ནང་མའི་སྐྱིད་སྡུག་བྱུང་འཕེལ་གྱི་ལོ་རྒྱུས་ཞིབ་པར་གླེང་བ།

ནང་མའི་སྐྱིད་སྡུག་བྱུང་འཕེལ་གྱི་ལོ་རྒྱུས་ཞིབ་པར་གླེང་བ།
ནང་མའི་སྐྱིད་སྡུག་བྱུང་འཕེལ་གྱི་ལོ་རྒྱུས་ཞིབ་པར་གླེང་བ།
རྩོམ་པ་པོ།  (ཞོལ་ཁང་དར་རྒྱས་ཀྱིས་བརྩམས། ) བུ་ཆུང་གིས་དྲྭ་ཚིགས་སུ་སྤེལ་བ་འདིར་དྲངས།
ལྷ་སར་དེ་སྔ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་ཙམ་ནས་འགོ་ཚུགས་པའི་ནང་མའི་སྐྱིད་སྡུག་ཅེས་དམངས་ཁྲོད་དུ་རྒྱུན་སྲོལ་གླུ་གར་ཚོགས་པ་ཞིག་ཡོད་ཅིང་། དེ་ཡང་ཐོག་མར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་གོང་ས་རྣམ་གཉིས་ཀྱི་ཐུགས་འཁུར་འོག་སྡེ་སྲིད་སངས་རྒྱས་རྒྱ་མཚོས་འགན་བཞེས་ཀྱིས་བཙུགས་པ་ཞིག་ཡིན་པ་སྟེ།《གནའ་བོའི་ལུགས་བཟང་ཡ་རབས་སྲོལ་གཏོད་པའི་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན་འགུགས་པའི་ལྕགས་ཀྱུ》
ཞེས་པའི་ཆེད་རྩོམ་གྱི་ཐོག་རྒྱལ་བ་ཀུན་གྱི་བླ་ན་སྤང་རྟོགས་ཀྱི། །ཡོན་ཏན་མཆོག་གི་ཆེར་འཕགས་སྤྱན་རས་གཟིགས། །ཚངས་སྲས་ཐུགས་སུ་བཞད་པའི་རྡོ་རྗེ་དེས། །སྙིང་པོ་བྱང་ཆུབ་བར་དུ་སྲིད་འདི་བཟུང་། །ཟབ་དོན་ཆོས་ཀྱི་དེ་ཉིད་མངར་མོའི་རོ།།ཉམས་འགྱུར་སྟོང་གི་རྒྱུད་དུ་རྟག་ལེན་པ། །མཚོ་བྱུང་དབྱངས་ཀྱི་མཛོད་འཇིན་ལྷ་མོ་ཡིས། །ཀུན་ཏུ་དགེ་བའི་ངག་གི་དཔལ་སྦྱིན་ཞིག་ཅེས་པ་སོགས་ཀྱི་ཤིས་བརྗོད་དང་འབྲེལ་བའི་གནའ་བོའི་ལུགས་བཟང་ཡ་རབས་ཀྱི་སྲོལ་གཏོད་ཆེད་རང་ལྗོངས་ཀྱི་རིག་རྩལ་ཁག་ལ་བཅོས་སྒྲིག་སོགས་མཛད་པ་དང་།《ས་བཅུའི་མདོ་འགྲེལ》ལས་སྙན་ངག་དང་།གར་སྟབས་དང་། གཏམ་རྒྱུད་དང་རོལ་མོ་རྣམས་ནི་ཡིད་མ་བདེ་བའི་གཉེན་པོའོ། །ཞེས་བྱུང་བ་ལྟར།དོན་དང་ལྡན་པའི་སྐུལ་མ་དང་བཅས་གླུ་གར་གྱི་རྩ་ཚིག་དུས་ད་ལྟའང་འདྲེན་བྱེད་ཀྱི་ཡུལ་དུ་མཇལ་རྒྱུ་ཡོད་པ་ནི་རབ་བྱུང་བཅུ་གཉིས་པའི་རྣམ་བྱུང་འབྱུང་བ་གསུམ་ལྡན་ལོ་འབྲས་ལྡན་གྱི་དུས་ཁྲུམས་ཟླ་བ་ཕྱི་མའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོ་དྲང་སྲོང་ཟླ་སྐྱེས་ལྷ་མཚམས་ཀྱི་དགའ་མགུར་སྤྱོད་པའི་འཆི་མེད་གྲུབ་པའི་སྦྱོར་བའི་ཉིན་མཛད་པ་སྟེ།སྤྱི་ལོ་༡༩༨༨ལོར་བབས་ཤིང་།སྐབས་དེར་གཞུང་གི་མཛད་སྒོ་ཁག་དང་དུས་མཆོད་ཁག་ལ་གར་པ་ཞེས་གླུ་གར་ཚོགས་པ་དེ་དང་འབྲས་གླིང་མཆོད་སྤྲིན་གར་པ(ལྷ་ས་ཤར་ཕྱོགས་སྐུ་འབུམ་ཐང་དུ་ཡོད)དེ་གཉིས་སོ་སོར་རྩ་ཚིག་དང་འབྲེལ་བའི་ལག་དེབ་ཡོད་པ་དང་། དམངས་ཁྲོད་དུ་ནང་མའི་སྐྱིད་སྡུག་ཅེས་པའང་སྒྲིག་འཛུགས་ཀྱི་བྱེད་སྒོ་དང་སྦྲགས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནས་ཀྱང་དམར་དམ་གླིང་གསུམ་སྒོར་མོ་དབྱིབས( )འདི་འདྲ་འཁོད་པའི་ལག་དེབ་ཅིག་ཀྱང་བསྩལ་བ་ལྟར་ལོ་གསར་སླེབས་ཉེར་བཀའ་ཤག་སྲིད་གཞུང་གི་བཀའ་མགྲོན་བརྒྱུད་ལག་དེབ་གཞིར་བཟུང་འཛིན་བསྒྱུར་ཞུས་ཏེ།རྩེ་ཤོད་ཕྱག་མཛོད་ལས་ཁུངས་སོ་སོ་ནས་སྔར་ལམ་ཇ་མར་དང་གནང་ཆ་ཕྲན་བུ་རེ་གནང་གི་ཡོད།དེ་བཞིན་ནང་མའི་སྐྱིད་སྡུག་ནང་གི་བགྲེས་གྲས་ཚོས་ཀྱང་ང་ཚོས་སྐྱིད་སྡུག་ཚོགས་པ་འདི་བཞིན་གོང་ས་ལྔ་པ་ཆེན་པོའི་དུས་ནས་བཟུང་ད་ཕན་ལོ་ངོ་སུམ་བརྒྱ་ཡས་མས་ཤིག་རྒྱུན་འཛིན་བྱས་པ་རེད།ཅེས་གསུངས་ཀྱི་ཡོད་པ་ཇི་བཞིན་ནང་མའི་སྐྱིད་སྡུག་ཅེས་པའི་ཐ་སྙད་དེ་ལྔ་པ་ཆེན་པོའི་དུས་ནས་ཡོད་པ་ནི་དེ་སྔ་སྤྱི་ཚོགས་རྙིང་པའི་ནང་བཀའ་ཤག་སྲིད་གཞུང་གི་བཀའ་མགྲོན་གནང་མྱོང་བའི་བགྲེས་གྲས་ཁ་ཤས་ཀྱིས་ཀྱང་མཁྱེན་གསལ་ཡིན་པར་མ་ཟད།རང་ཉིད་ཀྱང་བཀའ་མགྲོན་བྱེད་མྱོང་ལ།ལྷག་པར་ལོ་ན་ཆུང་དུས་ལོ་ངོ་བཞི་ཙམ་རིང་ནང་མའི་སྐྱིད་སྡུག་དེར་ཞུགས་ནས་དམངས་གཞས་དང་རོལ་ཆ་ཁག་སློབ་སྦྱོང་བྱེད་མྱོང་བས་དེ་ལྟར་གསལ་ཤེས་ཡོད།དེ་ཡང་ནང་མའི་སྐྱིད་སྡུག་དེ་ཏཱ་ལའི་བླ་མའི་མཛད་སྒོ་ཁག་ལ་ཐད་ཀར་འབྲེལ་བ་མེད་ཀྱང་། བཀའ་ཤག་གི་མཛད་སྒོ་ཁ་ཤས་དང་། མང་ཚོགས་ཀྱི་དུས་མཆོད་དང་། སྤྲོ་སྐྱིད།བག་སྟོན་སོགས་ཀྱི་བྱེད་སྒོ་ཁག་ལ་ཞུགས་ཀྱི་ཡོད།དེར་བརྟེན་རང་ཉིད་འཚོ་བ་ངོ་མ་བརྒྱུད་མྱོང་བ་ཞིག་ཡིན་སྟབས་རྒྱུན་སྲོལ་དེའི་ལོ་འཁོར་བྱེད་སྒོའི་སྐོར་རྒྱུས་བབས་ཀྱིས་ཞུ་རྒྱུ་གཤམ་གསལ།
དང་པོ། ནང་མའི་སྐྱིད་སྡུག་དེས་མང་ཚོགས་ཁྲོད་དུ་བྱེད་སྒོ་སྤེལ་ཚུལ།
