འཕན་ཡུལ་གྱི་དགོན་པ་དང་པོ་ལན་པ་སྤྱིལ་བུ་དགོན།

འཕན་ཡུལ་གྱི་དགོན་པ་དང་པོ་ལན་པ་སྤྱིལ་བུ་དགོན།
༄༅། །བསྟན་པ་ཕྱི་དར་དུས་ཀྱི་འཕན་ཡུལ་གྱི་དགོན་པ་དང་པོའི་གྲས་ལན་པ་སྤྱིལ་བུ་དགོན།
འཕན་པོ་བ་བསོད་ནམས་ཆོས་དར་གྱིས།
ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་བསྟན་པ་ཕྱི་དར་དུས་ཀྱི་འཕན་ཡུལ་གྱི་དགོན་པ་དང་པོའི་གྲས་དང་།ཇོ་བོ་རྗེ་ཨ་ཏི་ཤ་དངོས་སུ་ཞབས་བཅགས་མྱོང་བའི་གནས་གཞི་ཁྱད་པར་ཅན་ལན་པ་སྤྱིལ་བུ་དགོན་གྱི་བྱུང་རབས་ལོ་རྒྱུས་དང་།དེའི་མཐའ་འཁོར་དུ་ཡོད་པའི་གནའ་ཤུལ་གལ་ཆེན་ཁག་གཅིག་གི་སྐོར་རགས་ཙམ་གླེང་ཡོད།
བརྡ་ཆད་གཙོ་བོ། བསྟན་པ་ཕྱི་དར། འཕན་ཡུལ། དགོན་གནས་དང་པོ། ལན་པ་སྤྱིལ་བོ་དགོན། ཇོ་བོ་རྗེ།
འཕན་ཡུལ་ནི་བསྟན་པ་ཕྱི་དར་གྱི་དུས་སུ་འདུལ་བའི་བསྟན་པ་ཐོག་མར་དར་སའི་གནས་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་གངས་ཅན་གྱི་ལྗོངས་སུ་ཇོ་བོ་བཀའ་གདམས་པ་ཞེས་པའི་མཚན་གྱི་སྙན་པ་ཐོག་མར་གྲགས་ས་དང་། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་འཇིག་རྟེན་ཆོས་བརྒྱད་ཡོངས་སུ་སྤངས་ཏེ་དོན་ལྡན་གྱི་སྙིང་པོ་ལེན་ས། ཕྱི་རབས་འདུལ་བྱ་རྣམས་ཀྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སའི་གནས་ཁྱད་པར་ཅན་ཞིག་ཡིན། དེ་ལྟ་བུའི་གནས་ཁྱད་པར་ཅན་འཕན་ཡུལ་རིག་པའི་འབྱུང་གནས་ཞེས་སུ་གྲགས་པའི་ལུང་པ་འདི་ལ་བསྟན་པ་ཕྱི་དར་གྱི་དུས་སུ་དགོན་གནས་ཐོག་མ་དེ་སྐྱེས་བུ་སུ་ཞིག་གིས་གནས་གང་ཞིག་ཏུ་ཆགས་བཏབ་པ་ཡིན་ཞེ་ན།དེ་ཡང་སྤྱི་ལོའི་དུས་རབས་བཅུ་པའི་དུས་འགོ་ཙམ་ནས་དབུས་གཙང་མཁས་པ་མི་བཅུས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་རྗེས་དབུས་གཙང་ཁུལ་དུ་སངས་རྒྱས་ཀྱི་བསྟན་པའི་གནས་གཞི་ཁག་གཅིག་རིམ་པས་དབུ་བརྙེས་པ་ལས། དེང་སྐབས་འཕན་ཡུལ་ལྷུན་གྲུབ་རྫོང་ལྕང་ཤར་ཡུལ་ཤོག་(ཡུལ་ཤོག་ཅེས་པ་ནི་རྒྱ་ཡིག་གི་乡ཤང་ཞེས་པའི་གོ་