ཨ་ཙ་ར་གླང་ཁྲིད་ཀྱི་རི་མོའི་མཚོན་དོན།

ཨ་ཙ་ར་གླང་ཁྲིད་ཀྱི་རི་མོའི་མཚོན་དོན།
ཨ་ཙ་ར་གླང་ཁྲིད་ཀྱི་རི་མོའི་མཚོན་དོན།
དེ་ཡང་ཨ་ཙ་ར་གླང་ཁྲིད་ཅེས་པ་ནི། རི་མོའི་མིང་འདི་ཉིད་འཁྲིད་མཁན་དང་འཁྲིད་བྱ་གླང་ཆེན་དེ་ཉིད་འཁྲིད་པའི་རྣམ་པ་བཅས་ཀྱི་མིང་ཞིག་ཡིན། མིང་གི་དག་སྡེབ་ཀྱི་ཆ་ནས། ཨ་ཙ་ར་ཞེས་པ་ལེགས་སྦྱར་གྱི་སྐད་འཁྲུལ་མེད་གཅིག་ཡིན་ཞིང་། བོད་སྐད་དུ་བསྒྱུར་ན། སྔགས་མཁན་རྣལ་འབྱོར་པ་ཞེས་པའི་དོན་ཡིན། སྤྱིར་བོད་ལ་བཀའ་དྲིན་ཆེ་བའི་ཨ་ཙ་ར་ལ་དབྱེ་ན། དཀར་ནག་ཁྲ་གསུམ་ཡོད་པ་སྟེ། ཨ་ཙ་ར་དཀར་པོ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ཨ་ཙ་ར་ནག་པོ་ནི་ཕ་དམ་པ་སངས་རྒྱས། ཨ་ཙ་ར་ཁྲ་བོ་ནི་སློབ་དཔོན་པདྨ་འབྱུང་གནས་སོ།།

         རི་མོ་འབྲི་ཡུལ། སྔར་བོད་ཀྱི་དགོན་པ་ཁག་གི་འདུ་ཁང་གི་སྒོ་མཆོར་དང་། སྡེ་དཔོན་མི་དྲག་དང་། བླ་སྤྲུལ་ཁག་གི་གཟིམས་ཤག་དང་ཚོམས་ཆེན། བོད་རིགས་མང་ཚོགས་ཀྱི་སྡོད་ཁང་གི་གྱང་ལྡེབས་དང་། བར་ཁྱམ་སོགས་ཀྱི་ངོས་སུ་འོས་ཤིང་འཚམ་པའི་སྒོ་ནས་ཚོན་མདངས་རྣམ་པར་བཀྲ་བའི་སྒོ་ནས་འབྲི་སྲོལ་ཡོད། དེ་ཡང་རི་མོ་གང་དག་འབྲི་སྲོལ་ཡོད་པ་ནི། སྡོམ་བརྩོན་དམ་པ་དང་། དེ་བཞིན་ཨ་ཙ་ར་གླང་ཁྲིད། སོག་པོ་སྟག་ཁྲིད། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག །ཕྱུག་པོ་རྣམ་གསུམ་སོགས་ཀྱི་རི་མོ་འབྲི་སྲོལ་ཡོད་པ་འདི་དག་ནི་མཛེས་མཚོན་ཙམ་མ་ཟད། དེ་ལས་གལ་ཆེ་བ་ཞིག་ནི། རི་མོ་དེ་དག་བྲིས་ནས་འགལ་རྐྱེན་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་མཐའ་དག་བདེ་བླག་ཏུ་འགྲུབ་པའི་རྟགས་དང་རྟེན་འབྲེལ་དུ་མ་མཚོན་པར་བྱས་ཡོད།
རི་མོ་འདི་ཉིད་འབྲི་ཚུལ་ཡང་གཙུག་ལག་ཁང་དང་། ཁྱིམ་ཚང་སོགས་ཀྱི་སྒོ་ནང་དུ་ཁ་ནང་ལ་ཕྱོགས་ཏེ་གླང་པོ་ཆེར་ནོར་གཞོང་ངམ་ནོར་བུ་མེ་འབར་བཏེགས་པ་སོགས་ནོར་བུ་རིན་ཆེན་བྱུར་བུར་བཀང་བ་བཀལ་ལ་བྲེལ་འཚུབ་ཀྱི་རྣམ་པས་ལོག་ཡོང་བའི་རྣམ་པ་ཞིག་འབྲི་སྲོལ་ཡོད།