ཐོག་མར་བོད་ཀྱི་ལོ་གསར་མ་རན་ཙམ་ལ་སྐྱིད་སྡུག་ཚོགས་རོགས་དང་།སྐུ་དྲག་ཁགཚོང་རིགས་ཆེ་ཁག་བཅས་ནས་དགེ་རྒན་རྣམ་རྒྱལ་ལ་ལོ་གསར་སྐལ་བ་ཞེས་འབྲས་གྲོ་ཞིབ་དང་།བྱ་འབྲས། ཁ་ཟས་སྡེར་ཁ་འོས་འཚམས་རེ་སྤྲོད་པ་དང་།དགེ་ཕྲུག་ཚོས་ཀྱང་ལོ་གསར་སྐུ་སྐལ་ཞེས་གོང་བཞིན་འབུལ་སྲོལ་ཡོད། སྐབས་དེར་རོལ་རྩེད་ལ་དགའ་བའི་ཁྱིམ་ཚང་ཚོས་ནང་མའི་སྐྱིད་སྡུག་གདན་ཞུ་བྱས་ན་གོ་རིམ་བཞིན་འགྲོ་བ་དང་།རྒྱུན་དུམི་དྲག་དང་། ཚོང་རིགས།མང་ཚོགས་ཁྲོད་ཀྱི་ཆང་ས་དང་།དབྱར་ཁའི་དུས་སུ་གླིང་ག་གཏོང་བ། དེ་བཞིན་ཁྱིམ་ཚང་སོ་སོར་བཀྲ་ཤིས་པའི་དོན་ཆེན་གང་ཞིག་བྱུང་ན་ཡང་ནང་མའི་སྐྱིད་སྡུག་གདན་ཞུ་བྱེད་སྲོལ་ཡོད། དེ་ཡང་གདན་ཞུ་གནང་བརྡ་འམ། ཡང་ན་བཞེད་བརྡ་ལ་སོགས་པ་གཏོང་བ་ལས་སྐབས་འཕྲལ་སྐད་བཏང་ན་མི་ཁོམ་པ་མ་ཟད།མཐོང་ཆུང་ལྟ་བུར་མངོན་ནས་མི་འོས་པ་བྱེད། དེ་བཞིན་ཐུགས་སྤྲོ་ཁག་གི་གྲོལ་སྟོན་ཉིན་དགོང་མོའི་གསོལ་ཚིགས་ཚར་འཕྲལ་གསོལ་རྒྱབ་ཅེས་མཆོད་ཆང་དངུལ་གྱི་ཁྲུང་ཕོར་རེ་བཏེགས་ཟིན་རྗེས། སྦྱིན་བདག་ནས་རོལ་མོ་མཁན་ཚོར་ཁ་ཡིག་ཡིག་ཆེན་ལེགས་སྐྱེས་དངུལ་སྲང་།XXཞེས་འཁོད་པའི་ཤོག་ཆག་སྤྲོད་པ་དང་སྦྲགས་ཁ་བཏགས་རེ་གཡོགས་རྗེས།གླུ་གཞས་ཀྱི་ཚིག་བཀྲ་ཤིས་ལེགས་པ་ཞིག་བཏང་སྟེ་རང་ཁུངས་སུ་ལོག་པ་བཅས་སོ། ། དགེ་རྒན་རྣམ་རྒྱལ་ལགས་ནི་རོལ་མོ་གཉིས(ལྷན་སྐྱེས་དང་རྐྱེན་གཞན་གྱི་རོལ་མོ)ལ་མཆོག་ཏུ་མཁས་པའི་གྲགས་པ་ཐོབ་པ་ལྟར།གང་དུ་ཕེབས་ཀྱང་དྲག་ཞན་མེད་པས་གྲལ་དབུར་འཇོག་པ་དང་བརྩི་བཀུར་ཆེན་པོ་ཞུ་ཡི་ཡོད།དེ་ཡང《རོལ་མོའི་བསྟན་བཅོས་》ལས། བློ་ངན་གཟུགས་ཀྱིས་ཕོངས་པའང་རུང་། །རིགས་ངན་ནོར་དང་བྲལ་ཡང་སླ། ། རོ་མོའི་ཆ་ལ་མཁས་གྱུར་ན།།ཚོགས་ཀྱི་ནང་ན་རྒྱན་ལྟར་མཛེས། ། ཞེས་པ་ལྟར་རོ། །
གཉིས་པ། རྫོང་རྒྱབ་ཀླུ་ཁང་གི་མཛད་སྒོ།
ལྷ་སའི་རྫོང་རྒྱབ་ཀླུ་ཁང་ཞེས་པ་དེ་རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་གསར་འཛུགས་གནང་སྟེ། ཀླུ་ཆོག་རྒྱུན་འཛུགས་ཐོག་བོད་དུ་ཆར་ཆུ་དུས་བབ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་ཀྱི་ཐུགས་སྨོན་མཚམས་སྦྱོར་དང་འབྲེལ།དུས་དེ་ནས་བཟུང་ལོ་ལྟར་བོད་ཟླ་༤ཚེས་༡༥ཉིན་ཀླུ་ཁང་མཇལ་མཆོད་ཀྱི་དགའ་སྟོན་བྱེད་སྲོལ་ཡོད། དེ་སྐབས་བཀའ་ཤག་དྲུང་རིགས་དང་བཅས་པ་སྔ་དྲོ་གཙུག་ལག་ཁང་ཁག་ལ་གནས་གཟིགས་དང་འབྲེལ་ར་མོ་ཆེ་ནས་འགོ་ཚུགས་ཏེ་གླིང་སྐོར་དུ་བསྐྱོད་ནས་བདེ་གླིང་བརྒྱུད་ནོར་གླིང་དུ་རྒྱལ་བའི་མཇལ་ཕྱག་ཞུས་ཟིན་འཕྲལ།མུ་མཐུད་གླིང་སྐོར་ནས་རྫོང་རྒྱབ་ཀླུ་ཁང་དུ་བསྐྱོད་པ་དང་།དེ་བཞིན་ཉིན་དེར་ལྷ་སའི་མང་ཚོགས་རྣམས་ཀྱང་གཟབ་མཆོར་གང་རྒྱས་ཐོག་ཚང་མས་དཀར་ཟས་ལས་དམར་ཟས་མི་ཟ་བར་གླིང་སྐོར་བརྒྱུད་ཀླུ་ཁང་དུ་སྔོན་ཚུད་ནས་འདུ་འཛོམས་ཀྱིས་ཀླུ་ཁང་ལ་བསང་གཏོང་བ་དང་། ཀོ་གྲུ་བཏང་ནས་སྐོར་བ་རྒྱག་པ། གླུ་གར་རོལ་རྩེད་ཅི་དགར་རོལ་བ་བཅས་ཀྱིས་ཀླུ་རྣམས་དགའ་བའི་ཆོ་ག་ཡང་དག་པར་སྒྲུབ་ཀྱི་ཡོད།སྐབས་དེར་ནང་མའི་སྐྱིད་སྡུག་རྒྱུན་ལས་པ་རྣམས་ནས་ཀོ་གྲུར་བསྡད་དེ་ནང་མ་དང་སྟོད་གཞས་ཀྱི་གླུ་དབྱངས་སྙན་ཞིང་འཇེབས་པ་དག་སྐད་གསང་མཐོན་པོས་བླངས་ཏེ་ཀླུ་ཁང་ལ་སྐོར་བ་གསུམ་བསྐྱོད་པ་དང་། བཀའ་ཤག་དྲུང་རིགས་ཀླུ་ཁང་གཟིམ་ཆུང་དུ་འབྱོར་ནས་གྲལ་འཁོད་ཟིན་འཕྲལ། ནང་མའི་སྐྱིད་སྡུག་དག་ཀྱང་ཀླུ་ཁང་མདའ་གཡབ་འོག་ཏུ་གྲལ་ལ་འཁོད་དེ་སྟོད་གཞས་ནང་མའི་རོལ་མོ་ཁག་གཏོང་བ་ཡིན། དེ་ཉིན་ཞོལ་གཉེར་ཞེས་པ་པོ་ཏ་ལའི་མདུན་ཕྱོགས་ལྷ་ས་ཞོལ་ཁུལ་གྱི་དོ་དམ་ལས་ཁུངས་ཤིག་ཡོད་པ་དེས་དཀར་ཟས་གྱི་སྟོན་མོ་རྒྱ་ཆེ་བཤམས་དགོས་པ་བཞིན།བཀའ་ཤག་འཁོར་ བཅས་གསོལ་སྟོན་མཛད་སྒོ་ཟིན་འཕྲལ། བཀའ་ཤག་དང་ཞོལ་གཉེར་ལས་ཁུངསསོ་སོས་རོལ་མོ་མཁན་དག་ལ་ལེགས་སྐྱེས་གནའ་སྲོལ་ལེགས་དར་རེ་དང་དངུལ་ཤོག་ཆག་སྤྲད་ཟིན་འཕྲལ། བཀའ་ཤག་འཁོར་བཅས་མུ་མཐུད་གླིང་སྐོར་དུ་སྐྱོད་པ་དང་།ནང་མའི་སྐྱིད་སྡུག་ཀྱང་ཀོ་གྲུར་བསྡད་དེ་མང་ཚོགས་དང་སྤྲོ་སྐྱིད་མཉམ་གཏོང་གིས་གླུ་གར་རྣམ་ཐར་རང་དགར་གཏོང་བ་སོགས་དེ་ཉིན་རྫོང་རྒྱབ་ཀླུ་ཁང་ནང་ཧ་ཅང་འཁྲུག་ཆ་དོད་ལ་འདུ་ལོངས་ཟང་ཟིང་གི་རྣམ་པས་ཁེངས་ནས་འོང་། དེ་ཡང་། དཀོན་མཆོག་མཆོད་ཕྱིར་འདུས་པ་དང་། །ཕན་ཚུན་བལྟ་ཕྱིར་འདུས་པ་དང་།།ཕུན་སུམ་ཚོགས་པ་མཐོང་བའི་ཚེ། །མཁས་པས་རོལ་མོ་བརྩམ་པར་བྱ། །ཞེས་གསུངས་པ་ལྟར་རོ།།
གསུམ་པ། འཛམ་གླིང་སྤྱི་བསང་།
བོད་ཟླ་༥ཚེས་༡༥ཉིན་འཛམ་གླིང་སྤྱི་བསང་ཞེས་ལྷ་ཆེན་ཁག་གི་དུས་མཆོད་ལ་མང་ཚོགས་རྣམས་ལྷ་སའི་ཉེ་འཁོར་གྱི་རི་ཆེན་བཞི་སྟེ། དགེ་འཕེལ་དབུ་རྩེ་དང་། ཇོ་མོ་སིལ་སིལ། སྨིན་དྲུག་རྫ་རི།བུམ་པ་རི་བཅས་ལ་ཞོགས་པ་ཉི་ཤར་ཙམ་ལ་རླུང་དར་འཛུགས་པ་དང་བསང་གསོལ་བྱེད་པ། གཙུག་ལག་ཁང་གི་ཡང་སྟེང་དཔལ་ལྷ་ལྕོག་ལ་དར་འཛུགས་བསང་གསོལ་དང་འབྲེལ་གྲོང་ཁྱེརནངགི་བཙན་ཁང་ཁག་ལ་ལྷ་ཕབ་པ་དང་སོ་སོར་ཞལ་མཇལ་བསང་གསོལ་བྱས་རྗེས། གྲོང་མི་སོ་སོའི་སྐྱེས་ལྷ་དང་ཡུལ་ལྷ་ཁག་ལ་འཕྲིན་བཅོལ་གསོལ་མཆོད་བཏང་ཟིན་འཕྲལ། གྲོང་པ་ཁྱིམ་མཚེས་ཁག་མཉམ་སྡེབ་དང་ཡང་ན་དགའ་ཉེ་མཉམ་འཛོམས་ཀྱིས་དེ་ཉིན་ནས་བཟུང་ནང་ལ་ཁང་སྲུང་མི་རེ་གཉིས་བཞག་པ་ལས་དེ་བྱིངས་ཚང་མ་གླིང་གར་གནས་སྤོས་ཏེ་གུར་ཕུབ་ནས་སྡོད་པ་