བོད་ལྗོངས་ཞིབ་འཇུག་གི་ཕུལ་བྱུང་བརྩམས་ཆོས།

བོད་ལྗོངས་ཞིབ་འཇུག་གི་ཕུལ་བྱུང་བརྩམས་ཆོས།
༄༅། །གསར་དུ་རྙེད་སོན་བྱུང་བའི་གུ་གེའི་རྒྱལ་རབས་ལྟེབས་མགོ་མའི་རིན་ཐང་ལ་དཔྱད་པ།
རྩོམ་པ་པ། པདྨ་བཀྲ་ཤིས།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་གསུང་རབ་རིག་པའི་གཞུང་ལས་གསར་དུ་རྙེད་པའི་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་ཞེས་འབོད་པ་དེའི་དུས་རབས་སྔ་ཕྱི་ལས་རིག་དངོས་རིན་ཐང་དང་། དཔེ་གཟུགས་ལྟེབས་མགོ་མ་དེའི་འབྲི་གཟུགས་སྣག་ཤོག་གི་ཁྱད་ཆོས་དང་། སྒྱུ་རྩལ་གྱི་རིན་ཐང་། དེ་བཞིན་གནའ་དཔེ་དེའི་ཞིབ་འཇུག་གི་རིན་ཐང་བརྗོད་པ་དང་སྦྲགས། དེ་དག་ལ་གཞི་བཅོལ་ཏེ་དེ་ཉིད་རྒྱལ་ཁབ་རིམ་པའི་གནའ་དཔེ་གཙིགས་ཆེན་དུ་སྙན་ཞུ་འབུལ་བའི་སྐོར་གླེང་ཡོད། [བརྡ་ཆད་གཙོ་བོ།] རྒྱལ་རབས་ལྟེབས་མགོ་མ། རིག་དངོས་རིན་ཐང་། ཞིབ་འཇུག་རིན་ཐང་།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2013)03-001-11

གླེང་གཞི།

དེ་ཡང་འདིར་གླེང་བར་བྱ་བའི་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་ཞེས་པ་དེ་ནི་སྤྱི་ལོ་2010ལོར་མངའ་རིས་ས་ཁུལ་རིག་གནས་ཅུས་ཀྱི་གནའ་དཔེ་ཡོངས་བཤེར་གྱི་དགོས་མཁོ་དང་བསྟུན་ཏེ།  ཕྲན་ལ་མངའ་རིས་ས་ཁུལ་དུ་བསྐྱོད་རྒྱུའི་གོ་སྐབས་བྱུང་ཞིང་། མངའ་རིས་སུ་སྡོད་རིང་མངའ་རིས་ས་ཁུལ་རིག་གནས་ཅུས་ཀྱི་ལས་ཀའི་འཆར་གཞི་ལྟར་དེར་དུས་ཡུན་ཉི་མ་གཉིས་ཙམ་ནང་དུ་ས་ཁུལ་དེའི་རྫོང་ཁག་བདུན་གྱི་གནའ་དཔེ་ཡོངས་བཤེར་གྱི་མི་སྣར། བོད་ཡིག་གནའ་དཔེ་ཡོངས་བཤེར་གྱི་རྨང་གཞིའི་ཤེས་བྱའི་སྐོར་བཤད་ཁྲིད་དང་དེ་རྗེས་ཉིན་གསུམ་པར་རྩ་མདའ་རྫོང་རིག་གནས་ཅུས་དང་ས་ཁུལ་རིག་གནས་ཅུས་ཀྱི་ཕེབས་རོགས་འོག རྩ་མདའ་རྫོང་ཁོངས་ཀྱི་དུང་དཀར་ཕྱི་དབང་ཀྱི་ཕུག་པ་སོགས་ལ་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་སྤེལ། ལས་དོན་སྤེལ་རིང་དུང་དཀར་ཕྱི་དབང་དུ་དུས་རབས་14 – 15ཡས་མད་དུ་འབྲི་བཞེངས་བྱས་པའི་བཀའ་བསྟན་སྐྱ་པོད་དཔེ་རྙོགས་སུ་སོང་བ་མི་ཉུང་བ་ཞིག་མཇལ་བྱུང་ཞིང་། ཉིན་བཞི་པར་རྩ་མདའ་རྫོང་གི་གུ་གེ་རྒྱལ་པོའི་ཕོ་བྲང་དང་མཐོ་ལྡིང་དགོན་དུ་བསྐྱོད་སྐབས་མཐོ་ལྡིང་གསེར་གྱི་ལྷ་ཁང་ནས་དུས་རབས་17པའི་ཤེར་ཕྱིན་སྤར་མ་ཡར་སྟོད་ཤམ་བུ་སྒང་དུ་སྤར་བཏབ་པ་དབུ་ཞབས་ལྷ་སྐུས་བརྒྱན་པ་གཅིག་དང་ཧོར་ཡིག་གསར་མ་ལས་འབྲི་བཤུས་བྱས་པའི་ཧོར་གྱི་གསང་བའི་རྒྱལ་རབས་སྣ་རིང་གཅིག   དུས་རབས་11-12 པར་འབྲི་བཤུས་བྱས་པའི་གྲོ་ག་ཤིང་ཤུན་རྒྱ་དཔེ་མདའ་ཚད་མ་གཅིག གུ་གེའི་རྒྱལ་རབས་ལྟེབས་མགོ་མ་བཅས་མཇལ་བྱུང་། གནའ་དཔེ་དེ་དག་གི་ཁྲོད་ནས་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་ཞེས་པ་དེ་སྤྱི་ལོ་2012ལོའི་ལོ་མཇུག་ཏུ་ཐེངས་ལྔ་པའི་རྒྱལ་ཁབ་རིམ་པའི་གནའ་དཔེ་གཙིགས་ཆེན་གྱི་མིང་མཛོད་ཅེས་པའི་ནང་འགོད་རྒྱུའི་ལས་དོན་སྒྲུབ་པའི་གོ་སྐབས་དང་བསྟུན་ཏེ་ཁོ་བོས་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་ཞེས་པ་དེའི་རིག་དངོས་རིན་ཐང་དང་ཞིབ་འཇུག་རིན་ཐང་། སྒྱུ་རྩལ་གྱི་རིན་ཐང་བཅས་ལ་དཔྱད་ཞིབ་མདོ་ཙམ་ཞུས་ཡོད་པ་འདི་ལྟ་སྟེ།

གཅིག དཔེ་མིང་།

 དཔེ་རྙིང་འདི་ཉིད་ཀྱི་ལོ་རྒྱུས་རིན་ཐང་དང་སྒྱུ་རྩལ་རིན་ཐང་། ཞིབ་འཇུག་གི་རིན་ཐང་བཅས་ཆེ་བའི་རྐྱེན་པས་རྒྱལ་ཁབ་རིམ་པའི་གནའ་དཔེའི་གྲས་སུ་འཇོག་རྒྱུའི་སྙན་ཞུ་འབུལ་རྒྱུའི་འདུན་པ་དྲགས་པོ་སྐྱེས་ཀྱང་། ཐོག་མར་དཔེ་རྙིང་དེ་རྙེད་སོན་བྱུང་སྐབས་དེའི་དབུ་ཤོག་དང་ཞབས་ཤོག་མ་ཚང་བའི་རྐྱེན་གྱིས་དཔེ་མིང་དང་མཛད་པ་པོ་སུ་ཡིན་སྐོར་ཁ་ཚོན་གཅོད་ཐབས་བྲལ། འོན་ཀྱང་། ཨ་ལག་ཤ་བསྟན་དར་ལྷ་རམས་པས། བསྟན་བཅོས་རྩོམ་པ་པོས་མཛད་བྱང་དུ་རང་མིང་གསལ་བར་མི་སྨོས་པའམ། རང་མིང་དངོས་སུ་སྦས་ནས་གཞན་ལ་མ་གྲགས་པའི་མིང་གཞན་དག་བཅུགས་པ་སོགས་སྐྱོན་ཆེ་ཤོས་ཡིན་ཏེ། བྱེད་པ་པོའི་མིང་མི་གསལ་བའི་དབང་གིས་བསྟན་བཅོས་འགའ་ཞིག་ལེགས་བཤད་དུ་སྣང་ནའང་ཐེ་ཚོམ་དུ་གྱུར་ནས་མཁས་པ་དག་གིས་ཤེས་བྱེད་དུ་དྲངས་མ་ནུས་པ་ཡང་དེས་ལན་འདུག་པས། སྐྱོན་དེ་དག་དོར་ཏེ་མིང་རུས་ཡུལ་སོགས་གསལ་བར་སྨོས་པའི་སྒོ་ནས་བོད་སྤྱི་ཡོངས་ལ་གྲགས་པའི་བརྡ་གསར་རྙིང་གི་གཞིར་བཟུང་ནས་ཡིག་འབྲུ་རྣམས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་མ་ནོར་བ་ཐོབ་པའི་ཚུལ་གྱིས་བརྩམས་པར་བྱའོ་①ཞེས་པ་ལྟར་དང་། དེ་མིན་རྒྱལ་རབས་དེ་ཉིད་རྒྱལ་ཁབ་རིམ་པའི་གནའ་དཔེ་གཙིགས་ཆེན་གྱི་མིང་མཛོད་ནང་འཇོག་རྒྱུར་སྙན་ཞུ་འབུལ་རྒྱུའི་དགོས་མཁོར་དམིགས་ཏེ་གསུང་རབ་རིག་པའི་གཞུང་ལུགས་དང་སྒོ་བསྟུན་ནས་དཔེ་རྙིང་དེར་དཔེ་མིང་ཞིག་བཏགས་དགོས་བྱུང་། དེ་ཡང་དཔལ་སྤྲུལ་འཇིགས་མེད་དབང་པོས་(1808 -1887) བསྟན་བཅོས་ལ་མཚན་གསོལ་བའི་དགོས་པ་དབང་པོ་རབ་ཀྱིས་སྨན་པས་ལག་རྩ་བལྟས་པས་ལུས་མགོ་མཇུག་གི་ནད་ཐམས་ཅད་ཤེས་པ་ལྟར་མཚན་དོན་ལ་བརྟེན་ནས་གཞུང་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་པའི་དགོས་པ་ཡོད་དོ།  འབྲིང་གིས་དམག་མིས་མདའ་བྱང་ལྟར་ཕྱོགས་གར་གཏོགས་ཤེས་པའི་དགོས་པ་ཡོད། ཐ་མས་སྨན་གྱི་ཁ་བྱང་ལྟར་མིང་དོན་གྱི་འབྲེལ་བ་གོ་སྟེ་གླེགས་བམ་འཚོལ་སླ་བ་སོགས་ཀྱི་དགོས་པ་ཡོད་②ཅེས་གསུངས་པ་ལྟར་མངའ་རིས་མཐོ་ལྡིང་དགོན་དུ་བཞུགས་པའི་དཔེ་རྙིང་དེའི་མགོ་མཇུག་མ་ཚང་རུང་དེའི་བརྗོད་བྱའི་ནང་དོན་གཙོ་བོ་བོད་བཙན་པོའི་རྒྱལ་རབས་ཀྱི་བརྒྱུད་པ་སྟེ་མངའ་རིས་གུ་གེའི་རྒྱལ་རབས་ཀྱི་ལོ་རྒྱུས་སྐོར་དང་དཔེ་གཟུགས་ལྟེབས་མགོ་མ་ཡིན་པའི་ཆ་ནས་རྒྱལ་རབས་དེབ་ཐེར་དེ་ཉིད་ཀྱི་མགོ་མཇུག་ཚང་བའི་མ་དཔེ་གཞན་ཞིག་ལག་ཏུ་མ་འབྱོར་བའི་བར་ལ་རྒྱལ་ཁབ་རིམ་པའི་གནའ་དཔེ་གཙིགས་ཆེན་གྱི་མིང་ཐོའི་ནང་འགོད་རྒྱུའི་སྙན་ཞུའི་དགོས་མཁོ་དང་བསྟུན་ནས་སྐབས་འཕྲལ་དུ་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་ཞེས་འབོད་རྒྱུ་ཡིན།

