བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་བརྒྱད།

བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་བརྒྱད།
བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་བརྒྱད།

ལྷ་མོའི་འཁྲབ་གཞུང་གི་རྣམ་ཐར་བརྒྱད་པོ་ནི། བོད་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་བང་མཛོད་ནང་གི་མཆོག་ཏུ་གྱུར་པའི་ནོར་བུ་ཞིག་ཡིན་ཞིང་། རྣམ་ཐར་དེ་རྣམས་སོ་སོའི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ། སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་ནུས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཕུན་ཚོགས་ལྡན་པས། རྒྱ་ཆེའི་བོད་རིགས་རྣམས་ཀྱིས་མཐོང་ཐོས་ལམ་དུ་དུས་ཡུན་རིང་པོར་སོང་རུང་ད་དུང་གཟིགས་འདོད་དང་གསན་འདོད་ཇེ་ཆེར་འཕེལ་ཏེ་བསམ་བློ་རིག་གནས་ཀྱི་འཚོ་བཅུད་ཤིན་ཏུ་བཟང་པོར་འཛིན་བཞིན་ལགས། ལྷ་མོའི་འཁྲབ་གཞུང་གི་རྣམ་ཐར་བརྒྱད་པོ་ནི། སྣང་ས་འོད་འབུམ་དང་། འགྲོ་བ་བཟང་མོ། གཟུགས་ཀྱི་ཉི་མ། པདྨ་འོད་འབར། རྒྱ་བཟའ་བལ་བཟའི་རྣམ་ཐར། གཅུང་པོ་དོན་ཡོད་དོན་གྲུབ། ཆོས་རྒྱལ་ནོར་བཟང་། དྲི་མེད་ཀུན་ལྡན་བཅས་ཡིན་ནོ།།

དང་པོ། དྲི་མེད་ཀུན་ལྡན་ནི། སྔར་རྒྱལ་བུ་དྲི་མེད་ཀུན་ལྡན་ཟེར་བ་རང་བཞིན་གྱིས་གཏོང་ཕོད་ཆེ་བ་ཞིག་ཡོད་པ་དེས་རྒྱལ་ཁབ་ཀྱི་རྩ་ཆེའི་ནོར་བུ་དགྲ་བོར་བྱིན་པས་ཡབ་རྒྱལ་ཁྲོས་ནས་ཁོང་རྒྱང་འབུད་བཏང་བའི་ལམ་བར་དུ་རང་དང་ལྷན་ཅིག་ཏུ་འགྲོགས་མཁན་གཅེས་པའི་བཙུན་མོ་དང་སྲས་གཉིས་བྲམ་ཟེ་ལ་སྦྱིན་པར་བཏང་བར་མ་ཟད། རང་གི་མིག་འབྲས་ཀྱང་སྦྱིན་པར་བཏང་བར་བརྟེན། དཀོན་མཆོག་གི་བྱིན་མཐུས་མིག་གཉིས་བསྐྱར་དུ་རྙེད་ནས་གསལ་པོར་ལྟ་ཐུབ་པ་བྱུང་བ་དང་། བྲམ་ཟེ་ནས་བཙུན་མོ་དང་། སྲས་གཉིས། དགྲ་ཕྱོགས་ནས་ནོར་བུ་རིན་པོ་ཆེ་བཅས་རང་འཇགས་སུ་ཚུར་ཐོབ་པའི་མཐར་ཡབ་རྒྱལ་གྱིས་ཁོང་རང་རྒྱལ་སར་བསྐོས་པའི་སྒྲུང་འདི་སངས་རྒྱས་ཀྱི་སྐྱེས་རབས་སུ་འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་ལས་བྱུང་བ་རྣམས་དང་མཐུན་པར་བསྒྲིགས་པའི་བོད་ཀྱི་ཟློས་གར་ལྷ་མོ་བའི་འཁྲབ་གཞུང་ཞིག

གཉིས་པ། ཆོས་རྒྱལ་ནོར་བཟང་། མདོ་སྡེ་དང་རྒྱ་གར་གྱི་བསྟན་བཅོས་དཔག་བསམ་འཁྲི་ཤིང་། བོད་ཀྱི་བསྟན་བཅོས་སྐྱེས་རབས་བརྒྱ་པ་སོགས་ཀྱི་ནང་གསལ་སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་རབས་རྣམ་ཐར་གཞིར་བཞག་སྟེ་བར་ལམ་སྡིངས་ཆེན་ཚེ་རིང་དབང་འདུས་ཀྱིས་ཕྱོགས་སྒྲིག་གིས་རྒྱས་སུ་བཏང་བ་དེང་སང་བོད་ཀྱི་ཟློས་གར་ལྷ་མོ་བའི་འཁྲབ་གཞུང་ཞིག

