གཙང་གི་མཆོད་རྟེན་རྣམ་བཞིའི་ལོ་རྒྱུས།

གཙང་གི་མཆོད་རྟེན་རྣམ་བཞིའི་ལོ་རྒྱུས།
གཙང་གི་མཆོད་རྟེན་རྣམ་བཞིའི་ལོ་རྒྱུས་རག་བཀོད།
༡༽ ཁྲོ་ཕུའི་སྐུ་འབུམ་ཆེན་མོ།
ཁྲོ་ཕུའི་སྐུ་འབུམ་ཆེན་མོ་ནི། བོད་ལྗོངས་གཞིས་ཁ་རྩེ་ས་ཁུལ་ས་སྐྱ་རྫོང་གི་ཁྲོ་ཕུ་དགོན་པ་དང་ཉེ་བའི་ལུང་མདའི་ཕྱོགས་སུ་དུས་རབས་བཅུ་གསུམ་པའི་ནང་ཙམ་དུ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དང་། སྲས་སེམས་དཔའ་ཆེན་པོ་བསོད་ནམས་སེངྒེ་གཉིས་ཀྱིས་བཞེངས་ཤིང་། ཕྱིས་ཉམས་རྒུད་དུ་སོང་ཡང་། ད་ལྟ་ལྷོ་གྲོ་བོ་ལུང་གི་བླ་མ་ཉི་མས་བཟོ་བཀོད་ཕུན་སུམ་ཚོགས་པར་བསྐྱར་བཞེངས་གནང་བ་མཇལ་རྒྱུ་ཡོད།

༢༽ ཇོ་ནང་སྐུ་འབུམ་མཐོང་གྲོལ་ཆེན་མོ།
ཇོ་ནང་སྐུ་འབུམ་མཐོང་གྲོ་ཆེན་མོ་ནི། བོད་ལྗོངས་གཞིས་རྩེ་ས་ཁུལ་ཕུན་ཚོགས་གླིང་གི་ཕུ་ཇོ་མོ་ནང་གི་གདན་སར་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ལྕགས་རྟ་ལོ་སྟེ་ཕྱི་ལོ་ ༡༣༣༠ ལོར་བཞེངས། ཁོང་གིས་མཛད་པའི་རྒྱལ་བའི་མཆོད་རྟེན་དཔལ་ཡོན་ཅན་གྱི་བཞེངས་ཚུལ་ལ་བསྟོད་པ་འཁོར་བ་དུང་སྤྲུག་ཅེས་པ་ལས། སངས་རྒྱས་རིང་བསྲེལ་མང་པོའི་སྙིང་པོ་ཅན། །མཆོད་རྟེན་གཅིག་ལ་ལྷ་ཁང་བརྒྱ་རྩ་བརྒྱད། །ལྷ་ཁང་རྣམས་ཀྱི་ཕུག་ན་དབུ་རྩེ་ཅན། །མདོ་རྒྱུད་བསྟན་བཅོས་མན་ངག་མང་པོ་ལས། །ཇི་ལྟར་འབྱུང་བ་ཚད་དང་ལྡན་པར་བཞེངས། །ཞེས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱིས་གྲུབ་པར་གསུངས་སོ།།
༣༽ གཅུང་རི་བོ་ཆེའི་སྐུ་འབུམ་ཆེན་མོ།
གཅུང་རི་བོ་ཆེའི་སྐུ་འབུམ་ཆེན་མོ་ནི། བོད་ལྗོངས་གཞིས་རྩེ་ས་ཁུལ་ངམ་རིང་རྫོང་ཁོངས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཕྱག་བཏབ་པའི་གཅུང་རི་བོ་ཆེའི་དགོན་པའི་འཁྲིས་སུ་ཡོད། འདི་གྲུབ་ཆེན་རང་ཉིད་ཀྱིས་མཆོད་རྟེན་ཆེ་ཆུང་བརྒྱ་ལྷག་བཞེངས་པའི་གྲས་སུ་ཚོད་དཔག་ཙམ་ལས་སུས་བཞེངས་གསལ་ཐག་ཆོད་པ་མི་སྣང་བ་འདྲའོ། །གྲུབ་ཆེན་གྱིས་བཞེངས་པར་ཆ་བཞག་ན་དུས་རབས་བཅོ་ལྔ་པའི་ནང་ཙམ་དུ་བྱུང་ཞེས་བཤད་ཆོག
༤༽ རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་ནམ་སྐུ་འབུམ་བཀྲ་ཤིས་སྒོ་མང་།
རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་ནམ་སྐུ་འབུམ་བཀྲ་ཤིས་སྒོ་མང་ཞེས་པ་ནི། བོད་ལྗོངས་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་དུ་ཕག་གྲུའི་སྡེ་སྲིད་སྐབས་ཀྱི་བློན་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་རབ་བྱུང་བདུན་པའི་མེ་རྟ་ལོ་སྟེ་ཕྱི་ལོ་ ༡༤༢༧ ལོར་བཞེངས། འདིའི་མཐོ་ཚད་ལ་སྨིས་བཞི་བཅུ་ལྷག་དང་། རྨང་གཞི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ་ཉིས་སྟོང་ཉིས་བརྒྱ་ཙམ་དང་། ལྷ་ཁང་བརྒྱ་དང་བརྒྱད་ཡོད་པར་བཤད། འདིར་བཤད་པའི་སྐུ་འབུམ་རྣམ་བཞི་ཞེས་པ་བརྗོད་བདེ་བའི་ཆེད་ཙམ་དུ་སྦྱར་བ་ལས་སྔོན་ཆད་ནས་གྲགས་པའི་ཐ་སྙད་མ་ཡིན་པས། ད་དུང་མཆོད་རྟེན་འདིའི་རིགས་ཡོད་མེད་དང་། ཡང་ན་བོད་ཡུལ་གྱི་སྐུ་འབུམ་འདི་འདྲའི་རིགས་ཕྱོགས་བསྡུས་ཀྱིས་བཤད་ན་ལོ་རྒྱུས་ལ་མིག་རྒྱ་ཡངས་པར་འགྱུར་རོ། །ཁམས་སྲས་ཀྱིས་བྲིས།

བརྒྱུད་སྐུལ།

མཆན་སྤེལ།