 གཉིས།  སྒྱུ་རྩལ་གྱི་རིན་ཐང་།

དཔེ་གཟུགས་དང་ལྡེབ་གྲངས་ཁྱད་ཆོས།

དཔེ་རྙིང་གི་རིན་ཐང་གཏན་ལ་འབབ་པའི་སྐབས་སུ་དཔེ་རྙིང་དེའི་ཕྱིའི་ཁྱད་ཆོས་ཏེ་དཔེ་གཟུགས་ཀྱི་རྣམ་པ་དང་ཡིག་གཟུགས་ཀྱི་ཁྱད་ཆོས་སོགས་ལ་གཞི་བཅོལ་ནས་དཔེ་རྙིང་གི་སྒྱུ་རྩལ་རིན་ཐང་བཤད་ཀྱི་ཡོད། དེས་ན་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་ཞེས་པའི་དཔེ་རྙིང་དེ་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་དཔེ་གཟུགས་གླེགས་བམ་གཟུགས་དང་རྒྱ་ནག་ནས་དར་བའི་དཔེ་གཟུགས་ལྟེབས་མགོ་མའི་གཟུགས་སུ་བསྒྲུབ་པ་ཞིག་རེད་འདུག དཔེ་གཟུགས་དེའི་གྲས་བོད་ལ་ཆ་བཞག་ནས་བརྗོད་ན་དུས་རབས་8 – 9པའི་སྐབས་ནས་དར་ཁྱབ་ཡོད་པའི་དཔེ་གཟུགས་ཞིག་ཡིན་པ་ནི་སྤྱི་ལོ་1996 ལོར་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་སོན་བྱུང་བའི་དཔེ་རྙིང་ད་ལྟ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བཞུགས་པ་དེ་དང་བོད་ལྗོངས་སློབ་ཆེན་གྱི་བུ་རིའི་དཔེ་རྙིང་རྒྱལ་པོ་རད་ན་ཏ་ལོའུའི་དཔེ་གཟུགས་དག་ལས་ཤེས་ཐུབ།  གུ་གེའི་རྒྱལ་རབས་སྐོར་གྱི་གནའ་དཔེ་དེ་ཉིད་དཔེ་གཟུགས་ལྟེབས་མགོ་མའི་གཟུགས་སུ་བཅོལ་དགོས་དོན་གང་ཡིན་ནམ་ཞེ་ན། གསུང་རབ་རིག་པའི་གཞུང་ལས་བརྗོད་ན་དཔེ་གཟུགས་ལྟེབས་མགོ་མ་དེ་ནི་སྤྱིར་རྒྱུན་བཀོལ་ཆེ་བའི་ཆོ་ག་ཕྱག་ལེན་དང་སྨན་རྩིས། དགོན་སྡེ་ཁག་གི་སྤྲོད་དེབ་དང་མཛོད་ཁང་གི་རྩིས་ཐོ་སོགས་གཙིགས་ཆེ་བའི་ནང་དོན་བཀོད་པའི་དཔེ་གཟུགས་ཤ་སྟག་ཡིན། དེར་བརྟེན་གུ་གེའི་རྒྱལ་རབས་ཞེས་པའི་དཔེ་རྙིང་དེ་ཡང་ཧ་ཅང་མཐོང་དཀོན་ཞིང་དཔྱད་གཞི་ཆེ་བའི་རྐྱེན་པས་དཔེ་གཟུགས་ལྟེབས་མགོ་མར་བཅོལ་བ་མ་ཟད་དཔེ་གཟུགས་དེའི་ཤོག་རྒྱའི་ངོས་ནས་བརྗོད་ནའང་བོད་ཀྱི་གསུང་རབ་རིག་པའི་གཞུང་དུ་བྱུང་བ་བཞིན་ལག་ངར་ཅན་( 14 .5 x 6. 5m) དང་ཡིག་འཕྲེང་བདུན་ཅན་གྱི་དཔེ་གཟུགས་ལྟེབས་མགོ་མ་ཞིག་ཡིན་སྟབས་དཔེ་གཟུགས་ཀྱི་ཁྱད་ཆོས་ལས་དུས་རབས་12སྔོན་གྱི་དཔེ་རྙིང་ཡིན་པར་ངོས་འཛིན་བྱ་ཆོག་ཅིང་། གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེ་དུས་རབས12སྔོན་གྱི་ལྟེབས་མགོ་མ་གཞན་དང་འདྲ་བར་དེར་ལྡེབ་གྲངས་བྲིས་མེད།  དཔེ་གཟུགས་དེ་དག་ལ་ལྡེབ་གྲངས་མ་བཀོད་པ་ནི་སྔོན་འབྲི་བཞེངས་ཟིན་པའི་ལྡེབ་གྲངས་དེ་དག་གཞི་གཅིག་ཏུ་སྡེབས་ཏེ་ལྡེབ་གྲངས་ཀྱི་མགོ་ནས་རྩིང་སྐུད་དམ་རྒྱུན་བུས་བཙེམས་པའི་རྒྱུ་མཚན་གྱིས་ཡིན། དེ་དང་འདྲ་བར་དུས་རབས1 – 2བར་གྱི་དཔེ་གཟུགས་གླེགས་བམ་གཟུགས་ཀྱི་ལྡེབ་གྲངས་སྟེང་དུ་གསལ་བའི་སྒོར་ཐིག་གི་མིག་ཕུར་རྒྱུན་བུ་བརྒྱུས་པའི་ནུས་པས་དཔེ་རྙིང་དེ་དག་གི་སྟེང་དུའང་ལྡེབ་གྲངས་འགོད་པའི་ལུགས་སྲོལ་མེད་ཅེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་དང་མཚུངས།  དུས་ནམ་ཞིག་གི་ཚེ་སྒོར་ཐིག་གི་ནུས་པ་དེ་ལྡེབ་གྲངས་ཀྱིས་ཟིན་པའི་རྗེས་ནས་དཔེ་རྙིང་སྟེང་དུ་ལྡེབ་གྲངས་འགོད་པའི་ལམ་ལུགས་དེ་དར་མིན་སྐོར་ཞིབ་ཕྲ་ཁོ་བོས་<<གསུང་རབ་བྲིས་མའི་དབུས་སུ་བཞུགས་པའི་སྒོར་ཐིག་ལ་དཔྱད་པ་>> ཞེས་པ་<<བོད་ལྗོངས་ཞིབ་འཇུག་>> 2010ལོའི་དུས་དེབ་དང་པོའི་སྟེང་བཀོད་ཡོད་པས་དེར་གཟིགས་པར་འཚལ། ཏུན་ཧོང་ནས་ཐོན་པའི་peI.tib0845སྒྲ་སྦྱོར་བམ་གཉིས་ལྟ་བུ་ཡིན་ན། ལྡེབ་གྲངས་སུ་ཨང་གྲངས་མ་བཀོད་པར་ཐད་ཀར་ཀ་མད་ཀྱིས་ཨང་གྲངས་ཀྱི་ཚབ་བྱས་ནས་བྲིས་འདུག་ལ། ད་དུང་དུས་རབས་12པའི་ནང་དུ་བྱོན་པའི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་བླ་མ་བདེ་མཆོག་བསྡུས་པ་ཞེས་པ་བྲིས་མ་ཆེས་རྙིང་པ་འབྲུག་དགའ་ལྡན་ཆོས་འཁོར་དུ་བཞུགས་པ་ལྡེབ་གྲངས་ལྔ་ཅན་ཞིག་འདུག་པ་དེའི་ལྡེབ་གྲངས་ཀྱང་ཨང་ཀི་མ་བཀོད་པར་ཐད་ཀར་ཀ་མད་ཀྱིས་ཚབ་བྱས་པ་ཏུན་ཧོང་གི་སྒྲ་སྦྱོར་བམ་གཉིས་དང་གཉིས་སུ་མེད་པ་ཞིག་འདུག  དུས་རབས་12ཡན་ཆད་ཀྱི་གསུང་རབ་ཞིག་ཡིན་ན་གསུང་རབ་དེ་དག་གི་ལྡེབ་གྲངས་འགོད་སྟངས་དེ་དུས་རབས་13རྗེས་དང་ཅུང་མི་འདྲ་བ་སྟེ། དུས་རབས་12ཡན་གྱི་གནའ་དཔེའི་ནང་ལྡེབ་གྲངས་དྲུག་ཅུར་བྱོན་ཚེ། གསུང་རབ་དེའི་སྤྱན་ཁྱེར་གྱི་རྒྱའི་ནང་དུ་ལྡེབ་གྲངས་རེ་གཅིག་ལ་རོ་གཅིག་དང་རེ་གཉིས་ལ་རོ་གཉིས་ཞེས་བྲིས་པ་བཙན་པོའི་བླ་འབུམ་དང་སྙེ་ཐང་སྒྲོལ་མ་ལྷ་ཁང་གི་འབུམ་ཤོག་མོ་ཆེ་སོགས་ལ་བྲིས་པ་ད་ལྟའང་མཇལ་རྒྱུ་འདུག  དུས་རབས་12པའི་རྗེས་ནས་བོད་ལ་དུས་འཁོར་གྱི་ལུགས་དར་བ་དང་སྦྲགས་གསུང་རབ་ཀྱི་ལྡེབ་གྲངས་འགོད་སྟངས་ལའང་དམིགས་བསལ་གྱི་འགྱུར་བ་བྱུང་ཡོད་པ་སྟེ། ལྡེབ་གྲངས་ཀྱི་བརྒྱ་གནས་དེ་དམིགས་བསལ་རྟགས་འདི་※དང་འདི་‡ལ་སོགས་པས་མཚོན་པར་བྱས་པ་འོན་ཀེ་རུ་ལྷ་ཁང་དང་རྭ་ལུང་དགོན། མངའ་རིས་ཀྱི་དུང་དཀར་ཕྱི་དབང་། རྒྱ་མ་ཁྲི་སྒང་དུ་བཞུགས་པའི་ཤེར་ཕྱིན་བྲིས་མ་དང་གུང་ཐང་སྤར་རྙིང་སོགས་ཡིན། དུས་རབས་13པའི་ཧོར་སྤར་ནས་བཟུང་སྟེ་རྒྱ་ནག་ཡུལ་དུ་སྤར་བའི་གསུང་རབ་རྣམས་ཀྱི་ལྡེབ་གྲངས་ནི་བོད་རྒྱ་ཟུང་དུ་བཀོད་པ་བཅས་ནི་དུས་རབས་མི་འདྲ་བའི་དཔེ་རྙིང་གི་ལྡེབ་གྲངས་ཁྱད་ཆོས་ཡིན། འོ་ན་དཔེ་གཟུགས་ལྟེབས་མགོ་མ་ཡིན་ཕྱིན་དེ་དག་ལ་ལྡེབ་གྲངས་འགོད་པའི་ལུགས་སྲོལ་དེ་ཡེ་ནས་མེད་པ་ཞིག་ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་ཏེ།

 

