༄༅།།ལྷ་སའི་ཉེ་འདབས་ཀྱི་བྲག་བརྐོས་རི་མོའི་སྐོར་གྱི་གནས་འཕྲིན།

༄༅།།ལྷ་སའི་ཉེ་འདབས་ཀྱི་བྲག་བརྐོས་རི་མོའི་སྐོར་གྱི་གནས་འཕྲིན།

ལྷ་སའི་ཉེ་འདབས་ཀྱི་བྲག་བརྐོས་རི་མོའི་སྐོར་གྱི་གནས་འཕྲིན།

   མི་དམངས་དྲ་བར་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༢༢ ཟླ་བ་ ༦ ཚེས་ ༡༧ ཉིན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཟེར་བས། ལྷ་སའི་ཉེ་འདབས་ཀྱི་བྲག་བརྐོས་ཤིག་གི་གནའ་རྫས་རྟོག་ཞིབ་གསལ་རྟོགས་དང་། སྲུང་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་དཔྱད་ཡིག་ཐོག་མར་ཁྱབ་བསྒྲགས་བྱས་ཤིང་།
གནའ་རྫས་རྟོག་ཞིབ་པས་བརྟག་དཔྱད་བྱས་པར་གཞིགས་ན། བྲག་བརྐོས་དེ་དག་ནི་མིག་སྔར་ལྷ་སའི་རོང་ཁུལ་ནས་ཤེས་རྟོགས་བྱུང་བའི་ལོ་རབས་སྔ་ཤོས་དང་། བཟོ་རྩལ་ཡག་ཤོས། གཞི་ཁྱོན་ཆེ་ཤོས་བཅས་ཡིན་པའི་གནའ་རབས་ཀྱི་ནང་བསྟན་བྲག་བརྐོས་རེད།
བྲག་བརྐོས་དེ་དག་ནི། ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་གི་རི་ཁུག་ཏུ་ཡོད། གནའ་རྫས་རྟོག་ཞིབ་པས་དེ་གར་བྲག་བརྐོས་ཡོད་སའི་གནས་ ༦ ཤེས་རྟོགས་བྱུང་ཞིང་། ཁྱོན་རི་མོ་ ༢༢ ཡོད་པ་དང་། དེའི་ནང་ལ་རྣམ་པར་སྣང་མཛད་དང་། བྱམས་པ། རྒྱལ་སྲིད་སྣ་བདུན། སྤྱན་རས་གཟིགས་སོགས་ཀྱི་སྐུ་འདྲ་དང་། བོད་ཡིག་བརྐོས་མ་སོགས་ཚུད་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཟེར་བའི་ཞིབ་འཇུག་པ་ཞྭ་སྒབ་དབང་འདུས་ཀྱིས་མཚམས་སྦྱོར་བྱས་དོན། བྲག་བརྐོས་སྐུ་བརྙན་གྱི་བཟོ་རྩལ་ནི། སྲིབ་ཐིག་རྐོ་རྩལ་ཡིན་ཞིང་། རྐོ་རྩལ་བྱང་ཆུབ་པ་དང་། ཐིག་རིས་ཧ་ལས་པ་ལེགས་པ། གཞན་ཡང་བྲག་བརྐོས་དེ་དག་ས་ཁོངས་གཅིག་ཏུ་འདུས་ཡོད་པར་མ་ཟད། དེའི་མཐའ་འཁོར་ས་ངོས་སུ་རྡོའི་བཟོ་བཀོད་གནའ་ཤུལ་མཐོང་རྒྱུ་ཡོད་པས། སྔ་དུས་ཀྱི་ནང་པའི་ཉམས་ལེན་བྱ་ཡུལ་དང་འབྲེལ་བ་ཡོད་པའི་ཚོད་དཔག་བྱེད་ཐུབ། བྲག་བརྐོས་ཁྲོད་དུ་སྐུ་ཡི་བཀོད་པ་ཁ་ཤས་སུ་ད་དུང་ཡོན་རྒྱལ་རབས་ཀྱི་ཁྱད་ཆོས་དང་། བཙན་པོའི་དུས་མཇུག་གམ་བོད་སིལ་བུའི་དུས་ཀྱི་རྣམ་པའང་མངོན་ཡོད།
བྲག་བརྐོས་ཀྱི་ཉམས་འགྱུར་དང་། བརྗོད་བྱ། ཡི་གེའི་བརྗོད་དོན་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཚོད་དཔག་རགས་ཙམ་བྱས་ན། བྲག་བརྐོས་དེ་དག་ཕྱི་ལོའི་དུས་རབས་དགུ་པའི་དུས་མཇུག་ནས། ཕྱི་ལོའི་དུས་རབས་ ༡༡ པ་དང་། དུས་རབས་ ༡༡ པ་ནས་ ༡༣ པའི་བར་གྱི་དུས་སྐབས་གཉིས་སུ་ཕྱེ་ཡོད། བྲག་བརྐོས་དེ་དག་ཤེས་རྟོགས་བྱུང་བ་ལས་བོད་ཀྱི་ལྟེ་བའི་ས་ཁུལ་གྱི་ནང་བསྟན་གྱི་བསམ་བློ་དང་། སྒྱུ་རྩལ་གྱི་ལོ་རྒྱུས། ལོ་རྒྱུས་དང་རིག་གནས་བཅས་ལ་ཞིབ་འཇུག་བྱེད་པར་དངོས་རྫས་ཀྱི་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད། ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་ ༢༠༡༧ ལོར་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་སྐར་ཆུང་ལྷ་ཁང་དུ་བཅའ་སྡོད་ལས་བྱེད་པ་གཡུང་དྲུང་འགྱུར་མེད་ཀྱིས། ས་གནས་དེ་གའི་གྲོང་མིས་མཁོ་འདོན་བྱས་པའི་ཁུངས་སྣེ་ཞིག་ལ་བརྟེན། ལྷ་ས་གྲོང་ཁྱེར་ཤར་ངོས་ཀྱི་ཚལ་གུང་ཐང་གི་ལུང་ཤུར་ཞིག་ཏུ་སྔ་དུས་ཀྱི་བྲག་རྡོ་དེ་དག་ཐེངས་དང་པོར་ངོས་བཟུང་བ་རེད། ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༩ པར་བྲག་བརྐོས་དེ་དག་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་བདུན་པར་ཁྱབ་བསྒྲགས་བྱས་པ་རེད།

 

བརྒྱུད་སྐུལ།

མཆན་སྤེལ།