དཔལ་གསང་ཕུ་དགོན་དང་དེ་དང་འབྲེལ་བའི་ཚད་མ་རིག་པ་བྱུང་འཕེལ་སྐོར།

དཔལ་གསང་ཕུ་དགོན་དང་དེ་དང་འབྲེལ་བའི་ཚད་མ་རིག་པ་བྱུང་འཕེལ་སྐོར།

དཔལ་གསང་ཕུ་དགོན་དང་དེ་དང་འབྲེལ་བའི་ཚད་མ་རིག་པ་བྱུང་འཕེལ་སྐོར།

རྩོམ་པ་པོ། དག་སྨྱོན།

 

 

དེ་ཡང་ཆོས་ཚིགས་ཀྱི་དབང་དུ་བྱས་པའི་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་ནས་ལྷོ་ནུབ་མཚམས་ལ་ཁ་གཏད་དེ་སྤྱི་ལེ་25ལྷག་ཙམ་སོང་ན། གསང་མདའ་གྲོང་ཚོར་སླེབས་ཤིང་། གྲོང་ཚོའི་དེའི་ཕུ་རུ། མུ་མཐུད་སྤྱི་ལེ་7ཙམ་བསྐྱོད་ན་གསང་ཕུ་དགོན་དུ་འབྱོར། གདན་ས་འདི་ཉིད་ནི་སྔར་སེ་འབྲས་དགའ་གསུམ་མ་ཆགས་པའི་གོང་དུ་དབུས་ཀྱི་གྲྭ་ས་ཆེན་པོ་དྲུག་གི་ཡ་གྱལ་ཞིག་ཡིན་ལ། དབུས་ཁུལ་གྱི་བཀའ་གདམས་མ་དགོན་གཉིས་ཀྱི་གྲས་ཤིག་ཀྱང་ཡིན།

གསང་ཕུ་དགོན་ནི་བོད་དུ་བསྟན་པ་ཕྱི་དར་སྐབས། རྒྱ་གར་ནས་གདན་དྲངས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མ་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་རྔོག་ལེགས་པའི་ཤེས་རབ་ཀྱིས་༡༠༧༣ལོར་ཐོག་མར་ཕྱག་གཏབ་ཅིང་། གདན་ས་འདི་ཉིད་ནི་ཇོ་བོ་རྗེས་སྔར་ནས་ལུང་བསྟན་པར་རེ་ཞིག་གསང་བ་མཛད་པ་དང་། ཉེར་དཔྱད་ནེའུ་ལེས་དེར་འཁྱེར་བས། དགོན་མིང་ཡང་གསང་ཕུ་ནེའུ་ཐོག་ཅེས་གྲགས་སོ། །

གདན་ས་འདི་ཉིད་ལ་རྔོག་ལོ་ཡབ་སྲས་ནས་བཟུང་གདན་རབས་ཀྱི་མཁས་པ་བར་མི་ཆད་པ་བྱོན་ཅིང་། བགྲང་བྱ་དགུ་བརྒྱ་ལྷག་ཙམ་རིང་བོད་ཀྱི་རིག་གནས་གོང་འཕེལ་ལ་མཛད་རྗེས་བླ་ན་མེད་པ་འཇོག་ས་དང་། ཁྱད་པར་ཚད་མ་རིག་པའི་གཞུང་ལུགས་འཆད་ཉན་དར་སྤེལ་གཏོང་སའི་གནས་གཞི་འགངས་ཆེན་ཞིག་ཏུ་ཡང་འགྱུར་ཡོད་དོ། །

སྤྱིར་ཚད་མ་རིག་པ་བྱ་བ་ནི་བསླུ་བ་མེད་པའི་དོན་ལ་བློ་མི་འཁྲུལ་བས་དོན་དངོས་གནས་ལུགས་ཇི་ལྟར་ཡིན་པ་རྟོགས་ཐབས་ཀྱི་རིག་ཚན་ཞིག་གམ། གཏན་ཚིགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་གཞལ་བྱ་རྟོགས་པར་ཐབས་སྟོན་པའི་རིག་ཚན་ཞིག་ལའང་ཟེར་ཞིང་། དེར་གཞལ་བྱ་རང་ངེས་པའི་ཐབས་ལ་མངོན་སུམ་དང་རྗེས་དཔག་ཡང་དག ཡང་རང་གིས་ངེས་པའི་དོན་འདི་ཉིད་གཞན་ལ་སྟོན་པའི་ཐབས་ལ་སྒྲུབ་ངག་དང་སུན་འབྱིན་ཡང་དག་གི་སྒོ་ནས་གཏན་ལ་ཕབ་ཡོད་ཅིང་། རང་གི་གཞལ་བྱ་ངེས་པར་བློའི་འཁྲུལ་བ་སེལ་ཚུལ་དང་། གཞན་གྱི་ལོག་རྟོག་དང་ཐེ་ཚོམ་སེལ་བར་ལྟར་སྣང་གི་བློ་དང་རྒྱུ་མཚན་སོགས་ངོས་འཛིན་ཚུལ་ལེགས་པར་བསྟན་ཡོད་པ་ཡིན།