[ལྟེབས་མགོ་མའི་ལྡེབ་གྲངས་ཐམ་ག་ས་བསྣན་པའི་དཔེ་རིས།]

དུས་རབས་15 –16 པའི་རྗེས་ནས་མཛོད་ཁང་གི་རྩིས་ཐོ་དང་དགོན་སྡེའི་སྤྲོད་དེབ་སོགས་དཔེ་གཟུགས་ལྟེ་བས་མགོ་མ་ཡིན་པ་དེ་དག་གི་ལྡེབ་གྲངས་སྟེང་དུ་ནང་དོན་ཡོད་མེད་ལ་མ་ལྟོས་པར་བོད་ཡིག་ཡིག་ཆེན་གྱི་ལྡེབ་གྲངས་བཀོད་ཡོད་པ་མ་ཟད། དེ་དག་ནན་ཆེ་བའི་རྐྱེན་གྱིས་ལྡེབ་གྲངས་སྟེང་དུ་ནོར་མཛོད་དོ་དམ་དང་འབྲེལ་ཡོད་ཐམ་ག་ཡང་བརྒྱབ་འདུག་ལ་ཞབས་ཤོག་ཏུའང་དེབ་ལྟེབ་འགོ་བཞི་པ་འདིའི་ཡས་མས་ཀྱི་རྒྱབ་ཤ་འབྱར་བ་མ་ཐེ་བའི་ཤོག་བུ་ཡི་གེ་ཡོད་མེད་བརྒྱ་དང་སུམ་ཅུ་སོ་བརྒྱད་ཀྱི་གྲངས་ཡིག  ཡིག་མཇུག  མཆན་བུ་སོགས་ལ་ཐེའུ་འདི་འབྱར་ཡོད། ③ཅེས་ཞབས་ཤོག་ཏུ་ནན་མཚན་བརྒྱབ་ཡོད་པ་དེ་དག་ལས་ཤེས་ཐུབ་ལ། གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེར་ལྡེབ་གྲངས་བཀོད་མེད་པའི་ཁྱད་ཆོས་དག་ལས་ཀྱང་དེབ་ཐེར་དེ་ནི་དུས་རབས་12སྔོན་གྱི་བྲིས་མ་ཞིག་ཡིན་པ་དཔེ་གཟུགས་དང་ལྡེབ་གྲངས་ཀྱི་ཁྱད་ཆོས་གཉིས་ལས་གསལ་པོར་ཤེས་ཐུབ།

སྣག་ཤོག་གི་ཁྱད་ཆོས།

སྣག་ཤོག་གི་ཁྱད་ཆོས་སྐོར་ལ་དཔྱད་པ་གཏིང་ཟབ་ཙམ་ཞིག་བགྱིས་བསམ་རུང་བོད་ཡིག་གི་ཡིག་ཆའི་ནང་དུ་སྣག་ཤོག་སྐོར་ལ་དུས་རབས་བཅུ་བདུན་པའི་སྐབས་བྱོན་པའི་བྱ་པ་བཀྲ་ཤིས་རྣམ་རྒྱལ་གྱི་དཔྱད་དོན་རིན་ཆེན་འཕྲེང་བར། གསུང་བརྟེན་ཧོར་ཤོག་འབོལ་མཉེན་ཁྲོ་བོ་གཉིས། དང་པོ་བླ་ཡི་ནག་ཤོག་ཅེས་སུ་གྲགས། ཕྱི་མ་ཧོར་གྱི་ཤོག་བུ་ཕྲལ་ས་སྟེ། རྒྱ་ནག་ཤོག་བུ་ཕལ་ཆེར་མཉེན་སོབ་མང་། གསེར་ལ་འཛམ་བུ་ཆུ་བོའི་གསེར་བཟང་པོ། ཚེ་རིངས་བྱ་ཡི་ཟོས་པའི་བྲུན་གྱི་གསེར། དཀར་སེར་ཁྲུག་པ་གསེར་གྱི་མཆོག་ཏུ་བཤད། མོན་ཤོག་ལ་སོགས་བརྟགས་པ་སླ་ཕྱིར་མཆོག དེ་དག་ལས་གྲུབ་གསུང་རབས་ཚོགས་རྣམས་ཡིན། ཁྱད་པར་གོས་ཤོག་ཅེས་གྲགས་མཉེན་ཞིང་འཇམ། དམར་སྐྱ་མེ་ཏོག་བཟླུམ་བརྩེགས་རི་མོ་ཅན། བེེཌཱུརྱ་ཡི་ཁུན་མ་སྔོ་སྐྱ་བྲིས། བེེཌཱུརྱ་ཡིས་གླེགས་བམ་བཞེངས་པའོ་④ཞེས་པ་ཙམ་ལས་དེ་མིན་གྱི་ཤོག་བུའི་སྐོར་གྱི་དཔྱད་གཏམ་ཞིག་ནི་ད་ཕན་ཁོ་བོས་མ་མཇལ། གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེ་ནི་རྒྱ་གར་འཕགས་པའི་ཡུལ་ན་གནའ་སྔ་མོ་ནས་དར་ཁྱབ་ཆེ་བའི་འབྲི་རྫས་ཏེ་ཤིང་ཏ་ལའི་ལོ་མ་དང་ཁ་ཆེའི་ཡུལ་དུ་དར་ཁྱབ་ཆེ་བའི་གྲོ་ག་ཤིང་ཤུན་བཅས་ཀྱི་སྟེང་དུ་འབྲི་བཤུ་བྱས་པའི་འབྲི་རྫས་ལྟ་བུ་མ་ཡིན་པར་བོད་ཤོག་སྤུས་དག་གན་ཤོག་ལྟ་བུའི་སྟེང་དུ་འབྲི་བཤུ་བྱས་པ་ཞིག་ཡིན་འདུག སྤྱིར་ན་མཐོང་སྔ་ཤོས་ཀྱི་ཤོག་བུའི་ཐོག་བྲིས་པའི་དཔེ་རྙིང་ནི་དུས་རབས་8-9བར་འབྲི་བཞེངས་གནང་བའི་བཙན་པོའི་བླ་འབུམ་དུ་གྲགས་པ་ད་ལྟ་ལྷོ་ཁ་དང་ལྷ་ས། ཆབ་མདོ་ཁུལ་སོགས་ན་བཞུགས་པ་དེ་དག་ཡིན། དེ་དག་གི་མཛད་བྱང་ལས་སྣག་ཤོག་གི་སྤུས་ཚད་སྐོར་མཐོང་དཀའ་རུང་། དུས་རབས་8 -9བར་ཏུན་ཧོང་དུ་འབྲི་བཞེངས་གནང་བའི་ཤེར་ཕྱིན་དང་རྡོ་རྗེ་གཅོད་པ། ཚེ་དཔག་མེད་མདོ་སོགས་ནི་བོད་ཀྱིས་ཏུན་ཧོང་ལ་བགྲང་བྱ་ཇི་སྙེད་ཅིག་དབང་བསྒྱུར་བའི་ནང་དུ་སྐབས་དེའི་སྟོང་སར་སྡེ་ལ་སོགས་པའི་ཤོག་མཁན་རྣམས་ལས་ཤོག་ཁྲལ་བསྡུས་ཏེ་བཞེངས་པ་ཞིག་ཡིན་པ་ཏུན་ཧོང་p. tI078ལས། འབྲུག་གི་ལོའི་དཔྱིད། སྟོང་སར་གྱི་ཤོག་མཁན་ཤ་ཧེ་འདོས། བློན་རྒྱལ་གཟིགས་ལ་ཤོག་ཤོག་ཡུག་རིང་ཡུག་གཉིས་བརྒྱའ་ཞིག་ཆགས་པ་ལས། འཇལ་དུ་མ་མཆིས་སྟེ། སྐུ་ཡོན་འདྲི་ཆའི་ཤོག་ཤོག་ཡུག་རིང་གཉིས་བརྒྱའ་བུང་ཇེ་ལྦང་གི་སུག་ན་མཆིས་པ་སྔ་གཡྲ་རུ་འཚལ་ཏེ་⑤ཞེས་པས་དུས་རབས་8-9པའི་སྐབས་སུ་རྗེའི་སྐུ་ཡོན་དུ་གསུང་རབ་འབྲི་བཞེངས་ཀྱི་ཤོག་བུའི་ཡོང་ཁུངས་རགས་ཙམ་ཞིག་ཤེས་ཐུབ་པ་མ་ཟད། སྤྱིར་གྱི་ཆ་ནས་ཤེར་ཕྱིན་བྲིས་མ་དེ་དག་གི་ཤོག་རྒྱ་ནི་72 ྾27cm དང་ཡིག་འཕྲེང་12ཅན་ཤ་སྟག་རེད་འདུག དུས་རབས་12པར་འབྲི་བཞེངས་གནང་བའི་མངའ་བདག་མགོན་ནེའི་ཐུགས་དམ་མདོ་མངས་མཐོང་སྨོན་ད་ལྟ་འོན་ཀེ་རུར་བཞུགས་པ་དེའི་མཛད་བྱང་དུ། རྐོང་པོ་ཅིག་ཚགས་ཤོ་གུ་ངོ་མཚར་ཆེ། ། རྒྱའི་ཏོང་ཀུན་སྣག་ཚ་ངོ་མཚར་ཆེ་⑥ཞེས་དང་རྒྱ་མཚོ་གྲོ་མཁར་ཆོས་སྡེར་བཞུགས་པའི་དུས་རབས་12པའི་ཤེར་ཕྱིན་བྲིས་མ་ཞིག་གི་མཛད་བྱང་དུ། ཁྱེང་པོའི་ལྡབ་ཤོག་ངོ་མཚར་ཆེ། ། དཀར་འཇམ་ཁྱད་དུ་འཕགས། །ཡང་སྙོན་ངོ་མཚར་ཆེ། །རྒྱ་ཡི་སྟོང་ཀུན་ལགས། །ཁ་དོག་ཁྱད་དུ་འཕགས། ། གཡུ་ལོ་ངོ་མཚར་ཆེ།  །⑦ཞེས་དང་ཡོན་བཙུན་དབང་ཡོན་གྱི་ཐུགས་དམ་དུ། ཤོག་གུ་དུང་ལང་འདི། ། རིན་ཆེན་གསེར་གྱིས་གླུས། ། ཀར་འཇམ་པུ་མྱེད་འདི། ། ཤོག་ཆགས་ངོ་མཚར་ཆེ། །⑧ཞེས་པ་སོགས་གོང་དུ་དྲངས་པའི་དཔེ་རྙིང་དེ་དག་ནི་དུས་རབས་12པའི་ནང་དུ་འབྲི་བཞེངས་བྱས་པའི་སྣག་ཤོག་གི་ཁྱད་ཆོས་ལྡན་པ་ཤ་སྟག་ཡིན་ཙ་ན། ང་ཚོས་ཤོག་བུ་དེ་དག་ལས་བསྣོན་བྱ་སའི་གནས་ཏེ་ཀོང་པོ་ཡིན་པ་གོང་གི་ལུང་དྲངས་རྐོང་པོ་ཅི་ཚགས་དང་ཁྱེང་པོའི་ལྡབ་ཤོག་ཅེས་པ་ལས་ངེས་ཤེས་ཐུབ། གཞན་ཡང་། ཕྲན་གྱི་བསམ་ཚུལ་ལྟར་ན་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེ་ཡང་བོད་རང་ནས་བཟོས་པའི་ཤོག་བུ་ཞིག་ཡིན་སྙམ་པའི་རྨོངས་ཚོད་ཅིག་སྔོན་དུ་ཤར། བོད་ཡུལ་འདིར་དུས་རབས་12ཡར་སྔོན་ནས་ཤོག་བུ་བཟོ་བའི་ལག་རྩལ་ཡོད་པ་སྣག་ཤོག་མང་པོས་འགྲེལ་མ་དགོས་པར་གསལ་བཤད་ཐུབ་པ་ཞིག་ནི་ཕྱི་རྒྱལ་གྱི་མཁས་པས་བོད་ཡིག་ཤེར་ཕྱིན་བྲིས་མ་པོད་ཇ་པ་དབུ་ཞབས་ལྷ་སྐུས་བརྒྱན་པ་⑨ཞིག་གི་ཤོག་བུར་དེང་གི་འཕྲུལ་ཆས་ཀྱིས་(碳-14测定) བརྟག་དཔྱད་བྱས་པའི་ཆོད་སྡོམ་ལྟར་ན། ཤེར་ཏུན་(谢尔顿)གྱིས་ཉར་ཚགས་བྱས་པའི་དཔེ་རྙིང་གི་ལྡེབ་གྲངས་ལ་དེང་གི་འཕྲུལ་ཆས་ཀྱིས་(碳-14测定)བརྟག་དཔྱད་བྱས་པའི་འབྲས་བུ་ནི་ཤོག་བུ་དེ་བཟོས་ནས་ད་བར་ལོ་790 ཕྱིན་ཟིན་འདུག་ཅེས་འཁོད། དེས་ན་གོང་གི་དཔང་རྟགས་དེས་ཤེར་ཕྱིན་བྲིས་མ་དབུ་ཞབས་ལྷ་སྐུས་བརྒྱན་པ་དེ་དུས་རབས་12 – 13བར་གྱི་བྲིས་མ་ཡིན་པ་དེ་ར་སྤྲོད་ཐུབ་⑩ཅེས་པ་ལས་དེ་བས་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེ་ཡང་དུས་རབས་12པའི་སྐབས་ཀྱི་བོད་ཤོག་བེད་སྤྱད་དེ་འབྲི་བཞེངས་བྱས་པ་ཞིག་ཡིན་པ་ལུང་དང་རིགས་པས་བསྒྲུབ་ཐུབ་པ་ཞིག་གོ །

