སྲིབས་ཡུལ་རལ་མོ་གོང་ཞེས་པ་གང་དུ་ངོས་འཛིན་དགོས་སམ།

སྲིབས་ཡུལ་རལ་མོ་གོང་ཞེས་པ་གང་དུ་ངོས་འཛིན་དགོས་སམ།
སྲིབས་ཡུལ་རལ་མོ་གོང་ཞེས་པ་གང་དུ་ངོས་འཛིན་དགོས་སམ།
ར་སེ་དཀོན་རྒྱམ།
དེ་ཡང་འདིར་ཁོ་བོས་ཆེད་དུ་དོགས་འདྲི་ཞུ་དགོས་ནི། འདི་ནི་བོད་ཀྱི་ཡ་ཐོག་ཆེས་གནའ་བོའི་དངོས་ཡོད་ལོ་རྒྱུས་དང་འབྲེལ་བའི་རང་བྱུང་གི་ས་མིང་གལ་པོ་ཆེ་ཡིན་པས་སོ། །དེ་ལ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དེབ་ངོས་ ༦༧ན། ཡུལ་སྲིབས་ཡུལ་ཀྱི་རལ་མོ་གོང་ན། རྗེ་དྲང་རྗེ་འྀ་རྣོལ་ནམ། བློན་པོ་ཞུགས་ཚམས་དང་དབྲད་གཉིས། ཞེས་འཁོད་འདུག་པ་དང་།

མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་དེབ་ངོས་ ༢༡༤ པར། ཡུལ་ཀྲིས་སྣ་རོལ་མོ་གོང་ན། རྒྱལ་པོ་དྲང་རྗེ་གོང་ནམ་བཞུགས། བློན་པོ་སྤྲད་དང་ཞུ། ཞེས་འཁོད་འདུག་ལ། དཔའ་བོའི་ཆོས་བྱུང་མཁས་དགའ་དེབ་ངོས་ ༨༤ན། སྲིབས་ཡུལ་གྱི་རལ་གོང་དུ། བྲང་རྗེ་གོང་ནམ་བློན་སྤྲད་དང་ཞུགས།ཞེས་བཀོད་འདུག་ཅིང་། ཡིག་ཆ་གསུམ་ཀར་ཐ་སྙད་ལ་འགྱུར་བ་ཅུང་ཟད་རེ་བྱུང་འདུག་པའང་ཁུངས་གཏུགས་སའི་ཡིག་ཆ་ཅུང་མི་འདྲ་བ་ཡིན་པ་ཤེས་ཐུབ།
ཡིག་རྙིང་ན་ས་ཆ་གང་ཡིན་ངོས་བཟུང་བ་མ་དམིགས་ལ། ཉེ་དུས་འདི་ཉིད་ལ་མཁས་པས་དབྱེ་ཞིབ་ཞུས་པའི་གྲུབ་དོན་ཅི་རིགས་ཡོད་སྲིད་པ་ལས། རང་གིས་མཇལ་བ་ལས་མངོན་པ་ནི། དུང་དཀར་ཚིག་མཛོད་ཅེས་པའི་དེབ་ངོས་ ༢༡༠༠ ལས། སྲིབས་ཡུལ་རོལ་མོ་གོང་། འདི་ལ་ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་ལོ་རྒྱུས་ནང་ཀྲི་ཎའི་རོལ་མོ་གོང་ཞེས་གསལ་བ་ལྟར། དེང་སྐབས་ལྷོ་ཁ་སྣེ་གདོང་རྫོངས་ཁོངས་འཇུ་ཆུས་ལ་ཀྲི་ཎ་ཟེར་བའི་ལུང་པ་གཅིག་དང་། འཕྱོས་ཆུས་ལ་རོལ་མོ་སྒང་ཟེར་བའི་གྲོང་ཚོ་གཅིག་བཅས་འདུག་པ་དེ་གཉིས་བསྡོམས་པའི་མིང་ཡིན་ནམ་སྙམ། ཞེས་དོགས་གནད་གསུངས་འདུག་ལ། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་མཛད་པའི་བཙན་པོའི་རྒྱལ་རབས་སུ། ཏུན་ཧོང་གི་ཡིག་ཆར། ལྷ་སའི་སྲིབ་ཡུལ་ལམ། གྲིབ་ཀྱི་ལྷོ་ཕྱོགས་ལའོ། །ཞེས་མཆན་བུ་བཏབ་པར་མཛད་འདུག་གོ །
སྔ་མར་ཡང་ཆ་མཐུན་གྱི་རང་བཞིན་ཡོད་པར་སྣང་ལ། ཕྱི་མར་ཡང་ལྷ་སའི་ལྷོ་ཕྱོགས་སུ་གཏོགས་པ་སྟེ། ཚལ་གུང་ཐང་ཁུལ་དུ་ཀྲི་བྱ་བའི་ཡུལ་མིང་རྙིང་པ་གནས་ཡོད་ལ། ཡིག་ཆ་ལ་ལར་སྲི་ཞེས་བྲིས་པའང་ཡོད། དེ་བཞིན་ཉིན་སྲིབ་ལ་འང་ཉིན་གྲིབ་ཅེས་པའི་བོས་སྲོལ་ཡང་ཡོད་པ་དང་། གྲིབ་དང་ཉེ་བའི་ཆ་ལ་ར་མ་སྒང་ཞེས་པའི་ས་ཆ་ཡང་ཡོད་པས། དེ་ཉིད་རལ་མོ་གོང་ཞེས་པ་ཟུར་ཉམ་པའང་ཡིན་སྲིད་པས་ན། རྒྱུ་མཚན་གང་ཡང་མེད་པ་མ་ཡིན་པས། མུས་མཐུད་དཔྱད་ཞིབ་གནང་འོས་པའང་ཤེས་དགོས་པར་སྣང་། །
འདིར་ངེས་པར་དུ་དོ་སྣང་བྱ་དགོས་པའི་གནད་ནི། རྒྱལ་པོའི་མིང་ལ་དྲང་རྗེ་ཞེས་པ་དེ་ཡིན་ཏེ། དཔེར་ན་ཀོང་རྗེ། དྭགས་རྗེ། ཉང་རྗེ། རྩང་རྗེ། དབྱེ་རྗེ་སོགས་ནི་ས་མིང་དང་འབྲེལ་བའི་ངང་ཚུལ་འདི་ཡིན་པས། དྲང་རྗེ་ཞེས་པ་འདི་ལ་དཔྱད་རྒྱུ་གལ་འགང་ཤིན་ཏུ་ཆེ་ལ། འདི་དང་དྲང་གར་རྗེ་ཞེས་པ་གཅིག་ཀྱང་ཡིན་སྲིད།  ཡིག་ཚངས་ལ་ལར་བན་པ་རྗེ་དང་དྲང་གར་རྗེ་སོགས་པུར་རྒྱལ་སྟག་རི་སྙ་གཟིགས་ཀྱིས་འབངས་སུ་བཅུག་པར་གསལ་ཡོད། ས་མིང་གསར་མང་པོ་བཏགས་པའི་ཤུགས་ཀྱིས་ས་མིང་རྙིང་པ་མང་པོ་ནུབ་ཟིན་པ་ཡིན་མོད། ད་ལྟ་ཡང་དྲང་ཞེས་པའི་ལུང་པའམ་ས་མིང་དེ་ཉིད་གནས་ཡོད་སྲིད་པ་རེད། དཔེར་ན་ད་ལྟའི་ཆར་གཏིང་སྐྱེས་རྫོང་དང་དིང་རི་རྫོང་གི་མཚམས། ས་སྐྱ་རྫོང་གི་ལྷོ་ནུབ་གྱི་ཆ། ལྷ་རྩེ་རྫོང་མང་མཁར་ལུང་པའི་ལྷོ་ངོས་ཏེ། ལ་སྟོད་ལྷོར་གཏོགས་པར་དྲང་སོ་ཞེས་པའི་ལུང་པ་ཅིག་ཡོད་ལ། ས་ཆ་དེར་ཉེ་རབས་དྲང་སོ་ཤའང་ཞེས་པའང་བྱུང་བ་དེ་ཉིད་ནི་གནའ་བོའི་དྲང་རྗེའི་ཡུལ་གྱི་མིང་གི་ལྷག་མ་ཡིན་ནམ་སྙམ་པ་ནི་བདག་གི་བསམ་ཚུལ་ཙམ་ཡིན་ལ། དྲང་སོ་དང་ཉི་ཤར་ཞེས་པའི་བར་ན་སྲིབས་ཞེས་པའི་ལུང་པ་ཅིག་ཀྱང་ཡོད་པ་ཡིན་འདུག་གོ །
ད་དུང་དཔྱད་རིན་ཡོད་པ་གཅིག་ནི། དྲང་རྗེའི་བློན་པོ་ཞུགས་ཚམས་དང་དབྲད་ཅེས་པ་ནི་རུས་མིང་བཤད་པ་ཡིན་པས། བཙུན་པ་ཆ་གན་གྱིས་མཛད་པའི་བོད་ཀྱི་རྒྱལ་རབས་ན། བླ་ཆེན་འབྲོག་མིའི་སློབ་མའི་སྐབས་ལ། རྒྱུད་ལ་མཁས་པ་དྲུག་སྟེ། གཡའ་ལུང་གི་འཁོན་དཀོན་མཆོག་རྒྱལ་པོ། འཕྲང་འོག་གི་དབྲད་དཀོན་མཆོག་རྒྱལ་པོ། ཞེས་དང་། མོ་བཞི་ནི། གཡའ་མཁར་བ་དབྲད་མོ་དཀོན་ནེ། ཞེས་བཀོད་འདུག་པས། འདིར་དབྲད་ཀྱི་རུས་མིང་གསལ་པོར་འཁོད་ཡོད་པས། དེ་དག་གི་ཡུལ་ལའང་དཔྱད་རིན་ཡོད་པར་སེམས་སོ། །
དེ་ལས་དབྲད་པ་དཀོན་མཆོག་རྒྱལ་པོའི་སྐབས། མྱུ་གུ་ལུང་དུ་སླེབས་མ་ཐག་ལྷ་གཅིག་དང་མཇལ། ཡོན་བདག་ཕྱུག་པོ་གང་ནས་བྱོན་སུ་འཚལ། བདག་ཅག་ལྷོ་འཕྲང་འོག་བྱ་བ་ནས་འོངས། བླ་ཆེན་འབྲོག་མི་ལོ་ཙྪ་བ་ལ་ཆོས་ཞུ་བར་ལགས་་་སོགས་གསལ་བ་ལས་མང་ཁར་གྱི་ལྷོ་ཕྱོགས་དྲང་སོ་ཕྱོགས་ནས་འོངས་བར་བཤད་པ་དང་། དབྲད་མོ་དཀོན་ནེའི་སྐབས། ལན་ཅིག་བླ་ཆེན་ལ་སྟོད་ལྷོ་རུ་བྱོན། འབུལ་བ་མང་པོ་བྱུང་བའི་གཞིས་མ་ཙོ་གཞུང་ལ་བཏང་། བླ་མས་དབྲད་མོ་ཅན་དུ་བྱོན་པས་ཚོང་པ་མང་པོ་སོང་ཟེར། ངའི་ཁལ་མ་ཡིན་བྱས། ཞེས་འཁོད་འདུག་པར་བརྟག་ན་ཡང་། དབྲད་མོ་དཀོན་ནེ་ཡང་མང་མཁར་གྱི་ལྷོ་ངོས་དྲང་སོའི་རྒྱུད་དུ་ཡིན་པར་མངོན་འདུག་གོ །