རི་མོའི་མཚོན་དོན་གྱི་ཆ་ནས། ཁྱིམ་དུ་ནོར་གཡང་འཕེལ་ནས་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་། འདོད་རྒུའི་ལོངས་སྤྱོད་མེ་ལྟར་འབར་བ་དང་། མཆོག་དང་ཐུན་མོང་གི་འདོད་པའི་དངོས་གྲུབ་ཐམས་ཅད་རྩོལ་མེད་དུ་འབྱུང་བ། མི་ནོར་ཕྱུགས་གསུམ་བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པར་བྱེད་པའི་རྟེན་འབྲེལ་མཚོན་བྱེད་ཡིན་པར་གསུངས་ཤིང་། རི་མོའི་ནང་དོན་དང་རྣམ་པའི་ཐོག་ནས་རྟགས་དང་རྟེན་འབྲེལ་རེ་མཚོན་པར་བྱས་ཡོད།
རི་མོའི་ནང་གི་མི་རིགས་དང་རིགས་རུས། དེ་ཡང་རྒྱ་གར་གྱི་མི་རིགས་ཆེན་པོ་བཞི་ལས། བྲམ་ཟེའི་རིགས་རུས་ཅན་ཞིག་གིས། གླང་པོ་ཆེ་རྒྱན་དུ་མས་བརྒྱན་པ་ཞིག་གི་སྟེང་། ནོར་བུ་བཀལ་ཏེ་འཁྲིད་པའི་རི་མོ་འདིར་ཨ་ཙ་ར་གླང་ཁྲིད་དམ། བྲམ་ཟེ་གླང་ཁྲིད་དང་། གནོད་སྦྱིན་ཀུ་ཊ་ལི་ཞེས་ཀྱང་གྲགས་ཤིང་། ཨ་ཙ་ར་གླང་ཁྲིད་ཀྱི་ཨ་ཙ་ར་ནི། དཔལ་མགོན་བྲམ་གཟུགས་ཀྱི་སྤྲུལ་པར་གྲགས་ཤིང་། གླང་ཆེན་ནི་ཚོགས་བདག་གླང་སྣའི་མཚོན་བྱེད་ཡིན་པར་གསུངས། ཡང་ལ་ལས་ཨ་ཙ་ར་ནི་ཚོགས་བདག་གླང་སྣའི་སྤྲུལ་པ་ཡིན་ལ། གླང་ཆེན་ནི་དེའི་བཞོན་པ་ཡིན་པར་བཤད་ཅིང་། མདོར་ན། ཨ་ཙ་རའི་རྣམ་པ་ཅན་གྱི་ནོར་ལྷས་གླང་ཆེན་ནོར་བུས་བཀང་བ་ཞིག་ཁྲིད་པའི་རི་མོ་འབྲི་སྲོལ་ཡོད་པ་ནི། ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་གྱི་ཆེད་དུ་བྲིས་པའི་ལྡེབས་རིས་ཤིག་ཡིན།
བྲིས་ཆ་འདི་ཉིད་ཀྱི་ནང་དོན། ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཀྱི་ནང་ཚན་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས། ཡུལ་མཐའ་འཁོབ་བྱེ་མ་ཤིང་དྲུང་གི་བྲམ་ཟེས་རྒྱལ་པོ་དྲི་མེད་ཀུན་ལྡན་ལ་ནོར་བུ་དགོས་འདོད་ཀུན་འབྱུང་སྦྱིན་པ་ཞུས་ཏེ་གླང་པོ་ཆེར་བཀལ་ནས་རང་ཡུལ་དུ་ཆས་པའི་འདྲ་རིས་རེད་སྙམ། དེ་ཡང་རྣམ་ཐར་ལས། ལེགས་ལྡན་བྲམ་ཟེ་ཆེན་པོ་ད་བཞེངས་ཤིག །གཞོན་ནུ་སྟོབས་རྩལ་ལྡན་པའི་གླང་ཆེན་ལ། །དཔུང་འཇོམ་འདོད་རྒུའི་གཏེར་ཆེན་མགྱོགས་པར་ཀོལ། །ཞེས་པ་ནས་མཚོན་ནོ།།
