ནམ་པ་ལྡེ་རྒྱལ་དང་བློན་ལྡོང་སྟོང་གཉིས་ཀྱི་སྐོར་ཟིན་བྲིས།

ནམ་པ་ལྡེ་རྒྱལ་དང་བློན་ལྡོང་སྟོང་གཉིས་ཀྱི་སྐོར་ཟིན་བྲིས།
ནམ་པ་ལྡེ་རྒྱལ་དང་བློན་ལྡོང་སྟོང་གཉིས་ཀྱི་སྐོར་ཟིན་བྲིས།
ར་སེ་དཀོན་རྒྱམ།
( ཏུན་ཧོང་བོད་ཡིག་ཤོག་དྲིལp.1286.0014- P.1286 0015མཁར་ཆུང་རྒྱལ་ཕྲན་སིལ་མའི་མ་ཡིག་ངོ་འདྲའི་ནང་། “ཡུལ་ཀླུམ་རོའི་ཡ་གསུམ་ན་རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས་”ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཡུལ་གྱི་དབང་རིས་བཅོ་བརྒྱད་སྐོར་གླེང་སྐབས། “ཀླུང་ཤོད་ནམ་པོ་འདྲུ་དང་ཕྱུགས་མཚམས་ཡུལ་”④ཞེས་གསལ། མཆན། གསར་དུ་སྣོན་པ་ཡིན།)
ཀླུམ་ཡུལ་ས་སུམ་གྱི་ཀླུང་རི་ཕྱུག་མོའི་བརྗིད་ཉམས།
དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚངས་ཁག་ལ་མཇལ་ན། སྤུ་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་སུ་ཕྱོགས་སུ་རྒྱལ་པོ་བཞི་སྟེ། ནམ་པ་ལྡེ་རྒྱལ། བལ་པོ་ལང་ལིང་རྒྱལ། སུམ་པ་ལྕགས་རྒྱལ། མོན་པ་རྩེ་རྒྱལ་དང་བཞི་ཡོད་པར་གསལ་ཡོད།
སྐབས་དེར་ནམ་པ་ལྡེ་རྒྱལ་གྱི་གནས་སའི་ས་ཕྱོགས་གང་དུ་ཡིན་ནམ་ཞེ་ན། དུང་དཀར་ཚིག་མཛོད་དུ། ནུབ་ཕྱོགས་སུ་ཡོད་པའི་རྒྱལ་ཕྲན་ཞེས་འབྱུང་བས་ཞང་ཞུང་དང་ནམ་པ་གཅིག་མིན་དཔྱད་དགོས་གསུངས་གནང་འདུག དོན་དངོས་ལ་གཞིགས་ན། དབུ་རུའི་སྟོད་རྒྱུད་དུ་ཡིན་པར་གསལ་པོར་སྣང་སྟེ། རང་རེའི་ཡིག་ཚངས་སུ་མངའ་མཛད་རིམ་པ་དང་འབྲེལ་བར། སྟོང་སྡེ་བཅོ་བརྒྱད་ཞེས་པའི་རྣམ་གཞག་སྐབས་ཀྱི་ཡིག་ཚངས་ལ་གཟིགས་ན། ཀླུང་ཤོད་ནམ་པ་འབྲི་དང་ཕྱུག་མཚམས་ཡུལ། །ཞེས་གསལ་ཡོད་པས། ཀླུང་ཤོད་ནི་དབུ་རུ་སྟོད་ཀྱི་ས་ཆ་སྟེ། ད་ལྟ་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་ཀྱི་ཆ། དབུར་སྟོད་མལ་དྲོའི་ཁུལ་དེའི་ཡར་ཕྱོགས་ཏེ། འབྲི་གུང་གཞོ་རོང་གཙང་པོ་དང་ཀླུང་ཤོད་གཙང་པོ་འདྲེས་མཚམས་ནས། འདམ་གཞུང་གི་ཆུ་རྒྱུད་དབུ་རུ་ལུང་དང་། རྭ་སྒྲེང་རྒྱུད་དུ་འབབས་པའི་སྨྲི་ཏི་གཙང་པོའི་སྨད་རྣམས་ལ་ཟེར་བར་ཤེས་དགོས།