དང་།སྐབས་དེར་ཉིན་ཁ་ཤས་ཀྱི་སྔོན་ནས་གུར་ས་ཟིན་ན་མ་གཏོགས་སྐབས་མཚམས་གུར་འབུབས་ས་མེད་པ་ལྟར་གླིང་ག་ཁག་ཁེངས་ནས་སྡོད་པ་ཡིན།དེ་ལྟར་བདུན་ཕྲག་གཅིག་གམ་བདུན་ཕྲག་གཉིས་ཡང་ན་ཟླ་གཅིག་ཙམ་གླིང་གར་སྡོད་པ་ཡིན། དེའི་རིང་ནང་མའི་སྐྱིད་སྡུག་ལ་གདན་ཞུ་མང་དྲགས་ནས་མ་ཐོབ་ཤིག་ཤིག་དང་མ་ལྕོགས་པ་ལྟར་ཡོད། འོན་ཀྱང་དགེ་རྒན་རྣམ་རྒྱལ་ལ་གདན་ཞུ་འབྱོར་རྗེས་ཉེ་རིང་ལ་མ་ལྟོས་པར་ཚང་མའི་འདོད་པ་ཁེངས་གང་ཐུབ་གནང་ཡང་རྗེས་མ་དེ་དག་ལ་ནང་མའི་སྐྱིད་སྡུག་ཐོབ་དཀའ་བ་ཡིན། དེ་ཡང་འཛམ་གླིང་སྤྱི་བསང་རིང་གླིང་ག་གཏོང་ཡུལ་ལྷ་སའི་ཤར་ཕྱོགས་ཇོ་བོ་རག་རྒྱག་ནས་ཆབ་རྫིང་གླིང་ག་དང་། དྲུང་སྤྱི་གླིང་ཀ ཞི་བདེ་གླིང་ག ཉི་གཞོན་གླིང་ག རྨེ་རུ་གླིང་ག རྡོ་རོག་གླིང་ག ཕྱག་མཛོད་གླིང་ག གཉེར་ཚང་གླིང་ག་ནས་རྒྱའུ་གླིང་ག་དང་། ཁྲལ་བདེ་གླིང་གརྩེ་དྲུང་གླིང་ག འཇག་མ་གླིང་ག་བཅས་དང་། ཤར་ཕྱོགས་དཀྱིལ་ཁུལ་ཕ་ལྷ་གླིང་ག ཟུར་ཁང་གླིང་ག དཔལ་ལྷའི་མཚོ་འཁོར། དེའི་བྱང་ཤར་ཙམ་ལ་ཀརྨ་ཤག་གླིང་ག གླིང་ག་གསར་པ་ཀརྨ་དགོན་གསར་གླིང་རྒྱུད། གྲོང་ཁྱེར་བྱང་རྒྱུད་ལ་གཤོངས་དགའ་གླིང་ག གྲྭ་བཞི་གླིང་ག དབང་ཆེན་གླིང་ག བཅས་སུ་ཡིན་པ་དང་། ཞོལ་པ་བ་རྣམས་གླིང་ག་གཏོང་ཡུལ་རྫོང་རྒྱབ་ཀླུ་ཁང་དང་།བཞུགས་ཁྲི་གླིང་ག(མི་དམངས་སྲིད་གཞུང་གནས་ཁུལ་)ཀུ་ཤུ་གླིང་ག་(རྒྱང་བསྒྲགས་ལས་ཁུངས་)སྦྱར་རག་གླིང་ག བདེ་སྐྱིད་གླིང་ག་སོགས་སུ་ཡིན། སྐབས་དེར་གོང་གསལ་གླིང་ག་ཁག་གི་ནང་ནང་མའི་སྐྱིད་སྡུག་ཡོད་སའི་གུར་གྱི་མཐའ་འཁོར་དུ་ལྟད་མོ་བ་འཚང་ག་ཤིག་ཤིག་ཏུ་སྡོད་པ་ཙམ་མ་ཟད། གཞན་གྱི་གུར་དག་གི་ནང་ལའང་སྒྲ་སྙན་དང་། པི་ཝང་། གླིང་བུ་སོགས་ཀྱི་སྒྲས་ཁེངས་པ་དང་འགའ་ཞིག་གིས་རྣམ་ཐར་དང་།སྐད་པར་བན་ཙེ་གཏོང་བ་སོགས་རོལ་རྩེད་ཀྱི་སྐད་སྒྲས་ཟང་ཟིང་གི་དུས་འདའ་བར་བྱེད། དེ་ཡང་རོལ་མོའི་བསྟན་བཅོས་ལས། །གང་ན་ཐོད་དང་སྐྲ་གསར་དང་།།གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། །དེས་ན་རོལ་མོ་བསྔགས་པ་ཡིན། །ཞེས་གསུངས་ པ་ལྟར་རོ། །
བཞི་པ། ཞོ་སྟོན་ཨ་ལྕེ་ལྷ་མོ།
བོད་ཟླ་༧ཚེས་༡ཉིན་ནས་ནོར་གླིང་དུ་ཞོ་སྟོན་ཨ་ལྕེ་ལྷ་མོ་གཟིགས་འབུལ་འགོ་ཚུགས་ཀྱི་ཡོད། དེ་ཡང་ནོར་གླིང་ཞོ་སྟོན་ལྷ་མོ་དར་ཚུལ་སྐོར་ལ་ཤོད་སྲོལ་འདྲ་མིན་འགའ་འདུག་ཀྱང་།དེ་སྔའི་སྲིད་རྙིང་སྐབས་ཀྱི་ཡིག་ཆའི་ནང་གསལ་བར་གཞིགས་ན་ས་སྤྲེལ་ཏེ་སྤྱི་ལོ་༡༨༤༨ལོར་ནོར་གླིང་བསྐལ་བཟང་ཕོ་བྲང་གི་དབུ་གཡབ་གཟིམ་ཆུང་གསར་རྒྱག་གནང་སྟེ།དེའི་ཕྱི་ལོ་ནས་གཟིམ་ཆུང་ཆབ་བཞུགས་རྗེས་འབྲེལ་ཆོས་རྭའི་ནང་གར་རོལ་རྩེད་འཇོའི་གཟིགས་མོ་འཁྲབ་སྟོན་ཞུས།འདི་ནི་ནོར་གླིང་དུ་ཞོ་སྟོན་གཟིགས་མོའི་སྲོལ་ཐོག་མ་དེ་ཡིན་ཅིང་། དེ་ནས་བཟུང་ཇེ་རྒྱས་སུ་ཕྱིན་ཏེ་ལོ་ལྟར་ནོར་གླིང་ཞོ་སྟོན་ཞེས་ཨ་ལྕེ་ལྷ་མོ་བ་རྣམས་ནས་ཟློས་གར་དང་སྐབས་རེ་རྨེ་རྩ་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་རྨེ་རུ་སྤོངས་སངས་སྐབས་ནོར་གླིང་ཕོ་བྲང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འཁྲབ་སྟོན་བྱེད་པ་སོགས་ཀྱི་སྲོལ་འཛུགས་མཛད་དེ་མི་མང་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་འགོད་པའི་ཐབས་ཚུལ་བླ་ན་མེད་པ་འདུ་མཛད་ཅེས་བྱུང་བ་ལྟར་ནོར་གླིང་ཞོ་སྟོན་དར་ནས་ད་ཕན་ལོ་ངོ་༡༤༥ཙམ་ལས་ཕྱིན་མེད།དེ་ཡང་ཞོ་སྟོན་སྐབས་ལ་ལྗོངས་རྫོང་ཁག་གི་དམངས་ཁྲོད་ཨ་ལྕེ་ལྷ་མོ་ཚོགས་པ་ཁག་འགའ་ཤས་ལྷ་སར་ཡོང་དགོས་ཀྱང་།ནོར་གླིང་དུ་ཐོག་མར་གཟིགས་ཕུད་ཙམ་ལས་གཞུང་འཁྲབ་མ་དགོས་པར་ལྷ་མོའི་ཚོགས་པ་ཆེ་ཁག་བཞི་སྟེ་གཅུང་རི་བོ་ཆེའི་(ངམ་རིང་རྫོང་ཁོངས)ཨ་ལྕེ་ལྷ་མོ་དང་།རྒྱལ་མཁར་ཆོས་རྫོང(རིན་སྤུངས་རྫོང་ཁོངས)ལྷ་མོ་ཚོགས་པ། ཤངས་པ་(ཤངས་རྣམ་གླིང་རྫོང་ཁོངས)ལྷ་མོ་ཚོགས་པ། སྐྱོར་ལུང་(ལྷ་ས་ནུབ་ཕྱོགས་གདོང་དཀར་རྫོང་ཁོངས) ལྷ་མོ་ཚོགས་པ་བཅས་ཡིན་ཞིང་།ལྷ་མོ་ཚོགས་པར་ས་གནས་སོ་སོར་ཁྲལ་རྟེན་ས་ཞིང་ཡོད་ཀྱང་། སྐྱོར་ལུང་ཨ་ལྕེ་ལྷ་མོ་བ་ཐོག་མའི་འབྱུང་ཁུངས་ལོ་རྒྱུས་ཐོག་སྐྱོར་ལུང་ནས་ཡིན་པ་ཙམ་ལས་ཁྲལ་རྟེན་ས་ཞིང་མེད་པར་ཕྱིས་ཕྱོགས་མཐའ་དག་གི་མི་སྣ་རང་མོས་ཀྱིས་ཚོགས་ཁོངས་ཞུགས་པ་དང་།རྒྱུན་དུ་རྫོང་ཁག་ས་གནས་གང་སར་འཁྱམས་འཁྲབ་བྱས་པ་ཡིན་སྟབས་འཚོ་བའང་གང་ཡག་ཡོད་ལ། ལྷ་མོའི་འཁྲབ་རྩལ་དང་སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཙམ་ཡོད་ཅིང་།ལྷག་པར་རྭ་སྒྲེང་རྒྱལ་ཐོག་ནས་བཟུང་ཕྱོགས་མཐའ་དག་ནས་རྣམ་ཐར་གྱི་སྐད་གཤིས་ལེགས་པའི་མི་སྣ་ཡོད་ཕྱིན།སྐྱོར་ལུང་ཨ་ལྕེ་ལྷ་མོའོ་ཚོགས་པ་ནས་ལྷ་མོ་ཚོགས་པའི་དོ་དམ་རྩེ་ཕྱག་ལས་ཁུངས་སུ་སྙན་ཞུ་བྱས་རྗེས་མི་སྣ་བསྡུ་འགུགས