གནའ་དུས་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཚད་མ་ཇི་ལྟར་དར་བའི་ཚུལ་ནི། ཕྱི་རོལ་པའི་ལུགས་ལ་དྲང་སྲོང་གླིང་སྐྱེས་དང་དྲང་སྲོང་རྐང་མིག་ལ་སོགས་པས་རྟོག་གེའི་རིགས་པའམ་གཏན་ཚིགས་རིགས་པའི་བསྟན་བཅོས་སྲོལ་འབྱེད་པ་དང་རིམ་བཞིན་དར་འཕེལ་བྱུང་བར་བཤད། གཞན་ཡང་དུས་རབས་གཉིས་པ་ཙམ་ལ་བྱོན་པའི་རྒྱ་གར་གྱི་སྨན་དཔྱད་མཁས་པ་ཙ་ར་ཀ་བྱ་བས་ཀྱང་ཚད་མའི་ཚིག་དོན་མང་དུ་གསུངས་ལ། ཁྱད་པར་རིགས་པ་ཅན་པའི་སྟོན་པས་གསུངས་པར་གྲགས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་གི་སྐོར་སོགས་ཀྱང་ཡོད་པར་གྲགས་ཤིང་། སྒྲ་དང་ཚད་མ། བཟོ་དང་གསོ་བ་རིག་པ་ནི་ཕྱི་ནང་ཐུན་མོང་གི་རིག་གནས་སུ་འདོད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད། ནང་པས་ཀྱང་རྟོག་གེའི་རིག་པ་ལས་ལེགས་ཆ་བླངས་ཏེ་རྐང་ཚུགས་པའི་ནང་པའི་ཚད་མ་རིག་པ་དང་གཞུང་ལུགས་གཞན་གྱི་རྣམ་གཞག་ཀྱང་རིགས་པའི་ལམ་ནས་གཏན་ལ་འབེབས་ནུས་པའི་མཚན་ཉིད་རིག་པའི་ལམ་སྲོལ་རྒྱ་ཆེར་བཏོད་པ་ཡིན་ནོ། །

