་འབྱོར་ཕྱུག་ལྡན་ལ་ལོ་ན་ཆུང་ཞིང་། མཛེས་སྡུག་གི་ལང་ཚོ་རབ་ཏུ་རྒྱས་པའི་གཞོན་ནུ་མ་ཞིག་ཡོད་ཅིང་། མོ་རང་གི་བསམ་པར། མ་འོངས་པར་རང་ཉིད་གཉེན་སྒྲིག་བྱས་ཏེ་ཕྲུ་གུ་སྙིང་རྗེ་མོ་ཡིད་དུ་འོང་བ་ཞིག་སྐྱེ་དགོས་སྙམ་ནས་ལོ་ངོ་མང་པོའི་རིང་ངང་སྒུག་གི་རེ་བ་བྱས་ན་ཡང་། མོའི་བསམ་པ་ནང་བཞིན་གྱི་གྲུབ་འབྲས་ཤིག་མ་ཐོན། དེར་བརྟེན་ཡུལ་མི་རྣམས་ཀྱིས་མོ་རང་ལ་བཤད་རྒྱུར།

ཁྱོད་ངེས་པར་དུ་ཆུ་བོ་ནཻ་རཉྫཱ་ནའི (NERANJARA) ཉེ་འགྲམ་གྱི་ཤིང་ནྱ་གྲོ་དྷའི་རྩར་ཕྱིན་ཏེ་ཤིང་ལྷ་ལ་མཆོད་ཅིང་བསྙེན་བཀུར་བྱས་ཏེ་བདག་ལ་གཏན་གྲོགས་ཤིག་དང་།སྙིང་དུ་སྡུག་པའི་བུ་ཕྲུག་ཅིག་གནང་བར་ཞུ་ཞེས་གསོལ་བ་ཐོབ་དང་ཁྱོད་ཀྱི་འདོད་པ་འགྲུབ་ངེས་རེད། ཅེས་བཤད། སྐབས་དེ་དུས་མང་ཚོགས་ཀྱིས་ཤིང་སྡོང་དང་སྐུ་བརྙན་སོགས་ལ་དད་པ་དང་ཡིད་ཆེས་ཞུས་ཏེ་རང་ཉིད་ཀྱི་རེ་བ་འགྲུབ་ཆེད་གསོལ་འདེབས་སྐྱབས་འཇུག་ཞུ་བཞིན་པ་རེད། དེ་ནས་མོ་རང་གིས་ཡུལ་མི་ཚོས་ཇི་ལྟར་བཤད་པ་བཞིན་བྱས་པས།རིང་པོར་མ་ཐོགས་པར་མོས་ཕོ་གཞོན་ཞིག་དང་ལྷན་གཉེན་སྒྲིག་བྱས་ཏེ་ཁོང་ཁྱོ་ཤུག་གཉིས་ལ་ཡིད་དུ་འོང་བའི་ཕྲུ་གུ་ཞིག་ཀྱང་སྐྱེས། དེར་བརྟེན་མོ་རང་ལ་རྨད་དུ་བྱུང་བའི་དགའ་ཚོར་སྐྱེས་ཏེ། སྔོན་གྱི་དམ་བཅའ་བཞིན་རང་ཉིད་ལ་ཡོད་ཚད་གནང་མཁན་གྱི་ཤིང་ལྷར་དྲིན་གཟོ་ཕྱིར་ཉིན་དེ་ག་རང་དུ། རང་གི་གཡོག་མོ་ཞིག་ཤིང་ནྱ་གྲོ་དྷའི་ཉེ་འཁོར་གཙང་སྦྲ་བྱེད་པར་མངགས། མཛེས་སྡུག་ལང་ཚོའི་མྱུ་གུ་རྒྱས་པའི་གཞོན་ནུ་མ་དེའི་མིང་ལ་ལེགས་སྐྱེས་མ(SUJATA) ཟེར། མོ་རང་ལ་བ་ཕྱུགས་སྟོང་ཕྲག་གཅིག་ཡོད་ཅིང་དེ་རྣམས་ཀྱི་འོ་མ་ཞིམ་མངར་ལྡན་པ་ཡོང་ཆེད་ཝལ་མེ (YALMEE) ཞེས་པའི་འཁྲིལ་ཤིང་མངར་མོས་གསོ་སྐྱོང་བྱས་ཏེ། བ་ཕྱུགས་སྟོང་ཕྲག་དེའི་འོ་མ་བཞོས་ནས་དེ་བ་ཕྱུགས་ལྔ་བརྒྱ་ལ་བླུད། དེ་ལྟར་བ་ཕྱུགས་ལྔ་བརྒྱ་པོ་དེ་ཡི་འོ་མ་བཞོས་ཏེ་བ་ཕྱུགས་ཉིས་བརྒྱ་ལྔ་བཅུ་ལ་བླུད་པ་སོགས་རིམ་བཞིན་བ་ཕྱུགས་བརྒྱད་ཀྱི་བར་དེ་ལྟར་གསོ་སྐྱོང་བྱས། མོ་རང་གིས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་ནྱ་གྲོ་དྷའི་ཤིང་ལྷ་ལ་ཞིམ་མངར་ལྡན་ཞིང་། རོ་བཅུད་འཛོམས་པའི་འོ་ཐུག་མངར་མོ་ཞིག་ཕུལ་བའི་ཆེད་ཡིན།
དེ་ལྟར་བུ་མོ་ལེགས་སྐྱེས་མས་འོ་ཐུག་བསྐོལ་བཞིན་པའི་སྐབས། རང་གི་ལས་གཡོག་དགའ་སྤྲོའི་ངང་འཚབ་འཚུབ་ཀྱིས་ཚུར་རྒྱུག་ཡོང་བ་མཐོང་བས་མོ་རང་ཡང་ཧང་སང་བར་གྱུར།དེ་ནས་ལས་གཡོག་དེས་སྲས་མོ་ལེགས་སྐྱེས་མ་ལ་སྨྲས་པ། ཨོ། སྲས་མོ་ལགས། ཁྱེད་ནི་ཅི་འདྲའི་བསོད་ནམས་ཆེ་བ་ལ། ཉིད་ཀྱིས་ཤིང་ལྷ་ལ་ཞལ་ཟས་འབུལ་རྒྱུ་ཁོང་གིས་ཞལ་བཞེས་གནང་སྟེ། ད་ལྟ་ཁོང་མངོན་སུམ་དུ་བྱོན་ནས་སྲས་མོ་ཉིད་ཀྱི་ཞལ་ཟས་ལ་བསྒུགས་ཏེ་ཤིང་ནྱ་གྲོ་དྷའི་འོག་ཏུ་སྒོམ་རྒྱག་བཞིན་བཞུགས་འདུག །ཅེས་ཞུས་པས། སྲས་མོ་ལེགས་སྐྱེས་མ་དགའ་མགུ་ཡི་རང་སྟེ་ཁོང་གཉིས་ཀྱིས་དགའ་བའི་བྲོ་འཁྲབ། དེ་ནས་ཁོང་གཉིས་ཀྱིས་མགྱོགས་མྱུར་ངང་འོ་འབྲས་སྐྱོ་ཐུག་བསྐོལ་ཏེ། ཆེས་ཞིམ་མངར་དང་རོ་བཅུད་འཛོམས་པའི་འོ་ཐུག་ཤིང་ནྱ་གྲོ་དྷའི་ཕྱོགས་སུ་ཁྱེར་ཡོང་བ་ན། བུ་མོ་ལེགས་སྐྱེས་མས་ཉམས་འགྱུར་ལྡན་ཞིང་དང་བ་འདྲེན་པའི་ཤིང་ལྷ་ཁོང་ཤིང་ནྱ་གྲོ་དྷའི་གྲིབ་བསིལ་འོག་ཏུ་བཞུགས་ཏེ།སྒོམ་གྱི་རྣལ་འབྱོར་ལ་གཞོལ་བ་དངོས་སུ་མཇལ་བས་ཧང་སང་ཞིང་དགའ་སྤྲོ་ཚད་མེད་སྐྱེས།
ངེས་པ་དོན་དུ་ཤིང་ལྷ་ཁོང་དགེ་སྦྱོང་གོ་ཏ་མ་ཡིན་པ་མོ་རང་གིས་ག་ལ་ཤེས། གང་ལྟར་ཡང་མོས་ཞིམ་མངར་རོ་བཅུད་ལྡན་པའི་འོ་འབྲས་ཐུག་པ་ཁོང་གི་ལྷུང་བཟེད་དུ་བླུག་བཞིན་སྨྲས་པ། ཁོ་མོའི་རེ་འབྲས་ཇི་ལྟར་གྲུབ་པ་བཞིན་ཤིང་ལྷ་ཁྱེད་ལ་ཡང་ཐུགས་ཀྱི་སྨོན་པ་གང་ཡོད་བདེ་ལེགས་ངང་འགྲུབ་པར་ཤོག་ཅིག །ཅེས་སྨོན་ལམ་ཡང་བཏབ། དགེ་སྦྱོང་གོ་ཏ་མས་འོ་ཐུག་བཞེས་གྲུབ་རྗེས། ཕྱག་ཏུ་ལྷུང་བཟེད་སྟོང་པ་དེ་བསྣམས་ཤིང་ཆུ་བོ་ནཻ་རཉྫཱ་ན་འཕྲེད་ཀྱིས་བཅད་ནས་ཡུལ་དབུས་རྡོ་རྗེ་གདན་གྱི་ཕྱོགས་སུ་ཕེབས་སོ།

གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་པས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་མང་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་པའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་མཚར་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།

 

ནཱ་ལེནྡྲ།

 

ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་འདི་ནི། ཕྱི་ལོ་བརྒྱ་ཕྲག་ལྔ་པའི་ནང་བྱུང་བ་དང་། སྐབས་དེར་འཛམ་གླིང་ནང་ནས་གཙུག་ལག་སློབ་གཉེར་ཁང་སྐད་གྲགས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེང་སང་སྐད་གྲགས་ཆེ་བའི་དབྱིན་ཡུལ་གྱི་ཨོ་སེ་ཕོར་ཊེ་གཙུག་ལག་སློབ་གཉེར་ཁང་ལས་ཀྱང་ལོ་ ༦༠༠ གོང་ལ་བྱུང་བ་ཞིག་རེད།
ནཱ་ལེནྡྲ་ཞེས་པ་ནི། མེ་ཏོག་པདྨ་སྐྱེས་པའི་གནས་ཟེར་བ་དང་འདྲ་པོ་རེད།ནང་ཆོས་ཀྱི་ནང་མེ་ཏོག་པདྨས་ཤེས་རབ་མཚོན་གྱི་ཡོད། སློབ་གཉེར་ཁང་གི་ཉེ་འགྲམ་དུ་ཡོད་པའི་མེ་ཏོག་པདྨའི་རྫིང་བུ་དེར་ཞོགས་པ་ཉི་མའི་འོད་ཟེར་ཤར་དུས་མཛེས་སྡུག་ལྡན་པའི་མེ་ཏོག་པདྨ་མང་པོ་བཞད་པ་བཤད་སྲོལ་འདུག


དབྱིན་ཇིའི་དམག་དཔོན་ཟུར་པ་ཨེ་ལེག་ཛན་ཊར་ཀ་ནི་ཀམ་ཞེས་པ་རྒྱ་གར་གྱི་གནའ་ཤུལ་དཔྱད་ཞིབ་ཀྱི་མེས་པོར་གྲགས་པ་དེས་ནང་པའི་གནའ་ཤུལ་རྣམས་ལ་དོ་སྣང་ཆེན་པོ་བྱུང་སྟེ། ཕྱི་ལོ་ ༡༨༦༡ ལོར་རྒྱ་གར་གྱི་གནའ་ཤུལ་དཔྱད་ཞིབ་ཁང་གསར་འཛུགས་གནང་བ་དང་། ཁོང་སྒྲིག་འཛུགས་དེའི་ངེས་སྟོན་པར་བསྐོ་གཞག་བྱུང་བ་རེད།