་ཆོག་པ་བྱུང་བ་དེས་ཀྱང་ཁོ་ཚོའི་མི་སྣའི་སྤུས་ཚད་ཀྱི་ཆ་རྐྱེན་དང་སྒྱུ་རྩལ་གྱི་རྣམ་པ་ཡག་ཏུ་གང་འཚམས་སོང་བ་དང་། དུས་ད་ལྟའང་ལྗོངས་ལྷ་མོ་ཚོགས་པའི་ནང་སྐྱོར་ལུང་ལྷ་མོའི་འཁྲབ་སྲོལ་དང་རྣམ་ཐར་གཏོང་སྲོལ་སོགས་རྒྱུན་འཛིན་གོང་འཕེལ་བྱུང་ངོ་།། རྒྱལ་མཁར་ཆོས་རྫོང་གི་ཨ་ལྕེ་ལྷ་མོའི་ཚོགས་པ་འདིས་གཏམ་རྒྱུད་ཀྱི་ཟློས་གར་ཁ་ཤས་འཁྲབ་སྲོལ་ཡོད་ཀྱང་། མཆོག་ཏུ་གྱུར་པའི་འཁྲབ་སྲོལ་ནི《ཆོས་རྒྱལ་ནོར་བཟང》ཞེས་པ་དེ་ཡིན་ཞིང་། རྒྱལ་མཁར་ཆོས་རྫོང་པས་འཁྲབ་གཞི་དེ་གཞིར་བཟུང་ནས་ཁོ་པ་ཚོའི་ཡུལ་སྐད་དང་འབྲེལ་བ་བྱས་ཏེ་རྣམ་ཐར་གཏོང་སྐབས་བཅད་ལྷུག་སྤེལ་མའི་ཐོག་ནས་དབྱངས་སྦྱོར་བྱས་སྟབས་ཚིག་དོན་གོ་བདེ་ལ་རྟ་དབྱངས་ཧ་ཅང་སྙན་འཇེབས་ལྡན་པ་ཞིག་ཡོད། ལྷག་པར་རྣམ་ཐར་གཏོང་སྲོལ་ཐད་ལ་རྒྱལ་མཁར་ཆོས་རྫོང་པར་གནའ་བོའི་གདངས་ཉམས་ཤིག་ཡོད་པས་བགྲེས་གྲས་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད། དེ་ཡང་ཁོང་ཚོའི་སྐད་གཤིས་ཕོ་སྒྲ་བརྗིད་ལ་ངར་བས་དཔའ་བའི་ངག་གི་ཉམས་དང་ལྡན་པ་དང་། མོ་སྒྲ་ཕྲ་ཞིང་འདར་བས་སྙན་ཞིང་འཇེབས་པའི་ང་རོས་དྲངས་པ། མ་ནིང་འགྱུར་ཞིང་མཉེན་པས་གྲེ་འགྱུར་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད། དེ་བཞིན་གོང་གསལ་ལྷ་མོ་ཚོགས་པ་སོ་སོར་ས་གནས་ཀྱི་ཁྱད་ཆོས་སམ་གྲུབ་མཐའ་རེ་ཡོད་ཀྱང་དེ་འདྲའི་རྒྱུ་མཚན་ཤེས་མཁན་མེད་པའམ་འགན་འཁུར་ནས་ཞིབ་འཇུག་བྱེད་མཁན་དཀོན་པ་དེ་ནི་བློ་ཕམ་དགོས་པ་ཞིག་རེད། ངས་གོང་དུ་ནང་མའི་སྐྱིད་སྡུག་ངོ་སྤྲོད་ཞུ་བ་དང་སྦྲགས་ཞོ་སྟོན་ལྷ་མོའི་སྐོར་རགས་ཙམ་ཞུ་བར་ཐལ་བ་ནི།གཅུང་རི་བོ་ཆེའི་ལྷ་མོ་ཚོགས་པས་འཁྲབ་གཞུང་གི་བར་གསེང་ལ་སྒྲ་སྙན་འཁྱེར་ནས་སྟོད་གཞས་འདྲ་མིན་གཏོང་བ་དེར་ལྷ་སའི་མང་ཚོགས་ཀྱིས་དགའ་པོ་བྱེད་པ་ལྟར།དགེ་རྒན་རྣམ་རྒྱལ་ལ་ཞོ་སྟོན་ལྷ་མོར་གཟིགས་པའི་སྤྱན་མེད་ཀྱང་།གཅུང་པ་བའི་སྟོད་གཞས་རྣ་བའི་བུ་རམ་ལྟ་བུར་གྱུར་སྟབས། མི་ཚོགས་ཀྱི་ཁྲོད་དུ་བསྡད་དེ་ཉན་པ་དང་། དེར་ཞིབ་འཇུག་གིས་བཅོས་སྒྲིག་བྱས་ཏེ་ལྷ་སའི་སྟོད་གཞས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཏུ་སྒྱུར་གནང་མཛད་པ་དེ་ལྟར་ལགས།
ལྔ་པ། དབྱར་སྐྱིད་ཁག
ལྷ་སར་ཞོ་སྟོན་གཟིགས་མོ་ཟིན་རྗེས་ལས་ཁུངས་ཁག་གིས་གཙོས་དབྱར་སྐྱིད་གཏོང་འགོ་ཚུགས་པ་ལྟར། བཀའ་ཤག་དབྱར་སྐྱིད་དང་། ཡིག་ཚང་དབྱར་སྐྱིད། རྩེ་དྲུང་དབྱར་སྐྱིད།དྲུང་སྤྱིའི་དབྱར་སྐྱིད། རྩེ་ཤོད་ཕྱག་མཛོད་དབྱར་སྐྱིད།གཉེར་ཚང་ལས་ཁུངས་དབྱར་སྐྱིད་སོགས་རིམ་བཞིན་ཉིན་བདུན་གཅིག་རིང་ཞོགས་པ་ལས་ཁུངས་ཚུགས་པ་དང་ཉིན་གུང་ནས་གླིང་གར་སྐྱོད་ཀྱི་ཡོད། དེའི་རིང་ནང་མའི་སྐྱིད་སྡུག་གདན་ཞུས་ལྟར་རྒྱུན་ལས་མི་གྲངས་བཅུ་སྐོར་འགྲོ་བ་ཡིན་ལ་ནང་མའི་སྐྱིད་སྡུག་རང་ཉིད་ལ་ཡོང་འབབ་ཆེན་པོ་ཡོང་གི་ཡོད། དྲུང་སྤྱི་དབྱར་སྐྱིད་ཉིན་ལྔ་པའི་དགོང་དྲོ་ནང་མའི་སྐྱིད་སྡུག་ནས《ས་གཞི་ལས་མོའི་》 ནང་གསེས་ལས《རྡོ་རྗེ་གླིང་གེ་ཨ་ཅག་ལགས་》ཞེས་པའི་ཞབས་བྲོ་ཞིག་འཁྲབ་སྲོལ་འདུག་པས་དེའི་སྐོར་གཤམ་དུ་ཞུ་རྒྱུདང་། གོང་གསལ་གླིང་ག་རྣམས་གྲོལ་ཟིན་འཕྲལ། བོད་ཟླ་བརྒྱད་པའི་ཚེས་ཤར་ཙམ་ནས་བཟུང་ནང་མའི་སྐྱིད་སྡུག་གི་དབྱར་སྐྱིད་ཚུགས་པ་དང་ཉིན་བདུན་རིང་ཉི་གཞོན་གླིང་ག་དང་ཆབ་རྫིང་གླིང་ག་གང་རུང་ལ་ཐུགས་སྤྲོ་གཏོང་བ་ཡིན། དེ་ཡང་དུས་ཆོད་ཚེས་གྲངས་གཏན་འཁེལ་རྗེས། སྤྱི་གཉེར་གཉིས་ནས་ཁོངས་མི་ཚོགས་གྲོགས་རྣམས་ལ་བརྡ་སྦྱོར་བྱེད་ཅིང་།ཚོགས་མི་སྐུ་དྲག་དང་ཚོང་རིགས་ཁག་ཚོས་སོ་སོའི་འབྱོར་པར་གཞིགས་པའི་གྲོ་ཞིབ་དང་།འབྲས། སྒོ་ང་། དངུལ་སོགས་སྤྱི་གཉེར་སར་སྐྱེལ་བ་དང་། ཚོགས་མི་རྒྱུན་ལས་པ་དང་འབྱོར་ཞན་ཚོས་འཐུ་ཆ་མ་དགོས་པར་རྒྱན་གསོག་དངུལ་བེད་སྤྱོད་བྱེད་པ་ཡིན། དབྱར་སྐྱིད་ཚུགས་རྗེས་བདུན་གཅིག་རིང་ཉིན་དགུང་གོང་ལ་ཚང་མ་གླིང་གར་འཛོམས་ཐུབ་པ་བྱེད་དགོས་ལ་དེ་ནས་འགྱངས་ཚེ་ཆད་དངུལ་སྲང་གང་ཞོ་ལྔ་རེ་སྤྲོད་དགོས་པ་དང་།དགུང་ཟས་རྗེས་མཉམ་སྡེབ་ཀྱིས་རོལ་ཆ་དང་། སྟོད་གཞས། ནང་མ་སོགས་བཏང་རྗེས་རང་མོས་ཀྱིས་ཆུ་བརྒལ་བ་དང་། ཤོ་སྦག་རྒྱག་པ། རོལ་ཆ་རེ་རེ་གཉིས་གཉིས་བྱས་ཏེ་གཏོང་བ་བཅས་བྱེད་ཀྱི་ཡོད། དགོང་ཟས་རྗེས་གཞས་མ་རེ་གཉིས་ཀྱིས་ཆང་འཐུང་བ་ལས་དེ་བྱིངས་ཚང་མས་ཆང་འཐུང་གི་མེད་ལ་དགེ་རྒན་རང་ཉིད་ཀྱང་ཆང་འཐུང་མཁན་ལ་མི་དགའ་བ་གནང་གི་ཡོད། ཕལ་ཆེར་ལྷ་སའི་དགོང་དྲོའི་ཆུ་ཚོད་བདུན་པ་ཙམ་ལ་ཚང་མས་རོལ་ཆ་ཉན་བཞིན་གླིང་ག་ནས་ཤར་རྒྱག་བར་སྐོར་དུ་འགྲོ་བ་དང་། སྐབས་རེ་སྐར་མ་རྀ་ཥྀ་འཆར་བ་དང་སྟབས་འཁེལ་བས་ཆུ་བརྒལ་གླིང་གཏོང་བྱེད་མཁན་མང་ཚོགས་མང་པོ་ཡོད་པས་ཁོང་ཚོ་ཡང་རོལ་ཆ་ཉན་བཞིན་བར་སྐོར་ལ་མཉམ་སྐྱོད་ཀྱིས་སྐབས་རེ་གཞས་གང་ཞིག་གཏོང་དགོས་ཀྱི་རེ་སྐུལ་ཡང་བྱེད་ཀྱི་ཡོད། དོང་རྩེའི་ཟུར་དང་། གསུང་ཆོས་ར་བ། ཇོ་བོ་དབུ་སྐྲའི་རྡོ་གཅལ་བཅས་སུ་ཞབས་བྲོ་རེ་གཉིས་རྒྱག་ཅིང་ཇོ་བོར་བསྟོད་པའི་སྟོད་གཞས《རྒྱལ་མཚན་རི་》ཞེས་པ་བཏང་རྗེས།མུ་མཐུད་བར་སྐོར་དུ་བསྐྱོད་ནས་བྱང་རྒྱུད་ཀཀྞི་སྐོ་བཞི(ཁྲོམ་གཟིགས་ཁང་དུ་འགྲོ་ལམ་དེར་ཡིན)དགའ་ལྡན་དར་ཆེན། དོང་རྩེའི་ཟུར་བཅས་ལ་ཞབས་བྲོ་བརྒྱབ་སྟེ་ཁུངས་སོ་སོར་ལོག་གི་ཡོད། གླིང་ག་ཉིན་ལྔ་པའི་ཉིན《ས་གཞི་ལས་མོ་》ཞེས་ནང་མའི་གཞས་དང་ཞབས་བྲོ་ཁག་གཅིག་འཁྲབ་སྲོལ་འདུག་པས་དེའི་ནང་དོན《ཚངས་དབྱངས་རྒྱ་མཆོའི་གསུང་མགུར》ལས། བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡར་དང་། །ཐག་རིང་རྒྱང་ནས་མི་འགྲོ།།ལི་ཐང་བསྐོར་ནས་སླེབས་ཡོང་། ། བྱ་དེ་གནམ་ལ་འཕུར་སོང་། །སྒོ་ང་ས་ལ་ལུས་སོང་། །བྱ་ཆེན་ཐུགས་བསམ་ཡོད་ན། །དགུང་ལ་གཡས་སྐོར་སྐྱོན་དང་།།ཞེས་ནང་མ《བྱ་ལ་བྱ》ཟེར་བ་དེ་འཁྲབ་སྟོན་བྱེད་པོ་ནི་བགྲེས་སོང་ཨོག་ཚོམ་ཅན་ཞིག་གི་གཟུགས་སུ་བཅོས་པ་ཞིག་ཡིན་དགོས། དེ་དང་ཆབས་ཅིག《ཁྲུང་ཁྲུང་ཤོན་རྩེད》དམ《ཁྲུང་ཁྲུང་ཞབས་བྲོ》ཞེས་ཤོག་བུ་དང་སྙུག་མ་ལས་བཟོས་པའི་ཁྲུང་ཁྲུང་ཆ་གཅིག་མཉམ་ཐོན་གྱིས་རོལ་མོའི་གདངས་དང་བསྟུན་ནས་གཤོག་འགྱུར་དང་རྐང་པའི་སྟངས་སྟབས་བྱེད།དེའི་རོལ་གདངས་གཤམ་གསལ་ལྟར་ཡིན།
ཁྲུང་ཁྲུང་མགོ་འཇོག
ཞེས་བསྐྱར་ཟློས་བཞི་ཙམ་བྱེད་པ་ནི་ཐོག་མར་དལ་ཙམ་ནས་འགོ་ཚུགས་ཤིང་།དེ་ནས་རིམ་བཞིན་མགྱོགས་སུ་བཏང་རྗེས《བྱ་ལ་བྱ》ཞེས་པའི་གཞས་དུམ་བུ་གཅིག་གཏོང་བ་དང་།ཡང་གོང་བཞིན་ཁྲུང་ཁྲུང་གི་ཞབས་བྲོ་རྒྱག་དགོས་པ་དང་། སླར་ཡང་གཞས་དུམ་བུ་གཉིས་པ་བཏང་རྗེས《སྐལ་བཟང་ཀྱོག་ཀྱོག》ཞེས་པའི་ནང་མའི་ཞབས་བྲོ་བརྒྱབ་སྟེ་ལན་གཅིག་མཇུག་བསྒྲིལ་བ་དང་དེའི་བར་ལ། ནང་མ《བྱ་ལ་བྱ》ཞེས་པའི་རོལ་གདངས་དང་ཚིག་སྦྱོར་གཏོང་སྲོལ་མགོ་འཇོག་གོང་གསལ་ཁྲུང་ཁྲུང་གི་ཞབས་བྲོ་རོལ་གདངས་མཇུག་ཤོས། ཞེས་པ་དེ་དལ་ཙམ་གཏོང་བ་དེས་འཐུས་པ་བྱས་ཏེ། དེ་ནས།
ཞེས་བཏང་རྗེས་གོང་བཞིན་ཁྲུང་ཁྲུང་མགོ་འཇོག་ཐེངས་གཉིས་གཏོང་བ་དང་།ཡང་《བྱ་ལ་བྱ》ཤོ་ལོ་ཀ་གཉིས་པའི་གཞས་ཚིག་བཏང་རྗེས།ནང་མའི་ཞབས་བྲོ་《སྐལ་བཟང་ཀྱོག་ཀྱོག》བརྒྱབ་འཕྲལ་《ཁྲུང་ཁྲུང་མགོ་འཇོག》ཐེངས་ཁ་ཤས་གཏོང་མུར་ལོག་འགྲོ་བ་ཡིན།
དེ་རྗེས་《རྨ་བྱ་མགོ་འཇོག》ཅེས་རྨ་བྱའི་ཤོན་རྩེད་དེ་རྨ་བྱས་མེ་ཏོག་བུམ་པ་ལེན་པའི་ཞབས་བྲོ་ཡིན།དེའི་རོལ་འདངས་གཤམ་གསལ།
ཞེས་རྨ་བྱ་འཁྲབ་ཟིན་འཕྲལ། བགྲེས་སོང་དེས་ནང་མ་《རྒྱ་གར་ཤར》ཞེས་པའི་གཞས་དང་ཞབས་བྲོ་བརྒྱབ་ནས་ལན་གཅིག་མཇུག་རྫོགས་པར་བྱེད། 《རྡོ་རྗེ་གླིང་གི་ཨ་ཅག་ལགས》ཞེས་པའི་གླུ་གར་དེའི་རྐང་ལག་སྟངས་སྟབས་ནི་རྒྱ་གར་གྱི་ཞབས་བྲོ་འདྲ་པོ་ཡོད་ལ།གཞས་གདངས་ནི་ཤར་པའི་གཞས་གདངས་དང་འདྲ་པོ་འདུག ཐོག་མར་འཁྲབ་སྟོན་པ་གཞས་མ་དགེ་རྒན་ཨ་ཅག་ཡེ་ཚ་ཡིན་ལ། རྗེས་སུ་གཞན་མཁན་བསོད་ནམས་སྐྱིད་འཛོམས་ཡིན་ཞིང་གནའ་བོའི་བུད་མེད་ཀྱི་རྒྱན་གོས་ཆ་ཚང་གྱོན་དགོས་ཀྱི་འདུག དེའི་རོལ་གདངས་གཤམ་གསལ།
ཞེས་ཡང་སྐོར་བསྐྱར་སྐོར་གྱིས་རྒྱ་གར་སྐད་འདྲ་བའི་གཞས་ཚིག་ཁ་ཤས་གཏོང་གི་འདུག་ཀྱང་ངས་དུམ་བུ་འདི་ལས་གཞན་རྣམས་མ་ངེས་ཐོག་ཁྱད་མཚར་ཙམ་ལས་ལོ་རྒྱུས་དང་ནང་དོན་ལ་ཞིབ་རྩད་མ་བྱས་ཀྱང་ཤྲི་མ་ཞེས་པར་གཞིགས་ན་མཛངས་མའི་དོན་ཞིག་མེད་དམ་སྙམ། རྗེས་སུ་ངས་རྒྱ་གར་ཁུལ་དུ་བསྐྱོད་ཞོར་རྡོ་རྗེ་གླིང་དུ་(ཧིན་རྡུའི་ཁོངས་སུ་ཡོད)ཕྱིན་པ་ཡིན།དེར་བོད་རིགས་མང་པོ་འདུག་པས་དུས་མཆོད་སྐབས་བུད་མེད་ཚོས་ཆས་གོས་དེ་རང་གྱོན་འདུག་པས་དེ་ཁུལ་གྱི་གནའ་བོའི་དམངས་གཞས་ཤིག་ཡིན་ཚོད་འདུག འཁྲབ་སྟོན་བྱེད་སྐབས་གཞི་རྐང་བོད་ཀྱི་བུད་མེད་ཚོའི་མགོ་བོར་སྤ་ཕྲུག་ཟུར་གསུམ་གྱོན་པ་དང་དཔུང་སྟེང་ནས་གྲུའུ་ཙེ་ཚལ་ཁའི་ཁ་དཀྲིས་རིང་མོ་ཞིག་གི་སྣེ་གཉིས་ལག་གཉིས་ཀྱི་ཟིན་ནས་ལག་པའི་སྟངས་སྟབས་བྱེད་བཞིན་གཞས་གཏོང་བཞིན་ཞབས་བྲོ་འཁྲབ་ཀྱི་འདུག《ས་གཞི་ལས་མོ》ཞེས་པའི་གཞུང་ནི་དེ་ཙམ་ཞིག་ལགས།
གླིང་ག་ཉིན་བདུན་པ་སྟེ་མཇུག་ཤོས་དེ་ཉིན་ནང་མའི་སྐྱིད་སྡུག་གི་ལོ་འཁོར་རྩིས་རྒྱག་ཡིན་པས། ལོ་དེར་སྦྱིན་བདག་ཁག་ནས་གནང་སྦྱིན་ལེགས་སྐྱེས་དངུལ་འབབ་དང་། སྤྱི་དངུལ་བྱུང་སོང་སྤྱི་གཉེར་གཉིས་ནས་རྩིས་ཁྲ་ཁམས་དྭངས་བཏོན་པ་དང་།སྤྱེ་གཉེར་ལོ་རེ་བཞིན་འདེམས་དགོས་པས། གསར་པར་རྩིས་སྤྲོད་སྐབས་རྙིང་པ་གཉིས་ལ་ཁ་བཏགས་གཡོགས་པ་དང་། གསར་པ་གཉིས་ལ་ལག་དེབ་རྩིས་སྤྲོད་བྱེད་པ་དང་སྦྲགས་ཁ་བཏགས་རེ་གཡོགས་སྲོལ་འདུགསྤྱི་གཉེར་གསར་པ་བསྐོ་གཞག་བྱེད་སྐབས་འ་མན་རི་(ཧུད་རིགས་)ལོ་ལྟར་རང་འཇགས་བྱེད་རྒྱུར་ཚང་མས་རེ་འདུན་བྱེད་པ་བཞིན་ཁོ་རང་རང་འཇགས་གནས་ཀྱི་འདུགདེ་བཞིན་ནང་མའི་སྐྱིད་སྡུག་གི་སློབ་སྦྱོང་གླེང་ན།རྒྱུན་དུ་དགེ་རྒན་རྣམ་རྒྱལ་ལགས་ཀྱི་བཞུགས་སར་རེས་གཟའ་ཉི་མ་ནས་ཉིན་ལྟར་རོལ་མོ་སློབ་སྦྱོང་བྱེད་མཁན་ཡོད་ལ། རེས་གཟའ་སྤེན་པའི་ཉིན་སྔ་དྲོ་སྦྱོང་ཚན་རྒྱུགས་ལེན་ཐོག་དགོང་དྲོ་རང་མོས་ཀྱིས་དགེ་རྒན་གྱི་སར་རོལ་མོ་མཉམ་སྡེབ་གཏོང་བ་ཡིན། ནམ་རྒྱུན་དགེ་རྒན་རྣམ་རྒྱལ་གྱིས་དགེ་རྒན་གཞོན་པ་ཚོར་སོ་སོའི་རོལ་ཆ་ཆེད་ལས་ལ་གཞིགས་ནས་སློབ་ཕྲུག་རྩིས་སྤྲོད་གནང་གི་ཡོད། དེ་ཡང་གཏམ་དཔེར་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་རྐོ་མོག་ཆུ་ལ་མཉམ་འཐུང་ཟེར་བ་ལྟར་སྐྱིད་སྡུག་དེས་ཀྱང་མིང་དོན་མཚུངས་པའི་སྒོ་ནས་ཁོངས་མི་འགའ་ཤས་ཀྱི་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད།འོན་ཀྱང་དགེ་རྒན་རྣམ་རྒྱལ་(༡༨༩༤བར༡༩༤༢)སྐུ་ཚེ་འདས་རྗེས། སྒྲ་སྙན་དགེ་རྒན་བྷ་ཡེ་ཝ་ལི་(ཧུད་རིགས་)དང་གཞས་མ་བསོད་ནམས་སྐྱིད་འཛོམས། དལ་ཆིན་དགེ་རྒན་དལ་ཞོལ་ལི་(རྒྱ་རིགས་)ནང་མའི་གཞས་ཀྱི་དགེ་རྒན་ཨ་ཅག་ཡེ་ཚ(ཧུད་རིགས)སོགས་ཀྱང་སྔ་ཕྱིར་འདས་གྲོངས་སོང་བ་དང་། དེ་བཞིན་གཞུང་གཟན་ཁག་གཅིག་ཀྱང་ཕྱོཊ་ཁག་ལས་འཕོས་ཀྱིས་ང་རང་ཡང་གཙང་ཕྱོགས་སུ་འགྲོ་དགོས་བྱུང་། རྗེས་སུ་ནང་མའི་སྐྱིད་སྡུག་དེ་ཐོར་ཞིག་ལྟ་བུ་གྱུར་པ་དང་། སྲིད་གཞུང་གི་རྒྱུན་སྲོལ་བྱེད་སྒོ་ཁག་ལ་འ་མན་རིས་གྲོང་ཁྱེར་ནང་དུ་རོལ་མོར་དགའ་བ་འགའ་ཞིག་བསྡུ་རུབ་ཀྱིས་ཁྲལ་སེལ་ཙམ་བྱེད་པ་དང་།༡༩༣༨ལོར་དྭགས་པོ་སྐུ་རྣམ་རྫོང་ནས་ཚེ་རིང་རྡོ་རྗེ་ཞེས་པ་འབྲུམ་ནད་ཀྱིས་མིག་ལོང་བ་ཞིག་སླེབས་བྱུང་བ་དེས་སྒྲ་སྙན་ཐོག་དྭགས་པོའི་དམངས་གཞས་ཤེས་པ་ཙམ་ལས་ནང་མའི་གཞས་མི་ཐེས་ཀྱང་དེ་རྗེས་སྟོད་གཞས་ནང་མ་སོགས་སློབ་སྦྱོང་བྱས་རྗེས་འོས་འཚམས་ཤེས་འདུག་ཀྱང་ནང་མའི་སྐྱིད་སྡུག་ལ་ཞུཊ་ཐུབ་མ་སོང་། དེ་ནས་ཁོང་ཁམས་ཕྱོགས་སུ་ཕྱིན་ནས་ལོ་ཤས་རྗེས་ལོ་རབས་ལྔ་བཅུ་པའི་ནང་ལ་ལྷ་སར་ཡོང་ནས་ས་སྐྱ་ལཊ་ཟེར་བ་སོགས་ཀྱི་དགེ་རྒན་བྱས་པ་དང་འ་མན་རིས་གཙོ་སྐྱོང་བྱས་པའི་ཁོངས་མི་དེའི་ནང་ནས་དྲག་གྲས་སུ་གྱུར།སྐབས་དེར་ཁོང་ཚོར་རྒྱུན་ཚོགས་དང་སྤྱི་གསོག་སོགས་གང་ཡང་མེད་ལ། དུས་མཆོད་ཁག་ལ་མི་ལྔ་དྲུག་ཙམ་ལས་འཛོམས་མི་ཐུབ་པར་གྱུར། འོན་ཀྱང་ནང་མའི་སྐྱིད་སྡུག་ཅེས་པ་དེ་གོང་ས་ལྔ་པ་ཆེན་པོའི་དུས་ནས་ཡོད་པ་ཞིག་དང་། དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བསྩལ་བའི་ལག་དེབ་དམ་སྦྱར་མ་ཞིག་ཡོད་པ་དེ་གོང་ཞུས་ཟིན་པ་ལྟར། ནང་མའི་གཞས་ལ་ཡང་ལོ་རྒྱུས་ཡུན་རིང་ཙམ་ཡོད་པ་ནི་ཚད་ལྡན་དཔྱད་གཞིའི་ཡིག་ཆ་འགའ་ཤས་ལས་མཐོང་རྒྱུ་ཡོད་པ་དེ་ལྟར་ཡང་།བར་སྐབས་ཤིག་ནས་ཁ་ཅིག་གིས་ནང་མའི་གཞས་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་རྗེས་སུ་གཞི་ནས་དར་བ་ཞིག་ཡིན་པ་མ་གཏོགས་ཏཱ་ལའི་བླ་མ་ལྔ་པ་ཆེན་པོའི་དུས་སུ་ཡོད་པ་ཞིག་མིན་པར་དོན་ཁག་གཉིས་ཀྱི་ཐོག་ནས་གསལ་བཤད་བྱས་ཡོད་པ་སྟེ།གཅིག་ནི་《རྡོ་རིང་པཎྜི་ཏའི་རྣམ་ཐར》ལས་རྒྱ་ནག་འདི་ཀླུའི་རིགས་ལ་སོང་གཤིས་འབྱོར་པ་ཆེ་ཞིང་ལྟད་མོའི་རྣམ་གྲངས་མང་བ།ལྷག་དོན་རོལ་མོའི་བྱེ་བྲག་སྣ་ཚོགས་དེ་ཀུན་གདངས་འགྱུར་སྙན་ཞིང་ཤིན་ཏུ་ངོ་མཚར་ཆེ་བ་འདུག་སྟབས། དེ་སྔ་ཕན་བོད་དུ་མ་དར་བ་རྒྱའི་རོལ་དཔྱད་གྲས་དབང་པོ་ལག་པའི་དབྱིབས་ཅན་རྒྱ་སྐད་དུ་ཞིང་ཟེར་བ་ཡང་བརྔས་འཁྲི་འདྲ་བར་རྒྱ་སྐད་དུ་ཡན་ཆིན་ཟེར་བ་དེ་གཉིས་ཀྱི་སྐད་གནས་འཚོལ་ལུགས་ནས་བཟུང་གདངས་འགྱུར་གྱི་བར་སློབ་སྦྱོང་བྱེད་དུས་ཡན་ཆིན་གཏོང་ལུགས་ཧ་ལམ་ཤེས་པ་ནས་ཞིང་དུ་འབོད་པ་དེ་སློབ་འགོ་ཚུགས་ཙམ་ལ་ཁོ་བོ་འབྲུམ་པ་ན་ཞིང་དེ་མཇུག་བོད་དུ་ཕྱིར་ལོག་བྱེད་རན་གྱིས་བསླབ་འཕྲོར་ལུས་ཀྱང་དེང་དུས་བོད་དུ་མངའ་རིས་སྒྲ་སྙན་དང་ལྷན་ཅིག་རྒྱའི་ཡན་ཆིན་དང་འཕྲེད་གླིང་གཉིས་བཅས་ནས་གཏོང་གསོལ་ཐོག་མའི་ལག་འཁྲིད་ཀྱི་རྒྱུན་འཛུགས་པའི་བྱེད་པོ་ཁོ་བོ་ལགས་ཞིང་ཞེས་པ་དེ་ལུང་དུ་དྲངས་ནས་རྒྱས་བཤད་རྒྱས་གླེང་བྱས་ཡོད་པ་དང་། གཉིས་ནས་ནང་མའི་རོལ་དབྱངས་ཀྱི་སྒྱུ་རྩལ་འདིའི་ཐོག་ནས་མཚོན་པའི་འབྲེལ་ཡོད་བོད་ཀྱི་ལོ་རྒྱུས་གནས་ཚུལ་ལ་བལྟས་ན་《རྒྱ་གར་ཤར》ཞེས་པ་ནི་ནང་མའི་གླུ་གཞས་སྔ་ཤོས་ཤིག་ཡིན་པར་ངེས། གླུ་གཞས་འདིའི་ནང་སྐབས་དེའི་ས་གནས་སྲིད་གཞུང་གི་དཔོན་རིགས་རྣམས་ལ་བསྔགས་པ་བརྗོད་པའམ་དེ་རྣམས་ཀྱི་བསམ་བརྗོད་མཆོན་པར་བྱས་ཤིང་། ཆིང་རྒྱལ་རབས་ཀྱི་དཔོན་རིགས་རྣམས་དང་འདྲ་བར་རྨ་བྱའི་སྒྲོ་ཞིག