དོན་ཡིན་ཞིང་སླད་ཚང་མས་ཤང་ཞེས་པའི་ཚབ་ཏུ་ཡུལ་ཤོག་ཅེས་བེད་སྤྱོད་གནང་ན་བོད་སྐད་གཙང་མ་ཆགས་རྒྱུར་དགེ་མཚན་ཆེའོ་སྙམ།)ལན་པ་གྲོང་ཚོའི་ཕུར་བྲག་ནག་ཅེས་པའི་རི་ཆེན་ཞིག་ཡོད་པ་དེའི་གཡས་ངོས་སུ་ཡུལ་མི་ཚོས་དགོན་རོ་ཞེས་འབོད་པའི་ས་དེར་སྔར་གྱི་དགོན་པའི་འདུ་ཁང་དང་། གྲྭ་ཤག་གི་རྗེས་ཤུལ་གྱང་རོ་མང་པོ་ཞིག་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་དང་། ད་དུང་རི་ཆེན་དེའི་གཞོགས་གཡོན་ངོས་ཀྱི་འདབས་སུ་སྤྱིལ་བུའི་ནང་(ཡུལ་མི་ཚོས་ཁ་སྐད་ལ་སྤྱོར་གྱི་ནང་ཞེས་ཟེར།)ཞེས་པའི་ས་དེར་མཆོད་རྟེན་ཞིག་རོ་དང་རྩིག་ཤོལ་མང་པོ་ཞིག་ད་ལྟའང་གསལ་ལྷ་མེར་མཇལ་རྒྱུ་ཡོད་པ་དེ་དག་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་དབུས་གཙང་མཁས་པ་མི་བཅུའི་ཡ་གྱལ་དབུས་པ་རྦ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཕྱག་བཏབ་པའི་ལན་པ་སྤྱིལ་བུ་དགོན་པ་ཆགས་ཤུལ་ཡིན་པ་གསལ་པོར་མཐོང་རྒྱུ་འདུག་པས། བྲག་ནག་ཅེས་པའི་རི་དེའི་གཡས་གཡོན་གང་སར་སྔར་དགོན་པ་ཆགས་ཤུལ་གྱི་གྱང་རོ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དེ་ལས་སྐབས་དེར་དགོན་གནས་ཧ་ཅང་གི་རྒྱ་ཆེན་པོ་ཞིག་ཆགས་པ་ཚོད་དཔག་བྱེད་ཐུབ། དེ་བཞིན་གནས་དེར་སངས་རྒྱས་སྡིངས་ཞེས་སུ་གྲགས་པའི་སྤང་སྡིངས་ཞིག་ཡོད་པ་དེ་ནི་སྔར་ཇོ་བོ་རྗེས་བཀའ་ཆོས་གནང་སའི་གནས་གཞི་བྱིན་རླབས་ཅན་ཞིག་ཡིན་པར་གྲགས། དེས་ན་ལན་པ་སྤྱིལ་བུ་དགོན་ནི་བསྟན་པ་ཕྱི་དར་གྱི་དུས་སུ་འཕན་ཡུལ་དུ་བཞེངས་པའི་དགོན་གནས་དང་པོའི་གྲས་ཡིན་ལ་དགོན་གནས་ཆགས་ཤུལ་གྱི་ས་ཆ་ཡང་ད་ལྟ་དངོས་སུ་ངོས་འཛིན་གསལ་པོར་ཞུ་ཐུབ་པའི་གནས་གཞི་གལ་ཆེན་ཞིག་ཡིན། ད་དུང་དུང་དཀར་ཚང་གི་བོད་ཀྱི་ཆོས་སྲིད་བཟུང་འབྲེལ་སྐོར་བཤད་པ་ཞེས་པའི་ཕྱག་དེབ་ཤོག་གྲངས་༥༤ནང་དབུས་པ་མི་ལྔའི་ནང་གི་འབྲིང་ཡེ་ཤེས་ཡོན་ཏན་གྱིས་འཕན་པོར་ངན་ལམ་སྤྱི་མོ་དགོན་པ་བཏབ་ནས་གནས་གཞི་བཟུང་ཞིང་། དེ་ནས་གྱེས་པ་ལ་འབྲིང་ཚོ་ཟེར་ཞེས་གསལ་བ་དང་།དེ་བཞིན་ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་པའི་ཕྱག་དེབ་ཤོག་གྲངས་༤༨ནང་རག་ཤི་ཚུལ་ཁྲིམས་འབྱུང་གནས་ཀྱིས་འཕན་ཡུལ་ལན་པའི་ཕ་ལ་བུ་དང་།སྣང་གསལ་ལྷ་ཁངབཟུང་། (ལན་པའི་ཕ་ལ་བུ་ཞེས་པ་དེང་སྐབས་ཕུར་པའི་གྱང་གོག་ཅེས་པའི་ས་དེར་མིན་ནམ་སྙམ།) རག་ཤིའི་མཁན་བུ་ཚུལ་ཁྲིམས་བྱང་ཆུབ་ཀྱིས་འཕན་ཡུལ་འཚར་སྣ་བཟུང་། ཀ་(སྐ)བ་ཤཱཀྱ་དབང་ཕྱུག་གི་མཁན་བུ་ཉང་མི་དར་མ་དབང་ཕྱུག་(ཉང་མི་དར་མ་དབང་ཕྱུག་ནི་ཇོ་བོ་རྗེ་ལན་པ་སྤྱིལ་བུ་དགོན་དུ་ཕེབས་སྐབས་དགོན་པའི་རི་གཤམ་སུ་ཆགས་པའི་ལན་པ་གྲོང་གི་བྱིས་པ་ཞིག་ལ་ཇོ་བོ་རྗེས་བྱིན་རླབས་མཛད་ནས་གཞན་ལ་ཕན་པ་ཞིག་འོང་གསུངས་པའི་བྱིས་པ་དེ་ཡིན་པར་སྣང་།)བྱ་བས་འཕན་ཡུལ་སྤྱང་ཕྱིའི་ལྷ་ཁང་བཟུང་། དེ་ནས་འཕན་ཡུལ་གྲ་ཐང་བཏབ་ཅེས་སྐབས་དེར་འཕན་ཡུལ་དུ་དགོན་གནས་མང་པོ་ཞིག་ཆགས་བཏབ་པའི་སྐོར་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ནང་འཁོད་ཡོད་ནའང་དེ་དག་གང་དུ་ཆགས་པའི་གནས་གཞི་རྣམས་ད་ལྟ་དངོས་སུ་ངོས་འཛིན་ཞུ་དཀའ་བར་གྱུར་པས་དོན་གཉེར་ཅན་རྣམས་ཀྱིས་མུ་མཐུད་དཔྱད་པར་འཚལ། གང་ལྟར་དགོན་གནས་དེ་དག་གི་ཁྲོད་ནས་དབུས་གཙང་མཁས་པ་མི་བཅུའི་ཡ་གྱལ་རྦ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཕྱག་བཏབ་པའི་ལན་པ་སྤྱིལ་བུ་དགོན་དང་། རག་ཤི་ཚུལ་ཁྲིམས་འབྱུང་གནས་ཀྱིས་ཕྱག་བཏབ་པའི་འཕན་ཡུལ་ལན་པའི་ཕ་ལ་བུ་དང་། སྣང་གསལ་ལྷ་ཁང་། དབུས་པ་འབྲིང་ཡེ་ཤེས་ཡོན་ཏན་གྱིས་ཕྱག་བཏབ་པའི་འཕན་ཡུལ་ངན་ལམ་སྤྱི་མོ་དགོན་བཅས་ནི་བསྟན་པ་ཕྱི་དར་དུས་འཕན་ཡུལ་དུ་ཕྱག་བཏབ་པའི་དགོན་གནས་དང་པོའི་གྲས་ཡིན་པ་གསལ་པོར་མཐོང་ཡང་ད་ལྟ་ལན་པ་སྤྱིལ་བོ་དགོན་ཙམ་ལས་དགོན་གནས་གཞན་རྣམས་ཀྱི་ཆགས་ཡུལ་ས་ཆ་གང་དུ་ཡིན་མིན་ཤེས་དཀའ་བར་གྱུར། དེས་ན་ལན་པ་སྤྱིལ་བུ་དགོན་ནི་ད་ལྟ་དངོས་སུ་ངོས་འཛིན་རྒྱུ་ཡོད་པའི་འཕན་ཡུལ་གྱི་དགོན་གནས་དང་པོའི་གྲས་ཙམ་མ་ཟད། འཕན་ཡུལ་དུ་དམིགས་བསལ་གྱི་དོན་སྙིང་ལྡན་པའི་གནས་གཞི་ཁྱར་པར་ཅན་ཞིག་ཀྱང་ཡིན་པ་སྟེ།
(༡)རྦ་ཚུལ་ཁྲིམས་བློ་གྲོས་མཆོག་གི་སློབ་མ་སྐ་བ་ཤཱཀྱ་དབང་ཕྱུག་གིས་ལན་པ་སྤྱིལ་བུ་དགོན་གྱི་མཁན་པོ་ལས་ཐོག་གནང་སྐབས་ཁོང་གིས། བཀའ་གདམས་བསྟན་པའི་ཆུ་འགོ་དང་། བསྟན་པ་ཕྱི་དར་དུས་སུ་བོད་གངས་ཅན་གྱི་ལྗོངས་སུ་བཀའ་དྲིན་ལྷག་པར་ཆེ་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཆོག་དགོན་དེར་དངོས་སུ་གདན་དྲངས་ནས་དུས་ཡུན་ཟླ་བ་གཅིག་ཙམ་བཞུགས་ཏེ་སེར་སྐྱ་དད་ལྡན་པ་སྟོང་ཕྲག་གཉིས་ལྷག་ལ་དམ་པའི་ཆོས་ཀྱི་བདུད་རྩི་ཕང་མེད་དུ་སྦྱིན་པར་མཛད་པའི་སྐོར།འགོས་ལོའི་དེབ་སྔོན་ཤོག་གྲངས་ ༣༡༧ དང་། ཆོས་བྱུང་མཁས་པའི་དགའ་སྟོན་ཤོག་གྲངས་༦༩༡སོགས་བོད་ཀྱི་དེབ་ཐེར་རྙིང་པ་དག་གི་ནང་གསལ་པོར་འཁོད་འདུག་ལ། ད་དུང་ཆོས་བྱུང་མཁས་པའི་དགའ་སྟོན་ཤོག་གྲངས་༦༩༡ནང་འཕན་ཡུལ་དུ་སྤྱན་དྲངས་པས་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བ་འདིར་མི་འགྲོ་གསུངས་ནས་མ་བྱོན་ཞེས་གསལ་པ་ལྟར་ན་སྐབས་དེར་ཇོ་བོ་རྗེ་འཕན་ཡུལ་གྱི་ས་ཆ་གཞན་དུ་གདན་དྲངས་ཀྱང་ཕེབས་མེད་པ་དེ་གསལ་པོར་མཐོང་བས། ལན་པ་སྤྱིལ་བུ་དགོན་ནི་འཕན་ཡུལ་གྱི་ས་ཆའི་སྟེང་དུ་ཇོ་བོ་རྗེ་དངོས་སུ་ཞབས་བཅགས་མྱོང་བའི་གནས་གཞི་ཁྱད་པར་ཅན་གཅིག་པོ་དེ་ཡིན་པ་ཐེ་ཚོམ་མི་དགོས་ཤིང་། སྔར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གནས་དེར་ཕེབས་སྐབས་རྡོ་གཡམ་ཐོག་བཞག་གནང་བའི་ཞབས་རྗེས་ཤིག་དགོན་པའི་རི་གཤམ་གྱི་ཤར་ཕྱོགས་སུ་ཡོད་པའི་འ་རུ་ཆུ་མིག་ཅེས་པའི་ཆུ་མིག་དེའི་འཁྲིས་སུ་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད། ད་དུང་ལན་པ་གྲོང་ཚོའི་ནུབ་ངོས་ཀྱི་གྲམ་པ་ཀླུང་ཞེས་པའི་རི་དེའི་འདབས་སུ་སྔར་ཇོ་བོ་རྗེ་ལན་པ་སྤྱིལ་བོ་དགོན་དུ་ཕེབས་སྐབས་ཚ་ཕོགས་རྒྱག་ས་ཡིན་ཞེས་སུ་གྲགས་པའི་ཇོ་བོ་དཔལ་ལྡན་གྱི་བཞུགས་ཁྲི་ཞེས་པ་ཞིག་ཡོད་ནའང་རིག་གསར་སྐབས་བཞུགས་ཁྲི་དེ་གཏོར་ནས་ད་ལྟ་རྡོ་དཀར་གྱི་ཕུང་པོ་ཞིག་མཇལ་རྒྱུ་ཡོད་པ་དེ་ལ་ཡུལ་མི་ཚོས་ཤིན་ཏུ་རྩ་ཆེན་དུ་རྩི་ཡི་ཡོད།