འབྲི་གཟུགས་ཀྱི་ཁྱད་ཆོས།

བོད་ཡིག་དཔེ་རྙིང་ནི་དུས་རབས་མི་འདྲ་བའི་ནང་དུ་འབྲི་བཞེངས་བགྱིས་པ་ཞིག་ཡིན་གཤིས། སྐབས་དེ་དག་ཏུ་བྱོན་པའི་ཡིག་མཁན་དང་ཡུལ་ལུང་མི་འདྲ་བ་སོགས་ཀྱིས་རྐྱེན་པས་འབྲི་གཟུགས་ལའང་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེ་ནི་མངའ་རིས་ཁུལ་དུ་འབྲི་བཞེངས་བྱས་པའི་རྐྱེན་གྱིས་དུས་རབས་11- 12པའི་མངའ་རིས་འབྲི་གཟུགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་འདུག   དུས་རབས་11 – 12 པའི་མངའ་རིས་འབྲི་གཟུགས་ལ་ཁྱད་ཆོས་གང་ཞིག་ལྡན་ཡོད་དམ་ཞེ་ན། ཕྲན་གྱི་མྱོང་བ་ལྟར་ན། གཅིག་ནི། འབྲི་གཟུགས་དབུ་ཅན་ནས་དབུ་མེད་དུ་འགྱུར་ལ་ཁད་ཀྱི་ཁྱད་ཆོས་ལྡན་པ་སྟེ་དཔེར་ན་ཁ་ལ་ཡ་བཏགས་ཁྱ་དང་ས་ལ་པ་བཏགས་ས་པ་ཡ་བཏགས་ན་རོ་སྤྱོད་དང་ཟ་ལ་ལ་བཏགས་ཟླ་སོགས་ཞབས་བཏགས་ཅན་གྱི་ར་ལ་ཡ་གསུམ་དབུ་ཅན་ནས་དབུ་མེད་དུ་རང་བཞིན་ཅུང་ཟད་ཅིག་འགྱུར་དཀའ་བའི་ངང་ཚུལ་ལྡན་པ་སྟེ་གཤམ་གྱི་དཔེ་རིས་ལྟར་ཡིན།

[ཡིག་གཟུགས་ཅུང་ཟད་འགྱུར་དཀའ་བའི་དཔེ་རིས།

   གཉིས་ནི།  དུས་རབས་13རྗེས་ཀྱི་གསུང་རབ་དང་མི་འདྲ་བར་སྐད་ཆའི་དུམ་བུའི་རྫོགས་མཚམས་སུ་སུམ་རྟགས་གཞུང་ལ་བཀུར་སྟི་མ་བགྱིས་པའི་ངང་ཚུལ་གྱིས་རྗེས་འཇུག་ང་ཡིག་ལ་མ་ལྟོས་པར་སྐད་ཆའི་རྫོགས་མཚམས་ཚང་མར་ཚེགས་དང་ཤད་རྒྱག་པ། སྔོན་འཇུག་མ་ཡིག་དང་འ་ཡིག་ཕན་ཚུན་བརྗེ་རེས་ཀྱིས་མགོན་ལ་འགོན། མཐུན་ལ་འཐུན། མཛངས་ལ་འཛངས་ལྟ་བུ་འབྲི་བའི་ལུགས་སྲོལ་ཡོད་པ་གོང་གི་དཔེ་རིས་ལས་ཤེས་ལ། ད་དུང་སྔོན་གྱི་དཔེ་རྙིང་གླེགས་བམ་གཟུགས་ཀྱི་ལྡེབ་གྲངས་ཇི་བཞིན་ལྡེབ་གྲངས་ཀྱི་ཉིན་ངོར་ཡིག་མགོ་བྲིས་མེད། སྔོན་ལྡེབ་གྲངས་ཀྱི་ཉིན་ངོར་ཡིག་མགོ་འབྲི་བ་དང་ཉིན་ངོར་བོད་ཡིག་ན་ཡིག་འབྲི་བ་དང་ཉིན་ངོ་ཁ་དོག་གུར་ཀུམ་ཏུ་བསྒྱུར་དགོས་དོན་ཡང་ལྡེབ་གྲངས་ཀྱི་ཉིན་སྲིབ་ངོ་ཆོད་སླ་བའི་དབང་གིས་ཡིན་ཞེས་བོད་ཀྱི་གསུང་རབ་སྨྲ་བ་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལ་ཐུགས་མད། གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེའི་ལྡེབ་ཀྱི་ཉིན་ངོར་ན་ཡིག་མ་བྲིས་པ་དང་ཁ་དོག་མ་བསྒྱུར་བ་དང་ཡིག་མགོ་མ་བཀོད་པ་དེ་ཡང་གཙོ་བོ་འབྲི་བཞེངས་སྔ་བའི་ཁྱད་ཆོས་དང་དཔེ་གཟུགས་ལྟེབས་མགོ་མའི་བྱེད་ནུས་ལས་བྱུང་བ་ཡིན།

གསུམ་ནི། དུས་རབས་8 – 9པའི་དབར་གྱི་འབྲི་གཟུགས་ཏེ་སྐད་གསར་བཅད་མ་བྱས་སྔོན་གྱི་འབྲི་གཟུགས་ཀྱི་ཤན་ཞུགས་ཡོད་པ་སྟེ་དཔེར་ན། མི་ལ་མྱི་དང་ཕྱིན་ལ་ཕྱིནད། མདོ་ལ་མདོའ། སྤྲུལ་པའི་གདུང་བརྒྱུད་ལ་སྤྲུལད་པའི་གདུང་བརྒྱུད། སྐར་མ་སྨིན་དྲུག་ལ་སྐར་མ་སྨྱིན་དྲུག སྟོན་པ་ལ་སྟོནད་པ། ནོར་སྦྱིན་འཛིན་ལ་ནོར་སྦྱིན་འཛིནད། ཤེར་ཕྱིན་བརྒྱད་སྟོང་པའི་འགྲེལ་པ་ལ་ཤེར་ཕྱིནད་བརྒྱད་སྟོང་པའི་འགྲེལད་པ། གཞོན་ནུ་ཐར་པ་གཤེགས་པ་ལ་གཞོ་ནུ་ཐརད་པར་གཤེགས་པ།   མི་རྗེ་མིས་མཛད་པ་ལ་ངོ་མཚར་ཆེ་རྒྱུ་མ་མ་མཆིས་པ་ལ་མྱི་རྗེ་མྱིས་མཛད་པ་ལ་ངོ་མཚར་ཆེ་རྒྱུ་མ་མཆིས་ཞེས་དང་ཆུ་བོ་ཆེན་པོ་བཞིའི་མགོའ། མཚོའི་ལ་གཏར་ཁ་གཏར་ཞེས་པ་སོགས་ད་དྲགས་དང་མ་ལ་ཡ་བཏགས་སོགས་བྲིས་པ་ལས་སྐད་གསར་བཅད་ཐེངས་གཉིས་པ་མ་བྱས་སྔོན་གྱི་འབྲི་གཟུགས་ཀྱི་ཤན་ཞུགས་ཡོད་པ་ནི། སྐྱོག་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐད་གསར་བཅད་ཀྱི་བཏན་ལ་ཕབ་པའི་སྐོར་དུའང་། དེ་དག་ཏུ་ད་དྲག་དང་། དཔྱིད་སླ་ར་བ་སོགས་དང་། དེའ་ལའ་ནིའ་ཞེས་པ་ལྟ་བུ་འ་ཡིག་མཐའ་རྟེན་སྦྱར་རྟགས་ཀྱི་དགོངས་པ་ཡིན་ཀྱང་དོན་ལ་ཐོབ་པ་གཞིར་བཅས་ནས་ཡི་གེ་ཉུང་བའི་སླད་དུ་བཞག་པ་དང་ཡང་མྱེད། མྱིན་སོགས་ཡ་བཏགས་པ་དང་རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ ཡིན་ནོ་⑪ཞེས་སྐད་གསར་བཅད་ཀྱིས་ཡི་གེ་ཟོར་ཡངས་བའི་ཆེད་དུ་མ་བྲིས་པ་ཞེས་པ་ལས་ཤེས་ཐུབ།