བྷི་ཧར་མངའ་སྡེའི་རྒྱལ་ས་པར་ཎ་ནས་ཀི་ལོ་མི་ཊར་ ༡༠༢ ཙམ་གྱི་སར་བྷར་གྷའོན་ཞེས་པའི་གྲོང་ཚོ་དེའི་ནང་རི་ཆུང་ཆུང་ལྟ་བུའི་ས་ཕུག་ཅིག་གི་འགྲམ་དུ་ནཱ་ལེནྡྲ་འཕགས་པའི་དགེ་འདུན་གྱི་གཙུག་ལག་སློབ་གཉེར་ཁང་ཞེས་བྲིས་ཡོད་པ་མཐོང་བ་རེད།ཁོང་གིས་དེ་གཟིགས་མ་ཐག་ཏུ་ཕྱི་ལོ་༦༤༦ ལོར་རྒྱའི་བཙུན་པ་ཧུན་ཙང་ངམ་ཐང་སན་ཙང་གི་ལམ་ཡིག་ཏུ་གསལ་བའི་ནཱ་ལེནྡྲའི་གནའ་ཤུལ་ཡིན་པ་ཤེས་རྟོགས་བྱུང་བ་རེད།
གཙུག་ལག་སློབ་གཉེར་ཁང་དེའི་གཙོ་བོ་འཛུགས་མཁན་ཕྱི་ལོ་ ༤༥༠ ནས་༤༧༠ གཡས་གཞོན་གྱི་གུཔྟའི་རྒྱལ་པོ་ཀུ་མཱར་གུཔྟའི་རྒྱབ་སྐྱོར་ལ་བརྟེན་ནས་གསར་འཛུགས་བྱུང་བ་རེད། གུཔྟའི་རྒྱལ་བརྒྱུད་ཀྱི་རྗེས་ལ་རྒྱ་གར་གྱི་རྒྱལ་པོ་མང་པོས་གཙུག་ལག་སློབ་གཉེར་ཁང་དེ་ལ་རམ་འདེགས་བྱས་འདུག ནང་པ་ཙམ་མ་ཟད་ཧིན་དྷུའི་རྒྱལ་པོ་ཚོས་ཀྱང་རམ་འདེགས་བྱས་པ་བྱུང་འདུག
ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་དེ་ཕྱི་ལོ་བརྒྱ་ཕྲག་དྲུག་པའི་ནང་དུ་རྒྱལ་པོ་ཧར་ཤའི་སྐབས་ལ་སྙན་གྲགས་ཀྱི་རྩེ་མོར་སོན་པ་རེད། དེ་བཞིན་པཱ་ལའི་རྒྱལ་བརྒྱུད་ཚོས་བི་ཀྲ་མ་ཤཱི་ལ་དང་། ཨོ་ཏནྟ་པུ་རི། སོ་མ་པུར་གཙུག་ལག་ཁང་སོགས་ལ་རམ་འདེགས་བྱས་པ་བྱུང་བ་ལྟར། ནཱ་ལེནྡྲ་ལ་ཡང་མཐུན་འགྱུར་སྦྱར་འདུག སློབ་གཉེར་ཁང་དེ་དག་ཕན་ཚུན་དབར་ལ་འགྲན་རྩོད་ཡོད་ཀྱང་སློབ་ཕྲུག་གཏོང་ལེན་བྱེད་སྲོལ་ཡང་ཡོད། སྐབས་དེའི་ནཱ་ལེནྡྲར་སློབ་གཉེར་བ་ ༡༠༠༠༠ བརྒལ་བ་དང་། སློབ་དཔོན་ ༢༠༠༠ ཙམ་ཡོད་བཟོ་འདུག དེར་སློབ་གཉེར་ཆེད་པར་ཤི་ཡ་དང་། རྒྱ་གར། བོད། རྒྱ་ནག །སི་ཡམ། ཤྲཱི་ལངྐ་།འཇའ་བ། ཉི་ཧོང་། གྷི་རིས་སི་བཅས་ནས་སློབ་ཕྲུག་ཡོང་གི་ཡོད། ཡུལ་གྱི་རྒྱལ་པོ་དག་གིས་མཐུན་རྐྱེན་སྦྱོར་གྱི་ཡོད་པར་བརྟེན་ནས་སློབ་གཉེར་བ་དག་ལ་རིན་མེད་ཀྱི་སློབ་སྦྱོང་ཐོབ་ཀྱི་ཡོད། ཉེ་འཁོར་ཡུལ་སྡེ་ནས་བྱུང་བའི་ཁྲི་འབངས་རྣམས་ཀྱང་སློབ་གཉེར་ཁང་དེའི་ཆེད་དུ་གཏོང་གི་ཡོད་འདུག
གཙུག་ལག་སློབ་གཉེར་ཁང་དེའི་ཁོར་ཡུག་ལ་སློབ་གཉེར་བའི་སྡོད་ཁང་ ༡༡ དང་། ཁང་མིག་ ༢༠༠༠ ལྷག་དང་།ཚོམས་ཆེན། རྒྱུག་ཆུའི་ཡུར་བ། ཐབ་ཚང་། ཉལ་ཁང་། ད་དུང་ཉལ་ཁང་གི་ནང་དུ་རྡོ་ལེབ་ཀྱི་ཉལ་ཁྲི་དང་། དེ་མིན་ཆ་རྐྱེན་གཞན་ཡང་མང་དུ་ཡོད་པ་བཤད་སྲོལ་འདུག །འོན་ཀྱང་གཙུག་ལག་ཁང་དེ་ལ་གསར་ཞུགས་བྱ་རྒྱུ་ལས་སླ་པོ་ཞིག་མིན། ཐོག་མར་སྒོ་ཆེན་སོ་སོར་བཞུགས་པའི་པཎྜི་ཏ་རྣམས་དང་རྩོད་པ་བྱེད་དགོས། རྩོད་པ་བྱས་ནས་རྒྱུགས་མ་འཕྲོད་བར་དུ་ནཱ་ལེནྡྲའི་ནང་དུ་འཛུལ་ཞུགས་བྱེད་མི་ཆོག་ཅིང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་གཙོ་འཛིན་ཐོག་མ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་ཅིང་། ཁོང་ནི་སངས་རྒྱས་མྱ་ངན་ལས་འདས་རྗེས་ཀྱི་ནང་པའི་མཁས་པ་སྙན་གྲགས་ཆེ་ཤོས་དེ་རེད། ད་དུང་ནཱ་ལེནྡྲ་ནས་ཐོན་པའི་མཁས་པ་མང་པོ་ཞིག་ཡོད། ད་དུང་སློབ་དཔོན་དབྱིག་གཉེན་གྱིས་ཡོ་ག་ཀ་ར་སློབ་གཉེར་ཁང་ཡང་གསར་འཛུགས་གནང་ཡོད།
རྒྱ་ནག་གི་མཁས་པ་ཧུན་ཙང་ངམ་ཐང་སན་བླ་མ་དང་། དེ་བཞིན་ཚན་རིག་ལ་མཁས་པ་ཨཱརྱ་བྷ་ཊ་སོགས་མཁས་པ་བསམ་གྱིས་མི་ཁྱབ་པ་གྲངས་ལས་འདས་པ་བྱུང་བར་མ་ཟད། ཆོས་ཀྱི་བང་མཛོད་ཅེས་ཡོངས་སུ་གྲགས་པའི་དཔེ་མཛོད་ཁང་ཞིག་ཀྱང་ཡོད་པར་བཤད་ཅིང་། དེ་ལ་བདེན་པའི་བང་མཛོད་དང་། འཛམ་གླིང་ནང་ནས་དཔེ་མཛོད་སྣ་ཁ་འཛོམས་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དཔེ་མཛོད་ཁང་དེའི་ནང་དུ་ནང་པ་ཙམ་མིན་པར་ཧིན་དྷུ་སོགས་ཕྱི་རོལ་པའི་དཔེ་ཆ་དང་། གནམ་རིག རྩིས་རིག ལྟ་གྲུབ། ཚད་མ་རིག་པ་སོགས་ཀྱི་དཔེ་ཆ་མང་པོ་ཞིག་ཡོད། དཔལ་ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་སྙན་གྲགས་ཆེ་བའི་ལོ་རྒྱུས་རྒྱའི་ལམ་ཡིག་ཁག་ཏུ་བྲིས་པ་རྣམས་རྒྱ་ནག་དུ་ནང་ཆོས་དར་རྒྱས་ཡོང་རྒྱུར་རམ་འདེགས་བྱས་འདུག །སྐབས་གཅིག་ལ་ནཱ་ལེནྡྲའི་ནང་རྒྱ་རིགས་སློབ་ཕྲུག་ ༣༠༠༠ ཙམ་བྱུང་བ་དང་། སློབ་གཉེར་བ་ཐོག་མ་དེ་ཕྱི་ལོ་བརྒྱ་ཕྲག་ ༥ པའི་ནང་ཡོང་བའི་རྒྱའི་བཙུན་པ་ཧྥ་ཤཱན་ཡིན་པ་རེད། དེ་རྗེས་ཧུན་ཙང་ཐང་སན་བླ་མ་ཡོང་ནས་ལོ་བདུན་བར་སློབ་གཉེར་གནང་བར་མ་ཟད། ལོ་ངོ་གསུམ་རིང་དགེ་རྒན་ཡང་གནང་ཡོད་བཟོ་འདུག ཕྱི་ལོ་ ༦༧༣ལོར་རྒྱ་ནག་ནས་བཙུན་པ་ཡཱི་ཅེན་ཞེས་པ་ཞིག་གཙུག་ལག་སློབ་གཉེར་ཁང་དེར་སླེབས་ཡོད་ལ། ཁོང་གིས་བྲིས་པའི་རྒྱ་གར་དུ་འབྱོར་བའི་ཐང་གི་བཙུན་པ་ཞེས་པའི་ནང་དཔལ་ནཱ་ལེནྡྲའི་སྐོར་ཞིབ་ཕྲ་བྲིས་འདུག
ལོ་ ༦༠༠ ཙམ་གྱི་དུས་ཡུན་རིང་སློབ་གཉེར་ཁང་དེ་ནས་འཛམ་གླིང་གང་སར་ནང་ཆོས་ཁྱབ་སྤེལ་ཐུབ་པ་བྱུང་འདུག ཕྱི་ལོ་བརྒྱ་ཕྲག་ ༡༡ ཙམ་ལ་གསང་སྔགས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་བར་བརྟེན་ནཱ་ལེནྡྲའི་སློབ་གཉེར་ཁང་ལ་ཉམས་ཆག་ཆེན་པོ་བྱུང་འདུག སྐབས་དེར་བོད་དང་། བལ་ཡུལ། བྷི་ཧར། བྷང་ག་ལའི་ཡུལ་དུ་གསང་སྔགས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་འདུག པཱ་ལའི་རྒྱལ་བརྒྱུད་རྣམས་ཀྱིས་ཧིན་དྷུའི་ཆོས་ལུགས་ལ་དོ་སྣང་ཆེ་བ་དང་། ནཱ་ལེནྡྲའི་སློབ་གཉེར་ཁང་ལ་རོགས་འདེགས་ཇེ་ཆུང་དུ་ཕྱིན་པ་རེད།
ནཱ་ལེནྡྲར་གནོད་སྐྱོན་མཐའ་མ་དེ་རྒྱ་གར་དུ་དཔུང་འཇུག་བྱེད་མཁན་དག་གིས་རྩ་གཏོར་བཏང་བ་རེད། ཀུ་ཏུ་བུདྡིན་ཨེབཀ་ཡི་དམག་དཔོན་བག་དྱེ་ཁལ་ཇེ་ཟེར་བ་དེས་སྣེ་འཁྲིད་པའི་དཔུང་དམག་གིས་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་གྲུ་མང་པོར་དབང་སྒྱུར་བྱེད་བཞིན་པ་ནཱ་ལེནྡྲར་འབྱོར་ནས་རྩ་གཏོར་བཏང་བར་མ་ཟད། སློབ་གཉེར་བ་དང་སློབ་དཔོན་རྣམས་དམར་གསོད་བཏང་བ་དང་། གསོན་པོར་མེར་བསྲེག་བཏང་བར་མ་ཟད།དཔེ་མཛོད་ཁང་དུ་ཡོད་པའི་དཔེ་ཆ་རྩ་ཆེན་རྣམས་ཀྱང་མེར་བསྲེག་བཏང་བ་སོགས་བཤད་ཀྱི་འདུག སྐབས་དེར་བྲོས་བྱོལ་དུ་འགྲོ་ཐུབ་པ་རེ་ཟུང་གིས་འཁྱེར་ཐུབ་པའི་དཔེ་ཆ་ཉུང་ཤས་ཤིག་བོད་དང་། བལ་ཡུལ། རྒྱ་གར་ལྷོ་ཕྱོགས་སུ་འཁྱེར་ཐུབ་པ་བྱུང་བ་རེད། དུས་དེ་ནས་སྙན་གྲགས་ཡོངས་སུ་ཁྱབ་པའི་གཙུག་ལག་ཁང་སློབ་གཉེར་ཁང་དེའི་ལོ་རྒྱུས་མཐའ་རྫོགས་པ་རེད།