དེ་ཡང་། རྒྱལ་བུ་དྲི་མེད་ཀུན་ལྡན་ནི། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐྱེས་རབས་ཀྱི་ཁོངས་སུ་རྒྱལ་བུ་ཐམས་ཅད་སྒྲོལ་ཞེས་པ་ཞིག་བཞུགས་པ་དེར་གཞིར་མཛད་པ་བསྙོན་དུ་མེད་པར་ཁོ་བོས་མཐོང་། འཁྲུངས་རབས་དེ་ཡོངས་གྲགས་སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པའི་ནང་གི་དགུ་པ་དེ་ཡིན་ཅིང་། སྐྱེས་རབས་དེ་ནི་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་བཙལ་དུ་བཏོན་པའི་རྣམ་ཐར་ཞིག་ཡིན་ལ། དེའི་ནང་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དུ་ཡོད་པའི་མཛད་པ་ཆེ་ཁག་ཡོངས་སུ་རྫོགས་པ་ཚང་བར་མ་ཟད། རྒྱལ་བུས་སློང་མོ་བར་རང་གི་བུ་ཕྲུག་གཉིས་ཀྱང་སྦྱིན་པ་གནང་བ་དང་། མཐར་ལྷ་ཆེན་དབང་ཕྱུག་གིས་སྤྲུལ་བའི་སློང་མོ་བ་ཞིག་ལ་རང་གི་ཆུང་མའང་གནང་བས་ན། ལྷ་ཆེན་ཤིན་ཏུ་ཡི་རངས་ཏེ་རང་གི་གཟུགས་དངོས་སུ་སྟོན་ནས་རྒྱལ་བུའི་ཆུང་མ་ཕྱིར་འབུལ་བ་སོགས་ཀྱི་མཛད་པ་རྣམས་གསལ་བར་ཐོན། དེ་ལྟ་ན་རང་ཅག་གི་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དེ་སྐྱེས་རབས་འདི་ལ་གཞིར་བྱས་པ་གང་ཞིག་ལ། རྒྱལ་བུའི་མཚན་དང་། ཡུལ་གྱི་མིང་། མཛད་པ་རྣམ་ཐར་འགའ་ཞིག་མི་འདྲ་བ་ཡོད་ཅིང་། སྒྲུང་གི་ཆ་ཆས་ཤིན་ཏུ་མང་པོ་ཞིག་རང་ཅག་བོད་རིགས་ཀྱི་བློ་ལ་མཐུན་པར་བྱས་པར་མངོན་མོད། དུས་ཇི་ཙམ་ནས་སྐྱེས་རབས་དེ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དུ་ཕབ་མིན་ད་ལྟ་ཞུ་མ་སྤོབས།
བོད་ཀྱི་གནམ་ལོ་གསར་དུ་བཞད་སྐབས་ཐབ་ཚང་གི་ལྡེབས་སུ་ནོར་བུས་བྱུར་བུར་གཏམས་ཤིང་། དེའི་སྟེང་དུ་མེ་རིས་ཡོད་པའི་ནོར་བུ་མེ་འབར་དང་གཡུང་དྲུང་ནང་སྐོར། གྲོ་སོ་ཕྱེ་མར་སོགས་ཀྱི་རི་མོ་འབྲི་སྲོལ་ཡོད་པས། དེའི་རི་མོ་རྣམས་ལས་དཔལ་དང་འབྱོར་པ་རྒྱས་པ་དང་། མཐུན་རྐྱེན་གྱི་ལེགས་ཚོགས་མཐའ་དག་ནམ་ཡང་མི་འགྱུར་བར་གཡུང་དྲུང་ལྟར་བརྟན་པ་བཅས་མཚོན་གྱི་ཡོད། གྲོ་སོ་ཕྱེ་མར་བྲིས་པ་དེ་ནི་ས་ཕྱོགས་གང་དུ་ཕྱིན་ཀྱང་ཁ་གྲོ་པོ་ཡོང་བ་སྟེ། བོད་རིགས་ཀྱི་གོམས་སྲོལ་དུ་གྲོ་ནི་དོན་གང་བྱས་ཀྱང་སྟོང་ལོག་ཏུ་མ་འགྱུར་བར་དེ་བསྒྲུབས་པའི་རྟེན་འབྲེལ་ཡོད་པའི་རྫས་ཤིག་ཏུ་བརྩི་བཞིན་ཡོད། དཔེར་ན། གྲོ་སོ་ཕྱེ་མར་ཞེས་འབོའི་གཞོགས་གཅིག་གྲོས་བསྐངས་པ་དང་། ལོ་གསར་ཚེས་གཅིག་གི་སྔ་དྲོ་གྲོ་ཐུག་བཏུང་བ་སོགས་བྱེད་ཀྱི་ཡོད་དོ།།

བརྒྱུད་སྐུལ།

མཆན་སྤེལ།