དེ་ལྟར་དཔྱད་འོང་དུས་སྲིབས་ལུང་པ་ནི་ཆེས་གནའ་བོའི་སྲིབས་ཡུལ་ཞེས་པའི་མིང་གི་ལྷག་མ་ཡིན་སྲིད་པ་དང་། དྲང་སོ་ནི་ཆེས་གནའ་བོའི་དྲང་རྗེའི་མིང་གི་ལྷག་མ་ཡིན་སྲིད་པ་དང་། འབྲོག་མིའི་སློབ་མ་དབྲད་པ་དེ་གཉིས་ནི་གནའ་བོའི་བློན་པོ་དབྲད་ཀྱི་ཕྱི་རབས་པའི་བརྒྱུད་དུ་གཏོགས་པ་ཡིན་སྲིད་པས། ཆེས་གནའ་བོའི་ས་མིང་རྣམས་དུས་འདིར་དེ་ནི་འདི་ནའོ་ཞེས་ངོས་བཟུང་ཐུབ་ན་དགེ་མཚན་ཧ་ཅང་ཆེ་བས། འདིར་རང་གི་ཅུང་ཟད་དཔྱད་ཞིབ་བགྱིས་པ་ཙམ་གཟུ་གནས་དག་ལ་དཔྱད་གཞིར་འཕུལ་བ་ཡིན་ནོ། །
མི་རིགས་གཞན་དག་གིས་འདས་དོན་རྣམས་ལྷ་སྒྲུང་གི་རྒྱ་ལས་ཡོངས་སུ་བརྒལ་ཞིང་། ཡིག་ཚངས་དང་གནའ་ཤུལ་དང་གནའ་རྫས་སོགས་ལ་གནའ་དཔྱད་རིག་པས་ཞིབ་གསལ་བཟོ་བར་གཙིགས་ཆེན་མཛད་བཞིན་ཡོད། མི་བུ་གདོང་དམར་རིགས་ཀྱི་འདས་དོན་ཕྱིར་རྟོག་གིས་ཡིག་ཐོག་འཁོད་པ་རྣམས་ཀྱང་ལྷ་སྒྲུང་གི་བཅིངས་རྒྱ་ལས་བརྒལ་ཏེ། དོན་དངོས་ཁ་གསལ་ཁུངས་དག་བཟོ་རྒྱུ་ནི་རིགས་འདིའི་མ་འོངས་པར་སྨན་པའི་བྱ་གཞག་གལ་པོ་ཆེ་ཡིན་པར་མཁས་པ་རྣམས་བཞེད་མོད། ལོ་ངོ་སུམ་སྟོང་ཙམ་འདས་པའི་གནའ་བོའི་ས་མིང་འདི་ཉིད་ད་ཆ་གང་ན་ཡིན་ཁ་གསལ་གང་ཡང་མ་བྱུང་བར་ལུས་པ་ལ། གསར་དུ་དཔྱད་ཞིབ་བྱ་རྒྱུ་ནི་ཁོ་བོ་ལྟ་བུའི་ཡུལ་དུ་རྣམ་པ་ཀུན་ཏུ་མ་གྱུར་ན་ཡང་། རྣམ་པ་ནང་པའི་ཆོས་ལུགས་ཡིན་པ་ལྟར་སྣང་ཡང་ངོ་བོ་རིག་བྱེད་པའི་ལྷ་སྒྲུང་གི་གཏམ་གྱིས་དད་ལྡན་པའི་མགོ་བོ་གདུགས་ལྟར་བསྐོར་ཏེ། རང་ཉིད་བལྟོས་བཅས་འཚོ་ཐབས་ཙམ་གྱིས་མི་ཚེ་འདའ་ཞིང་། ཚན་རིག་གི་ཞིབ་འཇུག་འབྲས་བུ་ཀུན་ལ་ཐན་དང་ལྟས་ངན་དུ་ལྟ་བ་དག་དང་བསྡུར་ན། ཁོ་བོས་འདི་ཙམ་སྨྲ་བར་སྤོབས་པའང་རྩམ་པ་ཡུན་རིང་ཟོས་པའི་དགེ་མཚན་དུ་བརྩི་རུང་བར་སྙམ་མོ། །
༢༠༢༡/༡༡/༡༠

བརྒྱུད་སྐུལ།

མཆན་སྤེལ།