བཞི་ནི། སམ་སྐྲྀ་ཏ་གཟུགས་འགྱུར་ཏེ་སམ་བྷོ་ཌ་ལ་སམ་བོ་རེ་དང་མཎྜལ་ལ་མཚོ་མ་པང་གཡུའི་མན་དལ། པད་མ་སམ་བྷ་བྷ་དང་བོ་དེ་སད་ཏྭ། མཁན་པོ་དར་མ་ལ་ཞེས་པ་སོགས་བྲིས་ཡོད་པ་བཅས་ལ་བལྟས་ན་དུས་རབས་12སྔོན་གྱི་དཔེ་རྙིང་ཞིག་ཡིན་པ་སམ་སྐྲྀ་ཏ་གཟུགས་འགྱུར་ལས་ཤེས་ཐུབ་པ་སྟེ། དུས་རབས་11པར་ལོ་ཆེན་རིན་ཆེན་བཟང་པོས་ཕྱག་བཏབ་པའི་འཁོར་ཆགས་དགོན་དུ་བཞུགས་པའི་འདུལ་བའི་སྐོར་གྱི་པོད་ཅིག་ཏུ། འབུདྡ་ཏ་མཉེས་པ་དང་། རད་ནའི་རྫས་འཕྲོག་པ་དང་། འབུ་ཏའི་འཁོར་རྣཾམ་ཕྱོགས་དེ་སྤོང་བར་དམ་བཅསོ། དེ་ལ་འབུ་ཏས་གསུངས་པ། འབུ་ཏའི་རྒྱན་ཆན་གོན། འབུ་ཏའི་སློབ་མ་ཁྲིམས་དང་མི་ལྡན་ན། འབུ་ཏ་དང་ཐརད་པ་བས་མཐོ་རིས་ཐོབ་པ་ཡང་ག་ནས་འོང་། བྱང་སེམས་ལས་འབུ་ཏ་བྱུང་ལ། ཆོས་དང་ཆོས་འཛིནད་པ་ཐ་དད་མ་ཡིན་བསོ། ཆོས་སྤངས་དང་འབུ་ཏའི་རིགས་གཅོད་པར་ཞུགས་པས་སོ་⑫ཞེས་པ་སོགས་ཀྱིས་དུས་རབས་12པའི་སྔོན་གྱི་གནའ་དཔེར་སམ་སྐྲྀ་ཏ་གཟུགས་འགྱུར་དེ་མང་པོ་ཞིག་བྲིས་ཡོང་གི་ཡོད་པ་མ་ཟད་འབྲི་གཟུགས་ལའང་དུས་རབས་14པའི་རྗེས་ཀྱི་དཔེ་རྙིང་བཞིན་ས་མ་སྐྲྀ་ཏའི་འབྲི་གཟུགས་གཅིག་གྱུར་མ་ཡིན་པར་རང་གི་སྒྲ་འདོན་ཐབས་ཙམ་དུ་བྲིས་པ་དེས་ཤེས་མོད་ཀྱང་གལ་པོ་ཆེ་ལ་ནན་ཏན་ཟེར་བ་ལྟར་བོད་ཀྱི་གསུང་རབ་སྨྲ་བའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་སྔོན་གྱི་དཔེ་རྙིང་རྣམས་ལ་རྒྱ་སྐད་རང་སོར་བཞག་པ་ཡང་མང་སྟེ། དཔེར་ན་བུདྡྷལ་སྐྱབས་སུ་འགྲོ་བ་སོགས་དང་། གཅེན་ཨ་སཾགས་ཡག་ཙརྱའི་ལྟ་བ་སྲོལ་ཕྱེས་ཏེ་བྱ་བ་དང་། སྒྲ་སྦྱོར་བམ་གཉིས་སུ་དྷརྨ་ཞུ་ཆེན་གྱི་སོགས་དང་། གཞན་ཡང་དཔལ་བརྩེགས་ཀྱི་མདོ་བསྡུས་བྱ་བ་བསྟན་འགྱུར་དུ་ཞུགས་པ་དེ་དཔེ་རྙིང་འཁྲུལ་མེད་ཅིག་འདུག་པས་དྲོནའིབུནིཏལའི། བུདྡྷའི་སྲས་ནི་རཱཧུ་ལའོ། སོགས་རྒྱ་སྐད་མང་དུ་བྲིས་སོ་⑬ཞེས་པ་སོགས་ལས་གསུང་རབ་དེ་དུས་ཇི་ཙམ་སྔ་བ་དེར་སམ་སྐྲྀ་ཏ་གཟུགས་འགྱུར་དེ་དེ་ཙམ་གྱི་མང་བ་བཞུགས་ཡོད་པ་བཅས་ཀྱི་རྒྱུ་མཚན་ལས་ང་ཚོས་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེ་དུས་རབས་11-12 པའི་ནང་བྲིས་བཞེངས་བྱས་པའི་དཔེ་རྙིང་ཞིག་ཡིན་པ་དེ་བས་ངེས་ཤེས་གསལ་པོ་ཞིག་ཡོང་ཐུབ།

གསུམ། ཞིབ་འཇུག་གི་རིན་ཐང་།

གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེའི་ད་ཡོད་ལྡེབ་གྲངས་ཐོག་འཁོད་པའི་ནང་དོན་ལ་གཞིགས་ན་གཙོ་བོ་ནང་དོན་ཁག་གསུམ་དུ་འདུས་འདུག དེ་ཡང་ད་ཡོད་ཀྱི་ལྡེབ་གྲངསpt0835-pt0836⑭བར་གཙོ་བོ་རྒྱ་གར་འཕགས་པའི་ཡུལ་གྱི་སྐོར་བརྗོད་ཡོད་པ་དང་། གཉིས་པ་སྟེpt0837- pi0853བར་སྤུ་རྒྱལ་བོད་ཀྱི་བཙན་པོའི་སྐོར་དེ་ཡིན། དཔེར་ན་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེའི་ད་ཡོད་ལྡེབ་གྲངས་གཉིས་པའི་ནང་དུ་གཉའ་ཁྲི་བཙན་པོ་བྱོན་པའི་སྐོར་གྱི་ཚིག་ཉམས་ཏེ། སྐོལ་བོད་ཀྱི་རྒྱལ་པོ་འདི་ནི། མྱི་རྗེ་ལྷས་མཛད་དེ། སྤུ་རྒྱལ་བཙན་པོ་ནི་བོད་ཀྱི་རྗེར་བཞུགས་པའི་ས་བཟང་སྟེ། རྒུང་སྔོན་པོའི་སྟེང་ན་བཞུགས། །སྐུའི་ལྷ་བཟང་སྟེ། ཁྲི་བར་ལ་བདུན་ཚིགས། གཤེགས་པའི་ཤུལ་བཟང་སྟེ། གནམ་གྱིས་མཐོངས་ཕྱེ། སྤྲིན་གྱིས་གོ་བསལ་ཏེ། ནམ་མཁའ་ཕྲུམ་ཙམ་ལས་གཤེགས། རྐྱེན་བཟང་སྟེ་འཕྲུལ་ཆ་སྣ་དགུ་མངའ་། གཤེགས་པའི་གནས་བཟང་སྟེ་། ས་རིན་པོ་ཆེ་རྒྱ་མདུན་ཀྱི་སྟེང་། གནམ་གྱི་དཀྱིལ་། སའི་སྒལད་པ་། གླིང་བཞིའི་སྙིང་པོ། གྲངས་རི་འཁྱུད་འཁོར་གྱི་ར་བ་། ཆུ་བོ་ཆེན་པོ་བཞིའི་འགོའ་། རྩང་པོའི་གཞུང་གསུམ་གྱི་གླད་། གངས་ཏི་སེ་ཤེལ་གྱི་མཆོས་རྟེན་། མཚོ་མ་པང་གཡུའི་མན་དལ་།  རི་མཐོ་ས་གཙང་བའི་གནས་སུ་། འགྲེང་མྱིའི་རྗེ་། དུད་རྔོག་ཆགས་ཀྱི་རྐྱེན་ཏུ་། ལྷ་ལས་མྱིའི་རྗེར་གཤེགས་སོ⑮ཞེས་དང་ཏུན་ཧོང་གིp. T1286རྒྱལ་རབས་རིམ་བྱུང་གི་མིང་ཞེས་པའི་ནང་དུའང་ཁྲི་ཉག་ཁྲི་བཙན་པོའ། …… གནམ་མཐའ་འོག་གྀ་རྗེར་གཤེགས་པས། གནམ་གྱྀ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱི་ནྀ་ར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། རྀ་མཐོ་ས་གཙང་། ཡུལ་བཟང་། མྱི་འཛངས་ཤིང་།⑯ཞེས་པའི་ཚིག་ཉམས་ལ་བལྟས་ན་མ་དཔེ་ནས་བུ་དཔེར་བྱོན་པ་ལྟ་བུའི་ཚིག་ཉམས་ཤིག་འདུག ཕྱོགས་གཞན་ཞིག་ནས་ད་དུང་དུས་རབས18པར་བྱོན་པའི་ཀཿཐོག་རིན་འཛིན་ཚེ་དབང་ནོར་བུས་སྤྱི་ལོ་1745ལོར་བརྩམས་གནང་བའི་མངའ་རིས་སྟོད་མང་ཡུལ་བདག་པོའི་དེབ་ཐེར་དེར་པུ་རྒྱལ་བོད་ཀྱི་རྒྱལ་པོ་ཇི་ལྟར་བྱུང་བའི་ཚུལ་ནི། འོ་སྐོལ་ལྷོ་འཛམ་བུ་གླིང་གི་ལྟེ་བ། ཡུལ་གྱི་དབུས། ས་ཡི་སྒང་། གངས་རི་རྒྱུད་ཀྱིས་སྐོར་བའི་ར་བ། གངས་ཏེ་སེ་ལ་གྱི་མཆོད་རྟེན་གྱི་རྩ། མཚོ་མ་བང་གཡུའི་མཎྜལ་གྱི་འགྲམ། རིན་པོ་ཆེ་གསེར་གྱི་འབྱུང་ས། ཆུ་བོ་ཆེན་པོ་བཞིའི་མགོ། ཡུལ་བོད་ཀ་གླིང་དྲུག་རི་མཐོ་ལ་ས་གཙང་བའི་གནས་འདི་ལ་⑰ཞེས་པའི་སྐད་ཆ་འདི་ཡང་ཀཿཐོག་རིན་འཛིན་ཚེ་དབང་ནོར་བུས་མངའ་རིས་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེའི་ཚིག་སྣ་ཅུང་ཟད་རྒྱ་བསྐྱེད་པའི་ངང་ཚུལ་ཞིག་རང་བཞིན་གྱིས་བསྟན་གྱི་ཡོད་པ་སྟེ། གུ་གེའི་རྒྱལ་རབས་ལྟེབས་མགོ་མར་གངས་རི་འཁྱུད་འཁོར་གྱི་ར་བ། ཆུ་བོ་ཆེན་པོ་བཞིའི་མགོའ། རྩང་པོའི་གཞུང་གསུམ་གྱི་གླད་། གངས་ཏེ་སེ་ཤེལ་གྱི་མཆོད་རྟེན། མཚོ་མ་པང་གཡུའི་མན་དལ་། རི་མཐོ་ས་གཙང་བའི་གནས་སུ། ཞེས་པ་ལྟར་དང་། ལྷག་དོན་དུ་དུས་རབས་18པར་བྱོན་པའི་ཀཿཐོག་རིན་འཛིན་ཚེ་དབང་ནོར་བུས་མངའ་རིས་སྟོད་ཀྱི་སྐོར་དུའང་སྲོང་ངེ་དང་འཁོར་རེའི་མིང་དངོས་གཞི་དྲང་སྲོང་ལྡེ་དང་། འཁོར་ལོ་ལྡེ་ཡིན་ཞེས་མངའ་རིས་གུང་ཐང་དུ་དཔེ་ཧྲུལ་ཀ་ནི་ཀ་རྙིང་པར་བརྫངས་པ་ཞིག་འདུག་པ་འཐད་ངེས་སུ་སྣང་⑱ཞེས་པས་ཀྱང་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེ་གྲས་དུས་རབས་18ཡར་སྔོན་དུ་འཕྲིན་ལས་སྐྱོངས་བཞིན་ཡོད་དམ་སྙམ། བོད་ཀྱི་ཆོས་འབྱུང་སྔ་གྲས་ལྡེའུ་ཆོས་འབྱུང་དང་གུ་གེའི་རྒྱལ་རབས་ལྟེབས་མགོ་མའི་p. T0844ནང་དུ། འཛངས་མྱི་བདུན་ལས་གཅིག་ཏུ་འཛངས་པ་ནི་འགྲེང་གི་བུ་རུ་ལས་སྐྱེས་ཡིན་ཏེ། དེས་འཛངས་ཀྱི་ལས་ཅི་བྱུང་ན་། (རྡོ་ལས་སོལ་བས་བཞུས་ནས་ཟངས་ལྕགས་གསེར་རྡུལ་བྱས། )། ཤིང་ལ་བུ་ག་ཕུག་ནས་བཤོལ་དང་གཉའ་ཤིང་བྱས། །མཐུན་ཉིས་ཟུང་དུ་བསྡེབས་ནས་སྤང་མཐའ་ཞིང་དུ་རྨོས། ( དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི། འགྲེང་གི་བུ་ཕོ་རུ་ལས་སྐྱེས་ཡིན། )། དེའི་གོང་ན་བོད་ལ་ལོ་ཐོག་མྱེད། ། གཉིས་སུ་འཛངས་པ་ནི། ། ཁུ་ལྷ་བོ་མགོ་གར་ཡིན་ཏེ་། ། (དེ་ལས་ཅི་བྱས་ན་།) ཞིང་གི་དོར་དང་འབྲོག་གི་ཐུལ་དུ་བསྡེབས་། ། ཕུ་ཆུ་ཐུམ་པོར་བཏུམས་ནས་མཚན་ཆུ་ཉིན་མུར་དྲངས་། །མཚོའ་ལ་གཏར་ཁ་གཏར་ནས་ཡུར་བ་དཀྱུས་སུ་བསྲང་། (དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི་། ། ཁུ་ལྷ་བོ་མགོ་གར་ཆེ་ཁུའི་བུ་།)། དེའི་གོང་དུ་ཆུ་ལ་བདལ་མ་རྨོ། ། P.T0844གསུམ་དུ་འཛངས་པ་ནི། །མཐོན་མྱིན་སམ་པོ་རེ་། ( དེས་ལས་ཅི་བྱས་ཤེ་ན་) ཀ་ཀ་ཀི་ཀི་གུ་གུ་ཞབས་བསྐྱེད་བཅས། ། ར་ར་རི་རི་རྩང་གི་ཡིག་མ་རོན། ། ཤད་ཀྱིས་བཅད་ནས་ཚེག་གིས་སྨྲ་བར་བྱེད་། ། (དང་པོ་དེ་ལྟར་བྱ་བའི་ཕྱ་མཁན་ནི། ། ཀ་ཀ་ཀི་ཀི་མཐུན་མྱིན་སམ་པོ་རེ་) དེའི་གོང་ན་བོད་ལ་ཡིག་རྩིས་མྱེད་། ། བཞི་རུ་མཛངས་པ་ནི་རྔེགས་ཁྲི་བཟང་ཡང་ལ་སྟོན་ཡིན་། ( དེས་ལས་ཅི་བྱས་ན་) རི་ཁྱིམ་སླུང་དུ་བསླགས་པ་སྤོ་མཐོན་མཁར་དུ་བརྩིགས། །སྤང་མཐའ་ཞིང་དུ་རྨོས་ནས་སྤྱི་མཐར་ཁྱིམ་དུ་བརྩིགས། (། དང་པོ་དེ་ལྟར་བྱ་བའི་ཕྱ་མཁན་ནི། ། ཁྲི་བཟང་ཡང་སྟོན་ཡར་ལུངས་རྔེགས་གྱི་བུ་།)། དེའི་གོང་དུ་མྱི་ཁྱིམ་རི་ལ་འདུག་། ལྔ་རུ་འཛངས་པ་ནི་། ཁྲི་བཟང་ཡ་བླག་ཆེན་པོ་འགོས་ཀྱི་བུ་། (། དེས་ལས་ཅི་བྱས་ན་) ཕྱོགས་བཞི་སྐུ་སྲུངས་སྐུའི་རིམ་འགྲོ་མཛད། ། རྒོད་ཀྱི་སྟོང་སྡེ་བཞི་བཅུ་རྩ་ཉིས་སོ་ཁའི་དགྲ་ལ་རྒོལ་། །མྱི་ལ་སྟོང་ཐང་བཅད་པས་ཕྱི་རབས་བློན་པོ་ཐུགས་ཁྲལ་ཆུང་། ( ། དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི་། ། ཁྲི་བཟང་ཡ་བླག་ཆེན་པོ་འགོས་ཀྱི་བུ། )། དེའི་གོང་ན་རུས་དང་སྟོང་སྡེ་མྱེད། ། དྲུག་ཏུ་འཛངས་པ་ནི། མོང་ཁྲི་དོ་རེ་སྣཱང་ཚབ་། (དེས་ལས་ཅི་བྱས་ན་། བྲེ་དང་སྲང་གིས་འདུ་གོད་རྩིས་སུ་གསལ་)། ཕུལ་དང་ཁྱོར་གྱིས་ཟ་མ་ཟུངས་སུ་བཟུང་། ། དགའ་ཉིས་ཚོང་བྱེད་མཐུན་ཉིས་ལོངས་སྤྱོད་པ་། ( །དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི། ། ཁྲོ་དོ་རེ་སྣང་ཚབ་ཡ་འདྲས་མོང་གི་བུ། )། དེའི་གོང་ན་བོད་ལ་བྲེ་སྲང་མྱེད། ། བདུན་དུ་འཛངས་པ་ནི་སྟག་བརྩན་ལྡོང་གཟིགས་། ( དེས་ལས་ཅི་བྱས་ན་) མཛོ་མོ་སྟག་མོ་བེའུ་ལུག་གང་བདེར་འཚོ་། ། བ་རེ་གླང་རེ་གནག་རེ་ཁྲིམས་སུ་གསལ་རྩྭ་ལ་ཆུན་པོར་གཅུས་ནས་དབྱར་རྩི་རྒུན་དུ་འཚལ་། ( ། དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི། ། སྟག་བརྩན་ལྡོང་གཟུགས་ཆེན་པོ་སྙེར་གྱི་བུ་)། དེའི་གོང་དུ་ཕྱུགས་ལ་རིས་ཁྲིམས་མྱེད་⑲ཅེས་པ་གཉིས་གུང་གཅིག་ཏུ་བསྒྲིགས་ནས་བསྡུར་བ་བྱས་པ་ཡིན་ན། གུ་གེའི་རྒྱལ་རབས་ལྟེབས་མགོ་མའི་གུག་རྟགས་ནང་གི་ནང་དོན་ཕུད་པའི་དེ་མིན་བྱིངས་ཚང་མ་འབྲི་གཟུགས་ཀྱི་འགྱུར་བ་རེ་གཉིས་ཙམ་ལས་གཞན་དོན་གྱི་ཐོག་ནས་གའུ་ཁ་རང་འགྲིག་ཏུ་སོང་བ་ལྟ་བུ་ཞིག་ཡོད་གཤིས། དེས་ན་ད་ལྟ་ང་ཚོས་མཐོང་ཐུབ་པའི་སྤྱི་ལོ་1107 ལོར་བྱོན་པའི་མཁས་པ་ལྡེའུས་མཛད་པའི་ལྡེའུ་ཆོས་འབྱུང་ལས་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེའི་འབྲི་གཟུགས་རྙིང་ཤས་ཆེ་བ་དང་ཚེགས་དང་ཤད་ཀྱིས་རྒྱག་སྟངས། ད་དུང་ལྡེའུ་ཆོས་འབྱུང་དུ་འཛངས་མི་བརྒྱད་དུ་དྲངས་པ་དང་ལྷག་དོན་དུ་རྩོམ་གཤིས་དྲི་བ་དྲིས་ལན་གྱི་རྣམ་པ་སྟེ་དེ་ལས་ཅི་བྱས་ན། དེ་ལྟར་བྱེད་པའི་ཕྱ་མཁན་ནི་ཞེས་པ་སོགས་ལ་མནོ་བསམ་བཏང་ཚེ། ཏུན་ཧོང་ཡིག་ཚགསp. t1283ལུགས་ཀྱི་བསྟན་བཅོས་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོའི་རྩོམ་གཤིས་ཀྱང་རང་དབང་མེད་པར་ཡིད་ལ་འཁོར་སྲིད་པ་སོགས་ལས་ཀྱང་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེ་ནི་དུས་རབས་12པའི་དཔེ་རྙིང་ཞིག་ཡིན་པ་དེ་བས་ངེས་པ་རྙེད་ཐུབ། གཞན་ཡང་།pt0850དེར་ཁྲི་གཙུག་ལྡེ་བཙན་ཁྲི་རལ་པ་ཅན་གྱི་མཛད་པའི་སྐབས་དེར་གདུང་རབས་དེ་ཡན་ཆོད་རྗེ་དབུས་ནས་བཞུགས་ན་བཀའ་ལུང་མཐར་བརྩན། རྗེ་ཁོང་བ་སྟགས་རྩེར་བཞུགས་ན་གོག་ཤོད་ལྷ་རྩེ་ལ་ཐུག་པ་། ཁ་ཅེ་དྲི་སྟན་ལ་ཐུག་པ་། རྒྱལ་ཡུལ་ཐང་བཟངས་ལ་ཐུག་པ་། བལ་ཡུལ་ཝ་ཙེ་ལ་ཐུག་པ་། ལི་ཡུལ་འུ་རྟེན་ལ་ཐུག་པ་། ཞང་ཞུང་ཁྱུང་ལུང་ལ་ཐུག་པ་།  གློ་ཡུལ་བྲག་རྩང་ལ་ཐུག་པ་། པུ་རངས་ཡ་ཙེ་ལ་ཐུག་པ་། འཛམ་བུ་གླིང་གི་སུམ་ཉིས་མངར་འདུས་ཏེ་ཞེས་པ་སོགས་དངp. t1282ནང་སྐོལ་བོད་ཀྱི་རྒྱལ་ཁམས་མུན་རུམ་དང་འདྲ་བ་ལས་འདོད་ཀི་དང་པོར་ལྷ་མཐོ་དོ་རེ་སྙ་བརྩན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་མགོ་བརྙེས་སྟེ། མུ་ཏྲི་ཕྱག་རྒྱ་ཙམ་དང་།  པང་ཀོང་ཕྱག་རྒྱ་པ་རྒྱ་ནག་གི་ཡི་གེར་བྲིས་པ་ཅིག་བརྙེས་ཞེས་པ་སོགས་ཡིག་མཁན་གྱི་འབྲི་བཤུས་འཕྱུགས་མེད་ན་སྔོན་གྱི་ཡིག་ཚང་གཞན་དུ་རྙེད་དཀའ་བའི་དཔྱད་གཞི་ཡང་ཤིན་ཏུ་མང་བས་གཞན་རྣམས་རིགས་འགྲེའོ།།