དཔོན་པོའི་སྒྲོ་མདོངས་ཉན་པ། །རྨ་བྱ་གཅིག་ལས་མི་འདུག།ཅེས་པ་འདི་མདོར་བསྡུས་ན་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལ་མན་ཆིང་གོང་མས་རྨ་བྱའི་སྒྲོ་མདོངས་བསྩལ་བ་ལ་བརྟེན་ནས་གཞས་འདི་བརྩམས་པ་དང་། དེ་ཡང་ནང་མའི་གླུ་གཞས་སྔ་ཤོས་ཤིག་ཡིན་པར་བརྗོད་འདུགདེ་ལྟར་ཡིན་ན་ནང་མ་གསར་གཏོད་བྱེད་པོ་བསྟན་འཛིན་དཔལ་འབྱོར་རང་ཉིད་ཡིན་ལ།《རྒྱ་གར་ཤར》ཞེས་པའི་གཞས་རྩོམ་པ་པོ་ཡང་བསྟན་འཛིན་དཔལ་འབྱོར་རང་ཉིད་ཡིན་པས།རང་བསྟོད་རང་སྒྲོགས་ཀྱིས་གླུ་གཞས་དེ་ཐོག་མར་བརྩམས་པ་རེད་དམ། ལར་ནས་གོང་གསལ་གནད་དོན་ཁག་གཉིས་དེ་རྒྱུ་མཚན་དུ་བྱས་ནས་ནང་མ་ཁོང་གིས་གསར་གཏོད་བྱས་པ་རེད་ཟེར་ན།དེའི་ནང་དུ་ནང་མ་གསར་གཏོད་བྱས་པའི་སྐོར་གྱི་སྐད་ཆ་རྙེད་རྒྱུ་ལྟ་ཞོག ཁོང་གི་སྐུ་ཚེ་ཧྲིལ་པོའི་མཛད་པ་ཕལ་ཆེར་རང་རྣམ་ལ་བཀོད་ཡོད་པས་ནང་མ་གསར་གཏོད་བྱེད་པ་འདི་ནི་སྤྱིར་བཏང་ཞིག་མ་ཡིན་ཙང་ངེས་པར་དུ་རང་རྣམ་ནང་འཁོད་དགོས་པར་ངེས་ཀྱང་། འགོ་མཇུག་བར་གསུམ་གང་དུའང་མཐོང་རྒྱུ་མེད་པ་མ་ཟད། ཤོད་རྒྱུན་ཙམ་ཡང་མེད་བཞིན་དུ་གང་འདྲ་བྱས་ཏེ་གནམ་ནས་བབས་པ་རེད་དམ། གཞན་ཡང་ནང་མའི་གཞས་《རྒྱ་གར་ཤར》ཞེས་པ་དེའི་ཐོག་མའི་གཞས་ཚིག་ནི། རྒྱ་གར་ཤར་གྱི་རི་ལ། །རྨ་བྱ་དཔུང་གདང་ཤིག་ཤིག །བུམ་པའི་ཁ་རྒྱན་ཉན་པ། །རྨ་བྱ་གཅིག་ལས་མི་འདུག །ཅེས་ཡིན་ཀྱང་། ཆིང་རྒྱལ་རབས་ཀྱི་དུས་སུ་བསྔགས་བརྗོད་དམ་སྤྲེལ་ལད་ཀྱི་ཚུལ་དུ་དཔོན་པོའི་སྒྲོ་མདོངས་ཉན་པ་ཞེས་པར་བཅོས་པ་རེད་ཅེས་ནང་མའི་སྐྱིད་སྡུག་ནང་གི་བགྲེས་གྲས་ཚོར་གསུང་རྒྱུན་འདུག ད་དུང་དེས་དགག་རྒྱག་གི་ཚུལ་དུ་ནང་མ་ཞེས་པའི་ཐ་སྙད་དེར་སྐྱེ་བོ་འགའ་ཞིག་གིས་རིགས་འདེད་བྱས་ཏེ་དངོས་དོན་ལས་ཕྱིན་ཅི་ལོག་པའི་ངེས་ཚིག་བཞག་སྟེ་དམངས་ཁྲོད་རོལ་དབྱངས་ནང་མ་དེ་ཕོ་བྲང་ནང་གི་རོལ་དབྱངས་ཡིན་པར་མཐའ་འདེད་བྱས།སྐྱེ་བོ་དེ་རིགས་ཀྱིས་འཁྲུལ་ས་གཙོ་བོ་ནི་ནང་མ་ཞེས་པའི་བོད་ཡིག་གི་ཚིག་འབྲུ་གཉིས་པོའི་གོ་དོན་གསལ་པོ་མ་ཤེས་པར་ཏཱ་ལའི་བླ་མ་དང་པཎ་ཆེན་མཆོག་གཉིས་ཀྱི་བཞུགས་གནས་ནང་མ་ཁང་གི་ནང་མ་ཞེས་པའི་ཡིག་འབྲུ་གཉིས་པོ་དང་གོ་དོན་ཡོངས་སུ་འཁྲུལ་ནས་ཉ་ཉུང་མཉམ་བསྲེས་བྱས་རྐྱེན།གོང་ས་ཏཱ་ལའི་བླ་མ་དང་པཎ་ཆེན་རྣམ་གཉིས་ཀྱི་བཞུགས་སའི་ཕོ་བྲང་ནང་དུའང་རྒྱ་ནག་གོང་མ་བཞུགས་པའི་ཕོ་བྲང་དང་གཉིས་སུ་མ་མཆིས་པར་སེམས་ཏེ།གླུ་དབྱངས་སྙན་ཞིང་འཇེབས་པ་དང་མིག་གི་བདུད་རྩིར་མངར་བའི་བཞིན་བཟང་མའི་གླུ་གར་མིག་ལམ་དུ་འཆར་གྱི་ཡོད་པར་འཁྲུལ་ནས་དེ་ནི་བོད་ཀྱི་ཕོ་བྲང་ནང་གི་རོལ་དབྱངས་ཡིན་པར་གྲགས་ཞེས་བརྗོད་འདུག་ཀྱང་།དོན་དམ་ཁོ་བོས་དེ་སྔ་བཤད་བྲིས་མྱོང་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་དུས་སུ་གམ་བཅར་ནང་མ་དག་དང་ལྷན་ཅིག་ཏུ་དབྱར་གྱི་དུས་སུ་རྫོང་རྒྱབ་ཀླུ་ཁང་དུ་སྤྲོ་སེང་གླུ་གར་གཟིགས་མོར་རོལ་བ་བཅས་གཟིམ་ཆུང་ནང་མ་དང་གམ་བཅར་ནང་མའི་མདུན་སར་འཁྲབ་གཏོང་བྱེད་པའི་གླུ་གར་གྱུར་པའི་རྒྱུ་མཚན་གྱིས་ནང་མ་ཞེས་པའི་ཐ་སྙད་བྱུང་བ་དང་།དམངས་ཁྲོད་ཁྱབ་གདལ་དུ་བྱུང་བའི་རྗེས་སུ་ཡང་ནང་མ་ཞེས་པའི་ཐ་སྙད་མ་ཉམས་པར་གནས་པ་ཡིན་ཞེས་རྒན་རབས་རྣམས་ཀྱིས་གླེང་བར་མ་ཟད།རྣམ་དཔྱོད་ལྡན་པ་ཁག་གཅིག་གིས་ཀྱང་དེ་ལྟར་བཞེད་པ་ནི་དོན་ལ་གནས་པར་མཐོང་། འོན་ཀྱང་ད་དུང་གོམ་སྟབས་མདུན་དུ་སྤོས་ནས་རྟོག་དཔྱོད་བྱེད་དགོས་པའི་གནས་ཚུལ་ཞིག་ཡོད་པ་ནི་འོད་སྲུང་མངའ་རིས་ཕྱོཊ་སུ་གྱར་བ་དང་དུས་མཉམ་པར་ནང་མ་ཞེས་པ་བཙན་པོའི་དུས་ནས་འཁྲབ་གཏོང་བྱེད་པའི་གླུ་གར་དེ་མངའ་རིས་ཕྱོགས་སུ་གྱར་བ་ཞིག་ཡིན་མིན་ནི་ཅིས་ནས་བསམ་གཞིགས་ནན་པོ་བྱེད་དགོས་པའི་གནས་སུ་འདུག་ཅེས་རྒན་རབས་ཀྱི་ཤོད་སྲོལ་ཙམ་དང་ཆོས་རྒྱལ་ཚོའི་དུས་སུ་ཡོད་མེད་ཐེ་ཚོམ་དུ་བཞག་པ་ཙམ་ལས་ནང་མ་དེ་བོད་ཀྱི་ཕོ་བྲང་ནང་གི་རོལ་དབྱངས་ཡིན་པར་མཐའ་འདེད་བྱས་པ་ཞིག་ཡེ་ནས་མེད།ད་ལམ་དུས་རབས་བདུན་པའི་ནང་སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་རོལ་མོའི་བཀའ་ཆབ་ནང་འབྲེལ་ཡོད་ནང་མའི་གླུ་ཡི་སྐོར་འཁོད་པ་མཐོང་རྒྱུ་འདུག་པས། གོང་དུ་བརྗོད་མ་ཐག་པ་དེ་དོན་ལ་གནས་པར་བསམ་མིན་ལ་མ་ལྟོས་པར་གང་ལྟར་ནང་མའི་གཞས་ནི་སྔ་རབས་ཤིག་ནས་ཡོད་པར་བདེན་དཔང་བྱེད་ཐུབ། དེ་བཞིན་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཆོའི་སྐབས། སྤྱི་ཚོགས་ཀྱི་གནས་བབ་དང་ཁོང་རང་ཉིད་ཀྱི་མཛད་སྤྱོད་དམིགས་བསལ་ལ་བརྟེན་ནས་གམ་བཅར་ནང་མ་དག་འཁྲིད་ནས་རྫོང་རྒྱབ་ཀླུ་ཁང་སོགས་ལ་སྤྲོ་སེང་དུ་ཕེབས་པ་ནི་ཡིག་ཆར་གསལ་ལ་ཤོད་སྲོལ་ཀྱང་ཡོད་པ་ཚང་མས་ཤེས་གསལ་རེད།དེ་མིན་ཏཱ་ལའི་བླ་མ་རིམ་བྱོན་དང་པཎ་ཆེན་རིམ་བྱོན་གྱི་ཕོ་བྲང་ནང་ལ་ནང་མའི་གཞས་བཏང་བ་ཟེར་བ་ཤོད་མཁན་ཡང་མེད་ན་གོ་ཐོས་ཀྱང་གང་ནས་ཡོང་།གལ་སྲིད་དེ་ལྟར་བཤད་པ་ཡིན་ན་གུང་བསྟན་འཛིན་དཔལ་འབྱོར་གྱིས་ནང་མའི་གཞས་གསར་གཏོད་མ་བྱས་པར་གསར་གཏོད་བྱས་པ་རེད་ཅེས་བཤད་པ་ལྟར་མི་ཚང་མས་ཁ་རུབ་རྒྱག་ངེས་ཡིན། ལར་ནས་ནང་མའི་གཞས་བུ་མོས་མ་གཏོགས་བུས་བཏང་མི་ཆོག་པ་དེ་འདྲ་མ་རེད། དཔེར་ན།ཏཱ་ལའི་བླ་མའི་མཛད་སྒོ་ཁག་ལ་འཁྲབ་སྟོན་བྱེད་པའི་གར་གྱི་ནང་ཕོ་གར་དང་།མོ་གར་ཞེས་མིང་གསལ་དུ་ཡོད་ཀྱང་། མོ་གར་ཡང་བུས་འཁྲབ་ཆོག་པ་དང་།ཞོ་སྟོན་ལྷ་མོའི་སྐབས་ཀྱང་ནོར་གླིང་དུ་བཙུན་མོ་དང་།མོ་འཁྲབ་རྣམས་སྐྱེས་པས་འཁྲབ་པ་ལྟ་བུ་རེད།ད་དུང་དེས་བརྗོད་དོན་སྐྱེ་བོ་དེ་རིགས་ཀྱི་ནང་མ་ཞེས་པའི་བོད་ཡིག་གི་ཚིག་འབྲུ་གཉིས་པོའི་གོ་དོན་གསལ་པོ་མ་ཤེས་པར་ཏཱ་ལའི་བླ་མའི་ནང་མ་ཁང་དང་པཎ་ཆེན་ནང་མ་ཁང་དང་གོ་དོན་འཁྲུལ་ནས་ཉ་ཉུང་མཉམ་བསྲེས་བྱས་པ་ཟེར་བའི་སྐོར་ལ་སུ་འཁྲུལ་ཡོད་མེད་ཐད་གོང་དུ་ཞུས་ཟིན་པ་དང་།ནང་མ་ལ་ནང་མ་མ་ཟེར་བར་དམིགས་བསལ་གྱི་སློབ་སྦྱོང་ཞུ་འོས་པའི་འགྲེལ་བཤད་གང་འདྲ་ཞིག་ཡོད་དམ་སྙམ་པ་བྱུང་ཡང་།དེས་བརྗོད་དོན་དོན་དམ་དུ་ནང་མ་ཞེས་པའི་གོ་དོན་གཙོ་བོ་ནི་ནང་ཁུལ་ཞེས་པའི་དོན་ཡིན་ནོ་ཞེས་འགྲེལ་བཤད་བརྒྱབ་འདུགགཟིགས་དང་དེ་ནི་བསམ་བཞིན་དུ་དགོད་བྲོ་བ་ཞིག་མ་རེད་དམ།ཤོད་སྲོལ་འདི་འདྲ་ཞིག་ཡོད་དེ། སློབ་མ་ཞིག་གིས་བླ་མ་རིན་པོ་ཆེར་བཀའ་འདྲི་ཞུ་རྒྱུར་ཨེ་མ་ཧོ་ཞེས་པའི་གོ་དོན་གང་ཡིན་ནམ་ཞེས་ཞུས་པར་བླ་མས་ཨེ་མ་ཧོ་ཟེར་ན་ཨེའི་-མ་-ཧོ་-ཟེར་བ་ཡིན་ཞེས་འགྲེལ་བཤད་བྱས་པ་དེ་དང་ཁྱད་པར་ཅི་འདུག་གམ། ཡང་དེས་བརྗོད་དོན་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གནའ་བོའི་གྲོང་ཁྱེར་ལྷ་སར་རོལ་དབྱངས་ལ་དགའ་དད་ཆེ་བའི་གྲོང་མི་ནང་ཁུལ་སྒྲིག་འཛུགས་ཀྱིས་ནང་མའི་སྐྱིད་སྡུག་ཅེས་པའི་དམངས་ཁྲོད་ཀྱི་རོལ་དབྱངས་ཚོགས་པ་བཙུགས་ཤིང་། སྐབས་དེར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་སོ་སོར་དམངས་ཁྲོད་ཀྱི་སྒྲིག་འཛུགས་དེ་རིགས་ཤིན་ཏུ་མང་བ་དཔེར་ན་ཤིང་བཟོ་བའི་སྐྱིད་སྡུག་དང་རྡོ་བཟོ་བའི་སྐྱིད་སྡུག་སོགས་ལྟ་བུའོ་ཞེས་འཁོད་འདུགདེར་གཞིགས་ན་དེས་སྤྱི་ཚོགས་རྙིང་པའི་གནས་སྟངས་དང་། ངལ་རྩོལ་མི་དམངས་ཀྱི་ཐོབ་ཐང་སོགས་རྩ་བ་ནས་མཁྱེན་ཀྱེ་མེད་ཚོད་རེད། གང་ལགས་ཤེ་ན་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནང་དབང་སྒྱུར་གྲལ་རིམ་པས་རང་ཉིད་ཀྱི་སྲིད་དབང་བརྟན་གནས་ཡོང་ཆེད་དང་གྱེན་ལོག་བྱུང་བར་དོགས་ནས་སྤྱི་ཚོགས་ཐོག་སྐྱིད་སྡུག་ཚོགས་པ་གང་ཞིག་ཀྱང་བཙུགས་མི་ཆོག་པ་དང་། ལྷ་སར་རྡོ་བཟོ་དང་ཤིང་བཟོ་བ་གཉིས་ས་གནས་སྲིད་གཞྭུང་གི་ཨར་པོའི་ལས་ཁུངས་སུ་ཞུགས་དགོས་པ་དང་། དེར་དྲུང་རིགས་སྐྱ་སེར་དོ་དམ་ཆེད་བསྐོས་ཡོད་པ་ཇི་བཞིན། ཚེམས་བཟོ་བ་ནི་བཟོ་ཁང་དོ་དམ་ཞེས་ཆེད་ལས་དེ་རང་ལ་མཁས་པའི་ལས་ཚན་པ་དང་དྲུང་ཏོག་ཞེས་པ་དེ་དག་གིས་དོ་དམ་བྱེད་དགོས་པ་དང་། ལྕགས་བཟོ་བ་སོགས་འདོད་དཔལ་དོ་དམ་ཞེས་རྩེ་དྲུང་ཞིག་དང་ཆེད་ལས་ལག་རྩལ་པ་དྲུང་ཏོག་བཅས་ནས་དོ་དམ་བྱེད་པ་བཞིན་ས་གནས་གཞན་དག་ལའང་རྫོང་རིམ་པ་སོ་སོས་དོ་དམ་བྱེད་པ་ཡིན། གལ་ཏེ་གྲོང་གསེབ་ཁག་ནས་ཞོར་ལས་ཡོང་འབབ་ལ་རེ་བ་ལྷ་སར་ཡོང་བ་དག་ཀྱང་ཆེད་ལས་སོ་སོར་གཞིགས་པས་གོང་གསལ་ལས་ཁུངས་དག་ལ་འབྱོར་ཐོ་བཀོད་པ་དང་སྦྲགས་སྒེར་ཁག་གི་གླ་པར་སྡོད་རིང་ཟླ་རེ་ལག་ཁྲལ་ཁུངས་སོ་སོར་རྒྱག་དགོས་པ་རེད།ནང་མའི་སྐྱིད་སྡུག་ཅེས་པ་དེ་གནས་ཐུབ་པའི་རྒྱུ་མཚན་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་ནས་ནང་མའི་སྐྱིད་སྡུག་ཅེས་པ་ཐ་སྙད་དེ་རང་སྦྱར་ནས་ལག་དེབ་དམ་སྦྱར་ཡོད་པ་དེ་ལྟར་ལགས་པས།ནང་མའི་སྐྱིད་སྡུག་གི་དཔེར་རྡོ་བཟོ་བའི་སྐྱིད་སྡུག་དང་ཤིང་བཟོ་བའི་སྐྱིད་སྡུག་ཅེས་པ་སོགས་བཀོད་པ་ནི་ལོ་རྒྱུས་ཀྱི་གནས་ཚུལ་དངོས་མ་རྟོགས་པར་བྱུང་རྒྱལ་དུ་སྨྲ་བ་ཞིག་གོ། གོང་གསལ་ནང་མའི་སྐྱིད་སྡུག་གི་རྒྱུན་སྲོལ་སྐོར་ཞུ་བ་དང་ཆབས་ཅིག་བར་སྐབས་ནང་མའི་བྱུང་ཚུལ་ལ་ལྟ་ཚུལ་འདྲ་མིན་ཡོད་སྐོར་ནས་རགས་ཙམ་ཞུ་བར་ཐལ་བ་དེའི་ཐད་ལ་མ་ཡིན་ཡིན་ཚུལ་གྱིས་ལོ་རྒྱུས་ཀྱི་དཔང་མི་ཞིག་ཞུ་འདོད་བྱས་པ་ཞིག་རྩ་བ་ནས་མ་ཡིན་པར། ཁོ་བོ་ལོ་རྒྱུས་ཐོག་གི་འཚོ་བ་ངོ་མ་བརྒྱུད་མྱོང་བ་ཞིག་ཡིན་ཙང་། རྒྱུས་མངའི་བབ་དང་བཅས་སྟབས་གང་བདེའི་ཐོག་ནས་གང་ཤེས་ངོ་སྤྲོད་ཞུས་ཁུལ་ཡང་། ནོར་བ་དང་ཞུ་ཐལ་གྱུར་རིགས་ཡོད་ངེས་པས་བཟོད་དུ་གསོལ།དེ་ཡང་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 ལས།
ལོ་རྒྱུས་གཞུ་ལ་དྲང་པོའི་རྒྱུད་དྲངས་ནས།།
ལེགས་བཤད་འདབ་ལྡན་གཡོ་བའི་ཉག་ཕྲན་ཅན།།
མི་ཤེས་རྨོངས་པའི་སྙིང་ལ་འཕོག་སྲིད་ཀྱང་།།
གཟུར་གནས་མཁས་པས་མཐོང་ཚེ་སྤྲོ་བ་འཕེལ།།
ཞེས་གསུངས་པ་ལྟར་རོ། །

 

ཡོང་ཁུངས། སྔ་མོའི་བོད་དང་བོད་མིའི་ངོ་དེབ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།