སྔོག་འདོན་བྱུང་བའི་གྱང་རོ་ལ་བལྟས་ན་སྐབས་དེར་གཙུག་ལག་ཁང་ ༦ དང་། དགོན་པ་ ༡༡ ཡོད་པ་ཤེས་རྟོགས་བྱུང་ཡོད། གཙུག་ལག་ཁང་ཆེ་ཤོས་གཅིག་གི་ས་རོ་རྡོ་རོའི་འོག་ནས་སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས། རྗེ་བཙུན་སྒྲོལ་མ།འོད་ཟེར་ཅན་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་སྐུ་བརྙན་མང་པོ་རྙེད་སོན་བྱུང་ཡོད། དེང་སང་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་གནས་མཇལ་དང་། ལྟ་སྐོར་ལ་རྒྱུན་མི་ཆད་པར་ཡོང་ས་ཞིག་རེད། འོན་ཀྱང་ད་ལྟ་མཇལ་རྒྱུ་ཡོད་པའི་གནའ་ཤུལ་དེ་ནཱ་ལེནྡྲའི་ཆ་ཤས་ཆུང་ཆུང་ཞིག་རེད། ནཱ་ལེནྡྲའི་ཁང་བརྩེགས་ཀྱི་བཟོ་བཀོད་དེ་གཞན་ལ་མིག་དཔེར་འོས་པ་ཞིག་རེད། རྣམ་དཔྱོད་ཡར་རྒྱས་ཀྱི་ཆ་ནས་རྒྱ་གར་ལ་གསེར་གྱི་བྱིའུ་ཞེས་འབོད་པའི་དུས་ཀྱི་གནའ་ཤུལ་རེད།
ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དང་། རྒྱ་ནག ཀོ་རི་ཡ། འབར་མ། ཉི་ཧོང་། ཀམ་བྷོ་ཌི་ཡཱ། ཐའེ་ལན། སིང་གཱ་པོར། མ་ལེ་ཤི་ཡ་སོགས་ནང་ཆོས་དར་བའི་ཡུལ་གྲུ་མང་པོ་མཉམ་འབྲེལ་གྱིས་ནཱ་ལེནྡྲ་བསྐྱར་གསོ་བྱ་རྒྱུའི་འཆར་གཞི་བཀོད་དེ་གསར་འཛུགས་བྱས་པའི་གཙུག་ལག་སློབ་གཉེར་ཁང་དེར་ནཱ་ལེནྡྲ་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་། ཞེས་འབོད་རྒྱུ་དང་། ནོ་སྦེལ་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཨ་མར་དཱི་ཡ་སིང་གིས་ཉེ་བའི་རིགས་བདག་གི་ལས་འགན་བཞེས་རྒྱུའི་ཐག་གཅོད་བྱུང་ཡོད། གཅིག་བྱས་ན་ང་ཚོས་ནཱ་ལེནྡྲ་བསྐྱར་གསོ་བྱས་ཏེ་ཡར་རྒྱས་གོང་འཕེལ་འགྲོ་རྒྱུ་མཐོང་ཐུབ་པའི་རེ་བ་བྱས་ཆོག།

བརྒྱུད་སྐུལ།

མཆན་སྤེལ།