གནའ་དཔེ་དེའི་ནང་དོན་གཙོ་བོ་མངའ་རིས་གུ་གེའི་རྒྱལ་རབས་ཀྱི་སྐོར་ཡིན་ཙ་ན་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེའི་ད་ཡོད་ལྡེབ་གྲངསpt0853- pt0864བར་ལ་གུ་གེའི་རྒྱལ་རབས་ཀྱི་སྐོར་ཅུང་ཟད་ཞིབ་ཕྲ་བཀོད་འདུག ད་དུང་དེ་འདྲ་བ་གུ་གེའི་རྒྱལ་རབས་རིམ་བྱུང་མིང་འཁོད་པ་ཤོག་གཅིག་མ་ཞིག་མཇལ་བྱུང་བ་དེའི་ནང་དོན་ནི་གོང་དུ་བརྗོད་པའི་གུ་གེའི་རྒྱལ་རབས་ལྟེབས་མགོ་མའི་ལེའུ་གསུམ་པའི་ནང་དོན་རྡོག་རྡོག་གཅིག་ཏུ་དྲིལ་ནས་འབྲི་བཤུ་བྱས་པ་ལྟ་བུ་ཞིག་སྣང་བ་སྟེ། ༄1:1 དཔལ་ཁོར་རྩན་གྱིས་སྣ་ནམ་བཟའ་མཐོའ་བཙུན་རྗེར་བཤོས་པའི་སྲས་ཁྲི་སྐྱི་ལྡེ་ཉི་མ་འགོན་གྱིས་ཆིབས་ཀ་གྱེན་ལ་བསྒྱུར་ནས་མཁར་ཏྭ་ལའི་མཁར་མར་དུ་བཞུགས་ནས། སྟོད་ཀྱི་བླ་ཡ་རབས་གྱིས་སྤུ་རངས་ཀྱི་སེང་གར་གྱི་སྐུ་མཁར་ཉི་ཟུམས་ཕྱག་ཏུ་ཕུལ་ནས་མངའ་རིས་ལ་མངའ་མཛད་པ་དེ་ལྟར་ལགས།

[གུ་གེའི་རྒྱལ་རབས་མིང་འཁོད་ཤོག་གཅིག་མའི་དཔེ་རིས།]

དེ་དང་[ཁབ་] སེང་ཀར་མ་བཤོས་པའི་སྲས་གསུམ་འཁྲུངས་པ་ལ་།  གཅེན་རྒྱུད་དཔལ་གྱི་འགོན་གྱིས་སོ་བློན་ཡོན་ཏན་རྗེའི་བུ་མོ་བཞེས་པས་ཡོན་ཏན་སྲོང་དང་ཡོན་ཏན་འཁོར་གཉིས་འཁྲུངས་། ཡང་སོ་བློན་མ་བཞེས་པས་རབས་ཆད་། ། ཡོན་ཏན་འཁོར་གྱིས་ཁྲི་འབྲིང་མ་བཞེས་པ་ལ་སྲས་ཁྲི་ལྡེ་འོད་འཁྲུངས་། ། ཡང་ཡོན་ཏན་འཁོར་གྱིས་རྒྱ་ར་མ་བཞེས་པས་སྲས་འཇིག་རྟེན་འགོན་གདུང་ཆད་། ། ཁྲི་ལྡེ་འོད་ཀྱིས་འབྲོའ་ཟ་མ་བཞེས་པས་སྲས་འགོན་བརྩན་དུག་གིས་གྲོངས་། ཡང་ལ་མོ་ཆེ་གརྡུངས་པ་ལ་སྟག་སྨད་དྲུག་།  ཕྱག་རྒྱ་དྲུག་། བཀའ་གྲིས་དྲུག་། ། བཀའ་ཁྲིམས་དྲུག་ལ་རྗེའི་སྐུ་བཅའ་བ་དང་གཅིག་།  ལྡོང་ཏོ་གའི་གནན་པ་དང་། ས་གོམས་….པ་དང་། ཁེང་རྒོད་དུ་མྱི་དབུའ་བ་དང་། ཕྱི་…… འདུལ་བ་དང་། ནང་གི་ཆོས་བྱ་བ་དང་དྲུག་གོ་། ⑳ཞེས་བྲིས་ནས་འདུག དེ་གཉིས་བསྡུར་ན་གོང་དུ་བརྗོད་པ་ལྟར་གུ་གེའི་རྒྱལ་རབས་ལྟེབས་མགོ་མའི་ལེའུ་གསུམ་པའི་ནང་དོན་བསྡུས་ནས་བརྗོད་པ་ལྟ་བུ་ཞིག་སྣང་རུང་དེའི་ཁྱད་ཆོས་ནི་གུ་གེའི་རྒྱལ་རབས་རྣམས་ཀྱི་རིགས་རུས་ཀྱི་ཆོ་འབྲང་འཕེལ་འགྲིབ་སྐོར་བཤད་པ་དེ་དེའི་དགེ་མཚན་དང་རྒྱལ་རབས་ལྟེབས་མགོ་མ་དེར་ཆོ་འབྲང་གི་སྐོར་མེད་རུང་རིགས་རུས་མཛད་པ་ཅུང་ཟད་ཅིག་ཞིབ་ཆ་ཆེ་བ་སོགས་འདུག དེས་ན་གུ་གེའི་རྒྱལ་རབས་ལྟེབས་མགོ་མར་བོད་བཙན་པོའི་རྒྱལ་རབས་དང་ལྷག་དོན་དུ་གུ་གེའི་རྒྱལ་རབས་སྐོར་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེ་བར་སྣང་།

བཞི། རིག་དངོས་ཀྱི་རིན་ཐང་།

རིག་དངོས་ཀྱི་རིན་ཐང་ཞེས་པ་ནི་གསུང་རབ་རིག་པའི་ངོས་ནས་བརྗོད་ན་དཔེ་རྙིང་དེ་བྱུང་ནས་ད་བར་ལོ་ངོ་ཇི་ཙམ་ཞིག་སོང་ཡོད་མེད་ཐད་བརྟག་དཔྱད་བྱས་ཏེ་དཔེ་རྙིང་དེའི་མ་དཔེའམ་བུ་དཔེ་གང་ཞིག་ལ་ལོ་རྒྱུས་ཇི་ཙམ་ཞིག་ལྡན་ཡོད་པ་ཤེས་རྟོགས་བྱ་རྒྱུ་དེ་ཡིན། ད་ལྟ་རང་རེས་མཇལ་ཐུབ་པའི་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེ་ནི་ཆེས་ཐོག་མའི་མ་དཔེ་དེ་མ་ཡིན་པར། སྔོན་གྱི་མ་དཔེ་རྣལ་མ་ཞིག་ལ་གཞི་བཅོལ་ཏེ་ཡིག་མཁན་གྱིས་དུས་རབས་12ཙམ་དུ་འབྲི་བཤུས་བྱས་པའི་བུ་དཔེ་ཞིག་ཡིན་ནམ་སྙམ། གང་ཡིན་ཟེར་ན། གུ་གེའི་རྒྱལ་རབས་དེ་འབྲི་བཤུ་བྱ་སྐབས་ཡིག་མཁན་གྱིས་མཉམ་པར་མ་བཞག་པའི་རྐྱེན་གྱིས་རྐང་འཁྱོར་གཞུང་ཆད་དུ་སོང་བ་དེ་དག་རྗེས་སུ་ཞུ་དག་མཁན་པོས་གཞུང་དངོས་ཀྱིས་འབྲི་གཟུགས་དང་ཅུང་ཟད་མི་འདྲ་བའི་ཡིག་གཟུགས་ཞིག་གིས་ནང་དོན་ཆད་སའི་མཚམས་དེར་བསྣན་རྟགས་+འདི་བརྒྱབ་ནས་ནང་དོན་ཆད་པ་རྣམས་བསྐང་པའི་སྣང་ཚུལ་སྟེ་དཔེར་ན་pt0850+རྗེ་ཁོང་བ་སྟགས་རྩེར་བཞུགས་ན་གོད་ཤོད་ལྷ་རྩེ་ལ་ཐུག་པ་། ཁ་ཙེ་དྲི་སྟན་ལ་ཐུག་པ་། རྒྱལ་ཡུལ་ཐང་བཟངས་ལ་ཐུག་པ་། བལ་ཡུལ་ཝ་ཙེ་ལ་ཐུག་པ་། ལི་ཡུལ་འུ་རྟེན་ལ་ཐུག་པ་། + ཞང་ཞུང་ཁྱུང་ལུང་ལ་ཐུག་པ་། གློ་ཡུལ་བྲག་རྩང་ལ་ཐུག་པ་།

[ཞུས་མཁན་གྱི་ནང་དོན་ཁ་གསབ་པའི་དཔེ་རིས།]

+ པུ་རངས་ཡ་ཙེ་ལ་ཐུག་པ། ཞེས་པ་དང་pt0853ནང་དུ་ཇོ་མོ་རིས་གཉིས་ཀྱི་འཁྲུག་པས་བོད་ཁམས་རབ་ཏུ་མི་བདེ་བར་འགྱུརད་། ཞེས་པའི་རྗེས་སུ་རྟགས་+ འདི་བརྒྱབ་སྟེ་སླད་ནས་རྗེ་གནམ་ལྡེ་འོད་སྲུང་གི་སྐུ་རིང་ལ་ཆོས་སྲིད་དང་དམ་སོ་ཟིན་པར་མ་ཟད་ན་དབུ་རུ་གཡི་རུ་འཁྲུགས་དུས་བདེན་མཐའ་མེད་ཁྲག་དང་འོ་མ་འདྲེས་ཆབ་ལ་དངས་མཐའ་མེད་ལྷ་སྲིན་སྡེ་བརྒྱད་འཁྲུགས་སོ་ཆེམས་པ་བདེའ་མཐའ་མེད་སྐད་རྒུད་དུས་ནི་མི་མེད་བར་གྱུརད་ཞེས་པ་དང་pt0846ནང་དུའང་ལྡེབ་གྲངས་འོག་མའི་ཡིག་འཕྲེང་གཉིས་པའི་རྫོགས་མཚམས་དེར་བསྣན་རྟགས་པད་གཟུགས་ཤིག་བྲིས་ཏེ་ཡིག་འཕྲེང་གཉིས་པ་དང་གསུམ་པའི་བར་དུ་ཆད་པ་བསྣོན་འབྲི་བྱས་པ་སྟེ། དེའི་རྐྱེན་གྱིས་གདུང་རབས་སུ་མའ་མཛད་རིམ་པར་ཞུགས་པ་རྣམས་ཀྱི་སྐུ་ཚེ་འདི་དང་ཕྱི་མར་འབྲས་བུ་སྨིན་ཅིང་གྲུབ་པ་ལས་བར་དུ་ཐོན་པོ་རབ་ཤིག་བདལ་ནོངས་པའ་དམ་པའི་ལྷ་ཆོས་ཅུང་ཞིག་བསྣུབས་ཀྱང་ཞེས་པའི་སྐད་ཆ་དེའང་གཞུང་དངོས་ཀྱི་སྣག་མདོག་དང་འབྲི་གཟུགས་ཅུང་ཟད་མ་འདྲ་ཞིག་གིས་ནང་དོན་བསྣོན་འབྲི་བྱས་འདུག ལྷག་དོན་དུpt0848ནང་དུ་ལྷན་པ་བརྒྱབ་པའི་ཤོག་བུ་ཆུང་ངུ་ཞིག་གི་སྟེང་། ཏེ་། དཀོན་མཆོག་གསུམ་དབུ་འཕང་ཤིན་ཏུ་བསྟོད་དེ་འཇིག་རྟན་ལ་དགེ་འདུན་དཀོན་མཆོག་བསྔགས་ཤིང་བཀུར་ཏེ་ཁྱད་པར་བཅུས་བསྟོད་པའི་མདོའ་བླ་སྒོ་དང་པོ་དཀོན་མཆོག་བསྟོད་པའི་ཞེས་བྲིས་འདུག རྗེས་སུ་དེ་དག་གི་ནང་དོན་དང་ཚིག་འགྲོས་ལས་ཤོག་ཆུང་ལྷན་པ་བརྒྱབ་པའི་ནང་དོན་དེ་ནི་གོང་གི་ལྡེབ་གྲངས་ཀྱི་ནང་དོན་གཅུང་ཁྲི་གཙུག་ལྡེ་བརྩན་གྱི་སྐུ་རིང་ལ་ཆབ་སྲིད་དང་དམ་སོ་ཟིནད་པར་མཛད། དེའི་སྲས་མཆེད་གསུམ་ལས། ཁྲི་གཙུག་ལྡེ་རལ་པ་ཅན་གྱི་རིང་ལ་། སྐར་ཆུང་གི་གཙུག་ལག་ཁང་བཞེངས་ནས་། གདན་མ་ལྕང་འཚལ་དུ་ཀུན་རིག་རྩ་བའི་དཀྱིལ་འཁོར་བཞེངས་ཞེས་པ་ནས་སྨད་ཀྱི་ལྡེབ་གྲངས་ཡན་ལག་ཏུ་། རྒྱ་གར་གྱི་མཁན་པོ་པད་མ་སམ་བྷ་བྷ་དང་བོ་དེ་སད་ཏྭ་ནི་བཞུགས་གདན་དང་པོ་ལ་ནི་རྗེའི་གོང་ན་བཞུགས་ཞེས་པའི་བར་གྱི་ནང་དོན་ཆད་པ་དེ་བསྐངས་པའི་ཤོག་ཆུང་ཞིག་ཡིན་པ་ཤོག་ཆུང་གི་འགོ་འཚུགས་སའི་ཏེ་ཡིག་ནི་གོང་གི་ཚིག་དཀྱིལ་འཁོར་བཞེངས་ཞེས་པའི་ལྷག་བཅས་ཀྱི་ཕྲད་ཡིན་པ་ནི་དཀྱིལ་འཁོར་བཞེངས་ཏེ་ཞེས་པ་དང་ཤོག་ཆུང་གི་མཇུག་རྫོགས་སའི་བསྟོད་པའི་ཞེས་པའི་སྐད་ཆ་དེ་ནི་ལྡེབ་གྲངས་འོག་མའི་ཡན་ལག་ཏུ་། ཞེས་པའི་སྐད་ཆ་གཉིས་ཐིག་ཕྲེང་གཅིག་ཏུ་བཞག་ན་བསྟོད་པའི་ཡན་ལག་ཏུ་ཞེས་གཞུང་གི་སྐད་ཆ་གུང་འགྲིག་ཐུབ་པ་སྟེ། ཁྲི་གཙུག་ལྡེ་རལ་པ་ཅན་གྱི་སྐུ་རིང་ལ་། །  སྐར་ཆུང་གི་གཙུག་ལག་ཁང་བཞེངས་ནས་། ། གདན་མ་ལྕང་འཚལ་དུ་ཀུན་རིག་རྩ་བའི་དཀྱིལ་འཁོར་བཞེངས་ཏེ་། དཀོན་མཆོག་གསུམ་དབུ་འཕང་ཤིན་ཏུ་བསྟོད་དེ་འཇིག་རྟེན་ལ་དགེ་འདུན་དཀོན་མཆོག་བསྔགས་ཤིང་བཀུར་ཏེ་ཁྱད་པར་བཅུས་བསྟོད་པའི་མདོའ་བླ་སྒོ་དང་པོ་དཀོན་མཆོག་བསྟོད་པའི་ཡན་ལག་ཏུ་ཞེས་སྐད་ཆ་ཆ་ཚང་ཞིག་བྱུང་བའི་རྒྱུ་མཚན་དང་གཅིག   གཉིས་ནི་སྔོན་གྱི་དཔེ་རྙིང་དུ་བྱུང་བ་ཇི་བཞིན་གོང་གི་བསྣན་རྟགས་+འདི་དང་འདི་ལྟ་བུས་གསལ་བཤད་ཐུབ་པ་དང་ལྷག་དོན་དུ་རྐང་འཁྱོར་བྱུང་བ་གསབ་པའི་དོན་རྣམས་ཀྱི་སྣག་ཤོག་གི་མདོག་ཁ་དང་ཡིག་གཟུགས་བཅས་ལ་བལྟས་ན་ད་ལྟ་རང་རེས་མཇལ་ཐུབ་པའི་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་དེ་ནི་དུས་རབས་12 པའི་ནང་དུ་མ་དཔེ་གཞན་ཞིག་ལ་བཅོལ་ནས་བུ་དཔེར་ཕབ་པའི་བྲིས་མ་ཞིག་ཡིན་པ་སོམ་ཉི་ལས་འདས་མོད། གང་ལྟར་ཀྱང་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་ཞེས་པ་དེའི་མའམ་བུ་དཔེ་དེ་བྱུང་ནས་ད་བར་ལོ་ངོ་བརྒྱད་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པ་ནི་དཔེ་རྙིང་དེའི་རིག་དངོས་ཀྱི་རིན་ཐང་ཡིན།

མདོར་ན། གོང་དུ་ཁོ་བོས་ད་ཐེངས་རྙེད་སོན་བྱུང་བའི་གནའ་དཔེ་གུ་གེའི་རྒྱལ་རབས་ལྟེབས་མགོ་མ་ཞེས་འབོད་པ་དེའི་ལོ་རྒྱུས་རིན་ཐང་དང་སྒྱུ་རྩལ་རིན་ཐང་། ཞིབ་འཇུག་གི་རིན་ཐང་བཅས་ལ་དབྱེ་ཞིབ་དང་དེ་ཉིད་ལ་གཞི་བཅོལ་ནས་ཐེངས་ལྔ་པའི་རྒྱལ་ཁབ་རིམ་པའི་གནའ་དཔེ་གཙིགས་ཆེན་མིང་མཛོད་ཅེས་པའི་ནང་རྒྱལ་རབས་དེ་ཉིད་འགོད་རྒྱུར་སྙན་ཞུ་ཕུལ་བ་དེ་ཙམ་ལགས། །

དཔྱད་གཞིའི་ཡིག་ཆ་དང་མཆན་འགྲེལ།

①ཨ་ལགས་ཤ་བསྟན་དར་ལྷ་རམས་ཀྱི་གསུང་འབུམ་པོད་ཞ་པ། བླ་བྲང་དཔར་མའི་ལྡེབ་གྲངས་19ལས་དྲངས།

②རྫ་དཔལ་སྤྲུལ་གྱི་གསུང་པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་1 992ལོའི་དཔར། ཤོག་གྲངས་124 ལས་དྲངས།

③ལྗགས་སྨིན་སྐོར་བཀོད་པའི་དཔེ་གཟུགས་ལྟེབས་མགོ་མ་བྲིས་མ་ཞིག་གི་ཞབས་ཤོག་ལས་དྲངས།

④བྱ་པ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་དཔྱད་དོན་རིན་ཆེན་འཕྲེང་བ། དཔར་མའི་ལྡེབ་གྲངས་16་ལས་དྲངས།

⑤ཏུན་ཧོང་p. t1078སྟོང་སར་གྱི་ཤོག་མཁན་ཤང་ཧེ་འདོས་ཤོག་བུ་གཡར་བ་དང་དེའི་སྐྱིན་ཚབ་སྤྲོད་རྒྱུའི་དཔང་རྒྱ་ལས་དྲངས།།

⑥འོན་ཀེ་རུར་བཞུགས་པའི་མངའ་བདག་མགོན་ནེའི་ཐུགས་དམ་མདོ་མངས་མཐོང་སྨོན་མཛད་བྱང་ལས་དྲངས།

⑦རྒྱ་མཚོ་གྲོ་མཁར་ཆོས་སྡེར་བཞུགས་པའི་དུས་རབས་12པའི་ཤེར་ཕྱིན་བྲིས་མའི་མཛད་བྱང་ལས་དྲངས།

⑧རྒྱ་མ་ཁྲི་སྒང་དུ་བཞུགས་པའི་དུས་རབས་12པའི་ཤེར་ཕྱིན་འབུམ་པོད་ཁ་པའི་མཛད་བྱང་ལས།

⑨1910ལོའི་ལོ་མཇུག་ཏུ་མིང་ལ་ཨེ་པོའོ་ཐཱ་ཤེར་ཏུན་( 艾伯特· 谢尔顿 ) ཞེས་པའི་ཨ་མི་རི་ཁའི་ཡི་ཤུའི་ཆོས་སྤེལ་མཁན་གྱི་སྨན་པ་དེས་ཁམས་དར་རྩེ་མདོའི་ཡུལ་དཔོན་གྱི་མཛོད་ཁང་ཞིག་རོའི་ནང་ནས་ལག་ཏུ་ཐེབ་པའི་ཤེར་ཕྱིན་ཡུམ་བྲིས་མ་པོད་བཅུ་བཞི་ཅན་དེ་ཡིན།

⑩维尔瑞·雷诺兹著《关于纽瓦克博物馆发现的一组藏文写经》西藏艺术 熊文彬译2012年5月版77页。

⑪སྐྱོན་སྟོན་རིན་ཆེན་བཀྲ་ཤིས། 《བརྡ་གསར་རྙིང་གི་ཁྱད་པར་ལི་ཤིའི་གུར་ཁང་》མི་རིགས་དཔེ་སྐྲུན་ཁང་གི་1981ལོའི་དཔར་མའི་ཤོག་གྲངས་2པ་ནས་དྲངས།

⑫འཁོར་ཆགས་དགོན་དུ་བཞུགས་པའི་དཔེ་རྙིང་བྲིས་མ་དུས་རབས་11པའི་འདུལ་བའི་སྐོར་གྱི་ལྡེབ་གྲངས་4ལས་དྲངས།

⑬དགེ་འདུན་ཆོས་འཕེལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་སྟོད་ཆ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔར་མ། ཤོག་གྲངས་224ལས་དྲངས།

⑭དམིགས་གསལ་རྟགས་འདི་pt0835རིགས་ནི་ངེད་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་མ་དཔེ་དཔར་བླངས་པའི་དཔེ་རྟགས་ཤིག་ཡིན།

⑮གུ་གེ་རྒྱལ་རབས་ལྟེབས་མགོ་མ། ཤོག་གྲངས་4པ་ནས་དྲངས།

⑰⑱ཀཿཐོག་རིན་འཛིན་ཚེ་དབང་ནོར་བུས་མཛད་པ། བོད་ཀྱི་རྒྱལ་རབས་གསེར་གྱི་འཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་ཡུལ་བདག་པོའི་དེབ་ཐེར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་2006ལོའི་དཔར་མ། ཤོག་གྲངས་54.104ལས་དྲངས།

⑰法国国家图书馆藏敦煌藏文文献 上海古籍出版社2009年版98页。

⑲ལྡེའུ་ཇོ་སྲས་ཀྱིས་མཛད་པའི་《ལྡེའུ་ཆོས་འབྱུང་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་1987ལོའི་དཔར་མའི་ཤོག་གྲངས་115ལས་དྲངས།

(20)མངའ་རིས་གུ་གེའི་རྒྱལ་རབས་རིམ་བྱུང་མིང་འཁོད་པ་ལྡེབ་གཅིག་མ་ཞིག་མཇལ་བྱུང་བ་དེའི་ནང་དོན་ཡིན།

པདྨ་བཀྲ་ཤིས། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་གཞུང་ལས་ཁང་གི་ཞིབ་འཇུག་པ་ཆེན་མོ་གཞོན་པ་ཡིན་ཞིང་། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དམིགས་བསལ་གསོ་སྐྱོང་སློབ་མའི་གྲས་སུ་སློབ་གཉེར་གནང་བཞིན་ཡོད།

བརྒྱུད་སྐུལ།

མཆན་སྤེལ།