ཐུབ་པའི་རིང་ལུགས་སུ་སངས་རྒྱས་པའི་ཆོས་ཀྱི་དགོངས་དོན་དང་མཐུན་པར་དགྲ་བཅོམ་ཆོས་སྐྱོབ་དང་། བཙུན་པ་དབྱིག་བཤེས། སློབ་དཔོན་དབྱིག་གཉེན་སོགས་ཀྱིས་ཚད་མ་རིག་པའི་འཆད་ཉན་ལམ་སྲོལ་བསྐྱངས་ཤིང་། མདོར་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་ཡས་མས་ནས་སློབ་དཔོན་དབྱིག་གཉེན་བར་ཚད་མ་སྔ་དར་ཞེས་སུ་གྲགས། སློབ་དཔོན་དབྱིག་གཉེན་གྱིས་ཚད་མའི་བསྟན་བཅོས་《རྩོད་པ་སྒྲུབ་པ་》སོགས་མཛད་ཅིང་། སློབ་མ་ཡང་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་བྱ་བ་བྱོན་ཅིང་། ཁོང་ནི་དུས་རབས་དྲུག་པའི་སྨད་ཙམ་སྟེ་བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་དང་དུས་མཉམ་པ་ཙམ་དུ་བྱུང་ངོ་ཞེས་མཁས་དབང་དགེ་ཆོས་ཀྱིས་དེབ་དཀར་དུ་གསུངས་ཡོད། སློབ་དཔོན་ཕྱོགས་ཀྱི་གླང་པོས་རྒྱ་གར་ཕྱི་ནང་གྲུབ་མཐའ་དང་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་ལ་མཁས་པར་སྦྱངས་ཤིང་། འཆད་རྩོད་རྩོམ་གསུམ་གྱིས་འགྲོ་བའི་དོན་རྒྱ་ཆེར་མཛད་པ་དང་། ལྷག་པར་རང་ཉིད་ཀྱིས་མཛད་པའི་རྟོག་གེའི་གཞུང་ལུགས་ཐོར་བུ་བ་དེ་དག་ཕྱོགས་གཅིག་ཏུ་བཏུས་ཏེ་ཚད་མའི་བསྟན་བཅོས་《ཀུན་ལས་བཏུས་པ་》ཞེས་ཡོངས་གྲགས་ཚད་མ་མདོ་བྱ་བ་བརྩམས་ནས་ནང་པའི་ལུགས་སུ་ཚད་མ་རིག་པའི་གཞུང་ལུགས་སྔར་མེད་སྲོལ་ཕྱེ་ཞིང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་མཛད། སློབ་དཔོན་འདིས་མཛད་པའི་ཚད་མ་ཀུན་བཏུས་ལ་ལེའུ་དྲུག་གི་བདག་ཉིད་དང་དེར་རང་འགྲེལ་ཡང་ཡོད་ཅིང་། ཚད་མའི་བསྟན་བཅོས་ཀྱི་འཆད་ཉན་དར་སྤེལ་དང་། སློབ་དཔོན་དབང་ཕྱུག་སྡེ་ལ་སོགས་པའི་ཚད་མ་རིག་པ་ལ་མཁས་པའི་སློབ་མ་མང་དུ་གསོ་སྐྱོང་གནང་ཡོད། དེ་ལ་སློབ་དཔོན་དབྱིག་གཉེན་དང་ཕྱོགས་ཀྱི་གླང་པོའི་རིང་ལ་དར་བར་ཚད་མ་བར་དར་ཞེས་བརྗོད་པ་དང་། དེ་རྗེས་སློབ་དཔོན་ཕྱོགས་གླང་གི་ཡང་སློབ་ཏུ་འགྱུར་པ་ཤེས་རབ་ཀྱི་རྩལ་དང་ལྡན་ལ་སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་ཁོང་དུ་ཆུད་པ་དཔལ་ལྡན་ཆོས་ཀྱི་གྲགས་པ་བྱ་བ་བྱོན་ཅིང་། ཁོང་གིས་ཚད་མ་ཀུན་བཏུས་ལན་གསུམ་ཙམ་གསན་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་དྲི་མ་མེད་པ་རྟོགས་ཤིང་། ཚད་མའི་གཞུང་ལུགས་འཆད་ཉན་དར་སྤེལ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་《ཚད་མ་སྡེ་བདུན་》བརྩམས་པ་སྟེ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། འབྲིང་དུ་སྟོན་པ་ཚད་མ་རྣམ་ངེས། བསྡུས་པར་སྟོན་པ་ཚད་མ་རིགས་ཐིགས་བཅས་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། དེ་དག་ལས་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ནི། གཏན་ཚིགས་ཐིགས་པ། རྩོད་པའི་རིགས་པ། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ་བཅས་བཞི་ཡང་མཛད་ཅིང་ཚད་མ་རིག་པའི་གཞུང་ལུགས་དང་འཆད་རྩོད་ཀྱི་ལག་ལེན་སྔར་བས་ལམ་སྲོལ་ཡངས་པོ་ཕྱེ་བས། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་སློབ་དཔོན་ཆོས་གྲགས་གཉིས་ལ་ཡབ་སྲས་ཞེས་ཐུབ་པའི་བསྟན་པ་གསལ་བར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་དུ་འདྲེན་པའོ། །

དེ་རྗེས་འཕགས་ཡུལ་གྱི་མཁས་པ་ལྷ་དབང་བློོ་དང་། ཤཱཀྱ་བློ། རྒྱན་མཁན་པོ་ཤེས་རབ་འབྱུང་གནས། སློབ་དཔོན་ཆོས་མཆོག། སློབ་དཔོན་ཛ་མ་རི། སློབ་དཔོན་དུལ་བ་ལྷ། བྲམ་ཟེ་བདེ་བྱེད་དགའ་བ། མཁན་ཆེན་ཞི་བ་འཚོ། ཀ་མ་ལ་ཤཱི་ལ་སོགས་པས་ཕྱོགས་གླང་ཡབ་སྲས་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་སྡེ་བདུན་མདོ་དང་བཅས་པར་འགྲེལ་པ་དང་ཡང་འགྲེལ་རྒྱས་བསྡུས་ཅི་རིགས་མཛད་པས། ཚད་མ་རིག་པའི་ལམ་སྲོལ་ཉི་མ་ལྟར་གསལ་བར་སྣང་ཞིང་སློབ་དཔོན་ཆོས་ཀྱི་གྲགས་པ་མན་ཆད་ལ་ཚད་མ་ཕྱི་དར་ཞེས་དེང་གི་གཏམ་དུ་འདུག་གོ །