གསུམ་པ། འགྲོ་བ་བཟང་མོ་ནི། སྔར་མོན་ཡུལ་རྟ་དབང་ཁུལ་གྱི་མཎྜལ་སྒང་ལ་བྲམ་ཟེ་བགྲེས་སོང་ཞིག་གི་བུ་མོ་འགྲོ་བ་བཟང་མོ་ཞེས་པ་དེ་མི་འདོད་བཞིན་དུ་རྒྱལ་པོའི་བཙུན་མོར་ཕྱིན་རྗེས་མི་ངན་གྱིས་གནོད་འཚེ་དྲག་པོ་བསྐྱལ་བ་བཟོད་མ་ཐུབ་པར་བརྟེན་རང་ཉིད་མཁའ་འགྲོའི་ཡུལ་དུ་གཤེགས་པ་དང་། རང་གི་བུ་དང་། བུ་མོ་མིའི་ཡུལ་དུ་ལུས་པ་དེ་གཉིས་མི་ངན་གྱིས་གསོད་ཐབས་སྣ་ཚོགས་བྱས་ཀྱང་མ་ཤི་བའི་མཐར་བུ་དེས་རང་ལོ་ལོངས་ནས་མི་ངན་བསད་དེ་དགྲ་ཤ་བླངས་པའི་སྒྲུང་གི་ལོ་རྒྱུས་རྣམས་གཞིར་བཞག་གིས་བསྒྲིགས་པའི་བོད་ཀྱི་ཟློས་གར་ལྷ་མོ་བའི་འཁྲབ་གཞུང་ཞིག
བཞི་པ། སྣང་ས་འོད་འབུམ་ནི། དེ་སྔ་བོད་ཀྱི་རབ་བྱུང་བཅུ་གསུམ་པའི་འགོ་དང་། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དཀྱིལ་ཙམ་དུ་བྱུང་ཞིང་། མྱང་སྟོད་རྒྱལ་རྩེ་རི་ནང་ས་ཁུལ་དུ་ཞིང་བྲན་རྒན་རྒོན་གཉིས་ཀྱི་བུ་མོ་སྣང་ས་འོད་འབུམ་ཞེས་པ་རི་སྣང་དཔོན་པོ་སྒྲ་ཆེན་གྱི་བུ་གྲགས་པ་བསམ་གྲུབ་ཀྱི་མནའ་མར་བཙན་ཤེད་ཀྱིས་བླངས་རྗེས་མནར་གཅོད་ཚད་མེད་མྱངས་པའི་ལོ་རྒྱུས་ཡོད་པ་དེ་ཡིན། དེ་ཡང་། སྔར་གཙང་མྱང་སྟོད་རྒྱལ་རྩེའི་ཁུལ་གྱི་མི་ཁྱིམ་ཕལ་པ་ཞིག་གི་བུ་མོ་སྣང་ས་འོད་འབུམ་ཞེས་པ་དེ་རང་ལོ་ལོངས་མཚམས་སུ་ཡུལ་དཔོན་གྱིས་བཙན་ཤེད་ཀྱིས་རང་གི་བུའི་ཆུང་མར་བླངས་ཐོག་དཔོན་ཚང་ནང་མི་ཚོས་སྡུག་སྤྱོད་སྣ་ཚོགས་བཏང་བའི་རྐྱེན་གྱིས་བུ་མོ་སྣང་ས་ཤི་ཞིང་། དུར་ཁྲོད་ནས་འདས་ལོག་བྱུང་རྗེས་རང་ཁྱིམ་སྤངས་ཏེ་ཆོས་བྱེད་སར་ཕྱིན་པའི་མཐར་ཡུལ་དཔོན་འཁོར་འབངས་དང་བཅས་པ་ཡང་ཆོས་བྱེད་དུ་བཅུག་པའི་སྒྲུང་འདི་ཐོག་མར་དམངས་ཀྱི་ངག་རྒྱུན་ཙམ་དང་། ཕྱིས་བོད་ཀྱི་ཟློས་གར་ལྷ་མོ་བའི་འཁྲབ་གཞུང་ཞིག་ཏུ་བསྒྲིགས་ནས་དར་འདུག
ལྔ་པ། གཅུང་པོ་དོན་ཡོད་དོན་གྲུབ་ནི། སྔར་རྒྱལ་པོ་ཞིག་གི་ཆེན་མ་འདས་འོག་ཏུ་སྲས་དོན་གྲུབ་ཟེར་བ་ལུས་པ་དེ་དང་། ཆུན་མའི་སྲས་དོན་ཡོད་ཟེར་བ་གཉིས་མཛའ་མཐུན་ཆེན་པོ་ཡོད་ཀྱང་། ཆུན་མས་དོན་ཡོད་ལ་རྒྱལ་པོའི་གོ་འཕང་འཐོབ་ཐབས་བྱེད་ཆེད་དོན་གྲུབ་རྒྱང་འབུད་གཏོང་དུས་གཅེན་གཅུང་གཉིས་འབྲལ་མ་ཕོད་པར་མཉམ་དུ་བྲོས་ཕྱིན་པའི་ལམ་བར་དཀའ་ཚེགས་སྣ་ཚོགས་བྱུང་ནས་ཕན་ཚུན་ཁ་འཐོར། ཕྱིས་དོན་གྲུབ་རྒྱལ་ཁབ་གཞན་ཞིག་གི་རྒྱལ་པོའི་མག་པར་ཕྱིན་ནས་རྒྱལ་པོ་བྱས་པ་དང་། རང་གིས་གཅུང་པོ་དོན་ཡོད་བཙལ་ཏེ་རྙེད་ནས་ཕ་མེད་ཀྱི་རྒྱལ་ཁབ་ལ་བསྐྱལ་པས་ཡབ་རྒྱལ་ཤིན་ཏུ་མཉེས་བཞིན་པའི་ངང་དོན་ཡོད་ཀྱང་རང་རྒྱལ་གྱི་རྒྱལ་པོར་དབང་བསྐུར་བ་ཞེས་རོ་སྒྲུང་ལས་བྱུང་བའི་ལོ་རྒྱུས་འདི་དག་པཎ་ཆེན་བློ་བཟང་ཡེ་ཤེས་སོགས་མཁས་པ་རིམ་བྱོན་དང་། མི་དམངས་ཚོས་རྣམ་ཐར་དང་། ལྷ་མོའི་འཁྲབ་གཞུང་དུ་བསྒྲིགས་ཡོད།
དྲུག་པ། པདྨ་འོད་འབར་ནི། སྔར་རྒྱལ་པོ་ཞིག་གིས་རང་གི་མངའ་འོག་ཚོང་དཔོན་འབྱོར་པ་ཆེ་བ་མིང་ལ་ནོར་བུ་བཟང་པོ་ཞེས་པར་རང་གི་དབང་ཐང་ཤོར་དོགས་ཀྱིས་རྒྱ་མཚོའི་ནང་དུ་ནོར་བུ་ལེན་པར་བཏང་སྟེ་བསད་པའི་རྗེས་སུ་ཚོང་དཔོན་གྱི་བུ་པད་མ་འོད་འབར་སྐྱེས་པ་དེ་ཡང་གསོད་ཐབས་ཐེངས་མང་བྱས་ཀྱང་གསོད་མ་ཐུབ་པའི་མཐར། པད་མ་འོད་འབར་གྱིས་རྒྱལ་པོ་ལ་མགོ་སྐོར་བཏང་ནས་སྲིན་པོའི་ཡུལ་དུ་ཁྲིད་བསད་ཀྱིས་དགྲ་ཤ་བླངས་ཏེ་རྒྱལ་པོའི་གོ་ས་བཟུང་བའི་སྒྲུང་འདི་དང་མཐུན་པར་བསྒྲིགས་པའི་བོད་ཀྱི་ཟློས་གར་ལྷ་མོ་བའི་འཁྲབ་གཞུང་ཞིག
བདུན་པ། གཟུགས་ཀྱི་ཉི་མ་ནི། སྔར་གྱི་གཏམ་རྒྱུད་དུ་དྲང་སྲོང་ཞིག་གི་བུ་མོ་གཟུགས་ཀྱི་ཉི་མ་ཟེར་བ་དེ་རྒྱལ་པོས་བཙན་ཤེད་བྱས་ནས་བཙུན་མོར་ཁྲིད་སྐབས་ཕ་རྒན་གྱི་བསླབ་བྱ་བརྗེད་ཅིང་། མི་ངན་དང་འགྲོགས་ཏེ་དོགས་ཟོན་མ་བྱས་པས་མགོ་སྐོར་ཐེབས་རྐྱེན་རྒྱལ་པོས་རྒྱང་འབུད་བཏང་བ་དང་ཕྱིས་སུ་མི་ངན་དེ་རྣམས་འགྱོད་སེམས་སྐྱེས་ཏེ་སྔར་བྱས་གཡོ་སྒྱུའི་སྡིག་པ་མཐོལ་བཤགས་ཀྱིས་བུ་མོ་ལ་བཟོད་གསོལ་ཞུས་པ་ལྟར་ཡང་བསྐྱར་ཕོ་བྲང་དུ་ལོག་པའི་སྒྲུང་གི་ལོ་རྒྱུས་གཞིར་བཞག་གིས་བསྒྲིགས་པའི་བོད་ཀྱི་ཟློས་གར་ལྷ་མོ་བའི་འཁྲབ་གཞུང་ཞིག
བརྒྱད་པ། རྒྱ་བཟའ་བལ་བཟའ་ནི། ཕྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་བལ་ཡུལ་ནས་ཕྱི་ལོ་ ༦༣༩ ལོར་བལ་བཟའ་ཁྲི་བཙུན་དང་། ཕྱི་ལོ་ ༦༤༡ རྒྱ་བཟའ་ཀོང་ཇོ་རྣམ་གཉིས་བཙུན་མོ་ཁབ་ཏུ་བསུས་པའི་རྣམ་ཐར་ཡིན།
བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དུང་དཀར་ཚིག་མཛོད་གཉིས་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།