(༢)ཤངས་པ་བཀའ་བརྒྱུད་ཀྱི་གསོལ་གཏོད་པ་ཆེན་པོ་དགེ་བཤེས་ཁྱུང་པོ་རྣལ་འབྱོར་མཆོག་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་རྗེས་ཐོག་མར་འཕན་ཡུལ་འཇོག་པོའི་རི་ལ་སྒྲུབ་པ་སྐྱོན་པ་དང་། དེ་རྗེས་ལན་པ་སྤྱིལ་བུའི་གནས་ཀྱི་རི་སྐེད་དུ་ཞལ་ལྷོ་ལ་ཕྱོགས་པའི་སྒྲུབ་ཁང་ཞིག་ཡོད་པ་དེར་ཁོང་སྒོམ་སྒྲུབ་ཉམས་ལེན་ལ་བཞུགས་མྱོང་བ་ཤངས་པ་བཀའ་བརྒྱུད་ཀྱི་བླ་རབས་རྣམ་ཐར་ཤོག་གྲངས་༣༥ནང་གསལ་པར་འཁོད་ཡོད་ལ་སྐབས་དེར་ཁོང་སྒྲུབ་པ་སྐྱོན་སའི་སྒྲུབ་ཁང་དེ་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད་དོ།།
རྗེས་སུ་ལན་པ་སྤྱིལ་བུ་དགོན་དེ་ཇི་ལྟར་བྱས་ཏེ་རྩ་གཏོར་སོང་མིན་ཐད་ལོ་རྒྱུས་ཡིག་ལམ་ཁག་ནས་ཤེས་རྟོགས་གང་ཡང་མ་བྱུང་ཡང་། དམངས་ཁྲོད་དུ་སོག་པོའི་དམག་སླེབས་ནས་དགོན་པ་རྩ་གཏོར་སོང་བ་ཞིག་ལ་ངོས་འཛིན་ཞུ་ཡི་འདུག་ཀྱང་དེ་ལྟར་ཡིན་མིན་མཐའ་གཅིག་ཏུ་ཁ་ཚོན་གཅོད་པར་དཀའ། དེ་ལྟར་དགོན་པ་རྩ་གཏོར་སོང་ནས་ད་བར་(སྤྱི་ལོ་༢༠༡༩)ཕལ་ཆེར་ལོ་བདུན་བརྒྱ་ལྷག་ཙམ་སོང་ན་ཡང་ལན་པ་སྦྱིལ་བོ་དགོན་གྱི་རི་འདབས་སུ་ཡོད་པའི་གྲོང་མི་རྣམས་ཀྱིས་དགོན་གནས་ཆགས་ཤུལ་གྱི་ཉེ་འདབས་སུ་སྔར་དགོན་པ་དེའི་སྲུང་མ་ཡིན་ཞེས་གྲགས་པའི་བསྟན་མ་རྡོ་རྗེ་གཡུ་སྒྲོན་དང་། ཡུལ་དེའི་གནས་བདག་གཙོ་བོ་རྒྱལ་པོ་སྟོང་ཕྲག་དགྲ་འདུལ། ཆོས་བློན་བྲན་ཀ་དཔལ་ཡོན ། འཕན་པོ་དགའ་ལྡན་ཆོས་འཁོར་དགོན་གྱི་བཀའ་སྲུང་ཆེན་མོ་སོགས་ལྷ་བཙན་དེ་རྣམས་ལ་སོ་སོར་སྐུ་མཁར་རེ་བཞེངས་ཏེ་ལོ་ལྟར་བོད་ཟླ་ལྔ་པའི་ནང་དགའ་ལྡན་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམས་གདན་འདྲེན་ཞུས་ནས། ཡུལ་མི་ཐམས་ཅད་མཉམ་འཛོམས་ཐོག་ཡུལ་ལྷ་དེ་རྣམས་ལ་གསོལ་མཆོད་རྒྱ་ཆེན་ཞིག་ཕུལ་དང་འབུལ་མུས་ཡིན། ཡུལ་མི་རྣམས་ཀྱིས་སྔར་ནས་ད་བར་ཡུལ་ལྷ་དེ་དག་ལ་དེ་ལྟ་བུའི་བརྩི་མཐོང་ཆེན་པོས་གསོལ་མཆོད་འབུལ་དགོས་པའི་རྒྱུ་མཚན་ནི། ཡུལ་ལུང་གཞན་དུ་ལོ་ལྟར་ཨ་ཁུ་སེར་སྔགས་པ་ཞེས་སེར་བ་བཀག་མཁན་གྱི་སྔགས་པ་གདན་འདྲེན་ཞུས་ནས་ཆེད་དུ་སེར་བ་བཀག་ཐབས་བྱེད་དགོས་ཀྱང་། ཡུལ་དེར་ཡུལ་ལྷ་དེ་དག་ལ་གསོལ་མཆོད་ཕུལ་རྗེས་ཞིང་ནང་དུ་སེར་བ་མི་གཏོང་བའི་ལོ་རྒྱུས་ཤིག་སྔར་ནས་ད་ལྟ་བར་གྲགས་སོ།།
ད་ལྟ་དགོན་གནས་ཆགས་ཤུལ་གྱི་གཡས་གཡོན་གང་སར་དེང་སྐབས་སྔར་བཞིན་ཤིང་སྐྱེར་པ་དང་། སེ་བ་སོགས་ཤིང་སྣ་ཤིན་ཏུ་ཕུན་སུམ་ཚོགས་པའི་ནགས་ཚལ་གྱི་དབུས་ནས་མི་དང་ཕྱུགས་ཟོག་མཐོང་མི་ཐུབ་ལ། ད་དུང་སྤྱིལ་བུའི་ཁ་སྤྲོད་དུ་སྔར་ཇོ་བོ་རྗེ་ལན་པ་སྤྱིལ་བུ་དགོན་དུ་ཕེབས་ཏེ་དགོན་པའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་རྣམས་ལ་དབང་གནང་སྐབས་མཉམ་དུ་དབང་ཐོབ་པར་གྲགས་པའི་དབང་རི་ཞེས་པའི་རི་ཆེན་ཞིག་དང་།ད་དུང་ལན་པ་ཕུའི་ཤར་ལྷོའི་མཚམས་སུ་རག་ཤི་ཚུལ་ཁྲིམས་འབྱུང་གནས་ཀྱི་གཅུང་པོའི་སློབ་རྒྱུད་ལས་མཆེད་པའི་བཙུན་ཤེས་རབས་འཕགས་ཀྱིས་ལན་པ་རྟ་བྲེས་བརྩེགས་པའི་ལོ་རྒྱུས་ཆོས་བྱུང་དཔག་བསམ་ལྗོན་བཟང་ཤོག་གྲངས་༣༥༤ནང་གསལ་བ་ལྟར་ད་ལྟའང་དགོན་མིང་དང་དགོན་ཤུལ་གྱི་གྱང་རོ་རྣམས་གསལ་པོར་ངོས་འཛིན་ཞུ་ཐུབ་ཀྱི་ཡོད། དེ་བཞིན་དབང་རིའི་རི་གཤམ་དུ་ཇོ་བོ་རྗེས་དངོས་སུ་རབས་གནས་གནང་མྱོང་བའི་འ་རུ་ཆུ་མིག་ཅེས་པའི་ཆུ་མིག་ཤིན་ཏུ་རྩ་ཆེན་ཞིག་ཡོད་པ་དེ་ནི། ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་ཁྱད་ཆོས་ཡོངས་སུ་རྫོགས་པའི་ཆུ་མིག་ཅིག་ཡིན་ཞིང་། ཆུ་མིག་དེའི་གནས་བདག་ནི་ཀླུ་ཆེན་བརྒྱད་ཀྱི་ནང་གསེས་ཀླུ་འ་རུ་ནག་པོའི་གནས་ས་ཡིན་པས་འ་རུ་ཆུ་མིག་ཅེས་དང་། ཡང་བཤད་སྲོལ་གཞན་ཞིག་ལ་སྒོ་མོ་སྟེང་ཕྱོགས་ཆོས་རྗེའི་སློབ་མ་བརྒྱ་ཐུང་པ་ཞེས་པས་རྒྱ་གར་ནས་སྨན་ཨ་རུ་ར་ཉིན་གཅིག་ལ་བླངས་ཏེ་བླ་མར་འབུལ་རྒྱུ་རྗེས་མ་ཟིན་པས་ན། ལན་པ་ཕུའི་རྔ་བརྡུང་ལ་ཞེས་པའི་རི་རྩེ་དེ་ནས་ཨ་རུ་ར་འུར་རྡོའི་ནང་བླུགས་ཏེ་བརྒྱག་སྐབས་ཨ་རུ་ར་གཅིག་ཆུ་མིག་ཡོད་ས་དེར་ལྷུང་ཞེས་གྲགས་པས་ཆུ་མིག་དེར་ཨ་རུ་ཆུ་མིག་ཅེས་ཀྱང་ཟེར། གང་ལྟར་ཆུ་མིག་དེ་ནི་ཤིན་ཏུ་རྩ་ཆེན་ཞིག་ཡིན་པར་བརྗོད་ཅིང་། ཆུ་མིག་དེ་ནས་ཆུ་བཏུང་ན་གཟུགས་བྱད་ལེགས་པ་དང་། ངོ་གདོང་དཀར་བ། ཁ་ལྕག་ཐག་པ་སོགས་མི་སྤུས་དག་པར་བཤད་ཅིང་། སྔར་ཆུ་དེ་ཚེ་གང་བཏུང་བའི་མི་ལོ་བརྒྱ་ཡན་སྡོད་མཁན་ཧ་ཅང་མང་པོ་བྱུང་ཞིང་། ཚེ་རིང་ཤོས་ལོ་བརྒྱ་དང་བཅུ་མེད་བདུན་ཡན་བསྡད་པའི་ལོ་རྒྱུས་ཀྱང་ཡོད། ད་དུང་དེའི་ཉེ་ཁོར་དུ་བྲག་ནག་ཆུ་མིག་དང་། འབྲོང་རྭ་ཆུ་མིག། གནམ་ཁང་ཆུ་མིག། ཤྭ་བ་ཆུ་མིག། སྔོ་ཤར་ཆུ་མིག་སོགས་ཆུ་མིག་མང་པོ་ཡོད་ལ། དམ་པ་བྲག་ཕུག་ཅེས་ཕ་དམ་པ་སངས་རྒྱས་མཚམས་ལ་དངོས་སུ་བཞུགས་མྱོང་བར་གྲགས་པའི་མཚམས་ཁང་ཞིག་དང་། མཚམས་ཁང་དེའི་རི་གཤམ་ལ་དམངས་ཁྲོད་དུ་མ་གཟའ་དམ་གསུམ་གྱི་(མ་མོ་ཆེན་མོ་ཨ་ཀ་ཛ་ཏི། གཟའ་ཁྱམ་འཇུག། དམ་ཅན་རྡོ་རྗེ་ལེགས་པ།)མཆོད་རྟེན་ནམ་ཡང་ན་འབུམ་པ་སྤུམ་གསུམ་ཞེས་སུ་གྲགས་པའི་མཆོད་རྟེན་ཞིག་རོ་གསུམ་སོགས་ལན་པ་སྤྱིལ་བུ་དགོན་གཙོ་བོར་གྱུར་བའི་གནའ་ཤུལ་བྱིན་རླབས་ཅན་མང་པོ་ཞིག་མཇལ་རྒྱུ་ཡོད་པས་ན། གནའ་ཤུལ་དང་། ཤིང་སྣ། ཆུ་མིག་བཅས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེ་དག་ལ་སྲུང་སྐྱོབ་ཀྱིས་ཡུལ་སྐོར་གྱི་གནས་གཞི་ཞིག་བསྐྲུན་རྒྱུར་ཆ་རྐྱེན་ལེགས་པོ་ཞིག་འཛོམས་ཡོད་དོ།། ཆོས་བློན་བྲན་ཀ་དཔལ་ཡོན་ནི་ཆོས་རྒྱལ་མངའ་བདག་ཁྲི་རལ་བ་ཅན་གྱི་བློན་ཆེན་མཐོ་གྲས་ཤིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར། ཁོང་གི་འཁྲུངས་ཡུལ་ནི་འཕན་ཡུལ་ལྷུན་གྲུབ་རྫོང་ལྕང་ཤར་ཡུལ་ཤོག་ཉི་མ་ཁྲུའུ་གྲོང་ཚོའི་ཤར་ངོས་ཀྱི་བྲན་ཀའི་སྐུ་མཁར་ཡོད་སའི་རི་འདབས་སུ་ཡིན་ཞིང་། ས་ཆ་དེར་སྔར་ཆོས་བློན་བྲན་ཁ་དཔལ་གྱི་ཁྱིམ་རྒྱུད་ཀྱིས་ལོ་མང་གནས་བཅས་བའི་མཁར་གྱི་གྱང་རོ་རྣམས་ད་ལྟའང་གསལ་པོ་མཐོང་རྒྱུ་ཡོད་ལ། སྤྱི་ལོ་༡༩༥༩ལོའི་གོང་དུ་ས་དེར་དུད་ཚང་ཐེམ་པ་གསུམ་ཡོད་པ་དེ་དག་རྗེས་སུ་ཉི་མ་ཁྲུའུ་(ཉི་མ་ཁྲུའུ་ཞེས་ནི་སྤྱི་ལོ་༡༩༦༣ལོར་ས་ཆ་དེར་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁྲུའུ་དང་འཕན་པོ་རྒྱལ་གཉེར་ཞིང་ར་གཉིས་མཉམ་འབྲེལ་ཐོག་ལས་ཁུངས་ཤིག་བཙུགས་པ་དེའི་མིང་ལ་རྒྱ་སྐད་དུ་农牧处ཞེས་བརྗོད་པ་དེ་སྒྲ་ཟུར་ཆག་ནས་ཡུལ་མི་རྣམས་ཀྱིས་ཉི་མ་ཁྲུའུ་ཞེས་བརྗོད་པའོ།།ཞེས་པའི་གྲོང་ཚོ་དེར་གནས་སྤོས་ཞུས་ཏེ་ཁོང་ཚོའི་མི་རྒྱུད་རྣམས་ད་ལྟའང་རྒྱུན་མི་ཆད་པར་གནས་ཡོད་ཀྱང་། ཁྱིམ་ཚང་དེ་དག་ཆོས་བློན་བྲན་ཁ་དཔལ་གྱི་ཁྱིམ་རྒྱུད་ལས་མཆེད་པ་ཞིག་ཡིན་མིན་མི་ཤེས། ཡུལ་དེ་གའི་མི་རྣམས་ཀྱིས་དེང་སྐབས་བྲན་ཁའི་མཁར་ཡོད་སའི་ས་ཆ་དེར་བྲན་མཁར་ཞེས་མི་བརྗོད་པར་སྒྲ་ཟུར་ཆག་སྟེ་བན་ཁག་ཅེས་བརྗོད་དོ།།
དཔྱད་གཞིའི་ཡིག་ཆ།
དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་ཆོས་བྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོ། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས་པའི་དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོ། གངས་ཅན་རིག་མཛོད།(༩)བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ལོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ། མི་རིགས་དཔེ་སྐྲུན་ཁང་།༡༩༨༣ལོ། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༡༩༩༢ལོ།ནོར་བྲང་ཨོ་རྒྱན་གྱིས་བརྩམས་པའི་བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་༡༩༩༡ལོ། བསོད་ནམས་ཆོས་དར་གྱིས་བརྩམས་པའི་འཕན་ཡུལ་རིག་པའི་འབྱུང་གནས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༤ལོ།
འཕན་ཡུལ་དམར་ནག་འཕྲིན་ཕྲན་སྤྱི་སྟེགས་ནས་དྲངས།

 

བརྒྱུད་སྐུལ།

མཆན་སྤེལ།