གཞན་ཡང་ནམ་པ་ལྡེ་རྒྱལ་ཞེས་པ་ནི་སྤུར་རྒྱལ་གོང་གི་རྒྱལ་ཕྲན་སིལ་མའི་གྲས་ཡིན་ཞིང་། དེ་དུས་ཀླུམ་ཡུལ་ཞེས་གྲགས་པ་ཡིན་འདུག་པའང་། ཏུན་ཧོང་ཡིག་ཚངས་ན། མལ་དྲོ་ནི་ཀླུམས་དང་ཉེ། །ཞེས་དང་། ཡུལ་ཀླུམ་རོ་འི་ཡ་སུམ་ན། རྗེ་ནམ་པ་འི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས། །ཞེས་གསལ་བས། ད་ལྟའི་ཀླུང་ཤོད་ནི་ཀླུམ་ཡུལ་གྱི་མིང་ཟུར་ཆག་པའམ་སྒྲ་ཉམ་པའམ་མིང་གསར་པ་ཡིན་ལ། དམངས་ཁྲོད་དུ་ཀླུང་ངམ་ཀླུམ་གྱི་གདགས་གཞིར་གྲགས་པ་ཀླུམ་རི་ཕྱུག་མོ་ཞེས་པའི་རི་བོ་ནི་ཕོད་མདོ་ཡི་ཤར་ངོས་ན་ཡོད་ལ། དེ་ནས་ཤར་ངོས་རྭ་སྒྲེང་ཕྱོགས་སུ་ཡར་ཙམ་ཕྱིན་ན་ཡ་སུམ་ཞེས་པའི་གནས་གཞིའི་ས་མིང་མ་ཉམ་པར་གནས་ཡོད།
ནམ་པའི་བློན་རིགས་མྱང་ནི་དཔའ་བོའི་རྒྱུད་ལྡོང་གི་ནང་ཚན་ཡིན་ལ། མྱང་ཏིང་འཛིན་བཟང་པོས་དབུ་རུ་ཞྭ་ལྷ་ཁང་བཞེངས་པས་མཚོན། མང་ར་ཡང་མྱང་ཟུར་ཆག་པར་མངོན། སྦྲང་ནི་སྟོང་གི་ནང་ཚན་ཡིན་ལ། སྦྲང་རྒྱ་ར་ལེགས་གཟིགས་ལྟ་བུ་དང་། རུས་མིང་དང་འབྲེལ་བའི་དབུར་སྟོད་སྦྲང་ནང་དང་སྦྲང་མདའ་ཞེས་པས་མཚོན་པ་ཡིན་ལ། ལྡོང་སྟོང་ནི་བོད་ཀྱི་དཔའ་སྡེ་ཡིན་ཞིང་། བཙན་པོ་གནམ་རི་སློན་བརྩན་གྱི་དུས་སུ་བཙན་པོ་དང་མནའ་འབྲེལ་བྱས་ཏེ། བཙན་པོས་དབུ་རུའི་ཡུལ་ངས་པོའི་ཟིང་པོ་རྗེ་ལ་དམག་དྲངས་དུས། ཤར་ངོས་ནས་ལྡོང་ཏོང་གཉིས་ཀྱིས་གཞོགས་འདེགས་བྱས་པ་ལ་བརྟེན་ནས་རྒྱལ་ཁ་ཐོབ་པ་ཡིན་འདུག་པས། ཏུན་ཧོང་ཡིག་ཚང་གི་བོད་ཀྱི་ལོ་རྒྱུས་སྐབས་སུ་གཟིགས་ན། ཞང་སྣང་གི་གླུར། ལྷོ་རྔེགས་ནི་འཕན་གྱྀ་སྣོན། །ལྡོང་ཏོང་ནི་འཕན་གྱིས་བཏབ། །ཅེས་དང་། སད་མ་ཀར་གྱི་མགུར་ན། བྱང་འབྲོག་ནི་འབྲོང་དགུམ་ན། །པུ་ནས་ནྀ་ཁུས་འདེབས་པའ། །ལྡོང་ཐོང་ནྀ་འཕན་གྱིས་ཐོབ། །མདའ་ནས་ནྀ་གཡབ་འདོར་བ། །སྐྱི་འྀ་ནྀ་ཤ་དང་སྤུག །ཅེས་སོགས་འཁོད་ཡོད་པས་ཀྱང་གསལ་པོར་ཤེས་ཐུབ་པ་ཡིན་ལ། སྐབས་དེར་བཙན་པོས་ལྡོང་ཏོང་གི་གཙོ་གྲས་དབས་དབྱི་ཚབ་སོགས་ལ་བྱ་དགའ་མང་པོ་གནང་ཚུལ་ཡང་གསལ་ཡོད་དོ། །
འབྲི་གུང་ཞྭ་ལྷ་ཁང་གི་བྱང་ངོས་མཆད་ཁའི་རྡོ་རིང་དུམ་བུ།