གངས་ཅན་གྱི་ཡུལ་འདིར་ཚད་མའི་འཆད་ཉན་འབྱུང་ཚུལ་ནི། དུས་རབས་དགུ་པར་བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་ཡབ་སྲས་རིང་ལ་བོད་ཀྱི་སྲིད་འབྱོར་རིག་གསུམ་དབྱར་མཚོ་ལྟར་རྒྱས་ཤིང་། མངའ་ཐང་ལོངས་སྤྱོད་འཛོམས་པས་ཆེན་པོ་ཐང་དང་བོད་བར་ལའང་མཛའ་མཐུན་གྱིས་འཚམས་སྐྱེས་འབུལ་བ་མཛད་རེས་བྱུང་། རྒྱལ་སྡེ་སྐར་ཆུང་གི་གཙུག་ལག་ཁང་དང་འུ་ཤང་དཔེ་མེད་ཀྱི་གཙུག་ལག་ཁག་བཞེངས་པ་དང་སྐ་ཅོག་ཞང་གསུམ་གྱིས་གཙོས་ལོ་ཙཱ་བ་དང་རྒྱ་གར་ནས་གདན་དྲངས་པའི་པཎ་ཊི་ཏ་རྣམས་ཀྱིས་སྔར་གྱི་གསུང་རབ་བསྟན་བཅོས་བསྒྱུར་བ་རྣམས་ལ་འགྱུར་བཅོས་ཞུ་དག་ལེགས་པར་བྱས། སྐད་གསར་བཅད་དང་མཐུན་པར་བརྡ་དོན་ཀུན་གསུང་རབ་དང་མི་འགལ་ཞིང་། ཁྱད་པར་བོད་ཀྱི་སྐད་ལ་འདོན་བདེ་ཞིང་གོ་སླ་བར་གཏན་ལ་ཕབ། ཕྲད་དང་རྣམ་དབྱེའི་འཇུག་པ་བདེ་ཞིང་ཡིག་རྫོབ་ཉུང་ཕྱིར་འ་མཐའ་ཡང་དོར། སྤྱིར་མདོ་རྒྱུད་བསྟན་བཅོས་མང་པོ་དང་བྱེ་བྲག་ཏུ་ཚད་མའི་བསྟན་བཅོས་འགའ་ཞིག་བོད་དུ་བསྒྱུར་གནང་མཛད། འོན་ཏེ། བསྟན་པ་སྔ་དར་ལ་ཚད་མ་འཆད་ཉན་དེ་ཙམ་མ་བྱུང་བར་མཁས་པ་རྣམས་ལ་གྲགས་སོ། །

སྤྱི་ལོ་༨༤༦ ལོ་ཙམ་ཁྲི་དར་མ་འུ་དུམ་བཙན་པོ་གྲོངས་རྗེས་གཅིག་འགྱུར་བཙན་པོའི་སྲིད་དབང་རིམ་གྱིས་སིལ་བུར་གྱུར་པ་དང་། དར་མ་འུ་དུམ་བཙན་པོའི་སྲས་དང་ཚ་བོའི་སྐབས་སུ་དབུ་གཡོར་གྱེས་པ་དང་། ནད་མུག་འཁྲུག་པ་དང་། འབངས་གྱེན་ལངས་སོགས་ཀྱིས་རྒྱ་དཀར་ནག་ནས་པཎ་ཊི་ཏ་གདན་དྲངས་པའི་སྲོལ་ནུབ་ལ། གསུང་རབ་བསྟན་བཅོས་བསྒྱུར་བའི་རྒྱུན་རེ་ཞིག་ཆད་པ་ལྟ་བུར་གྱུར།

དུས་རབས་བཅུ་གཅིག་པའི་དུས་འགོར་མངའ་རིས་གུ་གེ་རྒྱལ་པོའི་བཀའ་བཞིན་རྒྱ་གར་ནས་པཎ་ཆེན་སྨྲི་ཏི་བོད་དུ་གདན་དྲངས་ཀྱང་ལམ་བར་ལོ་ཙཱ་བ་ཕོ་རུབ་ནད་ཀྱིས་གྲོངས་ཏེ་པཎ་ཆེན་སྨྲི་ཏི་གཙང་རྟ་ནག་ཁུལ་དུ་ལུག་རྫི་མཛད་ནས་བཞུགས་སྐད། མཐར་དཔྱལ་ལོ་ཙཱ་བས་པཎ་ཆེན་སྨྲི་ཏི་ཁམས་སུ་གདན་དྲངས་ནས་མདོ་རྒྱུད་བསྟན་བཅོས་བསྒྱུར་བའི་དབུ་ཚུགས་པར་བཤད་ལ། གསང་སྔགས་ལའང་འགྱུར་གསར་རྙིང་གི་མཚམས་འདི་ནས་འབྱེད་དོ་ཞེས་ཆོས་འབྱུང་ལོ་རྒྱུས་ཁག་ན་གསལ། སླར་ཡང་༡༠༣༨ལོར་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀས་བསྐུལ་བ་ལ་བརྟེན་ཏེ་ནག་ཚོ་ལོ་ཙཱ་བ་དང་རྒྱ་བརྩོན་སེང་གཉིས་ཀྱིས་རྒྱ་གར་ནས་པཎ་ཊི་ཏ་ལྔ་བརྒྱའི་གཙུག་གི་རྒྱན་གཅིག་པུ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་ཤིང་། མདོ་རྒྱུད་བསྟན་བཅོས་ཀུན་ལ་ཆགས་ཐོགས་མི་མངའ་ཞིང་། ཐུགས་སྙིང་རྗེས་རྒྱུད་ཡོངས་སུ་གང་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདིས། མངའ་རིས་ལ་ལོ་གསུམ། དབུས་སྙེ་ཐང་ན་ལོ་དགུ །དབུས་གཙང་ཡུལ་གྲུ་གཞན་ལ་ལོ་ལྔ་བཅས་ཁྱོན་ལོ་བཅུ་བདུན་བོད་དུ་བསྟན་པ་ལ་དག་ཐེར་དང་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ལ། གསུང་ལས་སྐྱེས་པའི་སློབ་མ་ཁུ་རྔོག་འབྲོམ་གསུམ་སོགས་མང་དུ་བསྐྱངས་ཏེ་གངས་ཅན་ལྗོངས་འདིར་བཀའ་གདམས་བསྟན་པ་ཐོག་མར་དབུ་བརྙེས་པ་དང་། བྱང་ཆུབ་ལམ་སྒྲོན་ལ་སོགས་བསྟན་བཅོས་ཀྱང་མང་དུ་མཛད་པས་བཀའ་དྲིན་བླ་ལྷག་ཏུ་ཆེ། ཇོ་བོའི་སློབ་མ་མང་པོའི་ནང་ཐུགས་སྲས་གཙོ་བོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་རྔོག་ལེགས་པའི་ཤེས་རབ་གཉིས་ཡིན་ཅིང་། འབྲོམ་སྟོན་པས་ཇོ་བོ་རྗེ་སྙེ་ཐང་དུ་དགོངས་པ་རྫོགས་པའི་ལོ་གཉིས་པ་༡༠༥༦ལོར་བྱང་ར་སྒྲེང་གི་གཙུག་ལག་ཁང་ཕྱག་བཏབ་སྟེ་བཀའ་གདམས་བསྟན་པ་སྲོལ་གཏོད་ཅིང་སློབ་མ་གཙོ་བོ་བཀའ་གདམས་སྐུ་མཆེད་གསུམ་སོགས་མང་དུ་སྐྱོང་གནང་མཛད། རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་རྗེས་ལུང་བསྟན་པའི་གནས་ཡུན་རིང་པོའི་བར་དུ་གསང་བ་མཛད་ནས་མཐར་༡༠༧༣ལོར་གསང་ཕུ་ནེའུ་ཐོག་གཙུག་ལག་ཁང་བཞེངས་ཤིང་བཀའ་གདམས་བསྟན་པའི་རྒྱུན་སྐྱོང་བར་མཛད་ལ། སྡེ་སྣོད་གསུམ་གྱི་འཆད་ཉན་དར་སྤེལ་རྒྱ་ཆེར་མཛད། རྔོག་ལེགས་པའི་ཤེས་རབ་ཀྱི་ཚ་བོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི་༡༠༥༩ ལོར་ཡར་འབྲོག་ཏུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་བྱིས་པ་གཞན་དང་མི་འདྲ་བར་སྐྱེས་སྟོབས་ཤེས་རབ་ཀྱི་རྩལ་དང་ལྡན་ཞིང་། དཀའ་སྤྱད་ལ་འཁུར་བཟོད་ནུས་པའི་སྙིང་སྟོབས་དང་ལྡན་པ་ཞིག་ལ། ཁུ་བོའི་སྐུ་མདུན་ནས་བཀའ་བསྟན་སོགས་ཀྱི་གཞུང་ལུགས་འགའ་གསན་སྦྱོང་གནང་། དགུང་ལོ་བཅུ་བདུན་ཙམ་ལ་མངའ་རིས་བརྒྱུད་རྒྱ་གར་དུ་བྱོན་པ་དང་། རྒྱ་གར་ཡུལ་དབུས་དང་ནུབ་བྱང་ཁ་ཆེའི་ཡུལ་སོགས་ལ་ཕེབས་ཏེ་ནང་པའི་པཎ་ཊི་ཏ་དུ་མ་སློབ་དཔོན་དུ་བསྟེན་ཏེ་མདོ་སྔགས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། ༡༠༩༢ལོར་བོད་དུ་ཕྱིར་ལོག་གནང་བ་དང་རྒྱ་གར་གྱི་སློབ་དཔོན་ཕྱོགས་གླང་ཡབ་སྲས་ཀྱི་ཚད་མའི་བསྟན་བཅོས་སྡེ་བདུན་གྱི་ནང་ནས་སྔ་བསྒྱུར་ལ་དག་བཅོས་གཏན་འབེབས་དང་། གསར་སྒྱུར་ཡང་མང་དུ་གནང་། གཞན་ཕར་ཕྱིན་སོགས་བཀའ་བསྟན་དུ་མ་བོད་དུ་བསྒྱུར་བ་དང་། བྱེ་བྲག་ཏུ་ཚད་མ་《ཚད་མ་རྣམ་ངེས་དཀའ་གནད་རྣམ་བཤད་》ཀྱི་བསྟན་བཅོས་ཀྱང་བརྩམས་པས་བོད་རང་གིས་མཁས་པས་མཛད་པའི་ཚད་མའི་བསྟན་བཅོས་ཀྱི་འགྲེལ་པ་སྔ་ཤོས་གྲས་སུ་འགྱུར། ཁོང་ནི་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་བསྒྱུར་མང་ཤོས་དང་། ཕྱི་རབས་མཁས་པ་ཀུན་གྱིས་ཚད་འཛིན་དང་མིག་དཔེར་འོས་པའི་ལོ་ཙཱ་བ་གྲགས་ཅན་ཞིག་ཡིན་ནོ། །

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་རྔོག་ལོ་ཡབ་སྲས་ཀྱི་ཆོས་བརྒྱུད་དར་སྤེལ་དང་ཁྱད་པར་ཚད་མའི་འཆད་ཉན་གྱི་སྲོལ་བཟང་པོ་གངས་ཅན་ཡུལ་དུ་སྔར་མེད་རྒྱ་ཡངས་པོར་འབྱེད་པར་མཛད་ཅིང་གསང་ཕུའི་གདན་ས་འདི་ཉིད་ཀྱང་ལོ་མང་བསྐྱངས་པ་དང་། སློབ་མ་མཁས་པ་བུ་ཆེན་བཞི་སོགས་མང་དུ་གསོ་སྐྱོང་མཛད་ཡོད། དེའི་དུས་སུ་ལ་སྟོད་པ་ཞ་མ་སེང་རྒྱལ་ཡང་བྱོན་ནས་《ཚད་མ་མདོ་ཀུན་ལས་བཏུས་པ་》རྩ་བ་རང་འགྲེལ་དང་བཅས་ཡང་དག་པར་བསྒྱུར་ཏེ་ཀུན་བཏུས་འཆད་ཉན་ནི་ཞ་མ་སེང་རྒྱལ་འདི་ལ་བརྟེན་པའོ་ཞེས་འགོས་ལོས་དེབ་སྔོན་དུ་ནན་ཏན་གྱིས་གསུངས་ཡོད། ཕྱི་དར་དེའི་རིང་ལ་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ཏུ་ཚད་མའི་འཆད་ཉན་དར་སྤེལ་ཤུགས་ཆེན་བྱུང་ངོ་། །

དེ་རྗེས་རྔོག་ལོའི་སློབ་མ་ཞང་གྲོ་ཁྱུང་གསུམ་གྱི་ཐུན་མོང་དུ་འགྱུར་བའི་ཐུགས་སྲས་རིག་པའི་དབང་ཕྱུག་ཆེན་པོ་ཕྱ་པ་ཆོས་ཀྱི་སེང་གེ་(1109–1169)བྱོན་ཏེ། ཁོང་གིས་ཀྱང་ཚད་མའི་གཞུང་ལ་འཆད་ཉན་དར་སྤེལ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་《ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ》སོགས་ཀྱང་མཛད། སྔ་རྒོལ་ཕྱི་རྒོལ་དཔང་པོ་གསུམ་དང་བཅས་ཁས་ལེན་དྲི་བ་དང་། ཐལ་འགྱུར་འཕེན་པ། དྲི་ལན་འདེབས་པ། ཁྱབ་མཐའ་འགོད་པ་སོགས་ཀྱི་དམ་བཅའ་ཁས་ལེན་ལ་རྟགས་གསལ་གཏོང་བའི་རིགས་ལམ་རྩོད་པའི་རྣམ་གཞག་བོད་དུ་སྲོལ་ཐོག་མར་བཏོད་ཅིང་། དེ་ཡང་ཚད་མ་ཙམ་མ་ཟད་གཞུང་ཆེན་གཞན་ལའང་རིགས་ལམ་ཐོག་ནས་རྩོད་པའི་སློབ་གཉེར་བྱ་ཚུལ་གྱི་ཐབས་ལམ་ངོ་མཚར་ལྡན་པ་འདི་དར་སྤེལ་རྒྱ་ཁྱབ་ཏུ་གཏོང་གནང་མཛད། རིག་པའི་དབང་ཕྱུག་ཆེན་པོ་ཕྱ་པ་ཆོས་ཀྱི་སེང་གེར་དབུས་གཙང་ཁམས་གསུམ་དུ་ཕལ་ཆེར་སློབ་མར་མ་འགྱུར་བའི་མཁས་པ་མེད་པར་གྲགས་ཤིང་། གཞུང་བརྒྱ་སྨྲ་བ་དང་སྡེ་སྣོད་འཛིན་པའི་སློབ་མ་བགྲང་གིས་མི་ལང་བའི་ཁྲོད་ནས་མཚན་སྙན་ཤིན་ཏུ་ཆེ་བ་སྨྲ་བའི་ཁྱུ་མཆོག་བུ་སློབ་སེང་ཆེན་བརྒྱད་བྱུང་བ་སྟེ། ༡ གཙང་ནག་པ་བརྩོན་འགྲུས་སེང་གེ། ༢ རྨ་བྱ་རྩོད་པའི་སེང་གེ། ༣ ལྡན་མ་དཀོན་མཆོག་སེང་གེ། ༤ དན་བག་སྨྲ་བའི་སེང་གེ། ༥ གཉལ་པ་ཡོན་ཏན་སེང་གེ། ༦ བྲུ་ཞ་བསོད་ནམས་སེང་གེ། ༧ ཉང་བྲན་ཆོས་ཀྱི་སེང་གེ། ༨ བརྩེགས་པ་དབང་ཕྱུག་སེང་གེ་དང་། ད་དུང་ཇོ་སྲས་བཞི་དང་ཤེས་རབ་ཅན་བཞི་ལ་སོགས་མཁས་པ་མང་དུ་གསོ་སྐྱོང་དང་བུ་སློབ་མཁས་པ་དེ་དག་གིས་ཀྱང་དབུ་མ་དང་ཚད་མས་གཙོས་ནང་པའི་གསུང་རབ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་གངས་ཅན་ལྗོངས་འདིར་རིག་གནས་ཡར་རྒྱས་གོང་འཕེལ་གཏོང་བར་མཛད་རྗེས་བླ་ན་མེད་པ་བཞག་ཡོད།

དེ་ལྟར་རྔོག་ལོ་ཡབ་སྲས་དང་ཕྱ་པ་ཆོས་ཀྱི་སེང་གེ་བུ་སློབ་དང་བཅས་པས་རིམ་བཞིན་གསང་ཕུའི་གདན་ས་འདི་ཉིད་ལ་འཆད་ཉན་གྱི་རྒྱུན་བསྐྱངས་ཡོད་ཅིང་། གདན་རབས་ལ་རྔོག་ལེགས་པའི་ཤེས་རབ། རྔོག་བློ་ལྡན་ཤེས་རབ། ཞང་ཆོས་ཀྱི་བླ་མ། གཉལ་པ་རི་ལུ། དགེ་བཤེས་རྣམ་པར་བ། ཕྱ་པ་ཆོས་ཀྱི་སེང་གེ། བརྩེགས་པ་དབང་ཕྱུག་སེང་གེ། གཙང་པ་འཇམ་སེང་སོགས་ཟམ་མི་ཆད་པར་བྱོན་ཅིང་། དེ་ནས་གཙང་པ་འཇམ་སེང་ཡས་མས་སུ་གདན་ས་འདི་ཉིད་གླིང་སྟོད་སྨད་གཉིས་ལ་གྱེས་ཏེ་བཟང་ལ་བཟང་འགྲན་གྱི་ཚུལ་དུ་སྔར་བས་རྒྱ་བསྐྱེད་དང་འཆད་ཉན་དར་འཕེལ་ཆེན་པོ་བྱུང་ངོ་། ། གསང་ཕུ་གླིང་སྟོད་དང་གླིང་སྨད་ལ་ཁྱོན་གྲྭ་ཚང་བཅུ་གཅིག་ཏུ་གྱེས་པ་ནི་གླིང་སྟོད་གྲྭ་ཚང་ལྔ་དང་གླིང་སྨད་གྲྭ་ཚང་དྲུག་སྟེ། གླིང་སྟོད་གྲྭ་ཚང་ལྔ་ནི། ༡ ཉི་མ་ཐང་། ༢ སྦེལ་སེར།༣ རྣམ་རྒྱལ་གསེར་ཁང་། ༤ དྭགས་པོ་གྲྭ་ཚང་། ༥ ཁུ་སྦེ།

གླིང་སྨད་གྲྭ་ཚང་དྲུག་ནི་ ༡ སྒྲོ་རྙིང་བ། ༢ གཞི་བ། ༣ ཉག་རོང་། ༤ སྒྲོས་གསར་བ། ༥ ར་བ་སྟོད།༦ ར་བ་སྨད་བཅས་སོ། །

མདོར་ན། གསང་ཕུ་དགོན་འདི་ཉིད་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཐོག་གལ་ཆེའི་གནས་བབ་བཟུང་ཡོད་ལ། ཚད་མ་རིག་པའི་འཆད་ཉན་གྱི་ཆུ་འགོ་ལྟ་བུར་འགྱུར་ཡོད་ཅིང་། དགོན་འདི་ནས་བོད་ཀྱི་རིག་གནས་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་མཁས་པ་ཡང་མུ་ཏིག་སྟར་ལ་བརྒྱུས་པ་བཞིན་བྱོན་ཡོད་ཅིང་། གནའ་དུས་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་ལས་གཙོ་བོ་བཀའ་གདམས་པ་དང་ས་སྐྱ་བའི་རིག་གནས་སློབ་གཉེར་བྱེད་སའི་བསྟི་གནས་སུ་འགྱུར་ཡོད་ལ། དུས་རབས་བཅུ་བཞི་པའི་ནང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡང་གདན་ས་འདི་ཉིད་ལ་ཚད་མ་སོགས་སློབ་གཉེར་མཛད་མྱོང་ཞིང་། དཀའ་བཞི་པའི་དམ་བཅའ་ཡང་འཇོག་གནང་མཛད་པ་དང་། ཕྱིས་སུ་རྗེ་ཙོང་ཁ་པའི་སློབ་མར་འགྱུར་པའི་གསང་ཕུའི་མཁས་པ་འགའ་ཞིག་གིས་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ཕྱག་བཞེས་རྒྱུན་འཛིན་ཡང་མཛད་པས་ད་ཆ་གསང་ཕུ་དགོན་གྱི་གྲྭ་ཚང་འགའ་ཞིག་དགེ་ལུགས་པ་དང་འགའ་ཞིག་ས་སྐྱ་བ་འཛིན་པའི་སྲོལ་ཡང་དེ་ལྟ་བུར་བྱུང་བ་ཡིན་འདུག

ཅེས་དག་སྨྱོན་ནམ་དཔའ་ལྡན་དབང་ཕྱུག་ཏུ་འབོད་པས་གསང་ཕུར་ལྗོངས་རྒྱུ་གནས་མཇལ་དང་སྦྲགས་ཉིན་གཅིག་གི་ཡུལ་སྐོར་ཟིན་ཐོར་བྲིས་ཏེ་ཚད་ལྡན་ཡིག་ཆ་དག་གིས་ཁ་བསྐངས་ཏེ་ལེགས་པར་བགྱིས་པའོ། །

 

མཆན།

1 ལྟེ་བ་གཉིས། ས་ཚིགས་ཀྱི་ལྟེ་བ་དང་རིག་གནས་ཀྱི་ལྟེ་བ།

2 དབུས་ཀྱི་གྲྭ་ས་ཆེན་པོ་དྲུག དགའ་གདོང་དགོན། སྐྱོར་མོ་ལུང་། ཟུལ་ཕུ་དགོན། རྭ་སྟོད་བདེ་བ་ཅན། གསང་ཕུ་ནེའུ་ཐོག །གུང་ཐང་དགོན།

3 དབུས་ཁུལ་གྱི་བཀའ་གདམས་མ་དགོན་གཉིས། རྭ་སྒྲེང་དགོན་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་༡༠༥༦ལོར་ཕྱག་བཏབ་བོ། གསང་ཕུ་དགོན་ནི་རྔོག་ལེགས་པའི་ཤེས་རབ་ཀྱིས་༡༠༧༣ལོར་ཕྱག་བཏབ་བོ། །

4 ཇོ་བོའི་སློབ་མ་ཁུ་རྔོག་འབྲོམ་གསུམ་ནི། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། རྔོག་ལེགས་པའི་ཤེས་རབ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།

5 རྔོག་ལོའི་ཆོས་བརྒྱུད། ༡ བྱམས་ཆོས་སྡེ་ལྔ། ༢ ཚད་མ། ༣ མངོན་པ་མཛོད། ༤ ཕར་ཕྱིན། ༥ དབུ་མ།

6 རྔོག་ལོའི་བུ་ཆེན་བཞི། ༡ ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མ། ༢ གྲོ་ལུང་པ་བློ་གྲོས་འབྱུང་གནས། ༣ འབྲེ་ཆེན་པོ་ཤེས་རབ་འབར།༤ ཁྱུང་རིན་ཆེན་གྲགས།

བརྒྱུད་སྐུལ།

མཆན་སྤེལ།