བོད་ཀྱི་ལོ་རྒྱུས་ཐོག་ལ་ཨ་ཕོ་ལྡོང་སོགས་ཀྱི་རུས་ཆེན་བཞི་དང་དྲུག་གི་རྣམ་གཞག་གྲགས་པ་ཅན་མང་དུ་ཡོད་ཀྱང་། ད་ཡོད་ཡིག་ཚངས་རྙིང་པའི་ངོས་ན་གོང་བཀོད་ཏུན་ཧོང་གི་ཡིག་ཆའི་ནང་གསལ་ཡིག་འབྲུ་འདི་དག་ནི་ཆེས་སྔ་ཤོས་ཡིན་པ་དང་། འབྲི་གུང་ཞྭ་ལྷ་ཁང་གི་བྱང་ངོས་མཆད་ཁའི་བང་སོའི་རྡོ་རིང་དུམ་བུའི་ཐོག་ཨ་པོ་ལྡོང་ཙེ་ཉག་གི་མི་རབས་བྱུང་བ་བཀོད་པ་གཉིས་ནི་ཆེས་སྔ་ཤོས་ཀྱི་ཁུངས་ཡང་དག་ཡིན་པས། ཡུལ་འདི་ནི་ཐོག་མའི་ལྡོང་ཏོང་རུས་ཀྱི་མཆེད་ཁུངས་དང་འབྲེལ་བ་ཟབ་མོ་ཡོད་པ་ཤེས་དགོས་ཤིང་། རུས་བཤད་གྲགས་ཅན་དབུ་ནག་མི་བུ་འདྲ་ཆགས་ཡིག་རྙིང་ཡིན་ནའང་། གོང་གསལ་འདི་དག་ལས་ཧ་ཅང་གིས་འཕྱི་བ་ཡིན་ནོ། །
དེ་བཞིན་དུ་བསྟན་འགྱུར་མདོ་ཕྱོགས་སུ་བཞུགས་སུ་གསོལ་བའི་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་མཛད་པའི་སྤྱོད་འཇུག་འགྲེལ་ཆེན་དུ་གྲགས་པ་རྒྱ་གར་གྱི་སློབ་དཔོན་སུ་མ་ཏི་ཀཱིརྟི་དང་། ལོ་ཙཱ་བ་གཉན་དར་མ་གྲགས་ཀྱིས་བསྒྱུར་བའི་མཇུག་བྱང་ལ་གཟིགས་ན། དབུ་རུ་བྱང་ངོས་སྐྱུང་ཀ་མཁར་གྲགས་སུ། །མཁས་པ་ཆེན་པོ་བློ་གྲོས་བཟང་གྲགས་པ། །ལྡོང་སྟོང་མཆོད་གནས་རྒྱ་སྒོམ་མཆེད་གྲོགས་ཀྱིས། །གསོལ་བཏབ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར། །ཞེས་འཁོད་འདུག་པའི་ཕྱིར། དུས་རབས་བཅུ་གཉིས་པའི་སྐབས་དེར་ལྡོང་ཏོང་གི་རྗེས་རབས་ཀྱི་སྟོབས་ཤུགས་ལྷག་ཡོད་པར་མངོན་འདུག
དེ་བཞིན་རྗེ་འབྲི་གུང་པ་འཇིག་རྟེན་མགོན་པོའི་གསུང་ལས། ནང་སྡོམ་གསུམ་གནད་གཅིག་གི་སྐོར་ལས། གཉིས་པ་གཞོ་སྟོད་ལྡོང་ཏོང་གཉིས་ཀྱི་ས་མཚམས་ཤིན་ཏུ་རྩུབ་པའི་ས་ཁུལ། མི་ཞེ་སྡང་ཅན་མང་པོས་ཞབས་ལ་གཏུགས་ཤིང་དབང་དུ་འདུ་བ་དེ་གཙོ་བོར་ཞེ་སྡང་ལ་ཉམས་ལེན་བྱས་པའི་གནད་ཀྱི་བྲལ་འབྲས་ཡིན་གསུངས། ཞེས་འཁོད་འདུག་པའི་ཕྱིར། དུས་རབས་བཅུ་གསུམ་པའི་ནང་དུ་ཡང་ཡུལ་འདིར་ལྡོང་ཏོང་གི་ཐ་སྙད་མ་ཉམས་པར་སྤྱོད་བཞིན་པ་གསལ་པོར་མངོན་འདུག་གོ །འདི་འབྲེལ་དབུར་སྟོད་ཀྱི་གནའ་བོའི་ལོ་རྒྱུས་ཞིབ་ཆ་ནི་ལོགས་སུ་རིམ་པར་བཤད་པར་བྱ་བ་ཉིད་དོ། །༢༠༢༢/༦/༡༥

བརྒྱུད་སྐུལ།

མཆན་སྤེལ།